Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་རྡོ་རྗེ་གདན་བཞིའི་རྩ་བའི་དཀྱིལ་འཁོར་ཡེ་ཤེས་དབང་ཕྱུག་མ་ལྷ་བཅུ་གསུམ་གྱི་བདག་ཉིད་ཅན་གྱི་སྒྲུབ་ཐབས་བདུད་རྩིའི་ཐིག་ལེ།
   
   


 
previousདཔལ་རྡོ་རྗེ་གདན་བཞིའི་རྩ་བའི་དཀྱིལ་འཁོར་ཡེ་ཤེས་དབང་ཕྱུག་མ་ལྷ་བཅུ་གསུམ་གྱི་བདག་ཉིད་ཅན་གྱི་སྒྲུབ་ཐབས་བདུད་རྩིའི་ཐིག་ལེ།next

དཔལ་རྡོ་རྗེ་གདན་བཞིའི་རྩ་བའི་དཀྱིལ་འཁོར་ཡེ་ཤེས་དབང་ཕྱུག་མ་ལྷ་བཅུ་གསུམ་གྱི་བདག་ཉིད་ཅན་གྱི་སྒྲུབ་ཐབས་བདུད་རྩིའི་ཐིག་ལེ།


TNT11_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་གདན་བཞིའི་རྩ་བའི་དཀྱིལ་འཁོར་ཡེ་ཤེས་དབང་ཕྱུག་མ་ལྷ་བཅུ་གསུམ་གྱི་བདག་ཉིད་ཅན་གྱི་སྒྲུབ་ཐབས་བདུད་རྩིའི་ཐིག་ལེ་ཞེས་བྱ་བ་བཞུགས།


TNT11_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། ཡེ་ཤེས་རང་བཞིན་བདེ་བའི་གཏེར། །ཆོས་དབྱིངས་མཁའ་མཉམ་དབང་ཕྱུག་མ། །གྲུབ་པ་ཀུན་གྱི་མཆོག་སྩོལ་མཛད། །རྡོ་རྗེ་ལྷ་མོས་དགེ་ལེགས་སྩོལ། །ཐར་པ་དམ་པའི་གྲོང་ཁྱེར་དུ། །སྐལ་ལྡན་གཞུག་པའི་སྒོ་མོ་བརྒྱ། །དེ་ལས་གཅིག་གཅིག་འདིར་དབྱེ་སྟེ། །རྒྱལ་བའི་ལམ་འདི་ཐུན་མོང་མིན། །འདིར་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་གདན་བཞི་ལས་འབྱུང་བའི་རྩ་བའི་དཀྱིལ་འཁོར་རྗེ་བཙུན་ཡེ་ཤེས་དབང་ཕྱུག་མ་ལྷ་བཅུ་གསུམ་གྱི་བདག་ཉིད་ཅན་སྒྲུབ་པར་འདོད་པས། སྒྲུབ་པ་དངོས་ཀྱི་རིམ་པ་དང༌། རྗེས་ཐུན་མཚམས་ཀྱི་ཆོས་སོ། །དང་པོ་ལ་བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པའོ། །དང་པོ་ལ་གཉིས་ཏེ་བསྐྱེད་རིམ་དངོས་དང༌། ཡན་ལག་བཟླས་པའོ། །དང་པོ་ལ་བཞི་སྟེ། རྣལ་འབྱོར་དང༌། རྗེས་སུ་རྣལ་འབྱོར་དང༌། ཤིན་ཏུ་རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོའོ། །ཡང་ན་དབྱེ་བ་གསུམ་སྟེ། དང་པོ་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་དང༌། ལས་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏེ་གསུམ་མོ། །དེ་རྣམས་ཀྱི་དབྱེ་བའི་སྡོམ་ནི། རྟེན་སྦྱང་མཆོད་སྒྲུབ་བགེགས་བསྲུང་དང༌། །


TNT11_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་བསག་རྣམས་ནི་རྣལ་འབྱོར་རོ། །བསྐུལ་བས་བཞེངས་དང་བྱིན་གྱིས་བརླབ། །དབང་བསྐུར་མཆོད་བསྟོད་རྗེས་རྣལ་འབྱོར། །རྟེན་བསྐྱེད་བརྟེན་པ་བསྐྱེད་པ་དང༌། །བྱིན་བརླབ་ཤིན་ཏུ་རྣལ་འབྱོར་ཡིན། །དགུག་གཞུག་ཕྱག་རྒྱས་རྒྱས་བཏབ་དང༌། །མཆོད་བསྟོད་བདུད་རྩི་མྱང་བ་ནི། །རྣལ་འབྱོར་ཆེན་པོ་ཡིན་པར་བཤད། །དེ་ལྟར་ཡན་ལག་བཅུ་བཞི་ནི། །རྣལ་འབྱོར་བཞི་ཡིས་བསྡུས་པ་ཡིན། །ཡང་ན་ཏིང་འཛིན་གསུམ་གྱིས་བསྡུས། །གཙོ་མོ་བསྐྱེད་པ་ཡན་ཆད་ནི། །དང་པོ་སྦྱོར་བ་ཡིན་པར་འདོད། །རྟེན་དང་བརྟེན་པ་བསྐྱེད་པ་གཉིས། །དཀྱིལ་འཁོར་རྒྱལ་མཆོག་ཞེས་སུ་བྱ། །རྣལ་འབྱོར་ཆེན་པོར་གང་བསྟན་པ། དེ་ནི་ལས་རྒྱལ་མཆོག་ཡིན་ནོ། །མངོན་རྟོགས་ཆིངས་ནི་གཉིས་ཡོད་ཀྱང༌། །ཡན་ལག་བཅུ་བཞིར་མཚུངས་པ་ཡིན། །དེ་ལ་ཡན་ལག་བཅུ་བཞི་ནི། རྟེན་སྦྱང་བ། མཆོད་པ་སྒྲུབ་པ་བགེགས་བསྲུང་བ། ཚོགས་བསག་པ། བསྐུལ་ནས་བཞེངས་བ་བྱིན་གྱིས་བརླབ་པ་དབང་


TNT11_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བ་མཆོད་ཅིང་བསྟོད་པ་རྟེན་གྱི་དཀྱིལ་འཁོར་བསྐྱེད་པ་བརྟེན་པ་ལྷ་ཚོགས་སྤྲོ་བ་གོ་ཆ་བྱིན་གྱིས་བརླབ་པ་ཡེ་ཤེས་འཁོར་ལོ་དགུག་གཞུག་ཕྱག་རྒྱས་བཏབ་པ་མཆོད་བསྟོད་བདུད་རྩི་མྱང་བ་རྣམས་སོ། །དེ་ལ་དང་པོ་བྲིས་སྐུ་ལ་སོགས་པའི་མདུན་དུ་ཙན་དན་དམར་པོ་ལ་སོགས་པའི་མཎྜལ་ཚོམ་བུ་དང་བཅས་པ། མདུན་དུ་མཆོད་ཡོན་གཡས་སུ་ཉེར་སྤྱོད། གཡོན་དུ་གསང་ཆུ་རྣམས་བཤམ། སྐྱབས་སེམས་དང་ཡིག་བརྒྱ་ཅི་རིགས་པ་ཇོན་དུ་བཏང་ལ། དང་པོ་རྟེན་སྦྱང་བ་ནི། རང་སྐད་ཅིག་གིས་ཡེ་ཤེས་མཁའ་འགྲོ་མར་གསལ་བའི་སྙིང་ཆུ་ཤིང་གི་མེ་ཏོག་འདབ་མ་བརྒྱད་པ་ཁ་བྱེ་བའི་ལྟེ་བར་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ་ནི་སེམས་སྦྱང་བའོ། །ལག་པ་གཡས་པའི་མཐིལ་དུ་ཨ་ཡིག་ལས་ཉི་མའི་དཀྱིལ་འཁོར། མཐེ་བོང་ལ་སོགས་པའི་སོར་མོ་ལྔ་ལ་ཨཱཿསུཾ་ཀྵུཾ་ཡུཾ་ཧཱུཾ་རྣམས་རྡོ་རྗེ་རྩེ་ལྔ་པ། གཡོན་པའི་མཐིལ་དུ་སོཾ་ཡིག་ལས་ཟླ་བ། མཐེ་བོང་ལ་སོགས་པའི་སོར་མོ་ལྔ་ལ། སཾ་རྣམས་ལས་པདྨ་འདབ་མ་ལྔ་པར་གྱུར། ལག་པ་བྱིན་གྱིས་བརླབ་པའོ། །མགྲིན་པར་ཧྲཱིཿལས་པདྨ་འདབ་བརྒྱད་དམར་པོ། ལྕེའི་འདབ་མར་ཟླ་བ་ལ་གནས་པའི་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ། ཨོཾ་ཨཱཿཛི་ཧ་སཾ་བརྟ་ནི་ཧཱུཾ་ཕཊ། ལན་གསུམ། གཡོན་པ་བ་དན་གསུམ་པའི་ཕྱག་རྒྱས་གནས་རྣམས་སུ་རེག་ཅིང༌། སྤྱི་བོ་ཀྵུཾ་མིག་གཉིས་སུ་ཧཱུཾ། རྣ་བ་དང་སྣ་ལ་ཡུམ། ལྕེ་ལ་སུཾ། མགྲིན་པར་། དཔུང་པར་། སྙིང་གར་།


TNT11_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བར་ཅེས་བྱིན་གྱྀས་བརླབ་བོ། །གཉིས་པ་མཆོད་པ་སྒྲུབ་པ་ནི། སེང་གེ་མོའི་དམ་ཚིག་གི་ཕྱག་རྒྱ་བཅས་ལ། ཨོཾ་ཞེས་མང་དུ་བཟླས་པས་བསང་ཆུ་བསྒྲུབས་ལ། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་མཆོད་ཡོན་གྱི་སྣོད་དང་གཏོར་མ་ལ་རེག་སྟེ། ཨོཾ་ཧཱུཾ་སྭཧཱ། ཞེས་ལན་བདུན། ཨཱཪྱ་དེ་བའི་གཞུང་དངོས་ལས་མཆོད་ཡོན་ཁོ་ནས་བསང་ཆུ་བྱེད་པར་བཤད་ཀྱང་ལག་ལེན་དུ་བསང་ཆུ་ལོགས་སུ་བྱེད་པས། སྔར་བསྒྲུབས་པའི་བསང་ཆུས། གནས་དང་མཆོད་རྫས་ལ་གཏོར་ལ། ཨོཾ་སརྦ་བི་མ་ལ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ། ཀྱིས་བསངས། སྟོང་པའི་ངང་ལས་གསེར་གྱི་སྣོད་བཟང་ཞིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་བཾ་ཧཱུཾ་ཤྲིཾ་ཀུཾ་ཀྵུཾ་ཨིཾ་གུཾ་རྣམས་ལས་བྱུང་བའི་མཆོད་རྫས་ཟག་མེད་བདེ་བའི་རང་བཞིན་ནམ་མཁའ་དང་མཉམ་པར་གྱུར། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་དང༌། ཨོཾ་པྲ་ཏཱི་ཙྪ་ཨརྒྷཾ་ཧཱུཾ། གཡས་ཀྱི་མཐེབ་མཛུབ་སྦྱར་བ་དང༌། པྲ་བ་ར་སཏ་ཀཱ་ར་པཱ་དྱཾ་པྲ་ཏཱིཙྪ་ཧཱུཾ། དེ་བཞིནདུ་དྲི་ཆབ་ལ་སོགས་པའི་ཕྱག་རྒྱ་དང་བཅས་ཏེ། ཨོཾ་ཧཱུཾ་སྭཱཧཱ། ཨོཾ་ཤྲཱིཾ་སྭཱཧཱ། ཨོཾ་ཀུཾ་སྭཱཧཱ། ཨོཾ་ཀྵུཾ་སྭཱཧཱ། ཨོཾ་ཨིཾ་སྭཱཧཱ། ཨོཾ་གུཾ་སྭཱཧཱ། ཞེས་བྱིན་གྱིས་བརླབ། གསུམ་པ་བགེགས་བསྲུང་བ་ནི། རྡོ་རྗེ་ཁུ་ཚུར་གཉིས་ལས་གུང་མོ་གཉིས་བསྒྲེང་བ་དང༌། ཨོཾ་ཧཱུཾ་ཕཊ། མཐེ་བོང་གཉིས་སྦྲཻལ། སོར་མོ་ལྷག་མ་ངང་པའི་གཤོག་པ་ལྟ་བུ་ཕྱིར་ལྡོག་ལ་སྙིང་གར་བཞག ཨོཾ་བཛྲ་ཀ་ཝ་ཙ་ཧཱུཾ་ཕཊ། བདག་བསྲུང་བའོ། །སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་ཕྱོགས་ཀུན་དུ་བསྐོར་ལ། ཨོཾ་ཧཱུཾ་སྭཱཧཱ། ཕུར་བུའི་ས་གཞི་དང་རྡོ་རྗེའི་རྭ་བ་དང་དྲ་བར་གྱུར། གནས་བསྲུང་བའོ། །རྡོ་རྗེ་ཁུ་ཚུར་གན་


TNT11_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱལ་ལས་འཛུབ་མོ་བརྐྱང་བ་རྩེ་སྤྲད་དེ་ལྡོག་ནས་སྙིང་ག་དང་རྒྱབ་དང་སྤྱི་བོ་རྣམས་སུ་ལན་གསུམ་བསྐོར་ནས། ཨོཾ་ཌ་ཊྭུཾ་ཧཱུཾ་སྭཱཧཱ། མཉམ་པའི་ཐལ་མོ་ལན་གསུམ་གདབ་སྟེ། ཨོཾ་བཛྲ་ཏུ་ཤྱ་ཧོཿ ཅེས་གོ་ཆ་བཅིང་བ་ནི་རྣལ་འབྱོར་བསྲུང་བའོ། །བཞི་པ་ཚོགས་བསག་པ་ནི། རང་གི་སྙིང་གའི་ཧཱུཾ་ལས་འོད་འཕྲོས། བཅོམ་ལྡན་འདས་མ་ཡེ་ཤེས་དབང་ཕྱུག་མ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཨོཾ་བཛྲ་ས་མ་ཛ། མཎྜལ་གྱི་སྟེང་དུ་བཞུགས་པར་གྱུར། དེ་ལ་མཆོད་པ་ནི་གཡས་པའི་མཐེབ་མཛུབ་སྦྱར། སོར་མོ་ལྷག་མ་རྣམས་བརྐྱང་སྟེ། ཨོཾ་ཤྲཱིཾ་སྭཱཧཱ། མེ་ཏོག་དང༌། ལག་པ་བརྐྱང་སྟེ་དྲིས་བྱུག་པའི་ཚུལ་དུ། ཨོཾ་ཧཱུཾ་སྭཱཧཱ། དྲི་ཆབ་དང༌། ལག་པ་གཡས་པའི་གུང་མོ་བསྒྲེང་ཞིང་སོར་མོ་ལྷག་མའི་རྩེ་སྦྱར་བ་དང༌། ཨོཾ་ཀུཾ་སྭཱཧཱ། བདུག་སྤོས་སོ། །གཡས་པའི་ཁུ་ཚུར་ལས་མཐེ་བོང་བསྒྲེང་བ་དང༌། ཨོཾ་ཀྵུ་སྭཱཧཱ། མར་མེའོ། །ཐལ་མོ་ཁ་གྱེན་དུ་ཕྱེ་བ་ལས། མཐེ་བོང་གཉིས་དབུས་སུ་བསྐྱོད་པ་དང༌། ཨོཾ་ཨིཾ་སྭཱཧཱ། ཞལ་ཟས་དང༌། དེ་ཉིད་ལས་མཐེ་བོང་ཕྱིར་བསྐྱེད་པ་དང༌། ཨོཾ་གུཾ་སྭཱཧཱས་གཏོར་མ་འབུལ་ལོ། །དེ་ནས་པད་སྐོར་སྔོན་དུ་འགྲོ་བས་ཐལ་མོ་སྦྱར་ནས། ཨོཾ་ན་མ་སྟེ་ཧཱུཾ་ན་མཱ་མི་ཧཱུྃ་ན་མོ་ན་མཿཧཱུྃ་སྭཱཧཱ། ཨོཾ་པཉྩ་ཌཱ་ཀི་ནཱི་པཱུ་ཛ་ཨུ་པ་ས་ཐཱ་ནཱ་ཡ་ཨཏྨཱ་ནཱཾ་ནཱིར་ཡ་ཏ་ཡཱ་མི། ཨོཾ་ཨཱ་ཙཱིརྻ་པཱུ་ཛ་ཨུ་པ་ས་ཐཱ་ནཱ་ཡ་ཨཏྨཱ་ནཱཾ་ནཱྀརྻ་ཏ་ཡཱ་མི། ཨོཾ་ས་ཀ་ལ་ཏྭ་པ་རི་ཏྲ་ཎཱ་ཡ་ཨཱཏྨ་ནཱཾ་ནཱིརྻ་ཏ་ཡཱ་མི། ས་མ་ཡ་སྟཱཾ།


TNT11_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

ས་མ་ཡ་ཧོ་ཧོ་ཧོཿ ཞེས་པ་རྣམས་ལན་གསུམ་གྱིས་ཕྱག་བྱ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་གི་སྐྱབས་སུ་མཆི། །ཐམས་ཅད་ཐེག་པ་གསུམ་པོ་དང༌། །སྦྱོར་བ་གསང་བའི་མཁའ་འགྲོ་མ། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །རྣམ་སྣང་མི་བསྐྱོད་རིན་ཆེན་མཆོག །སྣང་བ་མཐའ་ཡས་དོན་ཡོད་སོགས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། བདག་ལ་དགོངས་པར་མཛད་དུ་གསོལ། ཆེ་གེ་མོ་ཞེས་བྱ་བ་བདག །དུས་འདི་ཉེ་བར་བཟུང་ནས་སུ། །བྱང་ཆུབ་ཆེན་པོ་ཐོབ་ཀྱི་བར། །བླ་ན་མེད་པའི་བྱང་ཆུབ་སེམས། །མཆོག་ཏུ་བདག་གིས་བསྐྱེད་པར་བགྱི། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་དུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་བཟུང༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་བཟུང་


TNT11_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པ་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང༌། །མ་བསྒྲལ་བ་རྣམས་བདག་གིས་སྒྲོལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ། །མཆོད་ཡུལ་རང་ལ་ཐིམ། ལྔ་པ་བསྐུལ་ཞིང་བཞེངས་པ་ནི། སྙིང་གར་ཟླ་བ་ལ་གནས་པའི་ཀྵུཾ་ཡིག་དམར་པོའི་འོད་ཟེར་ཀྱིས་རང་ལུས་དང་སྣོད་བཅུད་ཐམས་ཅད་བསྲེགས་ཏེ་སྟོང་ཉིད་དུ་སྦྱངས། །སེམས་ཉིད་འོད་གསལ་ཆོས་ཀྱི་སྐུ་ལ་གནས་པར་གྱུར། །ཨོཾ་སྭཱ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭཱ་བྷཱ་ཝ་ཤུདྡྷོ་ཧཾ། དེའི་ཚེ་མཁའ་འགྲོ་མ་བཞིའི་གླུ་དབྱངས་ཀྱིས་བསྐུལ་བ་ནི། ཛཿཛཿཛཿཛཿརྡོ་རྗེ་སེམས་དཔའ་དངོས་གྲུབ་བཞུགས་པའི་བདག་པོ་ཁྱོད། །ཧ་ཧ་ཧ་ཧ་


TNT11_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ཡིག་མགོན་པོ་དམ་ཚིག་བདག་པོ་བདག་ཕྱག་འཚལ། །བ་བ་བ་བ་རྡོ་རྗེ་སྒྲོག་གི་གསང་བ་ལས་བྱུང་སྐུ་འཛིན་པ། ཨ་ཨ་ཨ་ཨ་ཨ་ཧོ་མགུ་བའི་རྡོ་རྗེ་ཨ་ལི་གཅིག་ཏུ་ཐིམ་པའི་ཧཱུཾ། དེ་ནས་སྟོང་པའི་ངང་ལས་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རི་རཱི་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ་ལས་ཟླ་བའི་དཀྱིལ་འཁོར་གཉིས་པར་གྱུར། ཛྙ་ནོ་྅ཧཾ། ཟླ་བའི་དབུས་སུ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱཿབཛྲ་ཤུདྡྷོ྅ཧཾ། རྡོ་རྗེ་དེ་ལས་འོད་འཕྲོས། དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་སྤྲུལ། ཞིང་ཁམས་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱས། སླར་ཡང་རྡོ་རྗེ་དེ་ཉིད་ལ་ཐིམ་ཨོཾ་བརྟ་མོ་ནོ྅ཧཾ་ཧོཿ དེ་ལས་རང་ཉིད་ཡེ་ཤེས་མཁའ་འགྲོ་མ་སྐུ་མདོག་སྔོན་མོ་ཆར་སྤྲིན་འཁྲིགས་པ་ལྟ་བུ་འོད་ཟེར་འབར་བ། རྩ་ཞལ་མཐིང་ཁ་ཤས་ཆེར་ཁྲོས་པ། གཡས་ཞལ་དཀར་པོ་ཅུང་ཟད་བཞད་པ། གཡོན་ཞལ་དམར་པོ་སྒེག་པའི་ཉམས་ཅན། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། དབུ་སྐྲ་དམར་སེར་གྲོལ་བ། སངས་རྒྱས་ལྔ་དང་ཐོད་སྐམ་ཀྱིས་དབུ་ལ་བརྒྱན་པ། ན་བཟའ་དམར་པོ་བསྣམས་ཞིང་སྦྲུལ་དང་རིན་པོ་ཆེའི་སྤྲས་པ། འོད་ཟེར་འབར་བའི་ཕྲེང་བ་ཅན། ཕྱག་དྲུག་གི་


TNT11_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་པ་གསུམ་གྱིས་ཁ་ཊྭཱཾ་ག་འཕྱར་བ་དང༌། དགྲ་སྟ་དང༌། རྡོ་རྗེ། གཡོན་གསུམ་གྱིས་རྡོ་རྗེ་དྲིལ་བུ་དང༌། ཐུགས་ཀར་གཏོད་པའི་ཐོད་པ་དང༌། རལ་གྲི་འཛིན་པ། སེངྒེའི་གདན་གྱི་སྟེང་དུ་པད་ཉི་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་རང་འོད་ཀྱི་རྡོ་རྗེ་སེམས་དཔའ་ལ་འཁྱུད་པའོ། །ཨོཾ་ཨུདྦྷ་ཝོ྅ཧཾ་ཨཱ་ཨཱ་ཨཱ་ཨཾ་ཧཱུཾ་སྭཱཧཱ། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨཱཿཡོ་ག་ཤུདྡྷོ྅ཧཾ། རྡོ་རྗེ་གསོར་ཞིང༌། ཨོཾ་ཛྙཱ་ན་ཀཱ་ཡོ྅ཧཾ། དྲུག་པ་བྱིན་ཀྱིས་བརླབ་པ་ནི། གོང་བཞིན་ཡན་ལག་བརྒྱད་བསྲུང་བ་དང༌། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། བ་དན་རྩེ་གསུམ་པའི་ཕྱག་རྒྱས་རེག་ལ། ཨོཾ་བཛྲ་ཀཱ་ཡ་ཧོ། ཨོཾ་བཛྲ་བཱཀྱ་ཨཱཿཨོཾ་བཛྲ་ཙིཏྟ་ཧཱུཾ། ཞེས་པ་རྣམས་ཀྱྀིས་རྒྱས་བཏབ། བདུན་པ་དབང་བསྐུར་བ་ནི། ཐལ་མོ་སྦྱར་བའི་མཐའ་བཞི་ལྕགས་སྒྲོག་ལྟར་འདུད། དབུས་གཉིས་རྩེ་སྦྱར། བར་པ་བཞི་བརྐྱང་བ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་སྙིང་ག་དཔྲལ་བ་མགྲིན་པ་སྤྱི་བོ་རྣམས་སུ་རེག་ཅིང༌། ས་མ་ཡོ྅ཧཾ་ཧཱུཾ་ཧཱུཾ་ས་མ་ཡོ་སྟྭཾ་ཨ་དྷྀ་ཏིཥྟ་མཱཾ། ཅེས་བརྗོད། རྡོ་རྗེ་རྩེ་གསུམ་གྱི་ཕྱག་རྒྱ་མགོ་བོའི་གནས་ལྔར་རེག་སྟེ། ཨོཾ་ཧཱུཾ་ཨཱཿསྭཱཧཱ། རྣམ་སྣང་གཙོ་བོར་གྱུར་པའི་རིགས་ལྔས་དབུ་བརྒྱན། བརྒྱད་པ་མཆོད་བསྟོད་ནི། གོང་དུ་བསྟན་པ་ལྟར་ཕྱག་རྒྱ་བྱས་ལ། ཨོཾ་བཛྲ་པུཥྤེ་མཱ་ལེ་སྭཱཧཱ། ཨོཾ་དྷཱུ་པེ་ཤྭ་རི་ཧཱུཾ་སྭཱཧཱ། ཨོཾ་ཏིཀྵྞ་དཱི་པེ་ཧཱུཾ་སྭཱཧཱ། ཨོཾ་པྲ་ཏཱིཙྪ་སུ་གནྡྷེ་ཧཱུཾ་སྭཱཧཱ། ཨོཾ་ཀུ་རུ་ཀུ་རུ་མཧཱ་བ་ལི་ཧཱུཾ་སྭཱཧཱ། ཞེས་པས་མཆོད། ཨོཾ་


TNT11_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་སྭཱཧཱ། རྡོ་རྗེ་བཟུང༌། ཨོཾ་ཧྲཱིཿསྭཱཧཱ། དྲིལ་བུ་དཀྲོལ། འཕྲོག་བྱེད་ཅོད་པན་ནོར་བུའི་འོད་ཀྱིས་ཞབས་གཉིས་བརྒྱན། །དྲིལ་བུ་ལས་བྱུང་ཐུགས་ཀར་དམ་དུ་འཁྱུད་པའི་སྐུ། །ཞབས་གཉིས་བསྐྱོད་པས་གསང་བ་ལས་བྱུང་པདྨར་སྦྱོར། །རྡོ་རྗེ་སེམས་མཛེས་དབང་ཕྱུག་དམ་པའི་གོ་འཕང་མཆོག །ཅེས་བསྟོད། དགུ་པ་རྟེན་གྱི་དཀྱིལ་འཁོར་སྒོམ་པ་ནི། ལག་པ་གཡོན་པའི་རྒྱབ་དང༌། གཡས་ཀྱི་མདུན་སྦྱར་བས་དབང་ལྡན་ནས་བརྩོམས་ཏེ་བསྐོར་ཞིང༌། ཨོཾ་བཛྲ་པྲ་ཀ་ར་ཧཱུཾ་ཕཊ། རྡོ་རྗེའི་རྭ་བ་དང༌། ལག་གཉིས་ཕན་ཚུན་རྩེ་སྤྲད། ཨོཾ་ཛུཾ་སྭཱཧཱ། སྟེང་དུ་རྡོ་རྗེ་དྲ་བ་དང༌། གཡོན་པའི་ཁུ་ཚུར་གྱིས་མཐེ་བོ་ས་ལ་བཙུགས་ཏེ། ཨོཾ་བྷྲུཾ་སྭཱཧཱ། འོག་ཏུ་ཕུར་བུའི་ས་གཞི་དང༌། དེ་རྣམས་སྟེང་དུ་བསྐོར་ཏེ། ཨོཾ་ཛཾ་སྭཱཧཱ། ནམ་མཁའ་ལ་རྡོ་རྗེའི་བླ་བྲེའོ། །བསྲུང་བའི་འཁོར་ལོའི་ནང་དུ་ཡུམ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ་ཀྵུཾཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། སུཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། དེའི་སྟེང་དུ་ཧཱུཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི། ཧཱུཾ་སུཾ་ཧཱུཾ་ལས་རི་རབ་ལྷུན་པོ་ལྕོག་བརྒྱད་ཀྱིས་མཛེས་པ་རྣམས་སྟེང་ནས་སྟེང་དུ་བརྩེགས་པའོ། །རྡོ་རྗེ་བསྡམ་པ་ཁ་སྦུབ་སྟེ་ས་ལ་བཞག ཨོཾ་ཧཱུཾ་སྭཱཧཱ། ས་གཞི་རྡོ་རྗེའི་རང་བཞིན་དུ་གྱུར། དེའི་སྟེང་དུ་རིན་པོ་ཆེའི་སྣ་བདུན་གྱིས་སྤྲས་པའི་གསེར་གྱི་གཞལ་


TNT11_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་བརྒྱན་པ། རྩིག་པ་རིམ་པ་ལྔ་དང་ལྡན་པ། རིན་པོ་ཆེའི་ཕ་གུ་དང༌། དྲ་བ་དང༌། དྲ་བ་ཕྱེད་པ་དང༌། ཤར་བུ་དང༌། མདའ་ཡབ་དང་ལྡན་པ། རྩིག་པའི་ཕྱི་རོལ་དུ་མཆོད་པའི་གཟུངས་མ་རྣམས་དང་ལྡན་པའི་ཁ་ཁྱེར་གྱིས་བསྐོར་བ། རིན་པོ་ཆེའི་རང་བཞིན་གྱི་ཀ་བ་དང༌། དྲིལ་བུ་ལ་སོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ནང་ཀ་བ་བརྒྱད་དང་ལྡན་པས་སྟེང་ཐོག་རིམ་པར་ཕུབ་པ། དབུས་ཕྱུར་བུའི་རྩེ་མོར་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་བརྒྱན་པ། ནང་གི་ལྷ་སྣམ་ཤར་དཀར་བྱང་སེར་ནུབ་དམར་ལྷོ་ནག དབུས་སྔོ་བའི་སྟེང་དུ་པདྨ་དཀར་པོ་འདབ་མ་བརྒྱད་པའོ། །གཞལ་ཡས་ཁང་གི་ཕྱི་རོལ་པདྨའི་ཁོར་ཡུག་དང༌། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དུར་ཁྲོད་ཆེན་པོ་བརྒྱད་དང༌། རྡོ་རྗེའི་རྭ་བ་དང༌། མེའི་ཁོར་ཡུག་གིས་བསྐོར་བ། ནང་གི་པདྨའི་ལྟེ་བ་དང་ཕྱོགས་བཞིའི་འདབ་མ་ལ་སེང་གེའི་གདན་པད་ཉི་དང་བཅས་པ། སྟེང་གི་ནམ་མཁའ་ལ་གདུགས་དཀར་པོ་རེ་རེས་བརྒྱན་པའོ། །བྱང་ཤར་དུ་གླང་པོ་ཆེ། ཤར་ལྷོར་རིན་པོ་ཆེའི་སྣ་བདུན་གྱི་ཁྲི། ལྷོ་ནུབ་ཏུ་མ་ཧེ། ནུབ་བྱང་དུ་སྦྲུལ། སྒོ་བཞིར་མི་རོའི་གདན་དེ་རྣམས་ཀྱི་སྟེང་དུའང་པདྨ་དང་ཉི་མའི་གདན་རེ་རེའོ། །བཅུ་པ་བརྟེན་པ་ལྷ་ཚོགས་སྤྲོ་བ་ནི། བདག་ཉིད་ནམ་


TNT11_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་གནས་པའི་ཐུགས་ཀ་ན་ཁམས་ལྔའི་དྭངས་མ་རླུང་འོད་ཀྱི་གོང་བུ་གཞལ་མེད་ཁང་གནས་སུ་བབས་ཤིང༌། ཞུགས་པ། དབུས་ཀྱི་གདན་གྱི་སྟེང་དུ་ཧཱུཾ་དུ་གྱུར། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པའི་འོད་ཟེར་གྱི་འཕྲོ་འདུ་ལས་ཡེ་ཤེས་མཁའ་འགྲོ་མ་སྐུ་མདོག་སྔོན་མོ་ནས་སེམས་པའི་སྐྱིལ་ཀྲུང་གིས་བཞུགས་པའོ། །འདི་སྤྱི་ཐེར་བ་རྣམ་རྒྱལ་དབང་པོ་དང༌། རྔོག་པའི་བཞེད་པ་ནི། ནམ་མཁའི་ལྷ་ཉིད་བབས་པར་བཞེད་དོ། །རང་གི་སྙིང་གར་ཟླ་བ་ལ་ཡི་གེ་རླུང་གི་རང་བཞིན་གྱྀ་ལྷ་ཚོགས་རྣམས་འཁོད་པར་བསམ་རང་གི་ཐུགས་ཀ་ནས་ནམ་མཁའི་རླུང་ཧཱུཾ་ཞེས་སྤྲོས་པ་ལས་ཡེ་ཤེས་མཁའ་འགྲོ་མའི་ཚོགས་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། ཚུར་འདུས་ནམ་མཁར་བཞུགས་པའི་ཡེ་ཤེས་དབང་ཕྱུག་མ་དང་བཅས་པ་དབུས་ཀྱི་ཡེ་ཤེས་མཁའ་འགྲོ་མ་ལ་ཐིམ། རང་གི་ཆུའི་རླུང་སུཾ་ཞེས་བྱ་བས་ཕྱུང་བ་ལས་ཤར་དུ་རྡོ་རྗེ་མཁའ་འགྲོ་མ་ཟླ་བའི་མདོག་ཅན། མེའི་རླུང་ཀྵུཾ་ཞེས་བྱ་བས་ཕྱུང་བ་ལས་བྱང་དུ་དྲག་མོ་མཁའ་འགྲོ་མ་གསེར་གྱི་མདོག་ཅན། རླུང་གི་རླུང་ཡུཾ་ཞེས་བྱ་བ་བས་ཕྱུང་བ་ལས་ནུབ་ཏུ་རོ་ལངས་མཁའ་འགྲོ་མ་བྱི་རུའི་མདོག་ཅན། སའི་རླུང་ཧཱུཾ་ཞེས་བྱ་བས་ཕྱུང་བ་ལས་ལྷོར་གདོལ་བ་མོ་མཁའ་འགྲོ་མ་བུང་བའི་མདོག་ཅན། དེ་བཞི་ཀར་ཡང་གོས་དམར་པོ་


TNT11_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས་ཤིང༌། ཕྱག་གཡས་ཁ་ཊྭཱཾ་ག་གཡོན་ཐོད་པ་བསྣམས་པའོ། །མེ་ཆུ་འདྲེས་པའི་རླུང་ཞེས་པས་སྤྲོས་པ་ལས། བྱང་ཤར་དུ་སེང་གེ་གདོང་མ་གཡས་སེར་གཡོན་དཀར་བ། ཆུ་ས་འདྲེས་པའི་རླུང་ཞེས་པས་སྤྲོས་པ་ལས་ཤར་ལྷོར་སྟག་གདོང་མ་གཡས་དཀར་གཡོན་ཇོ་བ། ས་རླུང་འདྲེས་པའི་རླུང་ཞེས་པས་སྤྲོས་པ་ལས་ལྷོ་ནུབ་ཏུ་ཅེ་སྤྱང་གདོང་གཡས་ཇོ་གཡོན་དམར་བ། རླུང་མེ་འདྲེས་པའི་རླུང་ཞེས་བྱ་བས་སྤྲོས་པ་ལས་ནུབ་བྱང་དུ་འུག་གདོང་མ་གཡས་དམར་གཡོན་སེར་བ། དེ་རྣམས་མཛེས་པའི་ན་བཟའ་ཅན། གཡས་རྡོ་རྗེ་ལྕགས་ཀྱུ་དང་གཡོན་ཞགས་པ་དང་བཅས་པའི་སྡིག་འཛུབ་མཛད་པ། གཤེར་བྱེད་ཀྱི་རླུང་ཕུཾ་ཞེས་བྱ་བས་སྤྲོས་པ་ལས་ཤར་སྒོར་རྒྱལ་དབང་མ་དཀར་མོ་ལག་པའི་རྩེ་གཉིས་ཁར་བཅུག་ནས་དྲག་ཏུ་རྒོད་པ། སྲེག་བྱེད་ཀྱི་རླུང་ཕྲེཾ་ཞེས་བྱ་བས་སྤྲོས་པ་ལས་བྱང་སྒོར་འབར་བྱེད་མ་སེར་མོ་སྤྱི་བོར་ཐལ་མོ་སྦྱར་བས་གནས་པ། གཡོས་བྱེད་ཀྱི་རླུང་ཕྲོཾ་ཞེས་བྱ་བས་སྤྲོས་པ་ལས་ནུབ་སྒོར་འཐིབ་བྱེད་མ་དམར་མོ་སྙིམ་པ་ཁྲག་གིས་བཀང་ནས་གསོལ་བ། ནོར་འཛིན་གྱི་རླུང་ཕྲིཾ་ཞེས་བྱ་བས་སྤྲོས་པ་ལས་ལྷོ་སྒོར་འཕྲོག་བྱེད་མའམ་གཡོ་ལྡན་མ་ནག་མོ་གཡས་སྡིགས་འཛུབ་དང༌། གཡོན་གཏུན་ཤིང་བསྣམས་པ། དེ་ལྟར་སྒོ་སྐྱོང་བཞི་ནི་ཞབས་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། མཁའ་


TNT11_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མ་བཅུ་གཉིས་པོ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཤིན་ཏུ་འཇིག་ཤིང་མཆེ་བ་གཙིགས་མ། །དབུ་སྐྲ་དམར་སེར་གྲོལ་ཞིང་འཕྱང་བ། །སྦྲུལ་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། །འབར་བའི་འོད་ཀྱི་འཕྲེང་བས་ཡོངས་སུ་བསྐོར་བའོ། །བཅུ་གཅིག་པ་གོ་ཆ་བྱིན་གྱིས་བརླབ་པ་ནི། བ་དན་རྩེ་གསུམ་པའི་ཕྱག་རྒྱས་གནས་རྣམས་སུ་རེག་སྟེ། ལྕེ་ལ་སུཾ། སོགས་བུ་ག་བརྒྱད་གོང་བཞིན་བྱིན་གྱིས་རླབས། ཨོཾ་བཛྲ་ཀཱ་ཡ་ཧཱུཾ། ཨོཾ་བཛྲ་ཝཱ་ཀྱ་ཨཱཿ ཨོཾ་བཛྲ་ཙིཏྟ་ཧཱུཾ། ཞེས་སོ། །བཅུ་གཉིས་པ་ཡེ་ཤེས་སེམས་དཔའ་དགུག་གཞུག་ནི། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས། ཡེ་ཤེས་མཁའ་འགྲོ་མ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛ། ཨོཾ་བཛྲ་པུཥྤེ་མཱ་ལེ་སོགས་མཆོད་པ་ལྔས་གོང་བཞིན་མཆོད། འཕྲོག་བྱེད་ཅོད་པཎ་སོགས་ཀྱིས་བསྟོད། ཨོཾ་བཛྲ་ཨངྐུ་ཤ་ཛཿ ཨོཾ་སོགས་ཀྱིས་བགེགས་བསྐྲད། ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷཎྜེ་ཧོཿ པདྨའི་ཕྱག་རྒྱ་དང༌། ཨོཾ་ཏིཥྛ་ཨ་ས་ན་ཧཱུཾ་ཕཊ་ཀྱིས་གདན་ཕུལ་བཅུ་གསུམ་པ་ཕྱག་རྒྱས་བཏབ་པ་ནི། ཨོཾ་ཧཱུཾ་ཧཿས་མ་ཡ་ཡུ་ཏིཥྛ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟཾ་ས་མ་ཡོ྅ཧཾ། ཞེས་པའི་སྔགས་དང༌། གཡས་དང་གཡོན་དུ་པད་སྐོར་སྔོན་དུ་འགྲོ་བའི་རྡོ་རྗེ་བསྡམས་པ་བཅིང་པ་ནི། ཕྱག་རྒྱ་ཐམས་ཅད་ཀྱི་སྔོན་འགྲོ་བ་ཡིན་ལ། དེ་འདྲ་རེ་རེའི་མཐར་སོ་སོའི་ཕྱག་རྒྱ་འཆིང་བ་ལས་རྡོ་རྗེ་ཁུ་ཚུར་གཡོན་པ་སྙིང་གར་བཞག


TNT11_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་པ་མཆན་ཁུང་གཡོན་དུ་བཅུག་པ་དང༌། ཨོཾ་ཧཱུཾ་སྭཱཧཱ། ལྷ་སྤྱིའི་དམ་རྒྱའོ། རྡོ་རྗེ་ཁུ་ཚུར་རམ་རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་བརྐྱང་བ་དང༌། ཨོཾ་ཨ་ཧཱུཾ་སྭཱཧཱ། ཡེ་ཤེས་མཁའ་འགྲོ་མའི་འོ། །སོར་མོ་བསྣོལ་ལག་མཐིལ་ལན་གསུམ་བརྡེབ། མཐེ་བོང་ཐལ་མོའི་དབུས་སུ་བསྐྱོད་པ་དང༌། ཨོཾ་ཨ་སྭཱཧཱ། རྡོ་རྗེ་མིའོ། །རྡོ་རྗེའི་ཁུ་ཚུར་ལས་མཐེ་བོང་གཉིས་བསྒྲེང་བ་དང༌། ཨོཾ་ཨཱ་སྭཱཧཱ་དྲག་མོའི་འོ། །དེ་ནས་མཐེ་ཆུང་གཉིས་བསྒྲེང་བ་དང༌། ཨོཾ་ཨཱཿསྭཱཧཱ། རོ་ལངས་མའི་འོ། །དེ་ཉིད་ལས་གུང་མོ་བསྒྲེང་བ། ཨོཾ་ཨཾ་སྭཱཧཱ། གདོལ་པ་མོའི་དང༌། རྡོ་རྗེ་ཁུ་ཚུར་ཁ་སྤྲད་པ་ལས་འཛུབ་མོ་གཉིས་རྩེ་སྒུར་མོར་བརྐྱང་བ་ནི་མཚམས་ཀྱི་ལྷ་མོ་བཞྀ་སྟེ། ཨོཾ་རྀ་སྭཱཧཱ། སེང་གེ་མོའི་འོ། །ཨོཾ་རཱྀ་སྭཱཧཱ། སྟག་མོའི་འོ། །ཨོཾ་ལྀ་སྭཱཧཱ། ཞེས་ཅེས་སྤྱང་མོའི་འོ། །ཨོཾ་ལཱྀ་སྭཱཧཱ། འུག་པ་མོའི་འོ། །ཐལ་མོ་གཉིས་ཁ་ཕྱེ་སྟེ་མཐེ་བོང་ཁར་བཅུག་པ་དང༌། ཨོཾ་ཕུཾ་སྭཱཧཱ། རྒྱལ་དབང་མོའི་འོ། །སོར་མོ་བསྣོལ་བའི་ཐལ་མོ་སྤྱིར་བོར་བཞག་པ་དང༌། ཨོཾ་ཕྲེཾ་སྭཱཧཱ། འབར་བྱེད་མའི་འོ། །ཐལ་མོ་སྦྱར་ཏེ་ཁ་ཕྱེ་བ་ཁའི་ཐད་དམ་གསང་གནས་སུ་བཞག་པ་དང༌། ཨོཾ་ཕྲོཾ་སྭཱཧཱ། འཐིབ་བྱེད་མའི་འོ། །པད་སྐོར་གྱི་མཐར་སོར་མོ་སྐྱེ་གནས་དབྱེ་བའི་ཚུལ་ལམ། ཡང་ན་རྡོ་རྗེ་བསྡམས་པ་ལས་འཛུབ་མོ་གཉིས་བརྐྱང་བ་གསང་བར་བཞག་པའམ། གཡོན་པའི་ཁུ་ཚུར་རྣ་བའི་རྩར་བཞག་པ་དང༌། ཨོཾ་ཕྲིཾ་སྭཱཧཱ།


TNT11_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོག་བྱེད་མའི་འོ། །ཡང་ན་དེ་བཞི་ལ། ཨོཾ་ཨིཾ་སྭཱཧཱ། ཨོཾ་ཨེཾ་སྭཱཧཱ། ཨོཾ་ཨོཾ་སྭཱཧཱ། ཨོཾ་ཨཱཿསྭཱཧཱ། ཞེས་པ་རྣམས་ཀྱང་བཤད་དེ། ཕྱག་རྒྱ་དང་བཅས་པའི་སྔགས་དེ་དག་ལན་བདུན་བདུན་གྱིས་བརྟན་པར་བྱེད་པའོ། །འདི་དག་ནི་དམ་ཚིག་གི་ཕྱག་རྒྱས་རྒྱས་བཏབ་པ་ཡིན་ཏེ། གདན་བཞིའི་བསྡུས་རྒྱུད་གཞུང་མན་ངག་དང་བཅས་པ་ལས་འདི་ཙམ་ཁོ་ན་གསུངས་པས། ཡེ་ཤེས་དབང་ཕྱུག་མའི་དཀྱིལ་འཁོར་ལ་ཕྱག་རྒྱ་རྒྱས་འདེབས་གཞན་རྣམས་མི་དགོས་ལ། དཀྱིལ་ཆོག་སྙིང་པོ་མདོར་བསགས་དང༌། རྣལ་འབྱོར་ནམ་མཁའི་སྒྲུབ་ཐབས་རྣམས་ལས་ནི། ཕྱག་རྒྱ་བཞི་རྒྱས་བཏབ་ཏུ་གསུངས་ཏེ། རྒྱུད་རྒྱས་པའི་དགོངས་པར་འདོད་དོ། །ཡང་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་དབང་གི་ལྷ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ལྷ་མོ་བདུད་རྩིའི་བུམ་ཆུ་ཐོགས་པ་རྣམས་ཀྱིས་བུམ་པའི་ཆུའི་དབང་བསྐུར། ལྷ་ཐམས་ཅད་ལ་རིགས་ལྔའི་དབུ་རྒྱན་གྱི་སྟེང་དུ་རྡོ་རྗེ་རྩེ་ལྔ་པས་མཚན་པར་གྱུར། བཅུ་བཞི་པ་མཆོད་བསྟོད་བདུད་རྩི་མྱང་བ་ནི། ཉེར་སྤྱོད་ལྔ་དང་ཤ་ལྔ་དང་བདུད་རྩི་ལྔ་དང་གཏོར་མ་སོགས་བྱིན་གྱིས་བརླབ་པར་མོས་ལ། ཨོཾ་ཧ་ཧོ་ཧྲཱིཿསྭཱཧཱ། ལན་མང་དུ་བརྗོད། གོང་བཞིན། པུཥྤེ་མཱ་མེ་ལ་སོགས་པ་མཆོད་པ་ལྔས་མཆོད། སྤྲོ་ན་ཕྱག་རྒྱ་ཉི་ཤུས་ཀྱང་མཆོད་ཅིང་སྒེག་སོགས་བརྒྱད་ཀྱིས་མཆོད་པར་མོས་ལ། ཨོཾ་ཧཱུཾ་སྭཱཧཱ། སྒེག་མོ་དང༌། ཨོཾ་ཧཱུཾ་ཧོཿསྭཱཧཱ། པི་ཝཾ་མ་དང༌། ཁའི་རྩར་མཛུབ་མོས་གཡབ་པས། ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་སྭཱཧཱ་


TNT11_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

གླུ་མ་དང༌། ཨོཾ་སུ་ནྀར་ཏྱ་སྭཱཧཱ། གར་མ་དང༌། ཨོཾ་ཧཱུཾ་སྭཱཧཱ་དྲི་ཆབ་མ་དང༌། ཨོཾ་ཤྲཱིཾ་སྭཱཧཱ། མེ་ཏོག་མ་དང༌། ཨོཾ་ཀུཾ་སྭཱཧཱ། བདུག་སྤོས་མ་དང༌། ཨོཾ་ཀྵུཾ་སྭཱཧཱ། མར་མེ་མ་རྣམས་སོ། །དེ་ནས་རྡོ་རྗེའི་གླུའི་མཆོད་པ་ནི། ཨོཾ་ཧཱུཾ་སྭཱཧཱ་ས་རྡོ་རྗེ་བླངས་ལ། མཛེས་པའི་རྡོ་རྗེ་གསོར་བྱས་ལ། །ཐམས་ཅད་མྱ་ངན་འདས་པར་སྒྲོལ། །ཆོས་ཀྱི་རྣམ་པར་དག་བྱེད་པ། །རྡོ་རྗེ་སྙིང་པོ་བླང་བར་གྱིས། །ལྷ་ཉི་ཤུ་རྩ་བདུན་དུ་ཤེས་པས་རྡོ་རྗེ་གསོར། ཨོཾ་ཧྲཱིཿསྭཱཧཱ། དྲིལ་བུ་བླངས། ཨོཾ་བཛྲ་གྷཎྜེ་ར་ཎི་ཏ་པྲ་ར་ཎི་ཏ་སཾ་པྲ་ར་ཎི་ཏ་སརྦ་ཤུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ་པྲ་ཛྙཱ་པ་ར་མི་ཏ་ན་ད་སམྦྷ་ཝེ་ཏ་བཛྲ་དྷརྨ་ཧྲི་ད་ཡ་ནི་སནྟོ་ཥ་ནི་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཨཱ་ཁཾ་སྭཱཧཱ། ལྷ་ཉི་ཤུ་རྩ་གཅིག་གི་ངོ་བོར་མོས་ནས་ཕྱོགས་བརྒྱད་དུ་དཀྲོལ་ལོ། །དེ་ནས་འདི་སྐད་ཅེས། ཧཱུཾ་བདེ་བའི་ཐུགས་གདན་རྡོ་རྗེ་ཅན། །བདག་གི་མིག་གིས་དེ་མཐོང་ངོ༌། །ཡིག་གེ་དངོས་པོའི་རང་བཞིན་ནི། །སྟོང་པ་རྒྱས་པ་དེ་ཡིན་ནོ། །དངོས་དང་དངོས་མེད་ལས་གྲོལ་བའི། །དབུས་ནི་རྣམ་པར་ཤེས་བྱས་ཏེ། །ཡིག་གེ་ཐམས་ཅད་འཇོམས་བྱས་ནས། །འདི་ནི་ཤིནྟུ་བསམ་པ་ཡིན། །ཕན་ཚུན་འཁྱུད་ནས་སྦྱོར་བ་ལས། །འགྱིང་བག་ཏུ་ནི་འདའ་བྱའོ། །གཉིས་མེད་ཆོས་ནི་རྙེད་གྱུར་ནས། །མྱང་ངན་འདས་པ་འདི་ཐོབ་བོ། །འཁོར་བའི་བྱ་བ་མ་རྨོངས་ན། །དེ་ནི་མྱ་ངན་ལས་འདས་པ། །རང་བཞིན་ཀུན་གྱི་རྣལ་འབྱོར་མ། །གར་བྱེད་སྨྱོ་བ་བཞིན་དུ་ནི། །རྣལ་འབྱོར་མ་ལྔ་སངས་རྒྱས་ཏེ། །དེ་ནི་དེ་བཞིན་ཉིད་དུ་བརྟག །སྣ་ཚོགས་མང་པོ་གཟུགས་


TNT11_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ། །སེམས་ཅན་རྣམ་པར་སྨིན་བྱེད་དེས། །འཁོར་བ་ཡི་ནི་དོན་བྱེད་དེ། །ཆོས་ཉིད་འདི་ལ་མ་རྨོངས་ན། །རྣལ་འབྱོར་པ་ཡི་ཐར་ལམ་འདི། །ཆོས་ཀྱི་སྙིང་པོ་ཕྱག་འཚལ་ལོ། །དེ་བཞིན་དུ། །སེམས་ཅན་སྒྲོལ་བྱེད་རྣལ་འབྱོར་བདག་ལ་བསྟོད་ཕྱག་འཚལ། །ཀུན་ཏུ་བདག་ཉིད་ངོ་བོ་གཅིག་ལ་བསྟོད་ཕྱག་འཚལ། །འཁོར་བའི་རྒྱ་མཚོ་རྨོངས་པ་གཅོད་ལ་བསྟོད་ཕྱག་འཚལ། བདག་གིས་རྟག་ཏུ་དེ་བཞིན་ཉིད་གཅིག་བསྟོད་ཕྱག་འཚལ། །ཅེས་པས་བསྟོད། སྤྲོས་པ་ལ་དགའ་ན། བསྟོད་པ་རྒྱས་པ་བྱེད་པར་གཞུང་ནས་བཤད་ཅིང་མན་ངག་ལས་ཀྱང་མཛད་དོ། །དེ་ནས་བདུད་རྩི་མྱང་བ་ནི། པད་སྐོར་སྔོན་དུ་འགྲོ་བས་བདུད་རྩིའི་སྣོད་བླངས་ལ། ལག་མཐིལ་གཡས་པར་ཉི་མའི་སྟེང་དུ་ཐོད་པ། གཡོན་རྩེ་གསུམ་གྱི་ཕྱག་རྒྱས་ཁ་བཀབ་ལ། ལག་མཐིལ་གཡོན་དུ་ཨ་ལས་བྱུང་བའི་ཟླ་བའི་སྟེང་དུ་སུཾ་དཀར་པོ་ལ་ཨཱ་ལི་བཅུ་དྲུག་གིས་བསྐོར་བའོ། དེ་རྣམས་དང་སོར་མོ་རྡོ་རྗེར་གྱུར་པ་ལས་བདུད་རྩིའི་རྒྱུན་བབས་པས་ཐོད་པ་གང་བར་གྱུར། ཨོཾ་ཧ་ཧོ་ཧྲིཿཞེས་བརྗོད་ཅིང༌། གཡོན་པའི་མཐེ་བོང་ཧཱུཾ་ལས་གསེར་གྱི་ས་གཞི་སྲིན་ལག་སུཾ་ལས་རི་རབ་ཏུ་མོས། བསྲུབས་བས་བདུད་རྩིའི་རྒྱ་མཚོར་གྱུར་པར་བསམས་ཏེ། འབྲུ་གསུམ་གྱིས་ཐིགས་གཏོར་ལན་གསུམ། མགྲིན་པར་མཆོད་རྟེན་དཀར་པོ་གནས་པ་ལ་ཕུལ། དེ་བཞིན་དུ་སྙིང་གར་ཡེ་ཤེས་སེམས་དཔའ་དང༌། སྤྱི་བོར་བླ་མ་རྣམས་ལ་ཐིགས་གཏོར་གསུམ་གསུམ་འབུལ། དེ་ནས་གོང་དུ་བསྟན་པའི་སྔགས་


TNT11_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ནུས་ན་ལྷ་ཐམས་ཅད་ལ་ལན་གསུམ་གསུམ་འབུལ་ལ། མ་ནུས་ན་གཙོ་མོ་ལ་ལན་གསུམ་དང༌། འཁོར་རྣམས་ལ་རེ་རེའོ། །དེ་རྣམས་ཀྱིས་ཡན་ལག་བཅུ་བཞི་བསྟན་ཟིན་ཏོ། །དེ་ནས་ལྷའི་སྐུ་ལ་སེམས་འཛིན་ན། ལྷ་རྣམས་ཀྱི་མཚན་སྔགས་སམ། སོ་སོའི་སྙིང་པོ་བརྗོད་ལ། ལྷ་རྣམས་གསལ་བཏབ་སྟེ། འཁོར་ལོའི་དབང་ཕྱུག་མའི་སྐུ་ལ་སེམས་བཟུང་བར་བྱའོ། །གཉིས་པ་བསྐྱེད་རིམ་གྱི་ཡན་ལག་བཟླས་པ་ནི། ཐོག་མར་བགྲང་འཕྲེང་བསངས་སྦྱངས། ཡེ་ཤེས་ཀྱི་ལྷར་གྱུར་བཞུ་བ་ལས་བགྲང་འཕྲེང་དུ་ལྟས་ལ། སྙིམ་པ་སྦྱར་བ་ཉི་ཟླ་ཁ་སྦྱོར་གྱི་ནང་དུ་ཆུད་པར་བསམ། ཨོཾ་པ་དེ་པ་དེ་མ་ཧཱ་ཛྙ་ནཾ་སརྦ་བུདྡྷ་མཧཱ་ཨུད་བྷ་ཝེ་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཨཿསྭཱཧཱ། ཅེས་བཟླས་པས་བྱིན་གྱིས་བརླབས། ཨོཾ་ཧཱུཾ་སྭཱཧཱ། ཞེས་པ་ཉིད་ཅི་ནུས་སུ་བཟླ་ཞིང༌། གཙོ་བོ་ལ་སུམ་འབུམ་དང༌། འཁོར་རྣམས་ལ་ཁྲི་ཁྲག་རེ་རེའོ། །ཨོཾ་ཛུཾ་ཧཱུཾ་སྭཱཧཱ། གཙོ་འཁོར་ཐམས་ཅད་ཀྱི་སྤྱིའི་སྔགས་སོ། །འདིར་བླ་མ་རྔོག་པ་རྣམས་མཐའ་ན་བཞུགས་པའི་ལྷ་ནས་བརྩམས་ཏེ་རིམ་གྱིས་བཟླ་བ་ནཱ་རོ་པའི་མན་ངག་ཏུ་འདོད་མོད་ངེས་པར་དགོས་པ་ནི་མིན་ནོ། །གཉིས་པ་རྫོགས་པའི་རིམ་པ་ནི། གསང་བའི་གདན་དང་བླ་མའི་མན་ངག་ལས་ཤེས་པར་བྱའོ། །རྗེས་ཐུན་གྱི་བྱ་བ་ལ། གཏོར་མའི་བྱ་བ་དང་མ་འབྲེལ་ན། སྐབས་འདིར་དཀྱིལ་འཁོར་ཉེར་བསྡུ་བྱ་སྟེ། ཨོཾ་ཨཱཏྨ་ཏིཥྛ་ཧཱུཾ་སྭཱཧཱ། དཀྱིལ་འཁོར་པ་རྣམས་རང་གི་དབུགས་ཀྱིས་དྲངས་ཏེ་ལུས་ལ་ཞུགས་པ་ནི། སྙིང་གར་ཡེ་ཤེས་མཁའ་འགྲོ་མ། ལྕེ་ལ་རྡོ་རྗེ་མ་སྤྱི་གཙུག་ཏུ་དྲག་མོ།


TNT11_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

རྣ་བ་དང་སྣ་ལ་རོ་ལངས་མ། མིག་གཉིས་ལ་གདོལ་བ་མོ། མགྲིན་པར་སེང་གེ་མ། དཔུང་པ་གཉིས་སུ་སྟག་མོ། སྙིང་གར་ཅེ་སྤྱང་མ། ལྟེ་བར་འུག་པ་མ། བརླ་གཡས་ལ་རྒྱལ་དབང་མ། གཡོན་ལ་འབར་བྱེད་མ། ལག་ངར་གཡས་ལ་འཐིབ་བྱེད་མ། གཡོན་ལ་གཡོ་ལྡན་མ་རྣམས་ཐིམ་སྟེ། གནས་དེ་དང་དེར་ཡི་གེའི་གཟུགས་ཀྱིས་གནས་པར་གྱུར། རྟེན་གྱི་དཀྱིལ་འཁོར་རང་ཉིད་ལ་ཐིམ། བདག་ཉིད་ཀྱང་འོད་གསལ་གྱི་ངང་དུ་ཞུགས། ཡང་ཐུན་མཚམས་ཀྱི་ལྷ་སྐུར་ལངས་ལ་དགེ་བ་བསྔོའོ། །གཏོར་མའི་ཆོ་ག་ནི། འགྲུབ་ན་མཎྜལ་ཟླུམ་པོའི་དབུས་སུ། ཁྲག་དང་ཙན་དན་གྱི་གྲུ་གསུམ་དུ་བྱུགས་པའི་ནང་ཟླུམ་སྐོར་དང༌། ལེ་ཚེ་དགུ་ཚོན་དཀར་པོར་འབྲི། དེ་དག་ལས་དབུས་སུ་ཁྲག་གི་ཐིག་ལེ་བཅུ་གསུམ་དང༌། རེ་མིག་བརྒྱད་ལ་ལྔ་ལྔ་བྱ། གཏོར་མ་ཁ་ཟས་བཟང་དགུ་ལ་ཤ་དང་ཉ་དང་བྱི་ཀྱུ་དང་འབྲུ་དང་ཟས་ཀྱི་བྱེ་བྲག་འབྱོར་ཚད་དབུལ། ཤ་ལྔ་བདུད་རྩི་ལྔ་དངོས་སམ་མཚོན་བྱེད་བསྲེས་ལ་མེ་ཏོག་དམར་པོའི་ལ་སོགས་པའི་མཆོད་པ་ལྔ་བཤམས། བདག་བསྐྱེད་ཀྱི་མཐའ་དཀྱིལ་འཁོར་མ་བསྡུས་པའི་སྐབས་ཡིན་ན། དེའི་དབུས་སུ་དཀྱིལ་འཁོར་དམིགས། དུར་ཁྲོད་ལ་ཕྱོགས་སྐྱོང་རྣམས་སྤྱན་འདྲེན། རང་ཉིད་ལས་ཀྱི་ལྷ་མོར་ཟུར་དུ་བྱེ་ནས་གཏོར་མ་འབུལ་བའི་ལས་བྱེད་པར་བསམ་དགོས་ཤིང༌། དུས་སྐབས་གཞན་དང་བདག་བསྐྱེད་བསྡུས་པའི་མཐའ་ལ་ཡིན་ན། བདག་ཉིད་གཙོ་མོར་སྐད་ཅིག་གིས་བསྐྱེད་ལ། བདག་ཉིད་ཀྱི་ཐུགས་ཀ་ནས་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་སྒོ་མ་


TNT11_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དང་བཅས་པ་ལྷ་ལྔའམ། གཙོ་མོ་ཁོ་ན་སྤྲོས་ཀྱང་རུང་སྟེ། མཎྜལ་གྱི་སྟེང་དུ་སྐད་ཅིག་གིས་བཞུགས་པར་བསམ། དེ་ནས་ཕྱོགས་སྐྱོང་རྣམས་སྤྱན་དྲངས་ཏེ་འགོད་པ་ཡིན་ནོ། །དེའི་ཕྱིར་མཎྜལ་གྱི་ཚོམ་བུ་ཡང་ལྷ་གྲངས་དང་མཐུན་པར་འགོད་དགོས་སོ། །དེ་ལ་ངག་འདོན་གྱི་རིམ་པ་ནི་འདི་ཡིན་ཏེ། ཨོཾ་སརྦ་བི་མ་ལ་སཾ་ཤོདྷ་ནི་ཧཱུཾ་ཕཊ། ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་དང་ལས་ཡུམ་ལས་རླུང༌། ཀྵུཾ་ལས་མེ། ཨོཾ་ཨཱཿཧཱུཾ་ལས་སྒྱེད་པུ་གསུམ། ཨ་ལས་ཐོད་པ། དེའི་ནང་གི་དབུས་དང་ཤར་ནས་གཡོན་སྐོར་གྱི་ཧཱུཾ་སུཾ་ཀྵུཾ་ཡུཾ་ཧཱུཾ་རྣམས་ལས་གཞི་མཉམ་དྲི་ཆུ་རཀྟ་ཁུ་བ་ངར་སྣབས་རྣམས་རེ་རེ་ཡང་འབྱུང་བ་ལྔའི་རང་བཞིན་ཡི་གེ་ལྔ་པོ་དེ་རྣམས་ཚར་རེ་རེས་མཚན་པ། རྫས་ལྔ་པོ་སོ་སོའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་བདུད་རྩིའི་ཡིག་གེ་ཨ་དཀར་པོའོ། །ཡང་དེའི་སྟེང་དུ་དབུས་དང་ཤར་ནས་གཡས་སྐོར་གྱི་ཧཱུཾ་སྲིཾ་གྲིཾ་ཛྲིཾ་ཧཱུཾ་ལས་མི་བ་གླང་ཁྱི་རྟ་གླང་པོའི་ཤ་སྟེ་ལྕགས་ཀྱུ་ལྔ་པོ་ལ་དེ་བཞིན་གཤེགས་པ་རིགས་ལྔའི་རང་བཞིན་སླར་ཡང་ཡི་གེ་དེ་ཉིད་ཀྱིས་མཚན་པ་དེ་དག་ཀྱང༌། ལྕགས་ཀྱུ་ཆེན་པོ་རྣམ་སྣང་མཛད། རྡོ་རྗེ་ལྕགས་ཀྱུ་མི་བསྐྱོད་པ། གནས་ཀྱི་ལྕགས་ཀྱུ་རིན་ཆེན་དབང༌། གཡོ་བའི་ལྕགས་ཀྱུ་འོད་དཔག་མེད། རྒྱལ་པོའི་ལྕགས་ཀྱུ་དོན་ཡོད་གྲུབ། དེ་ལྟར་ལྕགས་ཀྱུ་ལྔ་སོ་སོའི་དབུས་སུ་ཉི་མའི་དཀྱིལ་འཁོར་ལ་ཀྵུཾ་དམར་པོ། ཧ་ཧོཿཧྲཱིཿཧ་ལས་འོད་དཔག་


TNT11_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སེར་པོས་ཁ་དོག་དང༌། ཧོཿལས་རྣམ་སྣང་དཀར་པོས་དྲི་དང༌། ཧྲཱིཿལས་མི་བསྐྱོད་པ་སྔོན་པོས་རོ་རྣམས་ཕུན་སུམ་ཚོགས་པར་བྱས། ཨ་ཀྵུཾ་ཞེས་བརྗོད་པས་རླུང་གཡོས་མེ་སྦར་རྫས་རྣམས་འོད་དུ་ཞུ་བ་འཆར་ཀའི་མདངས་ཅན་དབུ་བ་དང་བཅས་པར་གྱུར། དེའི་རླངས་པ་དང་ཧཱུཾ་ཡིག་ལས་རྡོ་རྗེ་ཁ་ཊྭཱཾ་གར་གྱུར་པ་ཞུ་ནས་ལྷུང་ཞིང་འདྲེས་པ་ཤེལ་གྱི་རྣམ་པ་ལྟར་དངས་པར་གྱུར། དེའི་སྟེང་དུ་ཨོཾ་ལས་བྱུང་བའི་ཟླ་བ་ལ་ཨཱ་ལི་ཀཱ་ལི་རྣམས་གནས་པ་ཡོངས་སུ་གྱུར་པ་ལས་ཨོཾ་ཨཱཿཧཱུཾ་བརྩེགས་པ་རྣམས་སུ་གྱུར། དེའི་འོད་ཟེར་གྱིས་འཁོར་འདས་སྣོད་བཅུད་ཐམས་ཅད་ཀྱིས་བདུད་རྩི་རྣམས་བཀུག་སྟེ། དེ་ལ་ཞུགས་ཡི་གེ་གསུམ་དང་ཟླ་བ་ཡང་དེ་ཉིད་ལ་ཐིམ། ཨོཾ་ཨཱཿཧཱུཾཾཾ། ལན་གསུམ་བརྗོད་དེ་གཏོར་མ་བྱིན་གྱིས་བརླབ་པའོ། །རང་གི་སྙིང་ག་ནས་ཡེ་ཤེས་དབང་ཕྱུག་མ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་སྤྲོས་དབུས་ཀྱི་རེ་མིག་ཏུ་ཞུགས་པར་གྱུར། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨདྱ་ནུཏྤནྣ་ཏྭ་ཏ། ཨོཾ་གུཾ་སྭཱཧཱ། ཅེས་པས་མཎྜལ་དཀྱིལ་འཁོར་གྱི་ལྷ་ལ་ཕུལ། ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅས་ལ། ཨོཾ་ཀུ་རུ་ཀུ་རུ་ས་མ་ཡ་ཨ་དྷི་པ་ཏི་ཧཱུཾཾ་ཛཿསྭཱཧཱ། ཨོཾ་བརྟ་ལི་བརྟ་ལི་མ་ཧཱ་བརྟ་ལི་ཧུཾ་ཧཱུཾ་ཧཱུཾ་ཛཿསྭཱཧཱ། ལན་གསུམ་བརྗོད། ཞིང་སྐྱོང་རྣམས་མཎྜལ་གྱི་གནས་སོ་སོར་བཞུགས་པ་ནི། ཤར་དུ་ནག་པོ་ལ་རྒན་བྱད་མ་ལ་སོགས་པ་བཞིས་བསྐོར་བ། བྱང་


TNT11_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དྲག་པོ་ཆེན་པོ་ལ་རྒྱལ་བ་མ་ལ་སོགས་པ་བཞིས་བསྐོར་བ། ནུབ་ཏུ་ལྷས་སྦྱིན་ལ་ནག་མོ་བཟང་མོ་ལ་སོགས་པ་བཞིས་བསྐོར་བ། ལྷོར་ནག་པོ་ལ་དབང་མོ་ལ་སོགས་པ་བཞིས་བསྐོར་བ། བྱང་ཤར་དུ་རྩིགས་བྱེད་ལ་འཕྲོག་བྱེད་མ་ལ་སོགས་པ་བཞིས་བསྐོར་བ། ཤར་ལྷོར་འཇིགས་བྱེད་ལ་དྲག་མོའི་གཟུགས་ལ་སོགས་པ་བཞིས་བསྐོར་བ། ལྷོ་ནུབ་ཏུ་དགའ་བ་ལས་འདས་པ་ལ་ཐོད་ཕྲེང་མ་ལ་སོགས་པ་བཞིས་བསྐོར་བ། ནུབ་བྱང་དུ་བགེགས་ཀྱི་རྒྱལ་པོ་ལ་རལ་གྲི་ལ་སོགས་པ་བཞིས་བསྐོར་བ། གཙོ་བོ་བརྒྱད་ནི་ཞལ་གཅིག་ཕྱག་བཞི། གཡས་ན་རལ་གྲི་དང་དགྲ་སྟ། གཡོན་ན་རྡོ་རྗེ་དང་མདའ་གཞུ་འཛིན་པ། འཁོར་རྣམས་ནི་གཡས་མཚོན་ཆ་སྣ་ཚོགས་དང༌། གཡོན་མཆོད་རྫས་སྣ་ཚོགས་ཀྱིས་གང་བའི་ཐོད་པ་བསྣམས་པ། ཕྱོགས་ན་གནས་པ་རྣམས་ཤར་དཀར། བྱང་སེར་ནུབ་དམར་ལྷོ་ནག་ཟུར་ཐིག་གི་ས་ལ་གནས་པ་གསུམ་གསུམ་ནི་ཕྱེད་གཟུགས་ཅན་ཐམས་ཅད་ཀྱང་གཅེར་བུ་སྤྱན་གསུམ་རོའི་གདན་ལ་གནས་པའོ། །དེ་ནས་ཨོཾ་པྲ་ཏཱིཙྪ་ཨརྒྷཾ་ནས ཨོཾ་གུཾ་སྭཱ་ཧཱའི་བར་ཚོགས་ཞིང་གི་སྐབས་ལྟར་ཆུ་གཉིས་དང་ཉེར་སྤྱོད་ལྔས་མཆོད། གཡོན་བ་དན་རྩེ་གསུམ་པའི་ཕྱག་རྒྱ་གཏོར་སྣོད་ལ་རེག་པར་མོས། གཡས་རྡོ་རྗེ་སྡིག་མཛུབ་བསྒྲེངས་ནས་གཏོར་མ་བསྔོ་བ་ནི། འདི་སྐད་ཅེས། ཨོཾ་ཤིང་གཅིག་དང་ནི་དུར་ཁྲོད་དང༌། །རི་དང་བྲག་དང་ཕུག་གི་ས། །ཡུལ་གྱི་འདབས་དང་ལམ་དང་གཞིའི། ཁྱད་པར་དུ་ནི་ཁང་སྟོང་དང༌། །སྣོད་


TNT11_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཐང་དང་ས་སྟོང་དང༌། ཁྱད་པར་གདོལ་བའི་ཁྱིམ་གནས་པ། །ནག་པོ་དྲག་པོ་དྲག་ཆེན་པོ། ལྷས་སྦྱིན་མཉམ་དུ་བསྟེན་པ་དང༌། །ནག་པོ་རྩིགས་དང་འཇིགས་བྱེད་དང༌། དགའ་བ་ལ་འདས་བགེགས་རྒྱལ་པོ། །རྒན་བྱད་མ་དང་དྲག་མོ་དང༌། །འཇིགས་བྱེད་མ་དང་ཨུ་མས་བསྟོད། །རྒྱལ་མ་རྣམ་པར་རྒྱལ་དབང་མོ། །ཐུབ་མེད་གཞན་གྱིས་མི་ཐུབ་མ། །ནག་མོ་བཟང་མོ་ནག་ཆེན་མོ། །ནག་སྦོམ་མ་དང་རྣལ་འབྱོར་མ། །དབང་མོ་དང་ནི་ཟླ་བ་མོ། །ནག་མོ་སྡང་བ་ལམ་པ་ཀཱི །འཕྲོག་བྱེད་མ་དང་མར་མེ་མ། །འཇིབ་བྱེད་ཡུལ་གནས་རྣལ་འབྱོར་མ། །དྲག་མོའི་གཟུགས་དང་གཟུགས་ཆེན་མ། །མཆེ་བ་གཙིགས་དང་ཐོད་ཅན་མ། །ཐོད་འཕྲེང་འཕྲེང་ཅན་ཁ་ཊྭཱཾ་མ། །སྦྲུལ་ཆེན་རལ་གྲི་དགྲ་སྟ་ཅན། །རྡོ་རྗེ་དེ་བཞིན་གཞུ་ལག་དང༌། ལྷ་ཡི་དབང་ཕྱུག་མ་རྣམས་ནི། །མཁའ་འགྲོ་ལྔ་ཡི་བདག་ཉིད་དང༌། །ལས་ཀུན་རྗེས་སུ་སྒྲུབ་བྱེད་མ། །སྦྱོར་བའི་དཀྱིལ་འཁོར་རྒྱལ་ཆེན་པོ། །དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་པོ། །གོས་མེད་སྦྱོར་བ་སྐྱེད་བྱེད་མ། །རྡོ་རྗེ་དབང་ཕྱུག་མ་བཀའ་ཡིས། །ཐམས་ཅད་ཐམས་ཅད་འདིར་སྦྱོན་ཅིག །ཨོཾ་ཀཀྐ་ཏ་བནྦྷ་ནྡྷ་ན། ཁཁྑཱ་ད་ན་སརྦ་དུཥྟཱཾ་ཧ་ན་ཧ་ན་གྷཱ་ཏ་ཡ་གྷཱ་ཏ་ཡ་ཨ་མུ་ཀ་སྱཱ་ཨི་དཾཀཱརྻ་བཱ་དྷ་ཡ་ཧཱུཾ་ཧཱུཾཾ་ཧཱུཾཾ་ཕཊ་ཕཊ་ཕཊ་ཛཿསྭཱཧཱ། ཞེས་ལན་


TNT11_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བརྗོད་ཅིང་སེ་གོལ་གཏོག ལག་གཉིས་ཁུ་ཚུར་རྒྱབ་སྤྲས་པའི་སྲིན་ལག་སྦྲེལ་ལ། ཨོཾ་བྷཀྵ་བྷཀྵ་སརྦ་ཡོ་ག་ཡོ་གཱི་ཤྭ་རྭི་ཧཱུཾ་ཧཱུཾ་ཧཱུཾ་ཛཿསྭཱཧཱ། ཅེས་ལན་མང་དུ་བརྗོད་ལ། རང་གི་དམ་ཚིག་ལ་གནས་པར་བསམ། མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །དབང་དང་མངོན་སྤྱོད་དགྲ་སྡེ་འཇོམས། །དགར་དང་དབྱེ་དང་དགུག་པ་དང༌། །ནད་དང་གདོན་སོགས་ཞི་བ་ཡི། །ལས་ཀྱི་དངོས་གྲུབ་ཐམས་ཅད་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་གཏོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བ་དང༌། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་ཅེས་འཕྲིན་ལས་གཞོལ། ཧཱུཾ་ཧཱུཾཾ་ཧཱུཾ། ཞེས་རྡོ་རྗེ་དྲིལ་བུ་སྙིང་གར་བསྣོལ། ཕན་ཚུན་འཁྱུད་པའི་སྦྱོར་ལྡན་པ། །རྫུ་འཕྲུལ་གྱིས་ནི་བརྒྱན་པ་འདི། །མགོན་པོ་ལུས་ལ་མཛེས་པའི་སྐུ། །དངོས་ལས་གྲོལ་བ་བདག་ཕྱག་འཚལ། ཅེས་གླུ་བླངས་ནས་དྲིལ་བུ་སིལ་བཞིན་དུ། སེམས་ཅན་སྒྲོལ་མཛོད་སོགས་ཀྱིས་བསྟོད། །དེ་ནས་གཏོར་ཆོག་ཙམ་ཡིན་ན། སེམས་


TNT11_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་ནད་མེད་ཅིང༌། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག གང་གི་ལམ་ནས་འགྲོ་བ་ཡི། །སངས་རྒྱས་ཉིད་དུ་འགྲུབ་གྱུར་ཅིག །མ་སྒྲལ་བ་རྣམས་བདག་གི་སྒྲོལ། །མ་གྲོལ་བ་རྣམ་བདག་གིས་དགྲོལ། །དེ་ལྟརརྗེས་སུ་བརྩེ་བའི་ཕྱིར། །རྣལ་འབྱོར་གཙུག་ལག་བདག་བགྱིའོ། །ཞེས་པའི་སྨོན་ལམ་བཏབ། ཨོཾ་སརྦ་དུཥྟན་པྲ་དུཥྟཱན་ཧ་ན་ཧ་ན་གྲྀཧྣ་གྲྀཧྣ་ཁ་ཁ་ཁཱ་ཧི་ཁཱ་ཧི་གཙྪ་གཙྪ་སྭ་བྷ་ཝ་པུ་ནཱ་རཱ་ག་མ་ནཱ་ཡ་ཧཱུཾ་ཕཊ་སྭཱཧཱ། ཞེས་བརྗོད་དེ་སེ་གོལ་གཏོག །འཇིག་རྟེན་པའི་ལྷ་རྣམས་གཤེགས་སུ་གསོལ། གཡོན་ཁུ་ཚུར་སྙིང་གར་བཞག གཡས་ས་ལ་བརྐྱང་སྟེ། ཨོཾ་ཨཏྨ་ཏིཥྟ་སྭཱཧཱ། ཡེ་ཤེས་ཀྱི་དཀྱིལ་འཁོར་རང་ལ་བསྡུ་བ་གོང་བཞིན་པས། གཞལ་མེད་ཁང་བསྡུ་བ་མི་དགོས། མཇུག་ཏུ་སྨོན་ལམ་དང་བཀྲ་ཤིས་ལ་སོགས་པ་བྱའོ། །གལ་ཏེ་ཚོགས་མཆོད་དང་འབྲེལ་བ་ཡིན་ན། དང་པོར་གཏོར་མ་གཉིས་བཤམས། ཚོགས་རྫས་དང་ལྷན་ཅིག་བྱིན་གྱིས་བརླབ་ནས། ཕུད་གཅིག་འཇིག་རྟེན་ལས་འདས་པའི་གཏོར་མ་ལ་སྦྲན། ཕུད་གཉིས་བ་ཕྱོགས་སྐྱོང་གི་གཏོར་མ་ལ་སྦྲན། གོང་བཞིན་བསྔོས་ནས་བསྟོད་པ་ཡན་ཆད་སོང་བ་ན། བར་འདིར་ཚིགས་བཅད་ཀྱིས་འདྲེན་ཅིང་ཚིགས་བཅད་ཀྱི་བླངས། རང་རང་གི་ཕུད་ནས་བླ་མ་ཡི་དམ་ཆོས་སྐྱོང་སོགས་ལ་བསྔོས། ཚོགས་ལ་ལོངས་སྤྱོད། ལྷག་མ་བསྡུས། ལྷག་མ་དང་པོ་དུད་སོལ་མ་ལ་འབུལ་བ་ནི། འབར་བའི་ཕྱག་རྒྱས་བཀབ་ལ། ཆང་གིས་ཁ་ཁྲུ་བཏབ།


TNT11_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ བྱིན་གྱིས་བརླབས། མཛུབ་མོ་མཆེ་བའི་ཕྱག་རྒྱ་ཁ་འགྲམ་དུ་བཟུང་ལ། ཨོཾ་བྷུ་བརྟ་ལི་བརྟ་ལི། ཞེས་སྤྱན་དྲངས། ཨོཾ་ཀུ་རུ་ཀུ་རུ་བརྟ་ལི་བརྟ་ལི། དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །གཏུམ་མོ་གཙིག་བྱེད་ཡི་དྭགས་ཁ། །དམ་ཚིག་བསྲུང་མ་ཁྲག་དགའ་མ། །ཀི་ལི་སྒྲ་སྒྲོགས་སྦྱོར་ཟིན་མ། །དུར་ཁྲོད་རོ་ཡི་ཚལ་དབུས་སུ། །གཙིགས་བྱེད་གཏུམ་མོ་དུད་སོལ་མ། །ཚོགས་དང་ཕོ་ཉར་བཅས་པ་རུ། །གསོལ་ཅིག་བཞེས་ཤིག་དམ་ཚིག་ལྷ། །གནས་ནས་གནས་སུ་མཛད་དུ་གསོལ། །བདག་གི་སེམས་ལ་ཅི་འདོད་པ། །དེ་ནི་ཁྱོད་ཀྱིས་གྲུབ་པར་གྱིས། །བདག་གིས་ལས་ནི་ཅི་བྱེད་ཀྱང༌། །དེ་ལ་ཀུན་གྱིས་གྲོགས་མཛོད་ཅིག ཨོཾ་གྲྀཧྣ་གྲྀཧྣ་སརྦ་དུཥྟཱཾ་བྷ་ཀྵ་བྷ་ཀྵ་ཕུཾ་ཕྲེཾ་ཕྲོཾ་ཕྲིཾ་ཕཊ་སྭཱཧཱ། ཞེས་བརྗོད་ལ་སེ་གོལ་གསུམ་གཏོག་པས་གཤེགས་སུ་གསོལ། ཤིན་ཏུ་ལྷག་མ་ཆུ་དང་སྦྱར་ཏེ། ཨོཾ་ཨུ་ཙི་ཊ་ཧ་རི་བྷྱཿསྭཱཧཱ། ཞེས་རོལ་མོ་དང་བཅས་ཏེ་ལམ་གྱི་བཞི་མདོར་བསྐྱལ་ལོ། །དེ་ནས་ནང་དུ་འོང་ནས་བཀྲ་ཤིས་ཀྱི་གླུ་བླང་བ་ནི། ཏེ་ན་ཧཱུཾ་ཏེ་ན་ཧཱུཾ། ཏེ་ན་ཏེ་ཏེ་ཧཱུཾ། སྟོན་ཀའི་ཟླ་བཞིན་མཛེས་པའི་ཞལ། །ཟླ་བ་ལྟར་དཀར་སྐུ་གཙང་མ། དེ་ན་ཧཱུཾ་སོགས། ཕུན་ཚུན་འཁྱུད་པའི་སྦྱོར་འཆང་བ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་མཆོག །ཏེ་ན་ཧཱུཾ་སོགས། །འགྲོ་བ་ལ་ཁྱབ་རྫུ་འཕྲུལ་སྐུ། །མཛེས་པའི་རྒྱན་གྱི་གཟུགས་ཅན་ཏེ། །ཏེ་ན་ཧཱུཾ་སོགས། རང་དགར་སེམས་


TNT11_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྲོལ་མཛད་པ། །རྐྱེན་གཟུགས་གང་དེ་ལ་ཕྱག་འཚལ། ཏེ་ན་ཧཱུཾ་སོགས། །བཀྲ་ཤིས་དབྱངས་ཀྱིས་བཀང་བྱས་ཏེ། །ཐམས་ཅད་ཀུན་གྱིས་གླུར་བླང་ངོ༌། །དེ་ནས་ཡིག་གེ་བརྒྱ་པ་བཟླ་བཞིན་དུ། མ་འབྱོར་བ་སོགས་ཀྱིས་བཟོད་པར་གསོལ། སེམས་ཅན་ཐམས་ཅད་ནད་མེད་སོགས་སྨོན་ལམ་བཏབ། སྭ་བྷཱ་ཝ་དང༌། བཛྲ་ཤུདྡྷ་དང༌། ཡོ་ཀ་ཤུདྡྷོའི་སྔགས་གསུམ་བརྗོད། དོན་ཡིད་ལ་བཞག ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། སོགས་ཀྱི་མཐར། ཨོཾ་གཙྪ་གཙྪ་སྭཱ་བྷཱ་ཝ་ནཾ་ཧཱུཾ་ཕཊ། ཅེས་པས་འཇིག་རྟེན་འདས་པའི་གཏོར་མགྲོན་དང༌། ཨོཾ་སརྦ་དུཥྟཾ༴ སོགས་སམ། ཨོཾ་གཙྪ་གཙྪ་སྭ་བྷཱ་ཝ་པུ་ན་རཱ་ག་མ་ནཱ་ཡ་ཛཿཧཱུཾ་ཕཊ་སྭཱཧཱ། ཞེས་སེ་གོལ་ལན་གསུམ་གདབ་པས་འཇིག་རྟེན་པ་རྣམས་གཤེགས། ཨོཾ་ཨཱཏྨ་ཏིཥྛ་སོགས་གོང་ཉེར་བསྡུས་སྐབས་སུ་བསྟན་པ་བཞིན་བྱས་ནས། མཐར་སྨོན་ལམ་དང་བཀྲ་ཤིས་ཀྱང་ཅི་འགྲུབ་བྱའོ། །འདི་ནི་རྒྱུད་རྒྱས་པའི་རྗེས་སུ་འབྲངས་ཏེ། ཆོ་ག་རྒྱས་པར་སྦྱར་བ་ཨཱཪྱ་དེ་བའི་གཞུང་ལ། བླ་མའི་མན་ངག་ལག་ལེན་སྦྱར་བ་ལྟར་བཤད་པ་ཡིན་ལ། ད་ལྟའི་རྩ་རྒྱུད་བསྡུས་པ་ཁོ་ནའི་ལུགས་ནི་བྷ་བ་བྷ་དྲ་དང༌། ཨ་བྷ་ཡའི་གཞུང་ལྟར་ཡིན་ནོ། །ལུགས་དེ་ཡང་ཉམས་ལེན་ལ་མཁོ་བས་ལོགས་སུ་འབྲི་བར་འགྱུར་རོ། །འདིར་ནི་ནོངས་ན་མཁའ་འགྲོའི་ཚོགས་ལ་བཤགས། །དགེ་བ་གང་དེ་མཁའ་དང་མཉམ་གྱུར་ནས། །ལྷན་སྐྱེས་གདོད་མའི་ཤེས་རབ་མཆོག་དེ་དང༌། །ཡིད་གཅུགས་རྡོ་རྗེ་སེམས་དཔའ་མངོན་གྱུར་ཤོ །ཅེས་དཔལ་རྡོ་རྗེ་གདན་


TNT11_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་རྩ་བའི་དཀྱིལ་འཁོར་ཡེ་ཤེས་དབང་ཕྱུག་མ་ལྷ་བཅུ་གསུམ་གྱི་བདག་ཉིད་ཅན་གྱི་སྒྲུབ་ཐབས་བདུད་རྩིའི་ཐིག་ལེ་ཞེས་བྱ་བ་འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐ་ཞེས་བྱ་བས་གཞན་ལ་ཕན་པའི་ཕྱིར་ངེས་པར་སྦྱར་བ་སྟེ། རྒྱུད་ཀྱི་རྒྱལ་པོ་འདིའི་རྒྱུད་གཞུང་འགྲེལ་པ་མན་ངག་གི་ངེས་གསང་ཆ་ཙམ་རིག་ནས། སྙིང་པོའི་དོན་ཤིན་ཏུ་འཁྱེར་བདེ་བར་བརྗོད་པ་སྟེ། སྒྲུབ་གནས་ཀྱི་རྒྱལ་པོ་ཇོ་ནང་དུ་ངེས་པར་སྦྱར་བའོ། །ཞུས་དག །མངྒ་ལཾ། རབ་དཀར་འདི་བསྐྲུན་པས། །ལ་ལུས་འགྲོ་ཚོགས་ཀྱི། །གནས་སྐབས་མཐར་ཐུག་གི །དཔལ་ཡོན་མཐར་མེད་ཤོག །འདི་ཡང་མ་ཏིས་བྲིས། །


previousདཔལ་རྡོ་རྗེ་གདན་བཞིའི་རྩ་བའི་དཀྱིལ་འཁོར་ཡེ་ཤེས་དབང་ཕྱུག་མ་ལྷ་བཅུ་གསུམ་གྱི་བདག་ཉིད་ཅན་གྱི་སྒྲུབ་ཐབས་བདུད་རྩིའི་ཐིག་ལེ།next