Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
ཟབ་མོ་སྔགས་ཀྱི་དྲི་ལན་སྒོ་བརྒྱ་འབྱེད་པའི་ལྡེ་མིག
   
   
   
   
   
   
   
   
   
   
   
   
   
   


 
previousཟབ་མོ་སྔགས་ཀྱི་དྲི་ལན་སྒོ་བརྒྱ་འབྱེད་པའི་ལྡེ་མིགnext

ཟབ་མོ་སྔགས་ཀྱི་དྲི་ལན་སྒོ་བརྒྱ་འབྱེད་པའི་ལྡེ་མིག


TNT10_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ་སྔགས་ཀྱི་དྲི་ལན་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ཅེས་བྱ་བ་བཞུགས།


TNT10_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། བློ་ཆེན་རྣམས་ཀྱི་བླཽ་གྲོས་དང༌། །མཐུན་པའི་དྲི་ལན་འདེབས་དཀའ་ཡང༌། །རང་གི་བློ་ལ་གང་ཤར་བ། །དེ་ཙམ་སྨྲ་ལ་ཉེས་པ་ཅི། །དྲི་བ་དང་པོའི་ལན་ནི། རྗེས་གནང་ལུང་བསྟན། དབུགས་དབྱུང༌། གཟེངས་བསྟོད་རྣམས་དཀྱིལ་ཆོག་སྤྱི་ལ་གྲགས་པ་ལྟར་ན། ཆོ་ག་དེ་རྣམས་ཉིད་ཀྱི་རང་ངོས་ནས། བུམ་དབང་ཉིད་ཀྱི་ཆོ་གའི་ཡན་ལག་ཡིན་དགོས་ཏེ། བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས། དང་པོའི་དབང་ནི་གཙོ་བོ་སྟེ། །གཉིས་པ་གསང་བའི་མིང་ཅན་ནོ། །གསུམ་པ་ཀུན་ནས་སྦྱོར་བས་སྟེ། །བཞི་པའི་དོན་ནི་དམ་པའོ། །གཙོ་བོའི་དབྱེ་བ་བཅུ་གཅིག་སྟེ། བཅུ་གཉིས་པ་ནི་གསང་བའོ། །བཅུ་གསུམ་པ་ནི་ཡང་དག་སྦྱོར། །བཅུ་བཞི་པ་ནི་དོན་དམ་སྟེ། །ཞེས་ཆུ་སོགས་དབང་བཅུ་གཅིག་པོ་བུམ་དབང་ཡིན་པར་བཤད་ཅིང༌། ཐུན་མོང་གི་དངོས་གྲུབ་ཐོབ་པའི་གྲུབ་ཐོབ་ཙམ་དང༌། པཎྜི་ཏ་ཙམ་གྱིས་བཤད་པ་ལ། འཐད་མི་འཐད་ཀྱི་དཔྱད་པ་གཏོང་དུ་རུང་ཡང༌། རྒྱུད་རྣམ་དག་ནས་བཤད་པ་ལ་ཡིད་ཆེས་ཁོ་ན་བྱེད་པ་ལས། གཞན་དུ་མི་རུང་བས་སོ། །དེས་


TNT10_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལུང་བསྟན་དབུགས་དབྱུང་གཟེངས་བསྟོད་གསུམ་པོ་གསང་བ། ཤེས་རབ། བཞི་པ་གསུམ་གྱི་མཐའ་རྟེན་དུ་གོ་རིམ་བཞིན་དུ་སྦྱོར་བ་འདི་ལ། དཀྱིལ་ཆོག་རིན་ཆེན་འབར་བ་ནས་བཤད་པ་ཙམ་མ་གཏོགས། གཞན་རྒྱ་གར་བའི་ལུང་གསལ་པོ་མེད། བོད་ཀྱི་བླ་ཆེན་འབྲོག་མིའི་མན་ངག་ལས་ནི་འབྱུང་ངོ༌། །དེ་ལ་མན་ངག་སྤོང་དུ་མི་རུང་མོད་ཀྱི། དེ་རྣམས་ངོ་བོའི་སྒོ་ནས་བུམ་དབང་གི་མཐའ་རྟེན་ཁོ་ན་ཡིན་ཀྱང༌། བུམ་དབང་ནི་ཀུན་གྱི་ཐུན་མོང་ཡིན་པའི་ཕྱིར། དབང་གོང་མ་རྣམས་ཀྱི་མཐའ་རྟེན་དུ་སྦྱོར་བའང་མི་འགལ་ཏེ། དཔེར་ན་གྲོང་པའི་སྒོས་གཡོག་རྣམས་རྒྱལ་པོའི་ཡང་གཡོག་ཏུ་འགྱུར་བ་བཞིན་ནོ། །དེས་ན་ལུང་བསྟན་ནི་གསང་དབང་གི་ཆོ་གའི་ཡན་ལག་མ་ཡིན་ཀྱང༌། གསང་དབང་དག་དག་བྱེད་ཡིན་ཅིང༌། ལུང་སྟོན་པ་ཡང་ངག་གི་བྱ་བ་ཡིན་པའི་ཕྱིར། རིགས་མཐུན་པའི་སྒོ་ནས་དེའི་མཐའ་རྟེན་དུ་བླ་ཐབས་སུ་སྦྱར་ནས་བྱེད་པ་སོགས་གཞན་གཉིས་ལའང་རིགས་འགྲེ་སྟེ། ཆོས་མཐུན་སྦྱར་ནས་སྐབས་དེ་དང་དེར་བྱེད་པ་ཙམ་


TNT10_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གྱི་གཞན་དུ་ན་དེ་དག་གོང་མ་གསུམ་གྱི་ཡན་ལག་ཁོ་ན་ཡིན་ན། ཀྱཻ་རྡོར་མན་ངག་ལུགས་ལྟ་བུ་ལ། དབང་བཞི་ནུབ་སོ་སོར་བསྐུར་བའི་ཚེ་བུམ་དབང་གི་མཐའ་རྟེན་དུ་དེ་རྣམས་སྦྱོར་དགོས་པ། སློབ་དཔོན་རྩེ་མོའི་དབང་ཆུ་ཆེན་མོ་ལས་གསལ་བར་བཤད་པ་དང་འགལ་བར་འགྱུར་ཏེ་གོང་མ་གསུམ་གྱི་ཐུན་མོང་མ་ཡིན་པའི་ཡན་ལག་དེ། བུམ་དབང་གི་མཐའ་རྟེན་དུ་སྦྱར་ན་ག་ལ་འཐད། དྲི་བ་གཉིས་པའི་ལན་ནི། རིགས་ལྔའི་དབང་བུམ་དབང་ཡིན་ནམ་མིན་ཞེས་པ་འདི་ལ། རིགས་ལྔ་ཞེས་པ་ཡིན་ན། རྒྱལ་བ་རིགས་ལྔའི་དོན་དུ་འགྱུར་བ་ཡིན་ལ། དེ་ལྟ་ན་ནི་ངེས་པ་མེད་ཅིང༌། རིགས་ལྔ་ཞེས་གསུང་རྒྱུ་ཡིན་ན། རིག་པའི་དབང་ལྔར་འགྱུར་བས། དུས་འཁོར་དང་སེམས་འབྲེལ་སྐོར་གསུམ་ལྟ་བུ་ནས་གསུངས་པའི་རྣམ་གཞག་རྣམས་བོར་ནས། གཞན་སྤྱི་ཁྱབ་པའི་རྣམས་ཀྱི་ལུགས་ལྟར་བྱས་ན། རིག་པའི་དབང་ལྔ་བུམ་དབང་ངེས་པར་ཡིན་ལ། རིག་པའི་དབང་ལྔར་སོང་བའི་ཆུ་ཅོད་པན་སོགས་བླ་མེད་ཀྱི་ཁྱད་ཆོས་ཡིན་པ་དང༌། སྤྱོད་རྒྱུད་དང་རྣལ་འབྱོར་རྒྱུད་ན་ཡོད་པའི་ཆུ་ཅོད་པན་རྡོར་དྲིལ་སོགས་ལ་རིག་པའི་དབང་གི་ཐ་སྙད་མི་འཇོག་ལགས། དེའི་རྒྱུ་མཚན་སྦྱང་བྱ་ཕུང་པོ་ལྔའམ་རྣམ་ཤེས་ཚོགས་བརྒྱད། སྦྱོང་བྱེད་རྒྱལ་བ་རིགས་ལྔའམ། རིགས་ལྔ་དང་དོད་མཚུངས་པའི་ལྷའི་རྣམ་གཞག་དང་སྦྱོར་ཞིང༌། མ་རིག་པ་ལྔ་སྤོང༌། རིག་པ་ཡེ་ཤེས་ལྔ་བསྐྱེད་ཅེས་པའི་སྒྲ་བཤད་དང༌། རིག་པའི་ལྷ་མོས་དབང་བསྐུར་བའི་དོན་རྣམས། བླ་མེད་ཁོ་ན་ལས་གཞན་དེ་དག་ལ་མི་ཚང་བའི་ཕྱིར་རོ། །དེས་ན་ཡེ་ཤེས་ཐིག་ལེ་ལས། ཆུ་ཡི་དབང་བསྐུར་དབུ་རྒྱན་དག །


TNT10_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །ཞེས་པ་རྒྱུད་སྡེ་གོང་མའི་ཆུ་ཅོད་པན་གཉིས་དང་ཕྱོགས་མཚུངས་པའི་དབང༌། བྱ་རྒྱུད་རང་རྐང་ཉིད་ལ་གསང་བ་སྤྱི་རྒྱུད་ལས་གསུངས་པ་ལྟར། སྔགས་དང་ཕྱག་རྒྱའི་དབང་དུ་གྲགས་པ་དེ་གཉིས་ཡིན་ལ། རྡོ་རྗེ་དྲིལ་བུ་དེ་བཞིན་མིང༌། །སྤྱོད་པའི་རྒྱུད་ལ་རབ་ཏུ་གྲགས། །ཞེས་པ་ནི་རྣལ་འབྱོར་ཕྱི་ནང་གཉིས་ཀྱི་དབང་ལ། རྡོ་རྗེ་དྲིལ་བུའི་དབང་ཡོད་མོད། སྤྱོད་རྒྱུད་ལ་རྡོར་དྲིལ་ངེས་པ་ཅན་གྱི་དབང་མེད་ཀྱང༌། རྡོ་རྗེ་དྲིལ་བུ་གཉིས་ཀ་ཕྱག་མཚན་གྱི་དབང་ཡིན་པ་བཞིན་དུ། རྒྱུད་དེར་ཡང་ཇི་ལྟར་འོས་པའི་ཕྱག་མཚན་གྱི་དབང་ཡོད་པས། དེ་དང་འདི་ཕྱོགས་མཚུངས་ཙམ་ལ་དགོངས་པ་ཡིན་ཅིང༌། སྤྱིར་སྤྱོད་རྒྱུད་ཀྱི་དབང་ལ། ཕྱག་མཚན་དང་མིང་དབང་ཡོད་པའི་ངེས་པ་མེད་དེ། རྣམ་སྣང་མངོན་བྱང་ལས། ཆུ་དབང་དང༌། མིག་ཐུར་དང༌། མེ་ལོང་དང༌། ཆོས་བཤད་རྣམས་ལས་མ་གསུངས་ཅིང༌། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། ཆུ་ཅོད་པན་རྡོ་རྗེ་མིང་དབང་སྟེ་བཞི་པོ་གསུངས་པར་མཁས་པ་རྣམས་ལ་གྲགས་པ་དང༌། ངན་སོང་སྦྱོང་རྒྱུད་ལྟ་བུ་ད་ལྟ་རྣལ་འབྱོར་རྒྱུད་ཁོ་ནར་གྲགས་ལ། བླ་མ་རྣམས་ཀྱིས་རྣལ་འབྱོར་རྒྱུད་དུ་བཀྲལ་བ་ཡིན་གྱི། རྒྱུད་ཀྱི་ངོ་བོ་ལ་བལྟས་ན་སྤྱོད་རྒྱུད་དུ་གསལ་ལ། ཇོ་བོ་རྗེ་ཡང་སྤྱོད་རྒྱུད་དུ་བཞེད་པས། རྒྱུད་འདི་ལས་ཀྱང༌། དབང་གི་དངོས་གཞི་དེ་དག་དང༌། གུང་མཐུན་པར་འབྱུང་བས་ན། སྤྱོད་རྒྱུད་ཀྱི་ནང་མཚན་འགའ་ཞིག་ལ། རིག་པའི་དབང་ལྔའི་དོད་ཙམ་ཡོད་པར་སྟོན་པའོ། །དེས་ན་སྤྱོད་རྒྱུད་ཀྱི་ཆུ་སོགས་དབང་ལྔ་དང༌། རྣལ་


TNT10_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་རྒྱུད་ཀྱི་དེ་ལྔ་དང༌། བླ་མེད་ཀྱི་རིག་པའི་དབང་ལྔ་ལ་མིང་མཚུངས་པ་དང༌། དབང་རྫས་ཕྱོགས་མཐུན་པ་དང༌། རྣལ་འབྱོར་ཕྱི་ནང་གཉིས་ལ་ནི་ཆོ་གའི་ཚིག་རིགས་ཀྱང་ཕྱོགས་མཚུངས་ཙམ་ཡོད་ཀྱང༌། དོན་མི་འདྲ་བ་ཤིན་ཏུ་ཆེ་བས། བླ་མེད་ཀྱི་དབང་བཞི་དང་ཟློས་པར་ནི་མི་འགྱུར་ལ། སྤྱིར་བུམ་དབང་ཙམ་ནི་བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་ལ་ཡོད་པར་བརྗོད་ཀྱང་མི་འགལ་ཏེ། བུམ་པས་དབང་བསྐུར་བར་ཡང་ནས་ཡང་དུ་གསུངས་པའི་ཕྱིར་རོ། །དབང་བཞིའི་ཡ་གྱལ་གྱི་བུམ་དབང་ནི། ཐུན་མོང་མ་ཡིན་པའི་བུམ་དབང་ཡིན་པའི་ཕྱིར། དེ་དག་ལ་མེད་མོད་ཀྱང༌། སྤྱིར་དབང་བཞི་བླ་མེད་ཀྱི་ཁྱད་ཆོས་སུ་འཆད་པའི་དོན་དབང་བཞི་པོ་རེ་རེ་ནས་བླ་མེད་ཁོ་ནའི་ཁྱད་ཆོས་ཡིན་ཞེས་འཆད་མི་དགོས་ཀྱི། རྒྱུད་དེ་དང་དེ་ལས་དབང་བཞི་ཚང་བར་སྟོན་པ་ནི། བླ་མེད་ཀྱི་ཁྱད་ཆོས་ཡིན་ཞེས་པའི་དོན་ནོ། །དཔེར་ན་སྟོང་ཉིད་བཅུ་དྲུག་གི་རྣམ་གཞག་ཐེག་ཆེན་གྱི་ཁྱད་ཆོས་ཡིན་ཡང༌། སྟོང་ཉིད་དང་པོ་བཞི་ཉན་ཐོས་ཀྱི་ཐེག་པ་ནས་བཤད་པ་ལྟ་བུས་མཚོན་ནོ། །དྲི་བ་གསུམ་པའི་ལན་ནི། ཕྱིར་མི་ལྡོག་པ་ཡི་ནི་དབང༌། །རྣལ་འབྱོར་རྒྱུད་དུ་གསལ་བར་བྱས། །དེ་ནི་དྲུག་གི་བྱེ་བྲག་དབང༌། །དེ་ནི་སློབ་དཔོན་དབང་ཞེས་བྱ། །ཞེས་འབྱུང་བས། རྣལ་འབྱོར་རྒྱུད་ལ། རྡོ་རྗེ་སློབ་དཔོན་གྱི་དབང༌། ནང་ཚན་ཆོ་གའི་ཡན་ལག་གིས་ཕྱེ་བའི་དབང་དྲུག་ཡོད་པར་མ་ཟད། གསང་དབང་གི་མིང་ཅན་ཞིག་ཀྱང་ཡོད་མོད། ཐུན་མོང་མ་ཡིན་པའི་བུམ་དབང་དང་གསང་དབང་མེད་པའི་ཕྱིར།


TNT10_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་མ་ཡིན་པའི་དབང་བཞི་པོ་བླ་མེད་ཀྱི་ཁྱད་ཆོས་སུ་བཤད་པ་དང་མི་འགལ་ལོ། །རྣལ་འབྱོར་རྒྱུད་ཀྱི་སློབ་དཔོན་གྱི་དབང་དེ་ལ། རྒྱུད་དེ་ཉིད་རང་གི་ལུགས་ཀྱི་དམ་ཚིག་གསུམ་སྦྱིན་པ་ཡོད་ཀྱང༌། སྤྱིར་བླ་མེད་ཀྱི་དམ་ཚིག་གསུམ་དུ་ཁྱད་ཆེ་ཞིང༌། རྡོར་དྲིལ་གྱི་དམ་ཚིག་གཉིས་ཕྱོགས་མཐུན་རུང་ཙམ་ཡིན་ཀྱང༌། སྒོས་ཕྱག་རྒྱ་སྐུའི་དམ་ཚིག་ལ་ཁྱད་པར་ཤིན་ཏུ་ཆེའོ། །ཡང་དཀྱིལ་ཆོག་ཕལ་ཆེ་བའི་དབང་དུ་བྱས་ན། དམ་ཚིག་གསུམ་སྦྱིན་པ་སློབ་དཔོན་གྱི་དབང་གི་སྐབས་སུ་བྱེད་པ་མང་བ་ཡིན་ཡང༌། མཐའ་གཅིག་ཏུ་ངེས་པ་མེད་དེ། རྒྱ་བོད་གཉིས་ཆར་དུ་མཁས་མཆོག་རྣམས་ལ་ཤིན་ཏུ་གྲགས་ཆེ་བའི་དཀྱིལ་འཁོར་གྱི་ཆོ་ག་བཞི་བརྒྱ་ལྔ་བཅུ་པའམ། འཇིག་རྟེན་སྣང་བྱེད་ཅེས་བྱ་བ་རྗེས་འབྲང་དང་བཅས་པ་ལས། དམ་ཚིག་གསུམ་སྦྱིན་པ། སློབ་མའི་དབང་དུ་བཤད་ནས། སློབ་དཔོན་གྱི་དབང་གཞན་ཞིག་གསུངས་སོ། །སྤྱིར་བུམ་དབང་ཐམས་ཅད་ལ་སློབ་དཔོན་གྱི་དབང་དུ་བཤད་པ་ཡང་ཡོད་དེ། གོང་དུ་དྲངས་པ། གཙོ་བོའི་དབྱེ་བ་བཅུ་གཅིག་ཅེས་པའི་གཙོ་བོ་ནི་སློབ་དཔོན་གྱི་མིང་ཡིན་པའི་ཕྱིར་དང༌། བརྟག་གཉིས་ཀྱི་དངོས་བསྟན་སྒྲ་ཇི་བཞིན་པ་ཡང༌། བུམ་དབང་ཐམས་ཅད་ལ་སློབ་དཔོན་གྱི་དབང་དུ་མིང་འདོགས་པར་དགོངས་སོ། །དྲི་བ་བཞི་པའི་ལན་ནི། བྱིས་པ་འཇུག་པའི་དབང་བདུན་གྱི་འབྲས་བུ་མཐར་ཐུག་འོག་མིན་གྱི་རིག་འཛིན་ཡིན་པ་དང༌། དབང་བདུན་གྱི་འབྲས་བུ་ས་བདུན་དུ་བཤད་པ་མི་འགལ་ལམ་ཞེས་པ་དང༌། དེ་ལས་འཕྲོས་པའི་ཏིང་ངེ་འཛིན་གྱི་ས་བདུན་ལ་སྦྱོར་ནའང༌། དེ་སྦྱོར་


TNT10_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཡིན་ན། དབངབདུན་གྱི་ཐུན་མོང་མ་ཡིན་པའི་འབྲས་བུར་མི་འགྱུར། ཞེས་པ་འདི་ལ། ཏིང་ངེ་འཛིན་གྱི་ས་བདུན་ལ་སྦྱོར་བའི་གསལ་ཁ་ནི་མེད་མོད། འཕགས་ལམ་གྱི་ས་བདུན་ལ་སྦྱོར་ཕྱིན། ཏིང་ངེ་འཛིན་གྱི་ས་ལའང་དོན་གྱིས་འབྱོར་ཏེ། དེ་གཉིས་འགྲོས་མཚུངས་པའི་ཕྱིར་རོ། །འོན་ཀྱང་ས་བདུན་དབང་བདུན་གྱི་ཐུན་མོང་མ་ཡིན་པའི་འབྲས་བུར་ཡང་མ་བཤད་ལ། དངོས་འབྲས་སུ་ཡང་མི་བྱེད་དོ། །འོ་ན་ཅི་ཞེ་ན། དབང་བདུན་བསྐུར་བས་མ་འོངས་པ་ན་འཕགས་པའི་ས་བདུན་པོ་དེ་དག་ཐོབ་པར་འགྱུར་ངེས་པའི་རྟེན་འབྲེལ་བསྒྲིགས་པ་སྟེ། འདི་སྐབས་ཀྱི་མ་འོངས་པ་ཡང་རྒྱ་ཡན་ལ་མི་འཇོག་གི དམ་ཚིག་ཡེ་མ་ཉམས་པའི་དབང་དུ་བྱས་ནས། སྤྱིར་བཏང་ལ་གནས་སྐབས་དེའི་སྐྱེ་བ་ཕྱི་མའི་མཐའ་ཚུན་ཆོད་ལའོ། །དེས་ན་ས་བཅུ་གཉིས་ཐོབ་པའི་རྟེན་འབྲེལ་བསྒྲིགས་པ་ལ་དབང་བཅུ་གཅིག་གམ། བཅུ་གཉིས་བསྐུར་བ་ཡིན་ཞིང༌། འོན་ཀྱང་ལམ་བསྒོམས་པས་ས་ཐོབ་པ་ཡིན་གྱི། དབང་དེ་དང་དེའི་དངོས་འབྲས་ལས། ཐོབ་ཅེས་ཀྱང་མི་བརྗོད་ལ། དབང་བདུན་གྱི་ས་བདུན་ཐོབ་པའི་རྟེན་འབྲེལ་འགྲིག་པར་བྱེད་ཀྱང༌། ས་བདུན་ཐོབ་པའི་རྟེན་འབྲེལ་བསྒྲིག་བྱེད་ལ་དབང་བདུན་དགོས་པས་ཁྱབ་པའང་མ་ཡིན་ནོ། །དེས་ན་རྟེན་འབྲེལ་བསྒྲིགས་པ་ཙམ་གྱི་སྒོ་ནས་མ་འོངས་པ་ན་ཐོབ་པར་འགྱུར་བའི་འབྲས་བུའི་དབང་དུ་བྱས་ན། དབང་བདུན་གྱི་འབྲས་བུ་མཐར་ཐུག་ཀྱང༌། རྫོགས་པའི་སངས་རྒྱས་ཀྱི་སའི་རྡོ་རྗེ་བཞི་ཡིན་ལ། དབང་བདུན་གྱི་དབང་


TNT10_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ནམ། དབང་དེའི་ལམ་བསྐྱེད་རིམ་གྱི་དངོས་འབྲས་མཐོ་ཤོས། འོག་མིན་གྱི་རིག་པ་འཛིན་པ་ཡིན་པར་བཤད་ཀྱི་དེ་ལས་མཐོ་བ་མ་ཡིན་ནོ། །དེས་ན་དབང་བསྐུར་བདུན་པོ་རང་གི་དངོས་འབྲས་ནི། བསྐྱེད་རིམ་བསྒོམ་དུ་རུང་བའི་ནུས་པས་རྒྱུད་འགྱུར་བའི་ཁྱད་པར་དེ་ཡིན་ལ། དེ་ནས་བསྐྱེད་རིམ་བསྒོམ་པས་འབྲས་བུ་དེ་འདྲ་ཐོབ་པ་ཡིན་པས། འོག་མིན་གྱི་རིག་འཛིན་དེ་ཡང་དབང་བདུན་གྱི་དངོས་འབྲེལ་མིན་ལ། ཐུན་མོང་མ་ཡིན་པའི་འབྲས་བུ་ཡང་མིན་ནོ། །དེ་བཞིན་དུ། རྫོགས་རིམ་བསྒོམས་པ་ལ་བརྟེན་ནས་སྔགས་ལམ་གྱི་ཚོགས་སྦྱོར་གཉིས་ཐོབ་པ་དེ་ཡང༌། མཆོག་དབང་འོག་མ་གསུམ་གྱི་བརྒྱུད་པའི་འབྲས་བུ་ཙམ་དུ་ནི་འགྱུར་ཡང༌། དངོས་འབྲས་དང༌། མཐར་ཐུག་གི་འབྲས་བུ་གཉིས་ཀར་དུ་མི་འགྱུར་རོ། །དེས་ན་དབང་དང་སའི་སྦྱོར་ཚུལ་ནི། དག་བྱ་དག་བྱེད་ཀྱི་སྦྱོར་ཚུལ་ཡང་མིན་ཅིང༌། རྟེན་འབྲེལ་བསྒྲིག་བྱ་སྒྲིག་བྱེད་ཀྱི་རྒྱུ་འབྲས་ཙམ་ཡིན་པས། ས་མཚམས་ངེས་པ་ཅན་དུ་སྦྱོར་པ་ཡང་མི་དགོས་སོ། །དྲི་བ་ལྔ་པའི་ལན་ནི། ཡི་གེ་དཀྱིལ་འཁོར་དང་པོ་སྟེ། །ཞེས་པ་ལ་སོགས་པ་ཨ་བྷི་དྷ་ནའི་ལུང་འདི། རྡུལ་ཚོན་གྱི་དཀྱིལ་འཁོར་ཁོ་ནའི་དབྱེ་བ་མིན། བུམ་དབང་གང་དུ་བསྐུར་བའི་ཕྱི་དབྱིབས་ཀྱི་དཀྱིལ་འཁོར་ལ་དྲུག་ཏུ་ཕྱེ་བ་ལགས། དང་པོ་ལྔ་པོ་ལ་ཡང༌། རྡུལ་ཚོན་རས་བྲིས་སོགས་སྣ་ཚོགས་འབྱུང་བ་ལགས་ཤིང༌། དྲུག་པ་ཚོགས་ཀྱི་དཀྱིལ་འཁོར་ནི། གཞལ་ཡས་ཁང་གི་ཁང་པ་དངོས་སུ་བསླངས་པའམ། ཆུ་ཚོན་གྱིས་ས་གཞི་ལ་བྲིས་ནས་ལྷ་སོ་སོའི་གནས་སུ་དཔའ་བོ་དང་དཔའ་མོ་དངོས་སུ་འགོད་པ་སྟེ། དཔེར་ན། དགེས་རྡོར་ལ་མཚོན་ན། དབང་བསྐུར་བའི་སློབ་དཔོན་ཉིད་གཙོ་བོའི་གནས་སུ་འདུག །གཞན་སྔགས་


TNT10_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྤྱོད་པ་ཅན་གྱི་བུད་མེད་དགུ་ཡང་ལྷ་མོ་དགུའི་གནས་སུ་བཞག ལྷའི་ཆས་སུ་བཅུག་ནས། བདག་བསྐྱེད་གཙོ་བོར་གྱུར་པའི་ཆོགས་འཁོར་གྱི་ཚོགས་དཀྱིལ་འཁོར་སྒྲུབ་པ་ཡིན་པས། ཚོགས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ཡིན་ནོ། །དྲི་བ་དྲུག་པའི་ལན་ནི། རས་བྲིས་ཀྱི་དཀྱིལ་འཁོར་དུ་མ་སྨིན་པ་སྨིན་བྱེད་ཀྱི་དབང་བསྐུར་བའི་ཁུངས། ཤིན་ཏུ་གསལ་བར་ཡོད་པ་ནི། མི་གཡོ་བ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ན་ཡོད། རྒྱུད་དེ་ཡང་ཐོག་མར་རོང་པ་ཤེས་རབ་སེང་གེས་བསྐུལ་ནས། ཡར་ཀླུངས་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བ་ཡིན་ཅིང༌། འགྱུར་བྱེད་ས་ཡང་ས་སྐྱ་རང་ཡིན། ཕྱིས་པཎྜི་ཏ་ནགས་རིན་གྱི་བར་དུ་ལོ་པཎ་གཞན་དང་གཞན་འགའ་རེས་འགྱུར་བཅོས་ཅུང་ཟད་ཙམ་བྱས་འདུག རྒྱུད་དེ་ལས་དང་པོར་རྡུལ་ཚོན་གྱི་དཀྱིལ་འཁོར་འབྲི་ཚུལ་རྒྱས་པར་བཤད་ནས། དེ་རྗེས། ཡང་ན་དཀྱིལ་འཁོར་བྲི་བྱ་བ། །རས་བྲིས་ཚུལ་དུ་བྲི་བར་བྱ། །དཀྱིལ་འཁོར་སྔར་བཞིན་བྲིས་བྱས་ནས། །དབུས་སུ་མི་གཡོ་མཐིང་ནག་བྲི། །ཞེས་པ་ལ་སོགས་པ་རས་བྲིས་རྒྱས་པར་གསུངས་ནས། དེ་དང་འབྲེལ་བ་ཉིད་དུ། སློབ་མ་དབང་བསྐུར་གྱི་ཆོ་ག་རྒྱས་པར་བཤད་དོ། །སྡོམ་གསུམ་རབ་དབྱེ་མཛད་པ་པོ་ཆོས་རྗེ་པཎྜི་ཏའི་དུས་ན་རྒྱུད་འདི་མ་འགྱུར་བས་ལན་ནི། གཞན་གྱི་སྨིན་བྱེད་རྒྱུད་ལས་བཀག །ཅེས་གསུངས་ཐལ་པོ་ཅན་དུ་བྱོན་གདའ་འོན་ཀྱང་རབ་དབྱེ་ལ་སྡང་ཤུགས་བྱེད་པ་པོ་ཕྱིས་འབྱུང་གི་བཀའ་བརྒྱུད་པ་རྣམས་ཀྱིས། རྒྱུད་འདི་ལ་གཞིག་འགྲེལ་ཆུག་པའང་མེད་ལ། རྡུལ་ཚོན་ལ་སྡང་བ་བཞིན་རས་བྲིས་


TNT10_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལའང་སྡང་བས། ཁོང་དག་ལུང་འདི་ལ་དགའ་བ་ཡང་མེད་དོ། །དེར་མ་ཟད། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་མ་སྨིན་པ་སྨིན་བྱེད་ཀྱི་དབང་བསྐུར་བའི་ཁུངས་ཀྱང་འགའ་ཞིག་ཏུ་སྣང་ངོ༌། །དྲི་བ་བདུན་པའི་ལན་ནི། དབང་བསྐུར་བའི་དོན་དྲི་མ་འཁྲུད་པ་ལ་ཤིན་ཏུ་འཇོག །དབང་ནི་ཡེ་ཤེས་མ་སྐྱེས་ཀྱང༌། སློབ་དཔོན་གཉིས་ཆར་གྱི་སེམས་མ་ཡེངས་པར་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གསུམ་འཛོམས་པའི་དབང་ཆོག་བྱས་ན་དྲི་མ་འཁྲུད་པའི་ཐ་སྙད་ཐོབ་སྟེ། སྔགས་ཀྱི་སྡོམ་པ་ཐོབ་པའི་ཕྱིར་རོ། །དཔེར་ན། དགེ་སློང་གི་སྡོམ་པ་ཐོབ་པའི་རྒྱུ་ཚོགས་ཚང་བ་ལ། གསོལ་གཞིའི་ལས་ཀྱི་ཆོ་ག་བྱས་ན། སྒོམ་སྟོབས་ཀྱི་ཡེ་ཤེས་མ་སྐྱེས་ཀྱང་ཚུལ་འཆལ་གྱི་རྒྱུན་སྤོང་བའི་གནས་སྐབས་ཐོབ་སྟེ། དེའི་གཉེན་པོ་དགེ་སློང་གི་སྡོམ་པ་སྐྱེ་བའི་ཕྱིར་རོ། །དེ་དང་འདི་འདྲ་ལགས། ཀུན་རྫོབ་བརྡར་བཏགས་པའི་ཚོགས། ཀུན་རྫོབ་ཀྱི་སྡོམ་པ་ཐོབ་ནུས་པ་ཡིན། དབང་གི་ཡེ་ཤེས་སྐྱེས་ན་ཡང༌། ཡེ་ཤེས་དེ་ལ་ཕྱག་ཆེན་ཡིན་མིན་གཉིས་ཀ་ཡོད། རབ་དབྱེ་ལས། ངེད་ཀྱི་ཕྱག་རྒྱ་ཆེན་པོ་འདི། །དབང་ལས་བྱུང་བའི་ཡེ་ཤེས་དང༌། །ཞེས་སོགས་གསུངས་པའི་དགོངས་པ་ནི། དངོས་དང་རྗེས་མཐུན་པའི་ཕྱག་ཆེན་ལ་དབང་ལས་བྱུང་བའི་ཡེ་ཤེས་དང༌། རིམ་གཉིས་གང་རུང་ལས་སྐྱེས་པའི་ཏིང་ངེ་འཛིན་གྱིས་ཚུར་ཁྱབ་མཐའ་འཆའ་བ་ཡིན་གྱི། དབང་དང་རིམ་གཉིས་ཀྱི་ཡེ་ཤེས་ལ། ཕྱག་ཆེན་ཀྱིས་ཕར་ཁྱབ་མཐའ་འཆའ་བ་མིན། དབང་གི་དྲི་མ་འཁྲུད་པ་ནི། དྲི་མ་འཁྲུད་པའི་འགོ་བརྩམས་པ་


TNT10_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གྱི། དྲི་མ་བཀྲུས་ཟིན་ཡང་མིན་པས། ཡེ་ཤེས་དངོས་སུ་སྐྱེ་བས་ཀྱང་མ་ཁྱབ་བོ། ཁ་ཅིག་དབང་བསྐུར་ཚད་ལ་ཡེ་ཤེས་སྐྱེ་སྟེ། དབང་རྣོན་ལ་གསལ་བར་སྐྱེ། དབང་བརྟུལ་ལ་མི་གསལ་བར་སྐྱེ། ཞེས་ཟེར་ཡང༌། ཡེ་ཤེས་དེ་སྐྱེ་ན་སྣང་དུ་རུང་དགོས་པས། མི་གསལ་བར་སྐྱེ་ཞེས་པའི་ཟོལ་འཇོག་དེ་ལ། སྣང་རུང་མ་དམིགས་པའི་གནོད་པ་འཇུག་ལ། ལར་བྱུང་བའི་རང་བྱུང་ཡེ་ཤེས་ཡིན་ཅེས་པ་ལམ་འབྲས་ཀྱི་ཆོས་སྐད་དང་བསྟུན་དགོས་ན། གསང་དབང་གི་ཡེ་ཤེས་ཡན་ཆད་རང་བྱུང་གི་ཡེ་ཤེས་ཡིན་པས། དབང་བསྐུར་བཞི་པ་མ་ཐོབ་པར། །ཕྱག་རྒྱ་ཆེན་པོ་སོགས་སྒོམ་དང༌། །ཞེས་གསུངས་པ་དང་འགལ་བ་སྤང་དགོས་སོ། །དྲི་བ་བརྒྱད་པའི་ལན་ནི། ལས་ཀྱི་ཕྱག་རྒྱའི་ཡེ་ཤེས་ཀྱང༌། དཔེའི་ཡེ་ཤེས་ནི་ངེས་པར་ཡིན། ཆོས་རྒྱའི་ཡེ་ཤེས་སོགས་དཔེའི་ཡེ་ཤེས་གཞན་གྱི་རྒྱུ་བྱེད་ཀྱང༌། ཁོ་རང་དཔེའི་ཡེ་ཤེས་ཡིན་པ་མི་འགལ་སྟེ། དོན་གཅིག་ལ་མཚོན་བྱེད་ཀྱི་དཔེ་དུ་མ་འབྱུང་བའི་ཕྱིར་རོ། །ལར་ལས་རྒྱའི་ཡེ་ཤེས་ལས་ཆོས་རྒྱ་འབྱུང༌། དེ་ལས་ཕྱག་རྒྱ་ཆེན་པོ་འབྱུང༌། འབྲས་བུ་དམ་རྒྱ་ཡིན་ཅེས་བྱ་བ་འདི་ནི། ཀླུ་སྒྲུབ་ཀྱིས་མཛད་ཟེར་བའི་ཕྱག་རྒྱ་བཞི་པའི་གཞུང་དང༌། དེའི་རྗེས་འབྲང་མཻ་ཏྲི་པ་དཔོན་སློབ་རྣམས་ཁོ་ནའི་བཞེད་པ་ཡིན་ནོ། །གཞན་ཕྱག་རྒྱ་བཞི་ལ་ནཱ་རོ་པའི་བདེ་དགྱེས་ཀྱི་མན་ངག་དང༌། དྲིལ་བུ་པའི་ནོར་བུ་འགེངས་པ་སོགས་ན་མི་འདྲ་བ་རེ་བཤད་པ། ཐད་སོ་ཐད་སོ་དེར་འགལ་བ་མེད། ཕན་ཚུན་བསྲེ་མི་ཐུབ། དགེས་རྡོར་གྱི་འགྲེལ་པ་ཁ་ཆེ་ཆེན་པོས་མཛད་པ་ལས་ཀྱང༌། ཡེ་ཤེས་ཀྱི་ཕྱག་རྒྱ་དུས་འཁོར་


TNT10_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཤད་པ་དང་མཚུངས། སྤྱིར་ལས་རྒྱ་ཡེ་རྒྱ་ཕྱག་ཆེན་གསུམ་གྱིས་ཟླས་དྲངས་པའི་ལས་རྒྱ་དངོས་རིག་དང༌། ཡེ་རྒྱ་སྒོམ་པའི་རིག་མ་ལ་ཟེར། ཕྱག་རྒྱ་བཞི་བགྲོད་པའི་སྐབས། དུས་འཁོར་ལས་ཀྱང་ཡེ་རྒྱ་བགྲང་བ་ཉུང་ཞིང༌། གཞན་རྣམས་ཀྱིས་ཡེ་རྒྱ་ལར་ནས་མ་བགྲངས་ཏེ། ཆོས་ཀྱི་ཕྱག་རྒྱ་བགྲོད་པ་ཡིན། ལས་རྒྱའི་ཡེ་ཤེས་དེ་ཕྱག་རྒྱ་ཆེན་པོ་དངོས་མ་ཡིན་པར་ངེས། རྟོགས་པའི་ཐབས་སུ་འགྱུར་བ་ནི་ཡོད། ཕྱག་ཆེན་རྗེས་མཐུན་པའི་དབང་དུ་བྱས་ན་ནི། བསྐྱེད་རིམ་ཕྱག་ཆེན་དང༌། གཏུམ་མོ་ཕྱག་ཆེན་ལ་སོགས་པ་འབྱུང་བས་ངེས་པ་མེད་ཀྱང༌། ཕྱག་ཆེན་དངོས་ལ་དབྱེ་ན། རྣམ་བཅས་དང༌། རྣམ་མེད་གཉིས་ཡོད། དང་པོ་ནི། རྩ་དབུ་མར་འབར་འཛག་བྱས་པའི་བདེ་སྟོང་གི་རིགས་གཅིག་ལ། བདེ་སྟོང་དེ་ཉིད་ལ་མཉམ་པར་བཞག་པས། རྐྱེན་གཞན་མེད་ཀྱང་སླར་གསར་དུ་རླུང་དབུ་མར་འགགས་ཏེ། བདེ་དྲོད་ཀྱི་ཉམས་ཁྱད་པར་ཅན་སྐྱེ་བ་ཞིག་ཡོད་པ་དེ་ལ་ཟེར། གཉིས་པ་ནི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ཡིན་ནོ། །ལས་རྒྱའི་ཡེ་ཤེས་ནི་ལས་རྒྱ་དང་མཉམ་པར་སྦྱར་བ་ཁོ་ནའི་རྐྱེན་གྱིས་ཞུ་བདེའི་བདེ་སྟོང་ཙམ་འདྲེན་པ་ཡིན་པས། བདེ་སྟོང་སྤྲོས་བྲལ་ཁོ་ན་ལ་མཉམ་པར་བཞག་པས་གསར་དུ་བདེ་སྟོང་དྲངས་པ་དང༌། ལས་རྒྱས་དྲངས་པའི་བདེ་སྟོང་གཉིས་པོ་ཤིན་ཏུ་ཁྱད་ཆེའོ། །མཻ་ཏྲི་པ་རྗེས་འབྲངས་དང་བཅས་པ་དམ་བརྒྱའི་ངོས་འཛིན་གཏུམ་མོ་ལ་མི་བྱེད། འབྲས་བུ་ཟུང་འཇུག་གི་སྐུ་ལ་བྱེད་པ་ཡིན་པས། དེའི་ལུགས་ཀྱི་དམ་རྒྱ་ནི་སོ་སོ་སྐྱེ་བོའི་གནས་སྐབས་ན་མེད། ནཱ་རོ་སོགས་དམ་རྒྱ་


TNT10_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་མོ་ལ་བྱེད་པའི་ལུགས་ལྟར་ན། དམ་རྒྱ་ཡེ་ཤེས་མཚན་ཉིད་པ་སྦྱོར་ལམ་དྲོད་ནས་ཡོད་དོ། །འདི་དག་ལ་མཐའ་ཆོད་པ་ཞིག་རྒྱས་པར་བཤད་དགོས་ནའང། ཡི་གེའི་ཚོགས་ལ་འཛེམས་པ་དང་གསང་བ་ཟབ་མོར་སོང་བས། འཕྲིན་ཡིག་ཏུ་མདོར་བསྡུས་ཙམ་ལས་མ་བརྗོད་དོ། །དྲི་བ་དགུ་པའི་ལན་ནི། སྟོང་གཟུགས་ཕྱག་རྒྱ་ཆེན་པོ་བྱ་བ། སྟོང་གཟུགས་ལས་གྲུབ་པའི་ལྷ་སྐུ་ཡབ་ཡུམ་ཁ་སྦྱོར་གྱི་མིང་ཡིན། དེ་ཙམ་གྱིས་ཀྱང་མི་ཆོག ཁྱད་ཆོས་གསུམ་པོ་འདི་ཚང་དགོས། དབུ་མའི་ནང་དུ་རྩལ་རྫོགས་པའི་གཏུམ་མོ་ལས་གྲུབ་པ་གཅིག ཤེས་པ་ཁོ་ན་ཡིན་ཀྱང་རྣལ་འབྱོར་པའི་ལུས་ཀྱི་བྱ་བ་བྱེད་པས་འདོད་ཆགས་ཆེན་པོའི་བདེ་བ་མྱོས་ནུས་པ་དང་གཉིས། ཁྱད་གཞི་ལྷ་སྐུ་དེ་ལ་ཁྱད་ཆོས་འཁོར་འདས་ཀྱི་གཟུགས་བརྙན་ཐམས་ཅད་གཅིག་ཅར་འཆར་བ་དང་གསུམ་མོ། །འདི་སོ་སོ་སྐྱེ་བོའི་གནས་སྐབས་ན་ནི་ཡོད་དེ། ཡན་ལག་དྲུག་གི་རྗེས་དྲན་གྱི་རིམ་པའི་སྐབས་ནས་འབྱུང་ངོ༌། །དྲི་བ་བཅུ་པའི་ལན་ནི། ཉིན་རྟགས་དྲུག་གི་ངོས་འཛིན་རྒྱས་པ་ནི། སྙན་བརྒྱུད་བཀའ་རྒྱ་ཅན་ལགས་པས་འདིར་འབྲི་མ་ནུས། ངོ་བོ་ནི་ཐིག་ལེ་སེར་པོ་དང༌། དཀར་པོ་དང༌། དམར་པོ་དང༌། ནག་པོའི་སྣང་བ་རྣམས་ལ་སེར་པོ་འབར་བ་སོགས་བཞི་དང༌། མཆོག་གི་ཆ་འོད་འཁྱུག་པ་དང༌། ཐིག་ལེ་ཞེས་པ་ཐིག་ལེ་སྔོན་པོ་ཡིན། འདི་རྣམས་ཤར་བ་ཙམ་སོར་བསྡུད་མཐར་ཕྱིན་པ་ན་འབྱུང་བས། སྦྱོར་ལམ་དྲོད་ཀྱི་སྒྲུབ་པ་ལ་ཞུགས་པའི་སྐབས་ནས་ཡོད་ལ། རྗེས་མཐུན་པ་ནི་ལས་དང་པོ་པ་ནས་ཀྱང་ཡོད་དོ། །


TNT10_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་དྲུག་པོ་ཐམས་ཅད་ལ་རྟགས་བཅུ་རྣམས་གོང་འཕེལ་དུ་འགྲོ་བས། སོ་སོ་ལ་ཡང་འཆར་ལུགས་མི་གཅིག་པའི་ཁྱད་པར་ཤིན་ཏུ་ཆེ་བ་ཡིན། སྟོང་གཟུགས་ཕྱག་རྒྱ་ཆེན་པོ་དེ་ཡང་རྟགས་བཅུའི་རང་བཞིན་དུ་གནས་པ་ཡིན་ལགས། དྲི་བ་བཅུ་གཅིག་པ་ནི། ཕྱག་རྒྱ་བཞིའི་ནང་ཚན་གྱི་ཕྱག་རྒྱ་ཆེན་པོ་ལ། རྟོགས་བྱ་ཡུལ་གྱི་ཕྱག་ཆེན་དེ་དོན་གྱི་ཡེ་ཤེས་ཡིན་ཡང༌། རྟོགས་བྱེད་ལམ་གྱི་ཕྱག་ཆེན་ལ་དོན་གྱི་ཡེ་ཤེས་ཡིན་པས་མ་ཁྱབ་སྟེ། འདི་ལ་གཉིས་སྣང་གི་ཆ་ཤས་དངོས་སུ་སྤོང་བ་ནས་བརྩམས་ཏེ། ལམ་གྱི་ཕྱག་ཆེན་དངོས་ཡིན་ཡང༌། ད་དུང་རྫོགས་པར་སྤངས་མ་ཟིན་པའི་བར་དུ་མཉམ་གཞག་དང་གཉིས་སྣང་གཞན་འདྲེ་བས། དོན་གྱི་ཡེ་ཤེས་དངོས་མ་ཡིན། མཉམ་གཞག་ཏུ་གཉིས་སྣང་མཐའ་དག་འགགས་པའི་ཚེ། ཡུལ་ཡུལ་ཅན་དབྱེ་བ་མེད་པའི་ཕྱིར་དོན་གྱི་ཡེ་ཤེས་དངོས་ཡིན་པས། མི་འགྱུར་བའི་བདེ་བ་དང་པོ་ཐོབ་པ་ནས་བཟུང༌། དུས་འཁོར་ལུགས་ལ་ཕྱག་རྒྱ་གསུམ་གྱི་ཟླས་དྲངས་པའི་ཕྱག་ཆེན་གྱི་ཡེ་ཤེས་དངོས་སྐྱེས་པ་ཡིན། དོན་གྱི་ཡེ་ཤེས་ཀྱི་ཆ་ཤས་ཀྱང་ཐོབ་པ་ཡིན་མོད། མི་འགྱུར་བའི་བདེ་བའི་སྐད་ཅིག་རྫོགས་པ་ན་དོན་གྱི་ཡེ་ཤེས་ཀྱང་རྫོགས་པས། དོན་གྱི་ཡེ་ཤེས་ཐོབ་པའི་ས་མཚམས་ནི་རྫོགས་པར་ཐོབ་པ་ལ་འཇོག་པའི་ཕྱིར། འཕགས་པའི་ས་དང་པོ་ཉིད་ཡིན། དེས་ན་དོན་གྱི་ཕྱག་ཆེན་རྫོགས་པ་དང༌། མི་འགྱུར་པའི་བདེ་བ་རྫོགས་པ་ནི་ངོ་བོ་གཅིག་གོ །སྤྱིར་ཕྱག་ཆེན་ཙམ་ནི། སྦྱོར་བ་ཡན་ལག་དྲུག་ཀ་ཡིན་ཏེ། ཇི་སྐད་དུ། སོ་སོ་


TNT10_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུད་པ་ཕྱག་རྒྱ་ཆེ། །ནམ་མཁའ་སྟོང་པའི་མཚན་ཉིད་དོ། །ཞེས་གསུངས་པས་ཤེས་སོ། །ལར་མི་འགྱུར་པའི་བདེ་བའི་ངོས་འཛིན་ཐུན་མོང་མ་ཡིན་པ་ངེས་ཏིག་ཅན་ཅིག་གི་ནི་ཕྱིས་ལྷོ་བྱང་ཁྲི་སྐོར་གྱི་དུས་འཁོར་བ་ཅི་འདྲ་ཞིག་གི་ཡང༌། ཐུགས་དང་ཞལ་གཉིས་ཅན་ལ་འདུག་པ་མ་མཐོང༌། རྩ་རླུང་གི་ནུས་པ་ཅུང་ཟད་ཙམ་ཡོད་པར་རློམ་པ་འགའ་ཞིག་ལ། མི་འགྱུར་བའི་བདེ་བ་བརྙེས་སོ་ཞེས་སློབ་མ་རྣམས་སྒྲོག་པར་གདའ་སྟེ། ཞུ་བདེ་འགྱུར་མེད་དང་མི་འགྱུར་པའི་བདེ་བ་གཉིས་དབྱེ་བ་མ་ཕྱེད་པའི་ཅལ་ཅོལ་དུ་འདུག ཡང་བཀའ་བརྒྱུད་པ་རྣམས་གནས་ལུགས་ཕྱག་ཆེན་གྱི་དབང་དུ་བྱས་ནས། སེམས་ཀྱི་རང་བཞིན་གནས་སྐབས་མི་འགྱུར་བར་ཤེས་པ་ཙམ་ལ། དུས་འཁོར་ནས་བཤད་པའི་མི་འགྱུར་བའི་བདེ་བར་ངོས་འཛིན་ཏེ། གསེར་དང་ར་གན་ནོར་བ་ལགས་སོ། །གནས་ལུགས་ཕྱག་ཆེན་ལ་ནི། ཕྱག་ཆེན་གྱི་སྒྲ་བཤད་དུ་ཡོད་པ་དང༌། མཚན་ཉིད་ཕྱོགས་མཐུན་ཙམ་ཡོད་སྲིད་ཀྱང་རྒྱུད་སྡེ་ནས་བཤད་པའི་ཕྱག་ཆེན་གྱི་མཚན་ཉིད་མ་ཚང་ངོ༌། །དྲི་བ་བཅུ་གཉིས་པའི་ལན་ནི། སྤྱིར་དགའ་བཞིའི་ཡེ་ཤེས་ཙམ་རྒྱུའི་དབང་བསྐུར་བའི་དུས་རང་ན་ཡོད། ཡང་དབང་ལས་བྱུང་བའི་ཡེ་ཤེས་ཡིན་ཀྱང༌། དབང་བསྐུར་བའི་དུས་རང་དུ་སྐྱེ་དགོས་པ་རང་གིས་ཀྱང་མ་ཁྱབ། སྐད་ཅིག་མའི་དགའ་བཞི་ནི་གཞི་དུས་ནས་ཀྱང་ཡོད་པས། ནམ་སྐྱེ་ངེས་པ་མེད་ཅིང༌། དེའི་ཡེ་ཤེས་ཙམ་བསྐྱེད་རྫོགས་ཀྱི་སྐབས་ཀྱང་ཐམས་ཅད་དུ་འབྱུང་ངོ༌། །ས་ལམ་གྱིས་བསྡུས་པའི་དགའ་བཞི་བྱ་བ་ཅིག་ཡོད་པ། ཚོགས་ལམ་གྱི་


TNT10_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ན་ནི་མེད་དེ། ལམ་དེར་རྫོགས་རིམ་གྱིས་ས་མ་ཐོབ་པའི་ཕྱིར་རོ། །སྦྱོར་ལམ་དྲོད་རྩེ་གཉིས་ཡས་བབས་ཀྱི་དགའ་བཞིའི་སས་བསྡུས་ཤིང༌། བཟོད་མཆོག་གཉིས་མས་བརྟན་གྱི་དགའ་བཞིས་སས་བསྡུས་སོ། །དྲི་བ་བཅུ་གསུམ་པའི་ལན་ནི། རིག་འཛིན་ཞེས་པ། སྤྱིར་དོན་མང་པོ་ལ་འཇུག་ཀྱང་གཙོ་ཆེར་རིག་སྔགས་དང༌། རིག་སྔགས་ཀྱི་ལྷ་འཛིན་པ་ལ་བྱེད་ན། རྫས་ཀྱི་རིག་པ་འཛིན་པ་བྱ་བ། རིལ་ལུ་སོགས་གྲུབ་པ་བརྒྱད་ལྟ་བུ་ཡིན་ཅིང༌། ལོངས་སྤྱོད་ཀྱི་རིག་པ་འཛིན་པ་ནི། སྔགས་ཀྱི་མཐུ་ལས་སྒྲུབ་པ་པོ་རང་སྣང་དུ་འཁོར་ལོས་སྒྱུར་པའི་ལོངས་སྤྱོད་སོགས་ཐོབ་པ་ཅིག་ཡོང་བས། དེ་ལྟ་བུ་ལ་ཟེར། དེ་དག་ཀྱང་མིའི་རྟེན་ནི་གནས་གྱུར་ནས་འགྲོ་བ་ཡིན་པས། མིའི་འགྲོ་བ་དངོས་ནི་མིན། ལུས་ཀྱི་རིག་པ་འཛིན་པ་ནི་གཉིས་ཏེ། ལུས་འདོད་ཁམས་ཀྱི་རིག་པ་འཛིན་པ་དང༌། ལུས་གཟུགས་ཀྱི་རིག་པ་འཛིན་པའོ། །དང་པོ་ནི་བསྐྱེད་རིམ་ལ་བརྟན་པ་ཐོབ་པ་ཅིག་གིས་སྤྲོས་བཅས་སྤྲོས་མེད་གང་རུང་གི་སྤྱོད་པ་སྤྱད་པས། ལུས་འདི་ཉིད་མ་སྤངས་པར་གནས་གྱུར་ནས། འདོད་ཁམས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པའི་འཇའ་ལུས་སུ་གྱུར་པའོ། །སྔ་མ་གཉིས་དང་འདི་སྟེ་གསུམ་ཀར་སྤྱིར་འདོད་ཁམས་ཀྱི་རིག་འཛིན་ཡིན་ནོ། །གཉིས་པ་ནི་དབང་པོ་རྣོ་ན། བསྐྱེད་རིམ་ལ་བརྟན་པ་ཐོབ་པ་དེས། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་སྤྱད་པས། མི་ལུས་གནས་གྱུར་པ་ཡང་ཡོད་ལ། དབང་པོ་རྟུལ་ན་འདོད་ཁམས་ཀྱི་རིག་པ་འཛིན་པ་སྒྲུབ་པའི་རྗེས་སུ། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་སྤྱད་པས། འདོད་ཁམས་


TNT10_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལུས་དེ་གནས་གྱུར་ནས་འགྲོ་སྟེ། གང་ལྟར་ཡང་གཟུགས་ཁམས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པའི་འཇའ་ལུས་སུ་གྱུར་པའོ། །དེས་ན་འོག་མིན་གྱི་སྲིད་པ་འགྲུབ་པ་ཙམ་ལ་འོག་མིན་གྱི་རིག་འཛིན་དུ་མི་འཇོག་ལ། འོག་མིན་གྱི་དངོས་གྲུབ་ཏུ་ཡང་མི་འཇོག་གོ །དེ་ལ་དངོས་གྲུབ་ཏུ་འགྱུར་བ་ལ། ལྷ་དང་སྔགས་ཀྱི་ནུས་པས་སྒྲུབས་པ་ཞིག་དགོས་ཤིང༌། རིག་འཛིན་གྲུབ་པའི་ཐ་སྙད་ཀྱང༌། སྔགས་ཀྱི་སྒྲུབ་པའི་དོན་དང༌། ཁྱད་པར་ལུས་ཀྱི་རིག་འཛིན་གྲུབ་པ་ལ། སྒྲུབ་པ་པོ་མ་ཤི་གོང་གི་ཚེ་འདི་ཉིད་ལ་དེ་དང་དེ་འགྲུབ་པ་དགོས་ཀྱི། ཚེ་འཕོས་ཏེ་སྐྱེ་བ་ཕྱི་མ་དེར་སྐྱེས་པས་གོ་མི་ཆོད་དོ། །སྤྱིར་རིག་འཛིན་དང༌། རིག་སྔགས་འཆང་བ་འགྱུར་ཁྱད་མ་གཏོགས་དོན་གཅིག དཔེར་ན་ད་ལྟའི་མི་ཕལ་པ་རྣམས་བཟླ་བའི་ཡི་གེ་དྲུག་པ་འདི། རིག་སྔགས་ཀྱི་གཟུགས་བརྙན་ཡིན་གྱི། རིག་སྔགས་དངོས་མ་ཡིན་པས། མི་དེ་དག་རིག་སྔགས་འཆང་བར་མི་འགྱུར་རོ། །དེ་ནས་ཡིག་དྲུག་དེ་ཤིན་ཏུ་བསྒོམས་པས། གསལ་སྣང་མཐར་ཕྱིན་པའི་ཏིང་ངེ་འཛིན་རྙེད་ཅིང༌། དེ་ཉིད་བཟླས་པས་ནུས་པ་འགྲུབ་སྟེ། དེའི་ཆོ་ག་བརྩམ་པ་ཙམ་གྱིས་ལས་དང་དངོས་གྲུབ་དེ་དག་འབད་པ་མེད་པར་འགྲུབ་རུང་དུ་སོང་བ་ན་མི་དེའི་རྒྱུད་ཀྱི་ཡིག་དྲུག་དེ་རིག་སྔགས་འཆང་དངོས་སུ་སོང་བ་ཡིན་པས། མི་དེ་ཡང་རིག་འཛིན་ནམ་རིག་སྔགས་འཆང་བ་ཞེས་བྱ། དེ་ད་ལྟར་དངོས་གྲུབ་མ་ཐོབ་ཀྱང༌། དེས་བསྒྲུབ་ན་དངོས་གྲུབ་དེ་དག་འཕྲལ་དུ་འགྲུབ་ལ། དངོས་གྲུབ་འགྲུབ་ན་དངོས་འགྲུབ་དེ་ལ་རིག་པ་འཛིན་པའི་དངོས་གྲུབ་ཅེས་བྱ་ཞིང༌། གང་ཟག་དེ་ཡང་གྲུབ་པ་


TNT10_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པའོ། །རིག་འཛིན་དང་སྔགས་འཆང་དེ་འདྲ་ལ་ཟེར། དྲི་ཡིག་འདི་ན་འོག་མིན་གྱི་སྲིད་པ་ཕྱི་རོལ་པས་འགྲུབ་པ་ཡོད་པས་སོ། །གསུང་བ་ཞིག་འདུག་སྟེ། གཟུགས་ཁམས་ཀྱི་སྲིད་པ་ཞེས་གསུངས་རྒྱུ་ལ་ཡི་གེ་ནོར་པ་ཡིན་ལས་ཆེ། ཐེག་པ་སྤྱིའི་ལུགས་ལ་འོག་མིན་གནས་གཙང་མ་ཡིན་པས་འཕགས་པ་ཕྱིར་མི་འོང་གི་ནང་ཚན་བསམ་གཏན་སྤེལ་སྒོམ་བྱས་པ་རྣམས་ཁོ་ན་དེར་སྐྱེ་བ་མངོན་པ་ལས་བཤད་པས། ཕྱི་རོལ་པ་དེར་སྐྱེ་བ་མི་སྲིད་ཅིང༌། དུས་འཁོར་ལས་ཟད་པར་བསྒོམས་པས་གཟུགས་ཁམས་གཟུགས་མེད་ཉི་ཤུར་སྐྱེ་བ་ཞིག་བཤད་དེ། དོན་ནི་སྤྱི་དང་མཐུན་ལ། སྔགས་ཀྱི་དངོས་གྲུབ་འདི་ལྟ་བུ་འགྲུབ་པའང་ཕྱི་རོལ་པ་ལ་མེད་དེ་སྤྱིར་ཕྱི་རོལ་པས་སྙོམས་འཇུག་པའམ། གྲུབ་མཐས་བློ་ཁ་མ་བསྒྱུར་ཡང་ཆོས་ཉིད་ཀྱིས་ཐོབ་པའི་གཟུགས་ཁམས་གཟུགས་མེད་དུ་སྐྱེ་བ་ཡོད་ཀྱང༌། ཕྱི་རོལ་པའི་སྔགས་ལ་བརྟེན་པའི་དངོས་གྲུབ་ཐམས་ཅད་འདོད་ཁམས་ཁོ་ནའི་ཡིན་གྱི། གཟུགས་ཁམས་ཀྱི་མེད་དོ། །འདོད་གཟུགས་ཀྱི་ལྷའི་རིགས་འདི་དག་རྣམས། ལས་ཀྱི་དབང་གིས་དེར་སྐྱེས་པའི་ལྷ་རྣམས་དང་མི་འདྲ་སྟེ། དེའི་ཕྱིར་སྐལ་པ་མཉམ་པ་ཞེས་པའི་ཚིག་སྦྱོར་དགོས་སོ། །དྲི་བ་བཅུ་བཞི་པའི་ལན་ནི། རྩ་ལྟུང་ལྔ་པོ་དུས་ཀྱི་འཁོར་ལོ་ལས། ཀུནྡ་བྱང་སེམས་སྤོང་བར་བཤད་པ་གསལ་ཁ་ཅན་ཡིན་ཅིང༌། རྒྱུད་གཞན་རྣམས་ལས་བྱང་ཆུབ་ཀྱི་སེམས་སྤོང་བ་ཞེས་པ་མ་གཏོགས་བྱང་སེམས་ལ་ངོས་འཛིན་གསལ་ཁ་མེད། རྒྱུད་ཀྱི་དོན་འཆད་པའི་རྒྱ་བོད་ཀྱི་བླ་མ་རྣམས་ཀྱིས་མི་འདྲ་བ་སྣ་ཚོགས་བཤད། བླ་མ་རྗེ་བཙུན་ཆེན་པོས་


TNT10_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་ལྟུང་འཁྲུལ་སྤོང་དུ། ཀུནྡ་བྱང་སེམས་སྤོང་བ་ཙམ་ལ་རྩ་ལྟུང་དུ་འདོད་པ་ཕྱོགས་སྔར་མཛད་ནས་དགག་པ་དངོས་སུ་མཛད་གདའ་བ་ལ། བར་སྐབས་སུ་བྱུང་བའི་མཁས་པ་མང་པོས། འགོག་བྱེད་དང༌། སྒྲུབ་བྱེད་མང་པོ་མཛད་གདའ། རྩ་ལྟུང་གཞན་རྣམས་ཀྱི་སྐབས་སུ་དུས་འཁོར་གྱི་ལུང་རེ་དྲངས་ཤིང༌། ལྔ་པའི་སྐབས་འདིར་མ་དྲངས་པས། དུས་འཁོར་ལ་དགག་པ་ཡིན་སྙམ་པ་དགེ་བཤེས་ཕལ་ཆེར་ལ་བྱུང་གདའ། གསུང་དེ་ཕྱིར་རེ་མདའ་པས། འཕགས་པའི་ཡུལ་དང་གངས་རིའི་ཁྲོད་འདིར་ཡང༌། །དཔྱོད་ལྡན་ཆེན་པོ་འགའ་ཡིས་རྣམ་པར་དཔྱད། །ཅེས་ཆོས་སྤོང་གི་སྡིག་པ་ཆེན་པོ་གསོག་པ་ལ་ཧམ་པ་སྐྱེ་བའི་རྒྱུར་ཡང་སོང་འདུག་སྟེ། རྗེ་བཙུན་ཆེན་པོས་དུས་འཁོར་འགོག་པ་ནི་ཡེ་མིན་ཏེ། སྐབས་གཞན་ཐམས་ཅད་དུ་དུས་འཁོར་ལ་མཆོག་ཏུ་དགེས་ཤིང་ལུང་མང་དུ་འདྲེན་པའི་ཕྱིར་རོ། །ཤུགས་ལ་དགག་པར་སོང་སྙམ་ཡང་མ་སོང་སྟེ། དུས་འཁོར་གྱི་དགོངས་པའང་ཕྱོགས་སྔ་མ་དེ་མ་ཡིན་པའི་ཕྱིར་རོ། །དེས་ན་དབང་པོ་གཉིས་ཀྱི་བདེ་བ་དོན་དམ་པའི་ལམ་དུ་འདོད་པའི་ལོག་རྟོགས་དང་འབྲེལ་བས་མི་འགྱུར་བའི་བདེ་བ་ཆེན་པོ་སྒྲུབ་པའི་ལམ་ལ་མ་གུས་པས་ཀུན་ནས་སླང་སྟེ། ཀུནྡ་བྱང་ཆུབ་སེམས་སྤང་བ་རྩ་ལྟུང་དུ་དགོངས་པ་ཡིན་ལ། དབང་གསུམ་པའི་དམ་ཚིག་གི་སྐབས་སུ་བཤད་པ་རྣམས་དང་ནི་མི་འདྲ་སྟེ། དེ་སྐབས་ནི་ཀུན་སློང་བསམ་པའི་ཁྱད་པར་དེ་ལྟ་བུ་སྦྱོར་མི་དགོས་པར་ཚུལ་དེ་ལྟ་བུས་ཀུནྡ་སྤངས་ཀྱང༌། དབང་དེའི་དམ་ཚིག་གི་ཉེས་པར་འགྱུར་བ་འདི་ཡིན་ནོ། །སྤྱིར་འདི་དུས་འཁོར་དུ་མ་ཟད། འཁོར་ལོ་སྡོམ་


TNT10_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནས་གསུང་པའི་དམ་ཚིག་བརྒྱད་ཀྱི་ནང་ན་ཡང་ཡོད་པས། རྒྱུད་གཞན་གྱི་ལུགས་ཀྱི་བུམ་དབང་གི་དམ་ཚིག་ཏུ་མི་འགྱུར་བ་ཡང་མ་ཡིན་ནོ། །རྩ་ལྟུང་ལྔ་པ་རྗེ་བཙུན་ཆེན་པོའི་རང་ལུགས་ལ། སྨོན་སེམས་སྤོང་བ་ལ་བཤད་ཅིང༌། རྩ་ལྟུང་བཅུ་བཞི་པའི་གཞུང་ལ་རྩ་ལྟུང་འགྲེལ་ཆེན་སོགས་བཤད་པ་བྱེད་པའི་ལུགས་ཐ་དད་པ་རྣམས་དང་བསྐྲུན་ན། རྗེ་བཙུན་ཆེན་པོའི་ལུགས་དེ་གཞན་རྣམས་ལས་ལེགས་པ་ཡིན་ལ། དུས་འཁོར་པ་རྣམས་ཀྱང༌། དུས་འཁོར་ལུགས་ལྟར་འཆད་དགོས་པ་གཞིར་བཞག་ནའང། སྤྱི་ལྡོག་ནས་ལུགས་གཉིས་པོ་གང་ལེགས་ཞེ་ན། དུས་འཁོར་ལྟར་ལེགས་པར་མངོན་ཏེ། སྨོན་འཇུག་གི་བྱང་སེམས་རྣམས་བྱམས་སྙིང་རྗེ་དང་འགྲོ་ལྡོག་གཅིག་པས། རྩ་ལྟུང་གསུམ་པ་བྱམས་པ་སྤངས་པ་ཙམ་གྱིས་དེ་དག་ཀྱང་སྤངས་པར་འགྱུར་བའི་ཕྱིར་རོ། །དྲི་བ་བཅོ་ལྔ་པའི་ལན་ནི། བསྐྱེད་རིམ་ནི། མཆོག་སྒྲུབས་པའི་ཐུན་མོང་མ་ཡིན་པའི་ལམ་མིན་པར་དམ་འཆའ་དགོས་ལ། བསྐྱེད་རིམ་ཉིད་ཁོ་ན་བསྒོམ་པས་འཕགས་པའི་ས་བདུན་ཐོབ་པ་ནི་ནམ་དུ་ཡང་མི་འདོད་དོ། ། དབང་བདུན་དང་ས་བདུན་འབྲེལ་ཚུལ་ནི་གོང་དུ་བཤད་པ་ལྟར་ཡིན་ལ། འཕགས་པའི་ས་དང་པོ་ཐོབ་ནས་བསྐྱེད་རིམ་བསྒོམ་པ་མི་སྲིད་དེ། དེས་བསྙེན་སྒྲུབ་ཡན་ལག་བཞི་ལྟ་བུའི་དམིགས་པའི་རིམ་པ་སྒོམ་པ་ལ་གལ་ཏེ་ཡོད་སྲིད་ཀྱང༌། རྫོགས་རིམ་གྱི་ནང་ནས་ཀྱང༌། ཟུང་འཇུག་ཁོ་ན་ཡིན་གྱི། བསྐྱེད་རིམ་མིན་ནོ། །དེའི་ཕྱིར་བསྐྱེད་རིམ་རྐྱང་པ་སྒོམ་པ་ལྟ་ཞོག རྫོགས་རིམ་དང་འདྲིས་ཏེ་སྒོམ་པ་ཡང་དེ་ཡན་ཆད་དུ་མི་སྲིད་


TNT10_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

དེ། སངས་རྒྱས་ཀྱི་ཐུགས་དགོངས་པ་གཏོད་ཚུལ་ཅི་འདྲ་ཞིག་མཛད་ཀྱང༌། རྣམ་རྟོག་འབྱུང་བ་མི་སྲིད་པ་བཞིན་ནོ། །འཕགས་པ་མིན་ཡང་རྫོགས་རིམ་གྱི་ཡེ་ཤེས་ལ་བརྟན་པ་ཐོབ་ན། དྲག་ཤུལ་སྦྱོར་བ་སོགས་དགོས་པའི་ཁྱད་པར་འགའ་ཞིག་ལ། བསྐྱེད་རིམ་ཅུང་ཟད་སྒོམ་པ་སྲིད་ཀྱང༌། ཕལ་ཆེར་མི་སྒོམ་སྟེ། དགོས་པ་མེད་པའི་ཕྱིར་རོ། །ཡང་དབང་བདུན་གྱི་འཕགས་པའི་ས་དེ་དང་དེ་ཐོབ་པའི་རྟེན་འབྲེལ་སྒྲིག་ཀྱང༌། དེས་དེ་དག་ཐོབ་པར་བྱེད་མི་དགོས་ཏེ། དཔེར་ན་ལྷའི་མངོན་རྟོགས་ཀྱི་འགོར་ཡེ་ཤེས་ཚོགས་བསོག་བསྒོམ་པས་ཆོས་སྐུ་ཐོབ་པའི་རྟེན་འབྲེལ་སྒྲིག་ཀྱང༌། དེ་ཙམ་གྱིས་ཆོས་སྐུ་ཐོབ་པར་མི་འགྱུར་ཞིང༌། ཆོས་སྐུ་ཐོབ་ལ་ཁད་པའི་སྐབས་སུ་དེ་འདྲ་སྒོམ་ཡང་མི་དགོས་པ་བཞིན་ནོ། །དེས་ན་དབང་བདུན་བསྐྱེད་རིམ་དང་བཅས་པ་ནི། ས་བདུན་ཐོབ་པའི་རིང་རྒྱུ་ཙམ་བྱེད་ཀྱང༌། དངོས་རྒྱུ་བྱེད་པ་མི་སྲིད་ཅིང༌། རྒྱུད་པའི་རྒྱུ་ལ་ཡང་འདི་རྣམས་མེད་ཀྱང༌། ཐབས་གཞན་གྱིས་ས་བདུན་པོ་སྒྲུབ་ཏུ་ཡོད་པའི་ཕྱིར། ཐུན་མོང་མ་ཡིན་པའི་རྒྱུ་ཡང་མ་ཡིན་ལ། མེད་ན་མི་འབྱུང་གི་རྒྱུ་ཡང་མིན་ནོ། །འདི་ནི་དུས་འཁོར་བའི་ཆོས་སྐད་དུ་མ་ཟད། རྩ་བའི་གྲུབ་མཐར་དམ་འཆའ་བ་ལགས། ཡང་ལས་དང་པོ་པ་ལ་དེ་དག་མི་དགོས་ཟེར་བ་ནི། ཡེ་མ་ལགས། དབང་པོ་རྣོན་པོ་ཁ་ཅིག་མ་གཏོགས་ཕལ་ཆེར་ལ་གལ་ཡང་ཤིན་ཏུ་ཆེ་བ་ཡིན་ལ། རང་རེ་ཡང་དེ་དག་ལ་འབད་རྩོལ་བྱེད་པར་མོས་པ་ཡིན་མོད་ཀྱི། དངོས་པོའི་མཚན་ཉིད་དང་ཆོས་ནས་བཤད་ཚུལ་ལ་མི་ལྟ་བར། རང་ལ་མཁོ་བ་དེ་མཆོག་ཏུ་སྒྲུབ་ཅིང༌། མི་མཁོ་བ་རྣམས་ལ་


TNT10_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

བརྙས་སེ་བྱེད་པ་དེ། བླུན་པོའམ་གཡོ་ཅན་གྱི་རྣམ་ཐར་ཡིན་པས། རིང་དུ་སྤང་པ་ལགས་སོ། །སྤྱིར་བླ་མ་རེ་ལ་གྲུབ་མཐའ་རེའི་དཔེ་ཡིན་པས། འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་མི་ཟེར་ཡང༌། བདག་ཅག་ཉིད་ཀྱི་སེམས་ལ་རྣམ་རྟོག་གཏིང་ཚུགས་པའི་གྲུབ་མཐའ་ཐུན་མོང་མ་ཡིན་པ་མང་པོ་བདོག་ཅིང༌། ཁྱད་པར་དུ་སྔགས་ཀྱི་ལམ་རིམ་ལ། བོད་རྣམས་ཀྱི་ཟེར་སྒྲོས་ཕལ་ཆེར་ཡང་ཁོང་དུ་ཆུད་མོད། རྩོད་པའི་དུས་ཀྱི་རྡོ་རྗེ་འཆང་ངམ། ཧེ་རུ་ཀ་དངོས་རྒྱ་གར་གྱི་གྲུབ་ཆེན་ཞི་བ་སྦས་པའི་ལུགས་སྲོལ་ལ་ཡིད་བརྟན་འཆའ་བ་ཡིན་གྱི། དཔེ་ཉོག་ཟེར་སྒྲོས་བསྡུ་མཁན་ཞིག་མ་ལགས་སོ། །དྲི་ལན་མདོ་ཙམ་སྦྱར་བ་འདི། །ཐུགས་ལ་འཕྲོད་པར་སྨོན་པ་ལགས། །སླར་ཡང་ཆོས་དང་ལྡན་པ་ཡི། །གླེང་སླང་འདི་འདྲ་གོང་འཕེལ་ཤོག །བོ་དོང་བྱ་རྒོད་གཤོངས་ཀྱི་འཆད་ཉན་མཛད་པ་ཀླུ་སྒྲུབ་སྐུ་སྐྱེ་དྲུང་གི་དྲི་ལན། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྦྱར་བའོ།། །།ཞུས་སོ། །བཀྲ་ཤིས། དུས་ཀྱི་འཁོར་ལོ་བླ་མ་དབྱེར་མེད་ལ། །གུས་པས་སྐྱབས་གསོལ་འདིར་བསགས་རབ་དཀར་མཐུས། །ཤམྦྷ་ལ་རུ་རིགས་ལྡན་སྲས་འགྱུར་ཏེ། །བསྟན་འགྲོ་ཡོངས་ལ་རླབས་ཆེན་ཕན་ཐོགས་ཤོག །ཅེས་པའང་མ་ཏིས་སོ། བསོད་ནམས་བསགས་དགེས་བ་དག་སོགས་འགྲོ། །འདི་ཕྱི་ཀུན་ཏུ་ཡང་དག་གི། ཆོས་མཐུན་ཁོ་ནས་ལེགས་འཚོ་ཞིང་། རྐྱེན་ངན་གང་གིས་བསྒྱུར་མེད་ཤོག །ཅེས་པའང་མ་ཏིས་སོ།


previousཟབ་མོ་སྔགས་ཀྱི་དྲི་ལན་སྒོ་བརྒྱ་འབྱེད་པའི་ལྡེ་མིགnext