Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
གྲུབ་པའི་སློབ་དཔོན་ཆེན་པོ་ནག་པོ་སྤྱོད་པ་པའི་དགོངས་དོན་རིམ་བཞི་ལམ་སློངས་སྙིང་པོར་དྲིལ་བ།
   
   


 
previousགྲུབ་པའི་སློབ་དཔོན་ཆེན་པོ་ནག་པོ་སྤྱོད་པ་པའི་དགོངས་དོན་རིམ་བཞི་ལམ་སློངས་སྙིང་པོར་དྲིལ་བ།next

གྲུབ་པའི་སློབ་དཔོན་ཆེན་པོ་ནག་པོ་སྤྱོད་པ་པའི་དགོངས་དོན་རིམ་བཞི་ལམ་སློངས་སྙིང་པོར་དྲིལ་བ།


TNT08_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་སློབ་དཔོན་ཆེན་པོ་ནག་པོ་སྤྱོད་པ་པའི་དགོངས་དོན་རིམ་བཞི་ལམ་སློངས་སྙིང་པོར་དྲིལ་བ་བཞུགས།


TNT08_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། བདེ་ཆེན་ཐུགས་རྗེའི་དབང་ཕྱུག་ནི། །གདུལ་དཀའ་འདུལ་ཕྱིར་ཧེ་རུ་ཀར། །སྟོན་མཛད་དེ་ལ་གུས་བཏུད་ནས། །མཆོག་གི་བསྙེན་པའི་མན་ངག་བཤད། འདིར་དཔལ་འཁོར་ལོ་སྡོམ་པའི་རྒྱུད་ལས་འབྱུང་བའི་མན་ངག་གི་རིམ་པ། གྲུབ་པའི་སློབ་དཔོན་ཆེན་པོ་ནག་པོ་སྤྱོད་པ་པའི་དགོངས་དོན་རིམ་བཞི་ལམ་སློངས་སྙིང་པོར་དྲིལ་བ་ནི་འདི་ཡིན་ཏེ། སྔོན་འགྲོ་དང༌། དངོས་གཞི་དང༌། རྗེས་ཀྱི་རིམ་པའོ། །དང་པོ་ལ། ཆོས་སྤྱོད་ཐམས་ཅད་ཀྱི་སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད། སྡིག་སྒྲིབ་སྦྱོང་བར་བྱེད་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས། ཚོགས་རྫོགས་ཤིང་བྱིན་རླབས་འཇུག་པར་བྱེད་པ་མཎྜལ་དང་བླ་མའི་རྣལ་འབྱོར་གྱི་འཁྲིད་དོ། །དང་པོ་སྤྱི་དང་འདྲ་བ་ལས། སྐྱབས་ཡུལ་གྱི་གཙོ་བོ་བླ་མ་དང་ཡི་དམ་དབྱེར་མེད་དུ་བྱེད་པ་གཙོ་ཆེ། མཐའ་ཅིག་ཏུ་ངེས་བཟུང་ནི་མི་དགོས་སོ། །གཉིས་པ་ནི་རྡོར་སེམས་ཧེ་རུ་ཀའི་ལྷ་སྒོམ་པ་དང་དེའི་ཡིག་བརྒྱ་བཟླ་བའི་ཆོ་ག་སྟེ་སྤྱི་དང་འདྲའོ། །གསུམ་པ་མཎྜལ་དང་བླ་མའི་རྣལ་འབྱོར་གྱི་འཁྲིད་


TNT08_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལས་དང་པོའི་སྤྱི་དང་འདྲ་བ་ལས། སྐྱབས་ཡུལ་གྱི་གཙོ་བོ་ངོ་བོ་བླ་མ་རྣམ་པ་ཡི་དམ་གྱི་རྣམ་པ་ཅན་དུ་བྱེད་དོ། །འདི་ལ་མཆོད་ཡུལ་གྱི་མཎྜལ་འཆའ་ན། མཎྜལ་གྱི་ཆོ་ག་རྒྱས་པ་ནས་འབྱུང་བ་བཞིན་ཏེ། ཚོགས་ཁྱད་པར་ཅན་གསོག་པའི་ཕྱིར་དུ་སྤྲོས་པ་ལ་མོས་པ་རྣམས་ཀྱིས་སྒྲུབ་པར་བྱ་བ་ཉིད་དོ། །གཉིས་པ་ནི་གནས་ཁང་སྲུང་བའི་འཁོར་ལོ་གཞལ་ཡང་ཁང་དང་བཅས་པར་གྱུར་པའི་དབུས་སུ། སེང་ཁྲི་པད་ཉི་འཇིགས་བྱེད་དུས་མཚན་གྱི་གདན་ལ། རྩ་བའི་བླ་མ་འཁོར་ལོ་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པ། ཡུམ་རྡོ་རྗེ་ཕག་མོས་འཁྱུད་པའི་སྐུ་ཅན། འཁོར་དཔའ་བོ་རྣལ་འབྱོར་མ་དྲུག་ཅུ་རང་རང་གི་གནས་ན་བཞུགས་པ། གཞན་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས། འཕགས་པ་ཉན་རང་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱང་གཞལ་ཡས་ཁང་གི་ཕྱོགས་མཚམས་སྟེང་འོག་ཕྱི་ནང་ཐམས་ཅད་ཁྱབ་པར་བཞུགས་པ་ལ། མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པས་ཕྱི་ནང་ཐམས་ཅད་


TNT08_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

སྟིབས་པར་མོས་ཏེ། ཕྱག་འཚལ། སྐྱབས་འགྲོ། མཆོད་བསྟོད་རྣམས་སྔོན་དུ་འགྲོ་བས་གསོལ་བ་དྲག་ཏུ་གདབ། སྐུའི་འོད་ཟེར་ལས་དབང་བཞི་ལེན་པའི་དམིགས་པ་བྱ། ཅུང་ཟད་སྤྲོས་པ་ལ་དགའ་ན། གསོལ་གདབ་ཀྱི་སྔོན་དུ། སེམས་བསྐྱེད་སྡོམ་གཟུང་གཉིས་དང༌། འོད་ཟེར་གྱི་དབང་བཞིའི་རྗེས་སུ། ཆུ་དབང༌། གསང་དབང༌། ཤེར་དབང༌། བཞི་པ་རྣམས་ཀྱི་དངོས་གཞི་རྣམས་བླང་བར་བྱའོ། །མཐར་འཁོར་རྣམས་རྩ་བའི་བླ་མ་ལ་ཐིམ། དེ་རང་ཉིད་ལ་ཐིམ། དགེ་བ་བྱང་ཆུབ་ཏུ་བསྔོ་ཞིང༌། བླ་མས་རྗེས་སུ་འཛིན་པའི་སྨོན་ལམ་བཏབ་བོ། །གཉིས་པ་དངོས་གཞི་ལ། ཐུན་མོང་གི་རྣལ་འབྱོར་དང༌། ཐུན་མོང་མ་ཡིན་པའི་རྣལ་འབྱོར་གཉིས་སོ། །དང་པོ་ལ། སྔགས་ཀྱི་རང་ལམ་ལ་འཇུག་པ་ཐུན་མོང་གི་རྣལ་འབྱོར་བསྐྱེད་རིམ་མན་ངག་གི་གནད་ལ་བསླབ་པ་དང༌། ལམ་ཐམས་ཅད་ཀྱི་ཐུན་མོང་དུ་གོལ་ས་བཅད་ཅིང་ཐར་པའི་འཇུག་ངོགས་སུ་དཀྲི་བ་ལྟ་བ་མན་ངག་གི་གནད་ལ་བསླབ་པ་གཉིས་སོ། །དང་པོ་ལ། མོས་པས་བསྒོམ་པའི་རྣལ་འབྱོར་དང༌། མངོན་གྱུར་བསྒོམ་པའི་རྣལ་འབྱོར་གཉིས་ཀྱི། དང་པོ་མོས་སྒོམ་ནི་འདི་ཉིད་ཀྱི་སྒྲུབ་ཐབས་ལས་ཇི་སྐད་འབྱུང་བ་ལྟར། བསྐྱེད་པའི་རིམ་པའི་ཡན་ལག་རྣལ་འབྱོར་དགུ་དང་བཅས་པ་ཐུན་བཞི་སོགས་ཇི་ལྟར་རིགས་པར་སྦྱང་གཞི། སྦྱོང་བྱེད། སྦྱང་བྱ། སྦྱང་འབྲས་རྣམས་སོ་སོར་ངོ་སྤྲད་དེ་མ་ཡེངས་པར་བསྒོམ་པ་ལ་བསླབ་ཅིང༌། གཙོ་བོའི་དོན་ལྷ་སྒོམ་པ་


TNT08_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཀྱང༌། བཟླས་པ་ལ་སྤྲོ་ན། གྲངས་སམ་མཚན་མའི་བསྙེན་པ་ཅི་རིགས་པ་མཐར་ཕྱིན་ཕྱིན་དུ་བསྒོམ་པ་ཡིན་ནོ། །འོན་ཀྱང་འདི་ཙམ་གྱིས་ལྷ་སྐུ་སོགས་ལ་གསལ་སྣང་ཐོབ་པ་དང༌། བརྟན་པ་ཐོབ་པ་དང༌། མཐར་ཕྱིན་པ་ནི་བསགས་ཁྱབ་ཅན་ཡིན་ན་མ་གཏོགས་གཞན་ལ་འབྱུང་དཀའ་བས། མངོན་གྱུར་སྒོམ་པ་ངེས་པར་དགོས་ལ། འོན་ཀྱང་དེའི་ཚེ་བར་ཆད་མི་འཇུག་ཅིང་ཏིང་ངེ་འཛིན་ལ་འདྲིས་པར་བྱ་བའི་དོན་དང༌། དོན་གྱི་གཙོ་བོ་ཚོགས་རྒྱ་ཆེན་པོ་བསོག་ཅིང༌། སྦྱང་བྱ་སྦྱོང་བྱེད་ཀྱི་རྟེན་འབྲེལ་ཁྱད་པར་ཅན་འགྲིག་པའི་དོན་ཡིན་པས། མོས་སྒོམ་འདི་ཡང་མཆོག་ཏུ་གལ་ཆེ་བ་ནི་ཡིན་ནོ། །གཉིས་པ་མངོན་གྱུར་སྒོམ་པ་ནི། ལྷའི་རྣལ་འབྱོར་ལ་བསླབ་པའི་ཐབས། ལོབས་པའི་ཚད། བརྟན་པའི་དུས་སོ། །དང་པོ་ལ། རྣམ་པ་ལ་བསླབ་པ། གོ་རིམ་ལ་བསླབ་པ། ཐུན་མཚམས་ལ་བསླབ་པའོ། །དང་པོ་རྣམ་པ་ལ་བསླབ་པ་ནི། བྲིས་སྐུ་མཚར་བ་ཞིག་མེ་ལོང་ལ་སོགས་པའི་འོད་དང་ལྡན་པར་བྱས་ལ། ཆུ་སྲང་གཉིས་གསུམ་དུ་སེམས་མ་ཡེངས་ཤིང་མིག་རྩེ་གཅིག་ཏུ་བལྟ། ཡང་དེ་ཁའི་རྣམ་པ་ཡིད་ལ་འཆར་བར་བྱས་ཏེ་ཅུང་ཟད་བསྒོམ། དེ་ལྟར་བལྟ་བ་དང་སྒོམ་པ་སྤེལ་མར་བྱས་པས། དབང་པོ་རབ་འབྲིང་ཐ་གསུམ་གྱི་འཆར་ཚུལ་འབྱུང་བས་དེ་དང་མཐུན་པར་བསླབ། གཉིས་པ་གོ་རིམ་ལ་བསླབ་པ་ནི། དང་པོ་རིམ་པར་བསླབ་པ་ཡིན་ཏེ། གཙོ་བོ་ལ་གསལ་ན་ཡུམ་གསལ་གདབ་པ་སོགས་ལྷ་རྣམས་ལ་རིམ་གྱིས་བསླབ་པ་དང་


TNT08_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་མེད་ཁང་དང༌། དུར་ཁྲོད་དང༌། སྲུང་བའི་འཁོར་ལོའི་བར་དུ་རེ་རེ་བཞིན་དུ་སྦྱངས། སོ་སོ་ལ་བརྟན་པ་ཐོབ་ན་ཉིས་སྡེབས་གསུམ་སྡེབས་བྱེད་ཀྱིན་སྦྱངས། མཐར་འཁོར་ལོ་མ་ལུས་པ་ཅིག་ཅར་གསལ་བའི་བར་དུ་སྦྱངས། གཉིས་པ་མ་ངེས་པར་བསླབ་པ་ནི། རེས་འགའ་ལྷ་ཉུང་ངུ་དཀྱིལ་འཁོར་རྒྱ་ཆུང་ངུ་ལ་བསླབ། རེས་འགའ་ལྷ་མང་བ་དཀྱིལ་འཁོར་རྒྱ་ཆེ་བ་ལ་བསླབ། དེ་བཞིན་དུ་སྐུ་མདོག་མ་ངེས་པ་དང༌། སྐུའི་ཚད་མ་ངེས་པ་དང༌། ཞལ་ཕྱག་བཞུགས་ཚུལ་སོགས་ཀྱང་མ་ངེས་པ་ལ་བསླབ་པ་དང༌། མང་པོ་ཉུང་ངུར་བསྡུ་བ་དང༌། ཉུང་ངུ་མང་པོར་སྤེལ་བ་སོགས་སྤྲོ་བསྡུ་སྣ་ཚོགས་ལ་བསླབ་པས། དེ་དག་སོ་སོ་ཐད་ཀར་གསལ་སྣང་ཐོབ་པ་ན། གོ་རིམ་ལ་ལོབས་པ་ཡིན་ཞིང༌། འོན་ཀྱང་དེ་དག་བརྟན་པར་བྱ་བའི་ཕྱིར་ཡུན་སྲིང་སྟེ་སྐྱར་གྱིན་སྒོམ་པར་ཡང་བྱའོ། །གསུམ་པ་ཐུན་མཚམས་ལ་བསླབ་པ་ནི། སྔར་ཀྱི་དེ་དག་ལ་ཅི་རིགས་པར་ལོབས་ནས། ཐུན་བཞི་ལྟ་བུར་སྒོམ་ཞིང༌། དེ་ལ་བརྟན་ན་གཉིས་སྦྲེལ་ཏེ་ཐུན་གཉིས་སུ་བྱ། དེ་ལ་བརྟན་ན་མཚན་རིལ་པོ་ཐུན་གཅིག་ཏུ་བྱས་ནས་བསྒོམ་མོ། །དེ་ལའང་བརྟན་ན་ཉིན་མཚན་སྦྲེལ་ནས་སྒོམ་པ་སོགས་ལ་རིམ་གྱིས་བསླབ་པས། མཐར་ཞག་མང་པོར་མི་འཆོར་བ་འབྱུང་ངོ༌། །དེ་ཡང་ཁམས་སྙོམས་པའི་ཚེ་ཉིན་ཞག་གཅིག་བར་མ་ཆད་པར་མཉམ་བཞག་ཐུན་གཅིག་གི་གནས་པ་བྱུང་ན། རེ་ཞིག་གོ་རིམ་ལ་ལོབས་པར་ཤེས་པར་བྱའོ། །གཉིས་པ་ལོབས་པའི་ཚད་ལ། མི་མཉམ་པར་


TNT08_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ལོབས་པ་དང༌། མཉམ་པར་ལོབས་པ་དང༌། ལྷག་པར་ལོབས་པ་གསུམ་ཁ་དོག་ལ་ལོབས་པའི་ཚད་ཡིན་ལ། དམིགས་པ་གང་འདོད་དུ་བསྒྱུར་བ་ལ་དབང་འབྱོར་ན། གོ་རིམ་ལ་ལོབས་པའི་ཚད་དང༌། དུས་ལ་འཕེན་པ་གང་བཏང་བ་དེ་ཙམ་དུ་གནས་ན། ཐུན་མཚམས་ལ་ལོབས་པའི་ཚད་དོ། །གསུམ་པ་བརྟན་པའི་ཚད་ནི། ཁ་དོག་ལ་བརྟན་པ། དབྱིབས་ལ་བརྟན་པ། གྲངས་ལ་བརྟན་པ། དུས་ལ་བརྟན་པ་ཐོབ་པའི་ཚད་དེ་བཞིའོ། །དེ་ལྟར་ན། སློབ་པའི་ཚུལ་གསུམ། ལོབས་པའི་ཚད་ལྔ། བརྟན་པའི་ཚད་བཞི་སྟེ་བསྐྱེད་རིམ་མངོན་གྱུར་སྒོམ་པ་མན་ངག་གི་གནད་བཅུ་གཉིས་སོ། །གཉིས་པ་གོལ་ས་བཅད་ཅིང་ཐར་པའི་འཇུག་ངོགས་སུ་དཀྲི་བ་ལྟ་བ་མན་ངག་གི་གནད་ལ་བསླབ་པ་ལ། གཏན་ལ་དབབ་བྱ། གནས་ལུགས་ཡུལ་གྱི་ལྟ་བའི་གནད་གསུམ། གཏན་ལ་འབེབས་བྱེད་རྐྱེན་ཀྱི་གནད་གཅིག།གཏན་ལ་འབེབས་ཚུལ་ཡུལ་ཅན་སྒོམ་པའི་གནད་གསུམ། གོ་ས་གཅོད་པ་ངོ་སྤྲོད་པའི་གནས་ལྔ་སྟེ། དེ་རྣམས་སོ་སོར་ཕྲལ་ན་ལྟ་བ་མན་ངག་གི་གནད་བཅུ་གཉིས་སུ་བཞེད་དོ། །དང་པོ་ནི། སྣང་བ་མཚན་ཉིད་མེད་པ་སྟེ། རྒྱུ་རྐྱེན་འབྲས་བུ་གནས་ལུས་ལོངས་སྤྱོད་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུའི་དོན་དང༌། འཁོར་བ་རང་བཞིན་མེད་པ་སྟེ། ལས་དང་ཉོན་མོངས་སྡུག་བསྔལ་གསུམ་ཡང༌། རྨི་ལམ་ལྟ་བུར་སྣང་ཙམ་མ་གཏོགས་མ་གྲུབ་པས། རྣམ་རྟོག་ཙམ་དུ་ཤེས་པར་བྱ་བ་དང༌།


TNT08_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

རང་སེམས་ཟུང་དུ་འཇུག་པ་སྟེ། གདོད་ནས་སྤྲོས་བྲལ་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས། འགྱུར་མེད་དབྱིངས་སུ་གཏན་ལ་འབེབས་པ་སྟེ་གསུམ་མོ། །གཉིས་པ་རྐྱེན་གྱི་གནད་ནི་བླ་མའི་མོས་གུས་སོ། །གསུམ་པའི་གནད་གསུམ་ནི། སྣང་གྲགས་ཐམས་ཅད་སེམས་སྣང་དུ་གཏན་ལ་ཕབ། སེམས་སྟོང་ཉིད་བརྗོད་མེད་རྩ་བྲལ་དུ་གཏན་ལ་ཕབ། སྟོང་ཉིད་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་གཏན་ལ་འབེབས་པའོ། །བཞི་པའི་གནད་ལྔ་ནི། སྣང་བ་སེམས་ཀྱི་དཔེ་རྨི་ལམ། སྣང་ཡང་མ་གྲུབ་པའི་དཔེ་ཆུ་ཟླ་དང་ཐལ་མོའི་སྒྲ་ལྟ་བུ། རང་བཞིན་དང་སྣང་བ་གཅིག་ཐ་དད་སོགས་སྤྲོས་པ་ལས་གོལ་བའི་དཔེ་མར་མེ་དང་མར་མེའི་འོད། སྣང་སྟོང་ཟུང་དུ་འཇུག་པའི་དཔེ་སྐྱེས་བུའི་ལུས་ལ་བལྟས་ནས་ངོ་སྤྲོད་པ། ཀུན་ཁྱབ་འགྱུར་མེད་ཀྱི་དཔེ་ནམ་མཁའ་སྟེ་ལྔའོ། །ལྟ་བའི་གནད་འདི་ཐམས་ཅད་ལ་གནད་དུ་རེག་ན་དབངཔོ་རང་ལོག་དང༌། ཡེ་ཤེས་རང་ཤར་དང༌། སྐྱེ་མེད་ཐུག་ཕྲད་དང༌། སོ་སོར་རང་རིག་དང༌། མཉམ་རྗེས་དབྱིངས་སུ་ཐིམ་པ་ཞེས་བྱ་བ་ཡིན་ནོ། །དོན་ལ་འཁོར་འདས་རོ་མཉམ་ལམ་དུ་ལོང་བ་ཡིན་ནོ། །འདི་ཉིད་དོན་གྱི་རྫོགས་པའི་རིམ་པའི་རྣལ་འབྱོར་གྱི་ཉམས་མྱོང་མཆོག་དང་འབྲེལ་བའི་ཚེ། དབང་བཞི་པའི་ཡེ་ཤེས་རྫོགས་རིམ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ཡིན་ལ། ལྟ་བའི་ཉམས་མྱོང་རྣམ་དག་ཅིག་དང༌། ཐུན་མོང་མ་ཡིན་པའི་རྫོགས་རིམ་གྱི་ཉམས་མྱོང་རྣམ་གྲངས་དེ་འདྲ་བ་རྣམས་


TNT08_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

གསང་དབང་དང༌། ཤེར་དབང་གི་ཡེ་ཤེས་ཀྱི་རིགས་སུ་བཞེད་ཅིང༌། རྫོགས་རིམ་གྱི་ཉམས་མྱོང་མེད་པར་བསྐྱེད་རིམ་གྱི་ཉམས་ལེན་དང་ཟུང་དུ་འབྲེལ་ན་བུམ་དབང་གི་ཡེ་ཤེས་སྐྱོན་མེད་དུ་འདོད་དོ། །བཞི་པའི་ཡེ་ཤེས་དེ་ལམ་གྱི་ཕྱག་ཆེན་དངོས་ཡིན་ཞིང༌། གཞན་གསུམ་རྗེས་མཐུན་པ་ཡིན་ལ། ཐམས་ཅད་ལའང་དབང་དོན་ཉམས་མྱོང་ཕྱག་རྒྱ་ཆེན་པོ་ཞེས་ཟེར་རོ། །དབང་གི་ཡེ་ཤེས་དང་མ་འབྲེལ་བའི་ལྟ་བ་ནི་ཇི་ལྟར་མཐོ་ཡང༌། ཕྱག་རྒྱ་ཆེན་པོ་དངོས་དང་རྗེས་མཐུན་པ་གང་ཡང་མིན་ནོ། །དེས་ན་གདམ་པ་འདི་ནི་འཆད་པའི་གོ་རིམ་ལ་བསྐྱེད་རྫོགས་གཉིས་ཀྱི་བར་འདིར་སྟོན་མོད་ཀྱི། གཞན་དུ་ན། བསྐྱེད་རིམ་གྱི་ཐོག་མར་བསྟན་ཀྱང་རུང༌། རྫོགས་རིམ་ཉམས་མྱོང་སྐྱེས་པའི་རྗེས་སུ་བསྟན་ཀྱང་རུང་བས་གོ་རིམ་ལ་ངེས་པ་མེད་དོ། །གཉིས་པ་ཐུན་མོང་མ་ཡིན་པའི་རྣལ་འབྱོར་ནི་རྫོགས་རིམ་ཡིན་ཏེ། འདི་ལ་རྣལ་འབྱོར་ལམ་ལ་བརྟེན་པ་དང༌། ཕོ་ཉའི་ལམ་ལ་བརྟེན་པའོ། །དང་པོ་ལ། དམིགས་པའི་རྩ་བ་དང༌། དམིགས་པའི་ཡན་ལག་གོ །དང་པོ་ནི། བསྐྱེད་རིམ་གྱི་འཇུག་ཐོགས་སུ་སྒོམ་ན་ལུགས་གཉིས་ཏེ། བརྟན་པ་ཐོབ་ནས་དཀྱིལ་འཁོར་མ་བསྡུས་པར་བསྒོམ། ལས་དང་པོ་པས་དཀྱིལ་འཁོར་བསྡུས་ཏེ་རང་ཕྱག་གཉིས་པའི་ང་རྒྱལ་གྱིས་བསྒོམ། བསྐྱེད་རིམ་གྱི་རྗེས་དང་མ་འབྲེལ་ན་ཡང་གཉིས་ཏེ། བརྟན་པ་ཐོབ་པས་རང་ཞལ་ཕྱག་ཡོངས་རྫོགས་དང༌། སྣང་གྲགས་ཐམས་ཅད་ལྷ་སྔགས་སུ་ཤེས་པས་བསྒོམ།


TNT08_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དང་པོ་པས། སྟོང་པའི་ངང་ལས་ཕྱག་གཉིས་པའི་ཧེ་རུ་ཀར་ལངས་ཏེ་བསྒོམ། འཁོར་རྣམས་ཡུམ་ཡང་རང་ལ་བསྟིམ་སྟེ་དཔའ་བོ་གཅིག་པའི་ངང་ནས་སྒོམ་པ་མན་ངག་ཏུ་བཞེད། རྒྱ་གར་གྱི་མཁས་གྲུབ་ཕྱིས་བྱུང་བ་རྣམས་ནི། གཏུམ་མོ་སྒོམ་པའི་ཚེ་ལྷ་སྐུ་ཁ་སྦྱོར་སྒོམ་པ་ཟབ་པར་བཞེད་ཀྱིན་འདུགགང་ལྟར་རང་ལུས་ལྷ་སྐུ་འཇའ་ཚོན་ལྟ་བུ་དེའི་ལུས་ཀྱི་དབུས་སུ། རྩ་དབུ་མ་ཆོས་བཞི་ལྡན་སྤྱི་དང་འདྲ་བ། མུན་པའི་ཁམས་ཀྱི་ཅུང་ཟད་སླན་པ། ཡར་སྣ་ཚངས་བུག་དང༌། མར་སྣ་ལྟེ་འོག་སོར་བཞིར་ཟུག་པ། སྦོམས་སུ་མཐེའུ་ཆུང་ངམ་གུང་འཛུབ་ཀྱི་ཚད་ཙམ་པ། གཡས་སུ་རོ་མ་དམར་པོ་རཀྟས་ཅུང་ཟད་རླན་པ་དང༌། གཡོན་དུ་རྐྱང་མ་དཀར་པོ་ཀུནྡས་ཅུང་ཟད་རླན་པ། དབུ་མ་དང་གསུམ་བཞིབས་ཀྱི་ཚུལ་ཅན། འཁོར་ལོ་བཞི་སོགས་སྤྱི་དང་མཐུན་པ་ལས། ལྟེ་བའི་རྩ་འཁོར་གྱི་ནང་སྐོར་རྩ་འདབ་བརྒྱད་ལ་གཡོན་སྐོར་གྱི། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ །ཕྱི་སྐོར་ལྔ་བཅུ་ང་དྲུག་ལ། གཡོན་སྐོར་གྱི་གསལ་བྱེད་སོ་བཞི། དབྱངས་ཡིག་བཅུ་དྲུག་དང༌། དབྱངས་རིང་དྲུག །འཁོར་ལོའི་ལྟེ་བའི་དབུས་ཀྱི་རྩ་དབུ་མའི་ནང་དུ་ཨོཾ་ཡིག་སྟེ། འཁོར་ལོ་དང་ཡིག་འབྲུ་ཐམས་ཅད་ཁ་དོག་དམར་སེར་ཁ་གྱེན་དུ་ཕྱོགས་པའོ། །སྙིང་གའི་འཁོར་ལོ་འདབ་བརྒྱད་ཀྱི་ཕྱོགས་བཞིར། ཨ་ཨི་ཨུ་ཨེ། མཚམས་བཞིར། ཡ་ར་ལ་ཝ། དབུས་སུ་ཧཱུཾ། ཐམས་ཅད་ཁ་དོག་སྔོན་པོ་ཁ་མཐུར་དུ་ཕྱོགས་པའོ། །མགྲིན་པའི་ནང་སྐོར་བཞི་ལ་ཨཱ་ཨཱི་ཨཱུ་ཨཻ། ཕྱི་སྐོར་བཅུ་


TNT08_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལ་མ་ནིང་བཞི་སྤངས་པའི་དབྱངས་བཅུ་གཉིས། དབུས་སུ་ཨོཾ། ཐམས་ཅད་ཁ་དོག་དམར་པོ་གྱེན་དུ་ཕྱོགས་པའོ། །སྤྱི་བོའི་རྩ་འདབ་སོ་གཉིས་ལ་དབྱངས་ཡིག་བཅུ་དྲུག་ཚར་གཉིས། དབུས་སུ་ཧཾ། ཐམས་ཅད་ཁ་དོག་དཀར་པོ་མཐུར་དུ་ཕྱོགས་པའོ། །གཤང་སྒོར་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ། དབུ་མའི་མས་སྣར་ཀྵ་ཡིག་དམར་ནག །རོ་རྐྱང་གཉིས་ལ་དབྱངས་གསལ་སོ་སོར་འགོད་པའམ། གསལ་བྱེད་དམར་པོ་གཉིས་དང༌། དབྱངས་དཀར་པོ་རེ་རེ་སྤེལ་ནས་བརྩེགས་པ། རྐྱང་མ་མས་སྣ་ནས་ཡར་འགོད་ལ། རོ་མ་ལ་ཡས་སྣ་ནས་མར་འགོད་དོ། །དཔྱིད་ཐིག་ལྟར་ན་སྙིང་གའི་ཧཱུཾ་ཡང་སྙིང་གའི་ཐད་ཀྱི་དབུ་མའི་ནང་གི་ཡང་རྩ་ཆུ་ཤིང་གི་མེ་ཏོག་ལྟ་བུའི་དབུས་སུ་ཆུད་པར་སྒོམ་དགོས་སོ། །དེ་ལྟར་བཤད་པ་དེ་ནི་ཡི་གེ་འགོད་པ་རྒྱས་པའི་དབང་དུ་བྱས་པ་ཡིན་ལ། འབྲིང་པོ་ལྟར་ན་རོ་རྐྱང་དང་རྩ་འདབ་ཀྱི་ཡི་གེའི་དོད་དུ་ཐིག་ལེ་ཙམ་སྒོམ་པ་ཡིན་ལ། བསྡུས་པ་ལ་ནི་དེ་རྣམས་ལ་ཡི་གེ་ཐིག་ལེ་གཉིས་ཀ་སྤངས་ནས། འཁོར་ལོ་བཞིའི་ལྟེ་བའི་ཡི་གེ་བཞི་དང༌། དབུ་མའི་མས་སྣའི་ཀྵ་ཡིག་ཙམ་གསལ་འདེབས་པ་ཡིན་ནོ། །དེ་དག་ལན་གཅིག་གསལ་ལེགས་པར་བཏབ་ནས། རླུང་ནང་དུ་འོང་བའི་ཚེ་ཧཾ་ནས་ཀྵའི་བར་དང་གནས་པའི་ཚེ་ལྟེ་བའི་ཨཾ་དང༌། ཕྱིར་འགྲོ་བའི་ཚེ་ཀྵ་ནས་ཧཾ་གི་བར་གསལ་བཏབ་སྟེ། རིམ་པ་དེ་ཉིད་ཡང་ཡང་སྒོམ་པར་བྱེད་པ་ནི་རྒྱུད་ཀྱི་རིམ་པ་ཁོ་ནའི་མན་ངག་དམིགས་པའི་རྩ་བ་


TNT08_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་རྣལ་འབྱོར་ཏེ་དམིགས་པ་དང་པོའོ། །༈ དེ་ནས་དམིགས་པ་རེ་གསལ་བཏབ་ནས། བུམ་པ་ཅན་གྱི་རླུང་སྦྱོར་སྒོམ་པས། གཤང་ལམ་གྱི་རླུང་གཡོས། ཀྵ་ཡིག་བསྐུལ། དེ་ལས་མེ་འབར་བ་དབུ་མ་ནས་སོང་སྟེ་ལྟེ་བའི་ཨཾ་ཡིག་ལ་ཕོགཨཾ་ལས་མེ་འབར། ལྟེ་བའི་འཁོར་ལོ་མེའི་འོད་ཟེར་གྱིས་ཁྱབ། ལྕགས་བསྲེགས་པ་ལྟར་དམར་ལྷང་གིས་སོང༌། རེག་བྱ་ཤིན་ཏུ་ཚ་བ་བཟོད་དཀའ་བར་གྱུར་པར་བསམ། དེ་ནས་མེ་ལྕེ་གློག་གི་ཟེར་མ་ལྟ་བུ་རོ་མ་ནས་སོང༌། སྙིང་གའི་འཁོར་ལོ་སྔ་བཞིན་བསྲེགས། ཡང་རོ་མ་ནས་སོང༌། མགྲིན་པའི་འཁོར་ལོ་ཡང་བསྲེགས། ཡང་རོ་མ་ནས་སོང༌། སྤྱི་བོའི་འཁོར་ལོ་ཡང་བསྲེགས། ཧཾ་ཡིག་ཞུ་བ་ལས་བྱང་ཆུབ་ཀྱི་སེམས་དྲག་ཏུ་བབས་ཏེ། སྤྱི་བོའི་འཁོར་ལོ་གང་ཞིང༌། སྔར་མེ་ལྕེ་བསྲེགས་པས་དྲི་མ་དང་ལྗན་ལྗིན་ཚིགསྐབས་འདིར་བྱང་ཆུབ་ཀྱི་སེམས་ཀྱི་གང་བས་མེ་ལྕེའི་ཚ་གདུང་ཞི་ཞིང་བཀྲུས་པས་རྩ་ཡིག་རྣམས་སྔ་མ་ལས་ཀྱང་དྭངས་ཤིང་གསལ་བ་འོད་འཕྲོ་བར་གྱུར་པར་བསམ། དེ་ནས་བྱང་ཆུབ་ཀྱི་སེམས་གཡོན་རྐྱང་མ་ནས་བབས། མགྲིན་པའི་འཁོར་ལོ་བསོས། ཡང་རྐྱང་མ་ནས་བབས། སྙིང་གའི་འཁོར་ལོ་བསོས། ཡང་རྐྱང་མ་བས་བབས། ལྟེ་བའི་འཁོར་ལོ་བསོས་ཤིང་ཨཾ་ལ་ཐིམ་པ། ཨཾ་ལས་མེ་ལྕེ་ཤིན་ཏུ་ཕྲ་བ་གསལ་བ་འོད་འཚེར་བ་ཞིག་དབུ་མའི་ནང་དུ་ཇེ་རིང་ཇེ་རིང་ལ་འབར་ཏེ། སྙིང་གའི་ཧཱུཾ་དང་མགྲིན་པའི་ཨོཾ་ཕུགསྤྱི་བོའི་ཧཾ་ལ་


TNT08_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

བསྣུན། མེ་ལྕེ་སྤྱི་བོ་ནས་དབུ་མའི་ནང་བརྒྱུད། སྨིན་མཚམས་གནད་ཀྱི་སྒོ་ཕྱེ་ནས་དེ་བཞིན་གཤེགས་པའི་བརྒྱུད་ལ་འགྲོ་འོང་བྱ་སྟེ། དེ་ཡང་མེ་ལྕེ་མཁའ་དབྱིངས་གང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལས་བདུད་རྩི་ལེན་རྒྱུ་ཡིན་ཀྱང༌། ལས་དང་པོ་པས་དམིགས་པ་མི་གསལ་ན། སངས་རྒྱས་བྱང་སེམས་ཞི་ཁྲོ་ཡབ་ཡུམ་ཐམས་ཅད་རྩ་བའི་བླ་མ་གཅིག་ཏུ་འདུས། འཁོར་ལོ་སྡོམ་པའི་སྐུར་གྱུར་པ་མདུན་གྱི་ནམ་མཁའ་བཞུགས། མེ་ལྕེ་དེ་དེའི་ཤངས་བུག་གཡས་པ་ནས་ཞུགས། སྐུ་ལུས་ཀྱི་རྩ་འཁོར་བཞི་སོགས་ཀྱི་དྭངས་མ་རྣམས་ཞུ་ཞིང༌། མེ་ལྕེ་དང་ལྷན་ཅིག་གྱེན་དུ་ལོག་ནས་ཤངས་བུག་གཡོན་ནས་བྱུང༌། གཏུམ་མོའི་འོད་སྣང་དེ་དང་འདྲེས་པའི་བྱང་ཆུབ་ཀྱི་སེམས་རྒྱལ་བ་སྲས་བཅས་འདུས་པའི་ངོ་བོ་རྣམས། རང་གི་སྤྱི་བོ་ཚངས་བུག་ནས་ཞུགས་ཧཾ་ལ་ཐིམ། ཧཾ་ལས་བྱང་ཆུབ་ཀྱི་སེམས་དཀར་ཞིང་སིལ་ལ་འོད་ཟེར་དཀར་པོ་འཕྲོ་བ། དར་དཀར་པོའི་སྣལ་མ་བརྐྱང་པ་ལྟ་བུའམ། ཐིག་པ་ཕྲ་མོ་བརྒྱུད་མར་འབབ་པའི་ཚུལ་གྱིས་བྱུང༌། མགྲིན་པའི་ཨོཾ་དང་སྙིང་གའི་ཧཱུཾ་གང༌། དེ་ལས་བབས་པ་ལྟེ་བའི་ཨཾ་ལ་སིབ་སིབ་ཐིམ་པས་གཟུང་འཛིན་གཉིས་བྲལ་གྱི་བདེ་བ་རྒྱུད་ལ་སྐྱེས་པར་མོས། དེ་ལྟར་ན་དེ་ཡན་ཆད་ཚར་གཅིག་སྒོམ་དགོས་ཤིང༌། དེ་ནས་ཐུན་རྫོགས་ཀྱི་བར་ལ་དབུ་མའི་ནང་གི་འབར་འཛག་གི་དམིགས་པ་དེ་ཁོ་ན་ཡང་ཡང་གསལ་འདེབས་ཤིང༌། གང་ལ་སེམས་འཛིན་པའི་


TNT08_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པའི་གནད་ནི། སྤྱི་བོ་ནས་འོང་བའི་བྱང་ཆུབ་ཀྱི་སེམས་སྙིང་གའི་ཧཱུཾ་བརྒྱུད་ནས་ལྟེ་བའི་ཨཾ་ལ་སྐུ་ཁྲུས་གསོལ་བ་ཉིད་ལ་དམིགས་པ་གཏོད་དགོས་པ་ཡིན་ཞིང༌། དེ་ཡང་སྙིང་ག་ནས་མཐུར་དུ་གསལ་བའི་སོར་བཞི་ཙམ་ལ་དམིགས་པ་གཏོད་གསུངས་ཏེ། མཐའ་གཅིག་ཏུ་མ་ངེས་པས། ལྟེ་བ་དང་སྙིང་ག་གཉིས་ལ་རེ་མོས་ཀྱི་སེམས་གཟུངས་ན་ལེགས་ཤིང༌། དེའི་ཡང་ལྟེ་བ་གཙོ་ཆེའོ། །ད་ལྟ་ལག་ལེན་ལ་འདི་ལྟར་མཛད་དེ། རླུང་ཐེངས་གཅིག་ལ་འཁོར་ལོ་བཞིའི་ཡིག་འབྲུ་རྣམས་བརྐྱར་ཏེ་གསལ་བཏབ་ནས། འབར་འཛག་གི་དམིགས་པ་ཚར་གཅིག་བསྒོམ། དེ་ནས་རླུང་ཐེངས་གཉིས་དཔྱིད་ཐིག་ཁ་སྦྱོར་ལ་སེམས་འཛིན་པ་སྟེ་མཛད། དེ་རྗེས་རླུང་ཐེངས་གཅིག་མི་རྟོག་པའི་ཚུལ་གྱིས་ངལ་གསོ་སྟེ་དེ་ཉིད་སླར་ནས་སླར་ཏུ་གོམས་པར་བྱེད་པའོ། །འདི་ནི་སྔགས་རིམ་གྱི་རྣམ་པ་ལམ་དུ་བྱེད་པ་རྩ་རླུང་ཐིག་ལེ་ཆ་མཉམ་པའི་མན་ངག་གཏུམ་མོའི་རྣལ་འབྱོར་ཏེ། དམིགས་པ་གཉིས་པའོ། །༈ དེ་ནས་དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་བྱེད་པའི་དམིགས་པ་ཡན་ཆད་སྔར་བཞིན་ཚར་གཅིག་གསལ་བཏབ། སྤྱི་བོའི་ཧཾ་ཡིག་ཞུ་བའི་རྒྱུན་མགྲིན་པར་བབས་པས་ལོངས་སྤྱོད་ཀྱི་འཁོར་ལོ་ཁེངས་པ་ལ་སེམས་གཏད་ལམ་དུས་ཀྱི་དགའ་བའི་ཡེ་ཤེས་སྐྱེས་པར་མོས། དེ་བཞིན་དུ་དེ་ལས་བབས་ཏེ་སྙིང་གའི་འཁོར་ལོ་ཁེངས། མཆོག་དགའ། དེ་ལས་བབས་ཏེ་ལྟེ་བའི་འཁོར་ལོ་ཁེངས། ཁྱད་དགའ་


TNT08_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་བབས་ཏེ་གསང་གནས་བདེ་སྐྱོང་གི་འཁོར་ལོ་ཁེངས། བྱང་ཆུབ་སེམས་ཀྱི་བགྲོད་པས་ནོར་བུ་ཡན་ཆད་ཁྱབ་པར་བསམ། ལྷན་སྐྱེས་སོ། །འདི་རྣམས་ལ་ཅུང་ཟད་རླུང་གི་རྣལ་འབྱོར་བྱང་བ་ཡིན་ན། དམིགས་པ་གང་དུ་གཏོད་པའི་གནས་སུ་སོ་སོའི་བུམ་ཅན་སྦྱོར་དགོས་པ་ཡིན་ལ། ཤིན་ཏུ་ལས་དང་པོ་པས་ནི་ལྟེ་བའི་བུམ་ཅན་དངོས་སུ་བཟུང་ནས་གནད་དེ་དག་ཏུ་རླུང་འདུས་པར་མོས་པ་ཙམ་བྱེད་པ་ཡིན་ནོ། །འདི་ནི་ཐིག་ལེའི་རྣལ་འབྱོར་ཡིན་ལ། ཡེ་ཤེས་ཀྱི་རིམ་པའི་རྣམ་པ་ལམ་དུ་བྱེད་པ་སྟེ་དམིགས་པ་གསུམ་པའོ། །༈ དེ་ནས་རྡོ་རྗེ་ནོར་བུ་བྱང་ཆུབ་ཀྱི་སེམས་དཀར་ལ་དམར་བའི་མདངས་ཆགས་པའི་ཐིག་ལེས་ཡོངས་སུ་གང་པ་ལས་རྩ་འཁོར་དེ་བྱང་ཆུབ་ཀྱི་སེམས་གྱི་གང་བའི་དབུས་ན། ཆུ་ལ་ཟླ་བའི་གཟུགས་བརྙན་བཞིན་ལྷག་པར་གསལ་བའི་ཐིག་ལེ་ལ་སེམས་གཏད་དེ། མས་བརྟན་གྱི་དགའ་བའི་དགའ་བའོ། །དེ་ཉིད་ཡང་རིམ་གྱིས་སྤོས་ཏེ། ནོར་བུ་ནས་ལྟེ་བའི་བར་ལ་ཆ་བཞིས་དང་པོའི་དགའ་བ་བཞི། དེ་ནས་སྙིང་གའི་བར་ལ་མཆོག་དགའ་བཞི། དེ་ནས་མགྲིན་པའི་བར་ལ་ཁྱད་དགའ་བཞི། དེ་ནས་གཙུག་ཏོར་གྱི་བར་ལ་ལྷན་སྐྱེས་བཞི་སྐྱེས་པར་མོས། འདི་ཐིག་ལེའི་རྣལ་འབྱོར་ཡིན་ལ་དམིགས་པ་བཞི་པའོ།། ༈ ཡང་དེ་བཞིན་གཤེགས་པའི་རྒྱུད་ལ་འགྲོ་འོང་གི་བར་སྔར་བཞིན་བསྒོམ། གཏུམ་མོ་སྤྱི་བོའི་བར་དུ་འབར་བ་ཡང་རྒྱུན་མི་འཆད། བྱང་ཆུབ་ཀྱི་སེམས་ནོར་བུའི་བར་དུ་


TNT08_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

བབ་པ་ཡང་རྒྱུན་མི་འཆད་ཅིང༌། ནོར་བུ་ནས་ཡར་ལོག་སྟེ་སྤྱི་བོའི་བར་དུ་འགྲོ་བ་ཡང་རྒྱུན་མི་འཆད་པ་ལ་སེམས་ཅུང་ཟད་གཏད། བྱང་ཆུབ་ཀྱི་སེམས་དཀར་དམར་གྱི་འོད་ཟེར་གྱིས་རང་ལུས་དང་སྣང་བ་ཐམས་ཅད་ཁྱབ་པས་དེའི་བདག་ཉིད་དུ་གྱུར། དེ་རྣམས་ཐམས་ཅད་མེ་ལོང་ལ་ཧ་བཏབ་པ་དབུས་སུ་འདུས་ནས་ཡལ་བའི་ཚུལ་གྱིས་འོད་གསལ་མཐའ་དབུས་མེད་པའི་ངང་དུ་ཐིམ་ཞིང༌། དེའི་ངང་དེར་བཟོ་བཅོས་དང་བྲལ་བར་རིང་དུ་མཉམ་པར་བཞག་ལ། སླར་ཡང་ཆུ་ལས་ཉ་ལྡང་བའི་ཚུལ་དུ་ལྷ་སྐུ་གསལ་སྟོང་རྩ་ཡིག་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་ཁྱབ་པ་དང་བཅས་པར་སྔར་བཞིན་དུ་ལངས་ཏེ། ཟུང་འཇུག་ཧེ་རུ་ཀའི་སྣང་ཆ་ལ་ཅུང་ཟད་མཉམ་པར་བཞག་གོ །འདི་ནི་གཏུམ་མོ་ལ་བརྟེན་ནས་རྗེས་ཞིག་སྒོམ་པ་སྟེ། དམིགས་པ་ལྔ་པའོ། །༈ དེ་གཉིས་ནི་འབྲས་བུ་གསང་རིམ་གྱི་རྣམ་པ་ལམ་བྱེད་ཡིན་ཏེ། དམིགས་པ་ཕྱི་མ་འདི་གཉིས་ལ་རོ་རྐྱང་གི་ལམ་ནས་འབར་འཛག་བྱེད་པའི་དམིགས་པ་དེ་མི་དགོས་ཤིང༌། དམིགས་པ་འདི་དག་ལས་དང་པོ་པས་སྒོམ་ན། སོང་ཚོད་ལ་ཐམས་ཅད་རྒྱུད་ཀྱི་རིམ་པའི་དམིགས་པར་སོང་ཡང༌། རིམ་པ་ཕྱི་མ་གསུམ་གྱི་རྣམ་པ་ལམ་བྱེད་དང་མོས་སྒོམ་དུ་གྱུར་པ་ཡིན་ཞིང༌། སོ་སོ་དང་རྗེས་མཐུན་གྱི་ཉམས་རྟོགས་ཀྱང་སྐྱེ་བ་ཡིན་ནོ། །དེས་ན་འདི་ལ་གཏུམ་མོ་ཁོ་ན་ལ་བརྟེན་ནས་རིམ་པ་བཞིའི་ལམ་ཐམས་ཅད་རྫོགས་པའི་ཕྱིར། གཏུམ་མོ་ལམ་རྫོགས་ཞེས་དང༌། གཏུམ་མོ་ལམ་ལོངས་ཞེས་ཀྱང་འགའ་ཞྀག་ཏུ་གྲགས་ཤིང༌། དེ་ལ་གཏུམ་


TNT08_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཞེས་སྒྲ་ཡངས་པར་བྱས་ན་རྫོགས་རིམ་སྤྱིའི་མིང་ཡིན་ཀྱང༌། སྒྲ་དོག་པར་བྱས་ཏེ་སྤྱི་མིང་བྱེ་བྲག་ལ་བཏགས་པ་ནི། ནང་གི་མི་དམིགས་ལ་བརྗོད་ཅིང༌། དེའི་གཙོ་བོ་ཡང་འཁོར་ལོ་བཞི་པ་འདི་ཡིན་ཏེ། སྡོམ་པ་འབྱུང་བ་དང༌། རྡོ་རྗེ་མཁའ་འགྲོ་དང༌། ཁ་སྦྱོར་ཐིག་ལེ་རྣམས་ལས་ཆེས་གསལ་ཞིང་རྒྱས་པར་གསུངས་པ་ཉིད་དོ། །༈ ཡང་འདི་ལ་རྒྱས་པར་སྤོང་སྒོམ་དུ་བྱས་ན། རྩ་གསུམ་དཀྱིལ་འཁོར་ལྔ་དང་ནི། །ཡི་གེ་ལྔ་དང་རྩ་འདབ་དང༌། །རོ་རྐྱང་རྣམས་ཀྱི་ཡི་གེ་ལ། །སྡེ་ཚན་བརྒྱད་དེ་ཀུན་སྡོམས་དང༌། །རླུང་གི་འགྲོ་འོང་བསླབ་པ་སྟེ། །ཉེར་གསུམ་དམིགས་པ་དང་པོ་ལའོ། །ཀྵ་ཡིག་འབར་དང་རོ་རྐྱང་གི །ལམ་ལས་འགྲོ་ཞིང་འོང་པ་ལ། །འཁོར་ལོ་བཞི་ལ་རེ་རེ་ཡིན། །དེ་བཞིན་དབུ་མའི་འབར་འཛག་ལ། །བརྒྱད་དེ་བཅུ་བདུན་གཉིས་ལའོ། །གསུམ་པ་ལ་ནི་ཡས་བབ་བཞི། །བཞི་པ་མས་བརྟན་བཅུ་དྲུག་དང༌། །འབར་འཛག་མས་བརྟན་འོད་འཕྲོ་ཐིམ། །འོད་གསལ་ལྷ་སྐུར་ལྡང་སྟེ་བདུན། །ཀུན་སྡོམ་དྲུག་ཅུ་རྩ་དགུའོ། །ཞེས་ཉམས་འཁྲིད་དུ་སྐྱོད་པའི་ལག་ལེན་ནོ། །སྤྱིར་སྤོང་སྒོམ་གྱི་དམིགས་པའི་རིམ་པ་ལ། གང་ཟག་གི་བློ་རིགས་དང་བསྟུན་པས་ངེས་པ་མེད་ཀྱང༌། དམ་པ་སྔ་མ་རྣམས་ཀྱི་ཕྱག་བཞེད་ཀྱི་རྒྱུན་ལ་རྒྱས་པ་ནི་དེ་ལྟར་ཡིན་ལ། ཕྱག་བཞེད་བསྡུས་པའི་སྐབས་ནི་དམིགས་པ་བཞི་པོ་ཉིད་དམིགས་སྐོར་རེ་རེའོ། །གཉིས་པ་དམིགས་པའི་ཡན་ལག་མན་ངག་གི་གནད་བཅུ་གཉིས་སུ་བཞེད་དེ། རླུང་མན་ངག་གི་གནད་གསུམ་མི་རྟོགས་པ་མན་


TNT08_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གི་གནད་གསུམ། ཐིག་ལེ་མན་ངག་གི་གནད་གསུམ། གཏུམ་མོ་མན་ངག་གི་གནད་གསུམ་མོ། །དང་པོ་ལ་གསུམ་ལས། དྲག་པོ་ལ་བསླབས་པ་ནི། རྩ་གསུམ་སྤྱི་དང་མཐུན་པ་ལྟེ་འོག་ཏུ་ཨ་ཡིག་དམར་པོ། སྟེང་རླུང་དྲག་ཏུ་མནན། འོག་རླུང་ལན་གསུམ་དྲག་ཏུ་དྲངས། ལྟེ་བར་སྡིགས་ཤིང་བཟུང༌། ཨ་དེ་སོལ་མེ་བུས་པ་བཞིན། དམར་ངར་ངར་བ་ཅུང་ཟད་འབར་བ་སྙམ་བྱེད་པ་ལ་སེམས་གཏད། རྔུབ་ཆུང་གིས་གཞལ་བ་ལན་གསུམ་བྱེད། རོ་སྟོད་ན་བ་སོགས་བྱུང་ན་གེགས་སེལ་ལྟར་བསམ། གཞིལ་བ་རེ་ཙམ་བྱས་ནས་མེ་ལྕེ་འབར་བ་དབུ་མར་སོང་སྟེ། དབུ་མ་འདར་ཁྲིལ་ཁྲིལ་བ་བསྒོམ། དེས་དྲག་རླུང་དེ་ཅུང་ཟད་ཞི་བར་འགྱུར་རོ། །གཉིས་པ་ཞི་བ་ལ་བསླབ་པ་ནི། འཇམ་རླུང་བག་ཙམ་བཟུང༌། ལྟེ་བར་ཨཾ་དམར་པོ། སྣ་བའི་ཐད་ཙམ་གྱི་མགོ་བོའི་དབུས་སུ་ཧཱུཾ་ནག་པོ། སྤྱི་བོར་ཧཾ་དཀར་པོ། རླུང་ཕྱིར་འགྲོ་ཧཾ་ལ་འཕོག ནང་དུ་ཡོང་བ་ཧཱུཾ་ལ་འཕོག ལྟེ་བར་གཟུང་བ་ཨཾ་ལ་འཕོག་པས་ཡིག་འབྲུ་སོ་སོའི་རང་སྒྲ་འཁར་རྔ་རྡུངས་པ་བཞིན་བྱུང་བར་བསམ། རེས་འགའ་སྣ་བུག་སྒོང་ལྐོགས་ཁོག་སྟོང་འདྲ་བའི་ནང་དུ། རླུང་དུ་བ་ལྟ་བུས་གང་བ་ལ་སེམས་གཏད། དེས་རླུང་བདེ་བར་འགྱུར་བ་ཡིན། གསུམ་པ་དགང་ཐོན་ལ་བསླབ་པ་ནི། རང་ལུས་ཁོག་སྟོང་ཟོ་བ་ཞབས་མེད་ལྟ་བུ། རླུང་ཕྱིར་བྱུང་བའི་སྐབས་འོག་ཕྱོགས་ཀྱི་རླུང་ཐམས་ཅད་ཟོ་བའི་ཁ་ལྟ་བུ་དེ་ནས་སྟེང་དུ་མཐོན་ཏེ་ནམ་མཁར་ཡལ་བར་བསམ། ནང་དུ་དགང་བའི་སྐབས། སྟེང་ཕྱོགས་ནས་རླུང་ཐམས་


TNT08_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལུས་ནང་བརྒྱུད། མཐུར་དུ་བབས་ཏེ་འོག་ཕྱོགས་སུ་ཡལ་བར་བསམ། རླུང་ཕྱིར་འཛིན་ནང་འཛིན་སྤེལ་མར་བྱེད། མིག་སྟེང་གི་ནམ་མཁར་བགྲད། རེས་འགའ་མི་རྟོག་པའི་ངང་ནས་ཀྱང་བྱེད། འདིས་རླུང་གེགས་དང་བྱིང་རྒོད་ཐམས་ཅད་སེལ་ཞིང༌། ལྡང་བ་ཡང་བ་སོགས་གནས་སྐབས་ཀྱི་ཡོན་ཏན་མང་དུ་བསྐྱེད་དོ། །གཉིས་པ་མི་རྟོག་པ་སྒོམ་པ་ལ་ཡང་གསུམ་གྱི་དང་པོ་རྟོག་བཅས་ལ་རྟེན་ནས་རྟོག་མེད་སྒོམ་པ་ནི། དྷཱུ་ཏཱི་ཁ་དོག་དཀར་པོའི་ནང་དུ་ཐིག་ལེ་དཀར་པོ་ཞིག་ཡར་འགྲིལ་མར་འགྲིལ་འགྲོ་འོང་བྱེད་པ་ལ་སེམས་དྲག་ཏུ་གཏད། ཡང་ངལ་གསོའི་ཚུལ་དུ་རིག་པ་ལྷོད་ཀྱིས་ཀློད་ལ་བཞགདེ་ཀ་ཡང་ཡང་བསྒོམས་པས་མི་རིང་བར་མི་རྟོག་པའི་ཏིང་ངེ་འཛིན་ནམ་སྐྱེས་ཆ་མེད་པ་ལ་ཐོགས་བབས་སུ་སྐྱེ། གཉིས་པ་ཞུད་དབྱུང་བ་ནི། རྟོག་པ་ཆེད་གཏད་མི་དགོས་པར་ཇི་ཙམ་འཕྲོ་བ་ཐམས་ཅད་ངོས་ཟིན་པར་བྱས་ནས། ད་ཅི་ནས་འདས་པའི་དུས་ལ་ཇི་ཙམ་སྐྱེས། ད་ལྟ་ཇི་ཙམ་སྐྱེ་ཡིན་འདུགད་ཇི་ཙམ་སྐྱེ་བར་འགྱུར་ཞེས་གང་ནས་གང་དུ་འཕྲོ་ཡང་ཡང་རྟགས་པས། འཕྲོ་བ་ཐང་ཆད་ནས་མི་རྟོག་པར་རང་ཤུགས་ཀྱིས་འགྱུར་རོ། །གསུམ་པ་མི་རྟོག་པ་བཙན་ཐབས་སུ་སྒོམ་པ་ནི། ཤིང་བུ་རྡེའུ་སོགས་སྣང་བ་གང་ཤར་ཅིག་ལ་སེམས་ཡུད་དེ་བཞགརེས་འགའ་སྒྲིམ་རེས་འགའ་ཀློད། ཕལ་ཆེར་མ་སྒྲིམས་མ་ཀློད་པ་ཡུད་དེ་བ་དེ་ཁ་བསྒོམ། རྣམ་རྟོག་འཕྲོ་ན་འཕྲོ་བ་དེ་ཀ་འཁྲུལ་སྣང་དུ་ཤེས་པར་བྱའོ། །དེ་ཐམས་


TNT08_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ་ཐུན་མཚམས་སུ་སྣང་བ་གང་ཤར་ལ་ཤེས་པ་ངོས་བཟུང་ནས་ལྷོད་ཀྱི་ཀློད་པ་གལ་ཆེ། གསུམ་པ་ཐིག་ལེ་མན་ངག་གི་གནད་ལ་ཡང་གསུམ་ལས། དང་པོ་ཁ་དོག་ལ་བསླབ་པ་ནི། ལག་པ་པུས་འཁྱུད་ལྟར་བཅའ། གསང་བའི་སྣ་རྩེར་ཟླ་བ་ལ་ཧཱུཾ། དབུ་མའི་སྟེང་དུ་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་ཐིག་ལེ་དངུལ་ཆུའི་གཟུགས་ཅན། རླུང་ཁ་སྦྱོར་བཟུང་བས། ཧཱུཾ་གི་འོད་ཀྱིས་རླུང་གཡོས་ནས། ཐིག་ལེ་དབུ་མའི་ནང་ནས་མར་ནར་གྱི་བབས། དབུ་མའི་ནང་ན་འོད་ཀྱི་ཐིག་ལེ་སྐྱ་ཤར་རེ་བ་ལ་སེམས་གཏད། གཉིས་པ་དབྱིབས་ལ་བསླབ་པ་ནི། སྙིང་གར་ཉི་ཟླ་གའུ་ཁ་སྦྱོར་གྱི་ནང་དུ་རྡོ་རྗེ་དམར་པོ་རྩེ་གཅིག་པ། དེའི་ལྟེ་བའམ་མས་རྩེར་ཐིག་ལེ་དཀར་པོ་གཅིག་བསྒོམ། རླུང་ཕྱིར་འགྲོ་བའི་ཚེ་ཟླ་བའི་བུ་ག་ནས་འགྲོ། ནང་དུ་འོང་བའི་ཚེ་ཡང་དེ་ནས་འཇུག གནས་པའི་སྐབས་ཐིག་ལེ་ལ་ཐིམ་པར་བསམ། གསུམ་པ་འཕེན་རྐྱང་ལ་བསླབ་པ་ནི། སྙིང་གའི་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ཐིག་ལེ་དཀར་པོ་སྲན་རྡོག་ཙམ། དེ་སྟེང་གི་ཟླ་བ་ཕུག་ནས་ཡར་སོང༌། ཚངས་བུག་ནས་ཐོན། ཚངས་པའི་འཇིག་རྟེན་གྱི་བར་དུ་སོང་བར་བསམ། ཡང་མར་ལོག་ནས། སྤྱི་བོ་སོགས་སྔར་གྱི་ལམ་ནས་ཞུགས། སྙིང་ཁའི་ཉི་ཟླ་ཁ་སྦྱོར་གྱི་ནང་དུ་སླེབ།དེ་བཞིན་དུ་བུ་ག་དགུ་དང་ཕྱོགས་བཅུ་ཐམས་ཅད་ལ་སྦྱར་རོ། །བཞི་པ་གཏུམ་མོའི་མན་ངག་གི་གནད་ལ། སྔོན་འགྲོ། དངོས་བཞི། འཕྲོས་ཀྱི་མན་ངག་དང་གསུམ་མོ། །དང་པོ་ལ་སྲུང་འཁོར་


TNT08_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་བསོག །ལུས་སྦྱངས་པ་གསུམ་མོ། །དང་པོ་ནི་རང་གི་སྙིང་གར་ཟླ་བ་ལ་རྡོ་རྗེ་དམར་སྐྱ་བསྒོམས། རླུང་ཕྱིར་བསལ་བས་སྙིང་གའི་རྡོ་རྗེ་ལས་རྡོ་རྗེ་དཔག་ཏུ་མེད་པ་སྤྲོས་སྣ་སྒོ་ནས་ཕྱིར་བྱུང༌། མཁའ་དབྱིངས་ཐམས་ཅད་འཚུབ་མས་ཁེངས་པ་བཞིན་དུ་རྡོ་རྗེས་ཁེངས། དེ་རྣམས་ཉིད་ཕྱི་རོལ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ལས་རྡུལ་ཆགས་པའི་ཚུལ་གྱིས་ཆགས་པ། དེ་རྣམས་ཀྱི་ཕྱེད་ཙམ་རྡོ་རྗེའི་ས་གཞི་དང་རྭ་གུར་དུ་གྱུར་པར་བསམ་ལ། རླུང་ཕྱིར་ཅུང་ཟད་བཟུང༌། རླུང་རྔུབས་པས་རྡོ་རྗེའི་རྡུལ་གྱི་ཕྱེད་ཙམ་བར་སྣང་ལ་ཡོད་པ་རྣམས་སྣ་བུག་ནས་ཞུགས་ཏེ་ལུས་ནང་དུ་སོང༌། རླུང་ནང་དུ་སོང་བས་སྤྱི་བོ་ནས་རྐང་མཐིལ་གྱི་བར་གྱི་ཕྱི་ནང་ཐམས་ཅད་རྡོ་རྗེའི་དྲ་བས་གོ་མཚམས་མེད་པར་གཏམས། དེ་ལྟར་ཡང་ཡང་བསྒོམ་པའོ། །ཧཱུཾ་གི་དོད་དུ་ཧེ་རུ་ཀ་ལྷན་སྐྱེས་ཁྲོ་བོ་སྒོམ་པ་ཡང་ཡོད་དོ། །གཉིས་པ་ནི། རང་གི་སྙིང་གར་ངོ་བོ་བླ་མ་རྣམ་པ་བདེ་མཆོག་ལྷན་སྐྱེས་བསྒོམ། དེ་ལ་མོས་གུས་དུང་བ་བྱ། རླུང་ཕྱིར་བུས་པའི་སྐབས་དེ་རང་གི་སྣ་སྒོ་ནས་རྒྱངས་ཀྱི་བྱོན་ནས། སྤྱི་བོའི་སྟེག་མཐོ་ཙམ་གྱི་ནམ་མཁའ་ལ་རྡོ་རྗེ་རྒྱ་གྲམ་གྱི་སྟེང་དུ་བཞུགས། ནང་དུ་འོང་བའི་ཚེ་སྣ་བུག་ནས་ཞུགས་ཏེ་སྙིང་གར་བྱོན། རླུང་ཕྱི་འཛིན་ནང་འཛིན་གྱི་སྐབས་ཡིད་ཀྱི་མཆོད་པ་དང༌། མོས་གུས་དང་གསོལ་འདེབས་བྱའོ། །གསུམ་པ་ནི་ལུས་གནད་རྣམ་སྣང་ཆོས་བདུན་བཅའ། རླུང་ཁམས་སྦྱོར་དྲག་པོ་ལན་གཅིག་བྱ། དེ་རྗེས་


TNT08_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་རླུང་མནན། འོག་རླུང་རང་གནས་སུ་བཅིངས་པའི་ངང་ནས། ལག་པ་ཕུར་ཤུད་འཕེན་ཐབས་དང༌། རྐང་པ་རེ་མོས་སྤྲུག་ཅིང་བཤུད། །རོ་སྟོད་གཡས་གཡོན་གཅུ་ཞིང་དཀྲུག །མགོ་བོ་ཕྱོགས་བཞིར་བསྐོར་ཞིང་འཕངས། །ལྟོ་བ་སྐོར་ཞིང་བཅོལ་དང་སྡིག །རླུང་ནི་ཁ་ནས་སྒྲ་བཅས་བཏང༌། །ཞེས་པའི་ལུས་སྦྱོངས་ཉིད་ཅི་འགྲུབ་བྱེད་པ་ཡིན་ནོ། །འདི་རྣམས་ཞལ་གདམས་ཕྱོགས་ཅིག་པའི་སྟབས་ཀྱིས་སྐབས་འདིར་བཤད་པ་ཙམ་ཡིན་གྱི། སྔོན་འགྲོ་རྣམ་པ་གསུམ་པོ་ནི། གོང་གི་གཏུམ་མོ་རྒྱས་པའི་སྐབས་ཀྱི་སྔོན་འགྲོར་སྦྱོར་བའམ། ཐོག་མའི་སྐབས་སུ་སྦྱར་ཀྱང་ཤིན་ཏུ་ལེགས་པ་ཡིན་ནོ། །གཉིས་པ་དངོས་གཞི་ལ་གསུམ་གྱི། ཐུགས་ཀྱི་གཏུམ་མོ་ནི། གཙོ་བོར་སེམས་བདེ་སྟོང་དུ་བསྒྱུར་བྱེད་དོ། །ལུས་གནད་མེ་ཐབ་དྲུག་པ་ཞིང་བཅས་ལ། ལྟེ་བར་ཀྵ་དམར་ནག་ལ་དམིགས་ནས་རླུང་དྲག་ཏུ་བཅུན་པས། ལྟེ་བ་ནས་མེ་ལྕེ་དམར་བྲེང་ངེ་བ་དང༌། དེའི་འོད་ཀྱི་ལུས་ཐམས་ཅད་ཁྱབ་པར་བསྒོམ། དྲོད་བསྐྱེད་པ་དམ་ཚིག་གི་གཏུམ་མོའོ། །དབུ་མའི་ལྟེ་བར་ཀྵ་དམར་པོ། ཡས་སྣ་སྤྱི་བོ་ནས་སྨིན་མཚམས་སུ་འཁྱོགས་པའི་བར་དུ་ཐིག་ལེ་དཀར་པོ། ཐིག་ལེ་དེས་སྨིན་མཚམས་སྤྱི་བོའི་བར་ལ་ཕར་འགྲིལ་ཚུལ་འགྲིལ་ལན་དྲུག་བདུན་བྱས་ནས་སླར་སྤྱི་བོ་ནས་བརྒྱུད་དབུ་མའི་ནང་དུ་མར་ལྷུང་བ་ན། མཁར་བ་ཆུས་གང་བ་ལ་དབྱུག་གུས་བསྣུན་པ་ལྟར་ཅོང་སྒྲ་གྲག་ཅིང་ལྟེ་བའི་ཀྵ་ལ་རེག་པས་སྟེམ་གྱི་ཞུ་ནས་ཆི་ལི་ལི་ཁོལ། ཡང་ཡར་འགྲིལ་


TNT08_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

ཀྵ་དང་བྲལ་མ་ཐག་སྐྱ་རིལ་གྱི་སོང་སྟེ་སྤྱི་བོའི་བར་དུ་སོང༌། དེ་ལྟར་ལན་མང་དུ་བསྒོམ། བདེ་བ་བསྐྱེད་པ་ཆོས་ཀྱི་ཕྱག་རྒྱའི་གཏུམ་མོའོ། །དེ་ནས་ནམ་མཁའ་སྟོང་པ་ལ་སྨིན་མཚམས་ནས་ཁྲུ་གང་ཙམ་གྱི་ཚད་དུ་མིག་འགྱུར་མེད་དུ་ལྟ། སེམས་རེས་འགའ་སྒྲིམ་རེས་འགའ་ཀློད། དེ་ལས་དུ་བ་ལ་སོགས་པའི་རྟགས་འབྱུང་ངོ༌། །བདེ་བ་མི་རྟོག་པར་བསྒྱུར་བ་ཕྱག་རྒྱ་ཆེན་པོའི་གཏུམ་མོའོ། །གཉིས་པ་གསུང་གི་གཏུམ་མོ་ནི། གཙོ་བོ་རླུང་དག་བྱེད་དེ་རྩ་གསུམ་སྤྱི་དང་མཐུན་པ་ལས། ལྟེ་བའི་ཐད་དབུ་མའི་ནང་དུ་ཨཾ་དཾ་བཾ་ཡིག་དམར་པོ། རོ་རྐྱང་སྣེ་གཉིས་དབུ་མའི་ནང་དུ་ཚུད་ཙམ་བསྒོམ་མོ། །བུམ་ཅན་བཟུང༌། ལྟོ་བ་གཡས་གཡོན་དུ་བསྐོར་བས་དབུ་མ་བསྲུབས། བཾ་ལས་མེ་བྱུང་བར་བསམ། རོ་སྟོད་ན་བ་སོགས་གེགས་བྱུང་ན་བསལ། དེ་ལྟར་བསྒོམ་པས་མི་རྟོག་པ་ཅི་རིགས་པ་ཤུགས་ལ་སྐྱེའོ། །དེ་ནི་རེག་པ་དྲོད་ཀྱི་གཏུམ་མོའོ། །དབུ་མའི་ནང་སྤྱི་བོ་ནས་ལྟེ་བའི་བར་དུ་བྱང་ཆུབ་ཀྱི་སེམས་སྲད་བུ་དཀར་པོ་བརྐྱང་པ་ལྟ་བུ་སྐྱ་ན་རེ་འདུགདབུགས་ཕྱིར་འགྲོ་ནང་འགྲོ་དེ་ལ་བདར་བས་བདེ་བྲེང་ངེ་འདུག་ཅིང༌། ཐིག་ལེ་དེའི་འོད་ཀྱིས་ལུས་ཀྱི་ནང་གསལ་སེང་ངེ་བ་ལ་སེམས་གཏད། དེ་ནི་ཕྲ་བ་གསལ་བའི་གཏུམ་མོའོ། །རླུང་ནང་དུ་ཡོད་པའི་སྐབས་ཐིག་ལེའི་སྲད་བུ་དེའི་སྣེ་གཉིས་ནས་ཆད་ནས་ལྟེ་བར་གྲུ་གུ་བཞིན་དུ་འགྲིལ། ནང་དུ་གནས་ཙ་ན་བདེ་རིལ་ལེ་འདུགདེའི་འོད་ཕོག་པས་རང་ལུས་ཡལ་ལ་ཁད་ཁད་པ་ལ་སེམས་གཏད་ཅིང༌། ཕྱིར་འགྲོ་ཙ་ན་རྒྱངས་


TNT08_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སོང་ནས་སྣ་སྒོ་ནས་མཐོན། ཡང་ནང་དུ་འོང་ཙ་ན་ཡས་སྣེ་ནས་ཧྲིལ་གྱི་འགྲིལ། ལྟེ་བར་སླེབ་པ་སོགས་གོང་བཞིན་བསྒོམ་ལ་ཅུང་ཟད་བདེ་བ་ཡིད་ལ་བྱེད། ཤིན་ཏུ་ཕྲ་བ་བདེ་བའི་གཏུམ་མོའོ། །གསུམ་པ་སྐུའི་གཏུམ་མོ་ནི། གཙོ་བོར་རྩ་མདུད་གྲོལ་ཕྱིར་ཏེ། སྤྱིར་ལུས་སྦྱངས་འཁྲུལ་འཁོར་འདུག་སྟང་གསུམ་དང༌། སྦྱོར་བ་ཁོ་ན་གལ་ཆེ་བསྒོམ་པའི་སྐབས་སུ། ལུས་གནད་ལག་པ་གཉིས་གཉའ་བར་བསྣོལ། གཞན་སྤྱི་དང་འདྲ། རྩ་གསུམ་འཁོར་ལོ་བཞི་ཡི་གེ་ལྔ་དང་བཅས་པ་བསྒོམ། རླུང་བཟུང་བ་དང་འབར་འཛག་སོགས་གཞན་རྩ་བའི་གཏུམ་མོ་དང་འདྲ། ཀྵ་ལས་མེ་འབར་ཞིང་བྱང་ཆུབ་ཀྱི་སེམས་ཀྵ་ལ་བབས་པར་བསྒོམ། དེ་ནས་རླུང་ཐེངས་འགའ་སོང་བའམ་སྤོང་སྒོམ་དུ་བྱེད་ན། ཞག་འགའ་སོང་བ་ན་སྙིང་གའི་ཧཱུཾ་ཞུ་ནས་ཀྵ་ལ་ཐིམ། མགྲིན་པའི་ཨོཾ་དང་ཀྵ་འབར་འཛག་བྱེད་པར་བསམ། ཨོཾ་ཡང་ཞུ་ནས་ཀྵ་ལ་ཐིམ། ཧཾ་དང་ཀྵ་འབར་འཛག་བྱེད་པར་བསམ། མཐར་ཧཾ་ཡིག་ནས་ནོར་བུའི་རྩེ་མོའི་བར་དུ་བྱང་ཆུབ་ཀྱི་སེམས་ཀྱི་ཁྲིག་མེར་གྱིས་གང་བར་བསྒོམ། བེམ་པོའི་རླུང་གསལ་བའི་རླུང་དུ་བསྒྱུར་བའི་གཏུམ་མོའོ། །དེ་ནས་ཐུན་རེ་རེའི་མགོ་ལ་དེ་ལྟ་བུ་བསྒོམས་ནས། དེ་རྗེས་སུ་རྟོག་བཅས་ཀྱི་དམིགས་པ་སྤངས་ཏེ། མིག་དང་སེམས་མདུན་གྱི་ནམ་མཁའ་ལ་གཡོ་མེད་དུ་ལྟ་བ་དང༌། ལྟ་སྟངས་སྨད་ནས་རིག་པ་ལྟེ་བར་བལྟ་བ་གཉིས་རེ་མོས་སུ་བསྒོམས། དེས་གསལ་བ་བདེ་བར་འགྱུར་བ་ཡིན་ནོ། །


TNT08_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་བཞིའི་ཐིག་ལེ་ཡིག་འབྲུའི་གཟུགས་ཅན་རྣམས་ཇེ་དྭངས་ཇེ་དྭངས་ནམ་མཁའ་ལ་ཡལ་བར་བསམས་པས། བདེ་ཉམས་མཐུག་པོ་དེ་ཡང་དབྱིངས་སུ་ཐིམ་སྟེ། བདེ་བ་ལ་ཞེན་པ་མེད་པར་འགྱུར་ཞིང༌། ལྐོག་གྱུར་མང་པོ་གློ་བུར་དུ་མཐོང་བར་འགྱུར་རོ། །དེ་ལྟར་གཏུམ་མོའི་རྣལ་འབྱོར་བསྒོམས་པས། ཉམས་གསུམ་པོ་ཅི་རིགས་པ་འབྱུང་སྟེ། རང་བཞིན་གྱི་ཉམས་ཞེས་བྱ་བ་བདེ་བས་དྲང་བའི་བྱིང་བ་ཆེན་པོ་འབྱུང༌། རྟོག་པའི་ཉམས་ཞེས་བྱ་བ་གསལ་བས་དྲངས་པའི་ཉོན་མོངས་དྲག་པོ་ལྡང་བ་སོགས་ཡོད། འོད་གསལ་གྱི་ཉམས་ཞེས་བྱ་བ་བདེ་གསལ་མི་རྟོག་པ་གསུམ་ཆ་མཉམ་ཞིང་འཛིན་ཞེན་དང་བྲལ་བ་འབྱུང༌། དང་པོ་ཉམས་སྐྱོན་ཅན་ཡིན་པས་སྐྱོན་མེད་དུ་བསྲོངས་དགོས་ཏེ། བྱིང་ན་ཤེས་པ་ཧུར་ཕྱུང༌། ཡུལ་སྣ་ཚོགས་ཀྱི་བདུད་རྩི་བརྟེན་པས་སེལ། རྒོད་ན་གང་འཕྲོ་བ་དེ་ཉིད་རྩད་བཅད་པས་དབྱིངས་སུ་དགེ་བར་འགྱུར། ཉོན་མོངས་ལ་སོགས་པ་གང་ཡིན་ཐམས་ཅད་སེམས་ཀྱི་སྣང་བ་དང་ཉམས་སུ་ཤེས་ན། སྒོམ་ལུག་ལས་རང་སར་གྲོལ་བར་འགྱུར་རོ། །གཉིས་པ་འཕྲོས་དོན་གྱི་གདམས་ངག་ནི། དེ་ལྟར་སྒོམ་པས་རྨི་ཉམས་སྣ་ཚོགས་པ་འབྱུང་ཞིང༌། དེ་རྣམས་ལ་བླང་དོར་དགག་སྒྲུབ་དགའ་སྡུག་གང་ཡང་མེད་པར་སེམས་ཙམ་དུ་ཤེས་པར་བྱ། དེ་རྨི་དུས་ཡོད་ན་དེ་ནས་འདུན་པས་མཚམས་སྦྱར་ཏེ། དོ་ནུབ་རྨི་ལམ་ངོས་ཟིན་པར་བྱ། དེར་ཡང་ལམ་རིམ་པ་གཉིས་ཉམས་སུ་བླང་བར་བྱ། ཞེས་ཡང་ཡང་འདུན་པ་བཏད་


TNT08_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང༌། རིམ་གཉིས་ཀྱི་རྣལ་འབྱོར་གོམས་པར་བྱས་པས་རྨི་ལམ་ལ་རྨི་ལམ་དུ་ཤེས་ཤིང༌། རྨི་ལམ་དུ་རིམ་པ་གཉིས་སྒོམ་པ་འབྱུང་བ་ཡིན་ནོ། །དེ་ལ་དང་པོར་རིམ་པ་གཉིས་ཅུང་ཟད་གོམས་ནས་རྩ་རླུང་ཐིག་ལེའི་ནུས་པས་ཐ་མལ་གྱི་རྨི་ལམ་འཁྲུགས་ཏེ། རྨི་ཉམས་སྣ་ཚོགས་པ་ཤར་བའི་སྐབས་དེར་དེ་ལྟར་སྒོམ་ན་བོགས་ཆོད་ཆེ་བ་ཡིན་གྱི། རྨི་ལམ་གྱི་སྣང་ཞེན་ཐ་མལ་པ་ས་འཛགས་རྡུལ་འཛགས་སུ་ཡོད་པའི་སྐབས་ལ། རྨི་ལམ་གྱི་གདམས་པ་ལོགས་པ་སྒོམ་ཀྱང་རྩ་བ་ལྷོངས་པ་འབྱུང་དཀའ་ཞེས་གསུངས། འོན་ཀྱང་ཁམས་ཀྱི་རིམ་པས་མཐའ་གཅིག་ཏུ་མ་ངེས་པར་སྣང་ངོ༌། །རྨི་ལམ་གྱི་གདམས་ངག་གོ །དེ་བཞིན་དུ་ཉིན་པར་གཏུམ་མོ་ལ་སོགས་པའི་རྣལ་འབྱོར་སྒོམ་པའི་བར་བར་དུ། བདེ་གསལ་མི་རྟོག་པ་ལ་ལྷན་ལྷན་གནས་པ་ཞིག་ཡོད་པ། དེའི་རང་བཞིན་རྩ་བྲལ་དུ་ཤེས་པས་མཉམ་པར་བཞག །གཉིད་དུ་འགྲོ་ཁར་ཡང་ལུས་ལ་གནད་དུ་བསྣུན་པའི་རྫོགས་རིམ་དང་དེ་གཉིས་སྤེལ་གྱིན་བསྒོམ། དེ་ལྟར་སྒོམ་པས་རྨི་ལམ་མེད་པར་གཉིད་མཐུག་པོ་ལ་འོད་གསལ་འཆར་བ་ཡང་སྲིད། སྟེས་དབང་བགུགས་པ་མ་གཏོགས་དང་པོར་དབང་འབྱོར་བ་ཅུང་ཟད་དཀའ། རྨི་ལམ་དུ་གཏུམ་མོ་དང༌། དེའི་ཉམས་ཀྱི་འོད་གསལ་དྲན་ནས་བསྒོམ་པས་རྐྱེན་བྱས་ཏེ་རྨི་ལམ་སངས། གཉིད་མཐུག་པོའི་འོད་གསལ་མཐའ་དབུས་མེད་པར་ཅི་འདོད་དུ་སྐྱོང་ཐུབ་པ་འབྱུང་སྟེ། འདི་ལན་གཅིག་བྱུང་ནས་ཅི་འདོད་དུ་རང་དབང་འབྱོར་པ་ཤས་ཆེ། འདིའི་མཚམས་ནས་གཉིད་མཐུག་པོའི་འོད་


TNT08_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་སྒོམ་བོགས་ཆེ་བར་བཞེད་དོ། །གཉིད་མཐུག་པོའི་འོད་གསལ་གྱི་གདམས་པའོ། །དེ་ལྟར་གཉིད་སད་དུས་དང༌། རྨི་ལམ་དང༌། གཉིད་མཐུག་པོ་གསུམ་ལ་རིམ་པ་གཉིས་ཀྱི་རྣལ་འབྱོར་རྒྱུན་མི་འཆད་པར་སྒོམ་ཐུབ་པ་དེས། རིང་པོར་མི་ཐོགས་པ་དྲོད་ཐོབ་པར་འགྱུར་ལ། དེ་ནས་སྤྱོད་པ་གསུམ་སྤྱད་པས། ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་བ་ཡིན་ཞིང༌། འོན་ཀྱང་སྤྱོད་པ་གསུམ་མ་སྤྱད་པ་དང༌། རིམ་པ་གཉིས་ཀྱི་རྟོགས་པ་མ་བརྟན་པར་འཆི་བའི་དུས་བྱེད་ན། གོང་དུ་འཕོ་བའི་རྣལ་འབྱོར་བྱའོ། །འདི་ལ་རྒྱས་བསྡུས་གཉིས་ལས་རྒྱས་པ་ནི། རྡོ་རྗེ་མཁའ་འགྲོ་དང༌། ཁ་སྦྱོར་དང་གདན་བཞི་རྣམས་ཀྱི་དངོས་བསྟན་ལས་འབྱུང་བ་ཡིན་ཏེ། གྲགས་ཆེ་བས་རྒྱས་པར་གཞན་དུ་ཤེས་ལ། འདིར་འཕོ་དམིགས་ཀྱི་རྩ་བ་ཡིན་པའི་ཕྱིར། ཐོ་ཙམ་བརྗོད་ན། འཕོ་བའི་དགོས་ཀྱི་ལྷའམ། ཡི་དམ་གྱི་ལྷ་གང་ཡིན་པར་བདག་ཉིད་བསྒོམ། བུ་ག་དགུ་ལ་སྒོ་དྲུག་ཡོད་པ་དང༌། གསང་བའི་སྒོ་གསུམ་ཤེས་པ་འཕོ་བའི་སྒོ་གསུམ་རྣམས་རྡོ་རྗེ་མཁའ་འགྲོ་མ་སོགས་ལྷ་མོ་བརྒྱད་ཀྱི་ས་བོན་རྣམས་ཀྱི་དགག་ནས། བུམ་པ་ཅན་གྱི་རྣལ་འབྱོར་ཅི་རིགས་པ་སྒོམ་པར་བྱའོ། །སྔར་གཏུམ་མོའི་རྣལ་འབྱོར་ལ་རང་བྱན་ཆུད་པ་ཡིན་ན་དེས་ཆོག །དེ་ལྟར་མིན་ན་འཕོ་བའི་སྔོན་འགྲོ་ཉིད་ལ་གསུངས་པའི་གཏུམ་མོ་འཁོར་ལོ་གཉིས་པ་དེ་ཅུང་ཟད་བྱང་བར་བསྒོམ། དེ་ནས་ཁྱོགས་དང་ཁྱེར་བྱེད་ཅེས་བྱ་བ། དགང་བ་དང་དབྱུང་བའི་རླུང་ལ་ཅི་རིགས་པར་བསླབ། དེ་ནས་


TNT08_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གཞི་སྙིང་གར་ཡི་གེ་བཀོད་པ་ལ། རྒྱས་པ་ཡི་གེ་བདུན་པ་དང༌། འབྲིང་པོ་ལྔ་པ་དང༌། བསྡུས་པ་གསུམ་པ་དང༌། ཤིན་ཏུ་བསྡུས་པ་ཡི་གེ་གཅིག་པ་ཡིན་ཏེ། ཧི་ཀྲ་གི་སྒྲ་དང་བཅས་ཏེ་ལྟེ་བའི་གཏུམ་མོས་བསྐུལ་ཏེ་འཕོ་བ་དང༌། ཀ་ཧིའི་སྒྲས་སྙིང་གར་ངལ་གསོ་བ་ལ་ཤིན་ཏུ་གོམ་པར་བྱའོ། །རྣལ་འབྱོར་འདི་ལ་རྒྱུད་ནས་བཤད་པ་བཞིན་དུ་སོ་སོའི་རྟགས་ཐོན་པར་སྦྱངས་ཤིང་འབྱོངས་ན། གོང་དུ་འཕོ་བ་མཆོག་དེ་འགྲུབ་པར་འགྱུར་ཞིང༌། དེའི་སྟེང་དུ་བསྐྱེད་རིམ་བརྟན་ན་སྔགས་ལ་ནུས་པ་གྲུབ། རང་གི་ལྷ་སྔགས་ཀྱི་བྱིན་རླབས་དང་གཟི་བྱིན་ཁ་མ་གྲི་ཞིང༌། འདོད་པའི་ལྷ་ལ་སྣང་བ་ཐོབ་པས་སྒྲུབས་ན། ཕ་རོལ་གྱི་གྲོང་དུ་འཇུག་པ་ཡང་སྒྲུབ་ཏུ་རུང་བ་ཡིན་ནོ། །སོ་སོའི་རྟགས་ཇི་བཞིན་མ་ཐོན་རུང༌། ཐུན་སྒོམ་ཅུང་ཟད་ཅུང་ཟད་བྱས་པས་ཀྱང་གོང་འཕོ་ཕལ་བ་འགྲུབ་པར་འགྱུར་རོ། །གཉིས་པ་འཕོ་དམིགས་བསྡུས་པ་ནི། ལུས་གནད་བཅས་ལ། ལྟེ་བར་ས། སྙིང་གར་ཆུ། མགྲིན་པར་མེ། མགོ་བོར་རླུང་གི་དཀྱིལ་འཁོར་བསམ། དེ་རྣམས་ཀྱི་དབུས་དབུ་མས་ཕུག་པ། དབུ་མའི་སྟེང་དུ་ཐིག་ལེ་དཀར་པོ་བྱེའུའི་སྒོང་ང་ཙམ་རླུང་ཁ་སྦྱོར་དུ་བཟུང༌། འོག་རླུང་དྲག་ཏུ་གཅུན་པས། ས་ཆུ་ལ་ཐིམ། ཆུ་མེ་ལ། མེ་རླུང་ལ། རླུང་ཐིག་ལེ་ལ་ཐིམ། རྩ་དབུ་མ་ཐུང་རིལ་ལི་ལི་སོང་ལུས་ཀྱང་སྨད་ནས་རིམ་པས་ཡལ། ཐིག་ལེ་སྤྱི་གཙུག་ནས་ཐོན་ཏེ་སྟོང་པའི་དབྱིངས་སུ་ཐིམ། དབྱིངས་རིག་བསྲེས་ལ་བཞགཡང་ན་རང་གང་མོས་སུ་འཕོས་པས་ཀྱང་ཆོག་གོ །མ་སྦྱངས་པ་བཙན་ཐབས་སུ་འཕོ་དགོས་བྱུང་ནའང་འདིས་


TNT08_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

རུང༌། འཕོ་བའི་གདམ་ངག་གོ །འཕོ་བའི་མཚམས་སྦྱར་ཀྱང་རུང་མ་སྦྱར་ཀྱང་རུང་དམ་ཚིག་དང་ལྡན་པ་ལམ་སྒོམ་པ་འཕྲོ་ཅན་རྣམས། ད་ལྟར་ནས་སྣང་བ་ཐམས་ཅད་ལ་བར་དོའི་འདུན་པ་སྦྱངས་ཤིང༌། བར་དོར་ལྷ་དང་བླ་མ་དང་ལམ་རིམ་པ་གཉིས་དབང་དང་བཅས་པ་དྲན་པར་བྱའོ། །ཞེས་འདུན་པ་ཡང་ཡང་སྦྱངས། དེའི་སྟོབས་ཀྱིས་རྨི་ལམ་དུ་འཆར། དེ་ལྟར་ན་བར་དོར་ཡང་འབྱུང་སྟེ་དེ་ཡང་བར་དོར་མཐོང་སྣང་དང༌། རང་སྒྲ་སོགས་ཀྱི་རྐྱེན་བྱས་ནས་བླ་མ་དང་ཡི་དམ་དང་དབང་བསྐུར་བ་རྣམས་དྲན་ཞིང་གསོལ་བ་བཏབ་པས། ལྷན་སྐྱེས་ཀྱི་དཔའ་བོ་དང་རྣལ་འབྱོར་མ་སྤྲུལ་པའི་ཚོགས་དང་བཅས་པ་མངོན་སུམ་དུ་བྱོན་ནས། རྡོ་རྗེའི་མིང་ནས་བོས་ཏེ་མཁའ་སྤྱོད་དུ་འཁྲིད་པར་མཛད་དོ། །དེ་ཙམ་ནི་བུམ་དབང་ཐོབ་ནས་བསྐྱེད་རིམ་སྒོམ་པ་ཙམ་ལའང་འབྱུང་ལ། འགའ་ཞིག་མངལ་སྐྱེས་སུ་སྐྱེ་འགྱུར་གྱི་ཕ་མའི་ཀུན་སྦྱོར་མཐོང་ཞིང༌། སྐྱེ་གནས་ཉེ་བར་དམིགས་པ་ན་དབང་གསུམ་པ་དང་འབྲེལ་བར་ཆགས་ལམ་གྱི་གནད་ཀྱིས་གྲོལ་བའམ། གསང་དབང་དང་འབྲེལ་བར་གྲོལ་ལམ་པའི་གནད་ཀྱིས་གྲོལ་པའང་ཡོད་ཅིང༌། བར་དོ་ཉིད་དུ་རང་སྟོབས་ཀྱིས་རིམ་གཉིས་སྒོམ་པས་གྲོལ་བའང་ཡོད་ལ། ཐམས་ཅད་ཀྱང་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་བརྡ་དང་བརྡའི་ལན་བསྟན་ཏེ་སྤྱོད་པ་གསུམ་སྤྱད་པ་ལ་བརྟེན་ནས། ས་བཅུ་བགྲོད་པར་བཞེད་དོ། །༈ གཉིས་པ་ཕོ་ཉའི་ལམ་ལ་བརྟེན་པ་ལའང༌། གཏུམ་མོའི་ཚབ་ཏུ་ཕོ་ཉའི་ལམ་སྦྱར་བ་མ་གཏོགས། རླུང་དང་རྩ་དང་


TNT08_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་དང་མི་རྟོག་པ་རྩ་བའི་མན་ངག་དང༌། རྨི་ལམ་ལ་སོགས་པ་འཕྲོས་དོན་གྱི་གདམས་ངག་ཐམས་ཅད་ནི་འདྲ་ལ། གདམ་པ་དངོས་ནི་མན་ངག་གི་གནད་བཅུ་གཉིས་ཏེ། སྡོམ་ནི། རླུང་སྦྱངས་པ་དང་ཡིད་རིག་བསྒོམ། །ཡུལ་ནི་བརྟག་དང་དགུག་པ་དང༌། །རྩ་བསྐྱེད་པ་དང་སྒྱུ་མ་སྦྱངས། །འདི་དག་སྦྱོར་བའི་ཆོས་དྲུག་ཡིན། །དབབ་དང་གཟུངས་དང་བཟློག་པ་དང༌། ཁྱབ་དང་རླུང་དང་བསྲེ་བ་དང༌། །དབྱིངས་སུ་སྐྱལ་བ་ཞེས་བྱ་བ། །འདི་དག་དངོས་གཞིའི་ཆོས་དྲུག་ཡིན། །ཞེས་པ་ལྟར་ཏེ་ཕོ་ཉ་ལམ་སློང་གི་ཡི་གེ་ཟུར་དུ་གཞུགས་པ་དང༌། ཞལ་ལས་ཤེས་པར་བྱའོ། །༈ རྩ་བའི་གསུམ་པ་རྗེས་ཀྱི་འཁྲིད་ནི། གེགས་བསལ་བ་དང་བོགས་དབྱུངས་བ་དང༌། འབྲས་བུ་འགྲུབ་པའི་ཚུལ་ཏེ་གསུམ་ལས། དང་པོ་ལ་མན་ངག་གི་གནད་བཅུ་གཉིས་ཏེ། རོ་སྙོམས་གཉིས། ཡི་གེ་བཞི། གོ་ཆ་དྲུག་གོ །རོ་སྙོམས་དང་པོ་འབྱུང་བཞི་རོ་སྙོམས་ནི། སྨྲས་པ། ས་རྒྱས་ལུས་སེམས་ལྕི་བ་ན། །རླུང་དཀྱིལ་སྟེང་དུ་རྐང་པ་བཞག །བ་དན་གཡོ་བས་འདེགས་པར་བསྒོམ། །རླུང་རྒྱས་ཡེངས་ཡེངས་འགྲོ་འདོད་སོགས། །ལྟེ་བར་ས་དཀྱིལ་ཆེར་འཆེད་ནས། །སྣང་བ་གསེར་དུ་གྱུར་པར་བསམ། །ཆུ་རྒྱས་དྲོད་ཉམས་གྲངས་ཤུམ་བྱེད། །གསང་བར་མེ་དཀྱིལ་སྒོམ་པས་སེལ། །མེ་རྒྱས་ཚད་པ་འཕེལ་བ་ན། །སྙིང་གར་ཆུ་དཀྱིལ་དཀར་ལ་བསིལ། །མཆེད་ནས་སྣང་བ་ཆུ་རུ་བསྒོམ། །འགྱུར་བ་བགེགས་ལ་གཟེར་བཞིས་སྡེབ། །སྙིང་གའི་མདུན་རྒྱབ་ན་བ་ན། །བུ་ག་ཧ་ར་ཕྱུང་དོད་པའམ། །ཡང་ན་བུ་ག་མང་


TNT08_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བསྒོམ། །ཐོག་མར་ཕྱི་རུ་དྲོད་བྱུང་ན། །ནང་དུ་བསྡུད་པའི་མན་ངག་བྱ། །སྟོད་དུ་འཆུགས་ན་ཡལ་འགྲོ་བས། །དྲོད་དེ་ལྟེ་བར་འབེབས་པར་བྱ། །སྟོང་ཉམས་སྐྱེས་ནས་སྐྲག་པ་ན། །སྣ་རྩེར་ཡུང་དཀར་བསྒོམས་པས་སེལ། །རགས་པའི་རླུང་ནི་རྣམ་ཤེས་དང༌། །བསྲེ་བའི་གདམས་པ་གཞན་ཡང་ཡོད། །རོ་སྙོམས་གཉིས་པ་དམིགས་པས་རོ་སྙོམས་པ་ནི། ཉམས་ཀྱི་རོ་སྙོམས་པ་དང༌། སེམས་ཀྱི་རོ་སྙོམས་པ་སྟེ། དང་པོ་ནི། སྙིང་གར་བླ་མ་ལྟེ་བར་མེ། ནད་རྣམས་དེ་ཡི་བར་དུ་འདུས། །གསོལ་བ་བཏབ་ལ་བར་རླུང་བརྒྱངས། །ནད་བསྡུ་བའོ། །མེ་འབར་ནད་རྣམས་བསྲེག་པར་བསམ། །ན་སར་རླུང་སྡིགས་སྤྲུག་འཁོར་བྱ། ནད་བསད་པའོ། །རྒྱུ་མའི་སྣ་ནས་རླུང་བུས་པས། །ནད་རྣམས་ཕྱིར་སོང་ཧི་ཞེས་བརྗོད། ནད་བཤིག་པའོ། །ནད་ལ་གཟོ་བཅོས་མེད་པར་བཞག །ནང་སྟོང་པ་ཉིད་དུ་སྦྱངས་པའོ། །སེམས་ཀྱི་རོ་སྙོམས་པ་ནི། གེགས་ཐམས་ཅད་སེམས་སུ་ཤེས། སེམས་སྟོང་པ། སྟོང་པ་གཉིས་མེད། གཉིས་མེད་འོད་གསལ་དུ་ངོ་སྤྲོད་པའོ། །ཡི་གེ་བཞིའི་གེགས་སེལ་བ་ནི། སྐེ་ཡན་ཆད་ན་ན་མགོ་བོ་ལ་བུག་པ་བཅུ་གཉིས་བསྒོམས་ཏེ་ཧིག་བརྗོད། རོ་སྟོད་ན་ན་རོ་སྟོད་དང་ལག་སོར་ལ་བུ་ག་མང་པོ་བསྒོམས་ཏེ་ཧ་འདོན། རོ་སྨད་ན་ན་སྨད་དང་རྐང་པ་ལ་བུ་ག་མང་པོ་བསྒོམ་ཏེ་ཨ་བཟླས། ལུས་ཐམས་ཅད་ན་ན་བུ་ག་མང་པོའི་སྦྱོར་བས་ཧཱུཾ་ཉེར་གཅིག་འདོན་ནོ། །གོ་ཆ་དྲུག་གི་དང་པོ་སྟོང་པའི་གོ་ཆ་ནི། གང་ན་དེ་སྟོང་པར་བསྒོམས་ལ་རླུང་བཟུང་ཞིང་འབུད། ལུས་ཐམས་ཅད་ན་ན་


TNT08_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

སོར་མོའི་རྩེ་མོ་ནས་བརྩམས་ཏེ་ཉམ་པ་ལ་ཆད་དེ་ལུས་ཐམས་ཅད་ཞིག་པར་བསམ། ཁོག་ནང་མི་བདེ་ན་དགང་ཐོན་ལ་བསླབ། དེས་སེལ། འདིས་འོག་མ་རྣམས་ལའང་རིགས་འགྲཻ། གཉིས་པ་བདེ་བའི་གོ་ཆ་ནི། གང་ན་སར་ཐིག་ལེ་དཀར་དམར་རིལ་མ་ཙམ་བསམ། དེའི་འོད་ཀྱིས་སངས་པར་བསྒོམས། གསུམ་པ་གཏུམ་མོའི་གོ་ཆ་ནི། ལུས་ཁོལ་བུར་ན་ན་གང་ན་སར་ཨ་ཤད་བསྒོམས། སྤྱིར་ན་ན་ལྟེ་བར་མེ་གྲུ་གསུམ་ལས་མེ་ལྕེ་འཕྲོས། བུ་ག་དགུ་ནས་ནད་ཐམས་ཅད་འདས་ནས་བསྲེགས་པར་བསམ། མཐར་མེ་དེ་ལྟེ་བའི་མེ་ལ་བསྡུ། བཞི་པ་སེམས་ཀྱི་གོ་ཆ་ནི་ནད་ལ་སོགས་པ་གེགས་ཐམས་ཅད་རང་སེམས་སུ་ཤེས་པ་དང༌། སྒྱུ་མ་ལྟ་བུར་དམིགས་ནས་རླུང་བཟུངས་ཏེ་ལུས་སྤྲུགས་པས་སེལ། ལྔ་པ་བླ་མའི་གོ་ཆ་ནི། གང་ན་སར་བླ་མ་བསྒོམས། དེའི་འོད་ཀྱིས་ནད་དག་པར་བསམ། མཐར་སྤྱི་བོར་བླ་མ་བསྒོམས་ཏེ་གསོལ་བ་དྲག་ཏུ་གདབ། དེ་འོད་དུ་ཞུ་ནས་རང་ལ་ཐིམ་པས། ནད་རྣམས་འོག་སྒོ་ནས་ཐོན་པར་བསམ། ཡང་ན་ནད་རྣམས་སྡིག་སྒྲིབ་དག་པར་བྱེད་པས་བླ་མའི་འཕྲིན་ལས་སུ་ཤེས་པའང་ཡིན་གསུངས། དྲུག་པ་ཡི་དམ་གྱི་གོ་ཆ་ནི། བླ་མའི་གནས་སུ་ཡི་དམ་སྦྱར་བ་ཉིད་དོ། །བཅུ་གཉིས་པོ་འདི་དང་འབྲེལ་བའི་གེགས་སེལ་ཐོར་བུ་པ་མང་དུ་ཡོད་པ་ནི་ཁྲིད་ཡིག་དཀྱུས་ལ་མི་གསུངས་པས། གཞན་དུ་ཤེས་པར་བྱའོ། །གཉིས་པ་བོགས་འདོན་ནི། སྤྱོད་པ་རྣམ་པ་གསུམ་ཡིན་ལ། དེའི་རྣམ་པར་གཞག་པ་ཡང་གཞན་དུ་འབྲི་བར་འགྱུར་རོ། །གསུམ་པ་འབྲས་བུ་འགྲུབ་པའི་ཚུལ་ནི་བསྐྱེད་པའི་རིམ་པ་ལ་


TNT08_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པ་ཐོབ་ནས་རྫོགས་པའི་རིམ་པ་ལ་ལེགས་པར་འབད་པས། རིམ་པ་བཞིའི་རྟོགས་པ་གོང་ནས་གོང་དུ་རྒྱུད་ལ་སྐྱེ་བར་འགྱུར་ཞིང༌། གསང་རིམ་གྱི་རྟོགས་པ་དང་པོ་སྐྱེས་པ་ན། བཟོད་པ་ཐོབ། གསང་རིམ་མཐར་ཕྱིན་པ་ན་འཇིག་རྟེན་ལས་འདས་པའི་ལམ་གྱི་སྣེ་ཟིན། སློབ་པའི་ཟུང་འཇུག་འགྲུབ། སླར་ཡང་ཟུང་དུ་འཇུག་པའི་ལམ་ཉིད་ཀྱི་ས་བཅུའམ་བཅུ་གཉིས་བསྒྲོད་པའི་མཐར། འབྲས་བུ་སྐུ་བཞི་ཡེ་ཤེས་ལྔ་ཡན་ལག་བདུན་ལྡན་རྫོགས་པའི་སངས་རྒྱས། སྐུ་དང་འཕྲིན་ལས་རྒྱུན་མི་འཆད་པ་ཐོབ་པ་ཡིན་ནོ། །རྒྱུད་དོན་འཇིག་རྟེན་ཁམས་ལྟར་རྒྱ་ཆེ་བ། །གྲུབ་གཞུང་ཉི་འོད་ལྟ་བུས་གསལ་མཛད་པའི། །རྡོ་རྗེ་ཐེག་པའི་ལམ་ཆེན་བླ་ན་མེད། །བརྗོད་བྲལ་འདི་ཡང་སྐལ་ལྡན་འགའ་ལ་སྲིད། །དེ་ལྟར་བཤད་པའི་དགེ་བ་ཡིས། །མཁའ་དང་མཉམ་པའི་འགྲོ་བ་རྣམས། །བྱང་ཆུབ་མཆོག་གི་གོ་འཕང་ལ། །ད་ལྟ་ཉིད་དུ་འཁོར་གྱུར་ཅིག །ཅེས་པ་འདི་ཡང་ལྷ་གཟིགས་རིགས་ཀྱི་ཐིག་ལེ། རིགས་སྔགས་ཀྱི་འཁོར་ལོས་བསྒྱུར་བ་ས་སྐྱོངས་མི་དབང་གང་གིས་བཀས། བདེ་མཆོག་ནག་པོ་ལམ་སློངས་རྒྱས་པའི་ཁྲིད་ཡིག་ཚིག་ཚོགས་ཟོར་ཡངས་པ་ལ་བརྟེན་པ་ཞིག་ཡི་གེར་བྲིས་ཤིག་ཅེས་བསྩལ་བ་ལ་བརྟེན་ནས། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་མདོ་ཙམ་བརྗོད་པའོ།། །།དག་ཞུས། དགེ་ལེགས་འཕེལ།། །།


TNT08_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousགྲུབ་པའི་སློབ་དཔོན་ཆེན་པོ་ནག་པོ་སྤྱོད་པ་པའི་དགོངས་དོན་རིམ་བཞི་ལམ་སློངས་སྙིང་པོར་དྲིལ་བ།next