Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་གདན་བཞིའི་འཁྲིད་ཡིག་ཡེ་ཤེས་སྒོ་འབྱེད།


 
previousརྡོ་རྗེ་གདན་བཞིའི་འཁྲིད་ཡིག་ཡེ་ཤེས་སྒོ་འབྱེད།no next

རྡོ་རྗེ་གདན་བཞིའི་འཁྲིད་ཡིག་ཡེ་ཤེས་སྒོ་འབྱེད།


TNT11_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གདན་བཞིའི་འཁྲིད་ཡིག་ཡེ་ཤེས་སྒོ་འབྱེད་ཅེས་བྱ་བ་བཞུགས།


TNT11_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བྷ་ག་བ་ཏི་ཛྙཱ་ནེ་ཤྭཪྱཻ རྡོ་རྗེ་གདན་བཞིའི་འཁྲིད་ཡིག་ཡེ་ཤེས་སྒོ་འབྱེད་ཅེས་བྱ་བ། བླ་མ་ལ་ཕྱག་འཚལ་ལོ། །གང་འདི་བདེ་ཆེན་འདབ་བརྒྱ་ཁ་བྱེ་བས། །རབ་ཏུ་འོད་གསལ་ཟེའུ་འབྲུ་མངོན་གྱུར་བ། །བླ་མེད་བླ་མ་ཡེ་ཤེས་དབང་ཕྱུག་མར། །དངོས་ཀུན་ལྷན་ཅིག་སྤྱི་བོའི་གཙུག་གིས་མཆོད། །དམ་པ་སྔ་མས་མཛད་མོད་ཀྱང༌། །ཐོར་བུར་གནས་ཤིང་གསལ་མིན་པས། །ཤིན་ཏུ་ཟབ་ཅིང་གསང་བའི་ལམ། །འཁྲུགས་མེད་འདུས་ཤིང་གསལ་བར་འབྲི། །དཔལ་རྡོ་རྗེ་གདན་བཞིའི་རྒྱུད་ལས་འབྱུང་བ་རྫོགས་རིམ་གྱི་མན་ངག་རྒྱུད་ཀྱི་དངོས་བསྟན་ལས་ཀྱང་གསལ་མོད། གྲུབ་ཐོབ་ལོ་པཎ་བརྒྱུད་པའི་མན་ངག་ལས་འབྱུང་བ་ཉིད་གཙོ་བོར་བྱས་ཏེ་བཤད་པར་བྱའོ། །དེ་ལ་བདག་གི་གདན་གསུམ་པའི་ཞབས་ཀྱྀ་ཕྱོགས་དང༌། བཞི་པའི་སྟོད་ཀྱི་ཆ་ནས་གནས་ལུགས་གཏན་ལ་འབེབས་པ་གསུངས། གནས་སྐབས་གཞན་མང་པོ་ནས་རླུང་གི་རྫོགས་རིམ་ཀྱང་ཅི་རིགས་པར་བཤད། སྦྱོར་གདན་བཞི་པ་ནས་གཞན་ལུས་ཕྱག་རྒྱའི་སྐོར་རྣམས་གསུངས། སང་གདན་


TNT11_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱེད་གཉིས་པ་ནས་བསམ་གྱིས་མི་ཁྱབ་པའི་རིམ་པ་བསྟན་ཅིང་བསྐྱེད་རིམ་ཕྲ་ཐིག་ཀྱང་སྟེ་ནོར་བུའི་ཐིག་ལེ་དང༌། སྨིན་མཚམས་དང་སྙིང་ག་སྟེ་ཐིག་ལེའི་མན་ངག་དང༌། སྤྱི་འགྲོ་སྒོ་དགག་པ་དང༌། རྫོགས་རིམ་བ་ནུ་དངོས་དང༌། བ་ལང་རྨིག་པ་ཡི་གེ་བཅུ་གསུམ་པ་དང༌། ཡི་གེ་གཉིས་པ་དང༌། ཡི་གེ་གཅིག་པ་དང་གཞན་སེམས་ཤེས་པར་བྱེད་པ་དང༌། དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་རྣམས་གསུངས་སོ། །རབ་བྱེད་གསུམ་པ་ནས་སྒོང་སྐྱེས་ཀྱི་མན་ངག་དང༌། ཆུ་ཤིང་མེ་ཏོག་ཡི་གེ་བཅུ་གསུམ་པ་དང༌། གོང་དུ་འཕོ་བ་དང༌། གྲོང་དུ་འཇུག་པ་དང་དེའི་ཡན་ལག་རྣམས་སོ། །རབ་བྱེད་བཞི་པ་ལས་ཆུ་ཤིང་སྙེ་མ་ཡི་གེ་དགུ་པ་དང༌། མཆོད་རྟེན་བུམ་པའི་ཡན་ལག་རླུང་བཅིང་བ་དང༌། མཆོད་རྟེན་གྱི་མན་ངག་དང༌། མཆོད་རྟེན་བུམ་པ་དངོས་ཡི་གེ་དགུ་པ་དང༌། སྒྱུ་མ་གསུམ་གྱི་རྣལ་འབྱོར་རྣམས་སུ་གསུངས་སོ། །དེ་དག་ནི་རྩ་རྒྱུད་ལ་བརྟེན་ཚུལ་ཡིན་ལ། བཤད་རྒྱུད་སྦྱོར་བའི་རབ་བྱེད་ནས། གསང་བའི་སྦྱིན་སྲེག་དང་ཆུ་ཤིང་མེ་ཏོག་སོགས་རྩ་རྒྱུད་དང་འདྲ་མིན་ཙམ་རྣམ་


TNT11_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་དུ་མ་གསུངས་ཤིང༌། གཞན་ཡང་ཕྱག་རྒྱའི་མཚན་ཉིད་སོགས་མང་དུ་གསུངས་སོ། །བཤད་རྒྱུད་མནྟྲ་ཨང་ཤ་ནས་ཨོཾ་ཡིག་གི་མན་ངག་དང༌། གཏུམ་མོ་མདའ་འཕེན་དང༌། ཆུ་ཤིང་མེ་ཏོག་གི་རྣམ་གྲངས་གཞན་དང་བརྟུལ་ཞུགས་ཀྱི་སྤྱོད་པ་སོགས་གསུངས་སོ། །དེ་དག་ནི་འབྲེལ་བ་དང་བླ་མའི་མན་ངག་གི་བཞེད་པས་གསལ་བར་བཀྲལ་པ་དང༌། རྒྱུད་ཀྱི་ཚིག་དོན་སྒྲ་ཇི་བཞིན་པ་ལས་འབྱུང་ཚུལ་རྣམས་ཡིན་ལ། སྤྱི་རྒྱུད་ཀྱི་དགོངས་དོན་རྫོགས་རིམ་མཐའ་དག་སུ་ཞིག་གིས་རྟོགས་པར་ནུས། དེ་ལྟ་མོད་ཀྱི་ཆོས་སྐོར་འདི་ལ་ཕྱོགས་འདིར་འགྱུར་བའི་དབང་དུ་བྱས་ན། ཤིང་གཅིག་གི་བཀའ་འགྲེལ་ཞེས་བྱ་བ་ཨཱཪྱ་དེ་བས་མཛད་པ་དེར། གནས་བརྒྱད་ནང་དོན་ལ་སྦྱར་བའི་བཤད་པ་ཙམ་ཡོད། གཞན་ཡང་ཛེ་ཏཱ་རིའི་དེ་ཉིད་བཞི་པ་སོགས་ནས། རྫོགས་རིམ་གྱི་རྣམ་གཞག་ཐོར་བུ་ཅི་རིགས་པ་ཡོད་ཀྱང༌། རིམ་པ་ལྔ་པ་དང་སྤྱོད་བསྡུས་དང༌། དཔྱིད་ཀྱི་ཐིག་ལེ་ལྟ་བུ་རྒྱུད་དོན་གྱི་འགངས་འཆུན་ཐུབ་པའི་རྫོགས་རིམ་གྱི་རྒྱ་གཞུང་བྱིངས་ཆེ་བ་མེད་པས། རྫོགས་རིམ་རྒྱས་པ་ནི་རྒྱུད་ཁོ་ནའི་སྟེང་ནས་རྟོགས་དགོས་ཤིང༌། དམིགས་པ་རྣམས་ཕལ་ཆེར་ཡང་རྒྱུད་ཀྱི་ཚིག་དོན་ཉིད་ལས་གསལ་བར་འབྱུང་བའི་ཕྱིར། ལྷག་པར་ཡིད་ཆེས་པའི་གནས་ཀྱང་ཡིན་པས། རྒྱུད་ཀྱི་གནས་སྐབས་གང་དང་གང་ནས་རྫོགས་རིམ་ཇི་ལྟར་འབྱུང་བ་དེ་གོ་སླ་བའི་ཕྱིར། དང་པོ་ཉིད་དུ་ཁུངས་སྨོས་པ་ཡིན་ནོ། །ད་ནི་དེ་དག་ལག་ཏུ་བླང་བའི་རིམ་པ་ལ། འཁྲིད་ཀྱི་སྔོན་


TNT11_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་དང་དངོས་གཞི་གཉིས། དང་པོ་ལ་ཡང་སྤྱི་དང་ཁྱད་པར་གྱི་སྔོན་འགྲོ་གཉིས། དང་པོ་སྤྱིའི་སྔོན་འགྲོ་ནི། སྐྱབས་སེམས་སྔོན་དུ་འགྲོ་བའི་བསགས་སྦྱངས་བླ་མའི་རྣལ་འབྱོར་གསུམ་ཡིན་ཏེ་གཞན་དང་འདྲའོ། །གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ནི། ཁྲོ་བོ་དང་ཕྱག་མཚན་གྱི་སྲུང་འཁོར་རླུང་དང་སྦྱར་བ་དང༌། ཚོགས་བསག་བླ་མའི་རྣལ་འབྱོར་རླུང་དང་སྦྱར་བ་གཉིས་ཡིན་ཏེ། དེ་དག་ཀྱང་དཔལ་རིམ་པ་བཞི་པའི་འཁྲིད་ཡིག་དང༌། དགྱེས་རྡོར་གྱི་མན་ངག་བསྲེ་འཕོ་ལས་འབྱུང་བ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་དངོས་གཞི་ལ། བསྐྱེད་རིམ་གྱི་ལྷ་ལ་བདེ་སྟོང་གིས་རྒྱས་འདེབས་པའི་མན་ངག་དང༌། རྫོགས་རིམ་ཟབ་མོ་ཇི་ལྟར་སྒོམ་པའི་ཚུལ་གཉིས་སོ། །དང་པོ་ནི། རྒྱུད་ཀྱི་རྒྱལ་པོ་འདི་ལས་བའི་ནུ་མའི་མན་ངག་ཅེས་བྱ་བ་འབྱུང་སྟེ། གསང་གདན་གྱི་རབ་བྱེད་གཉིས་པ་ལས། དེའི་དབུས་སུ་ཤེས་བྱ་བ། རྣམ་པར་ཤེས་པ་མཁའ་བཞིན་བརྟག །ཅེས་པའི་དབུས་ཀྱི་དོན། འཁོར་ལོ་བཞི། སྨིན་མཚམས། ལྟག་པ་ནོར་བུ་སྟེ་བདུན་ལས་འདིར་རྡོ་རྗེ་ནོར་བུའོ། །དེ་ལའང་དམིགས་པའི་སྒོ་ནས་རྣམ་པ་འདྲ་བ་ཅིག་ཀྱང་སྐབས་ཐོབ་ཀྱི་སྒྲུབ་པ་པོའི་སོ་སོའི་དུས་སྐབས་ཀྱི་ཁྱད་པར་ལས། བསྐྱེད་རྫོགས་སོ་སོར་འགྱུར་བའི་སྐབས་ཅིག་ཡོད་པས། འདིར་བསྐྱེད་རིམ་དུ་འགྱུར་བའི་དབང་དུ་བྱས་ཏེ། ཐུན་གྱི་སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད། སྲུང་འཁོར་མཆོད་གཏོར་བསྐྱེད་རིམ་རྒྱས་བསྡུས་གང་རུང་ཞིག་བསྒོམས་པའི་མཐར། རང་ཉིད་བཅོམ་ལྡན་འདས་མ་


TNT11_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་དབང་ཕྱུག་མ་ཐུགས་རྡོ་རྗེ་སེམས་དཔའ་དང་མཉམ་པར་སྦྱོར་བའི་གསང་རྩ་ཕྲད་མཚམས་ཀྱི་པདྨའི་སྣ་རྩེར་ཧཱུྃ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་ནས་འབྲུ་ཙམ་གྱི་ལྟེ་བར་ཐིག་ལེ་དཀར་པོ་ཤིན་ཏུ་ཕྲ་བ་ཡོད་པ་ལ་སེམས་བསྟད་དེ་མཉམ་པར་འཇོགཡང་ན་རང་ཉིད་རྣལ་འབྱོར་ནམ་མཁའ་འམ་རྡོ་རྗེ་སེམས་དཔར་གསལ་བཏབ་སྟེ། ཡུམ་ཡེ་ཤེས་དབང་ཕྱུག་མའམ། རྡོ་རྗེ་སྙེམས་མ་དང་མཉམ་པར་སྦྱོར་བའི་གསང་རྩ་ཕྲད་མཚམས་ཀྱི་རྡོ་རྗེ་ནོར་བུའི་ནང་དུ། ཕྱག་མཚན་དང་བཅས་པའི་ཐིག་ལེ་སྔ་མ་བཞིན་དུ་བསྒོམ། སྐབས་འདིར་ཡེ་ཤེས་དབང་ཕྱུག་མ་ཞལ་གསུམ་ཕྱག་དྲུག་སྒོམ་པར་མ་ནུས་ན། ཞལ་གཅིག་ཕྱག་གཉིས་པ། དཀར་མོ་ཁ་ཊྭཱཾ་ག་དང་ཐོད་པ་འཛིན་པར་སྒོམས་ཀྱང་རུང་ངོ༌། །དམིགས་པ་དེ་ལ་སེམས་བསྟད་ནས་རླུང་སྦྱོར་འདི་ལྟར་བསྒོམ་སྟེ། ལུས་གནད་བཅོས། རླུང་རོ་ལན་གསུམ་བསལ། སྟེང་རླུང་དལ་བས་རྔུབས་ཏེ་གསང་བར་གནོན་པ་ཅི་ནུས་སུ་བཟུང༌། ཡང་དལ་བུས་བཏང་བ་ལ་བསླབ། དེ་ལྟ་བུ་ཟླ་བ་གཅིག་ལ་སོགས་པ་དམིགས་པ་གསལ་མི་གསལ་དང་བརྩོན་འགྲུས་ཆེ་ཆུང་གི་བྱེ་བྲག་གིས་ཇི་ལྟར་རིགས་པར་བསླབ། རླུང་ཅུང་ཟད་ཟིན་པའི་རྟགས་བདེ་སྡུག་གི་ཉམས་གང་རུང་ཞིག་འབྱུང༌། དེའི་ཚེ་རྐང་པ་དཀྲུག་པ་དང༌། རྒྱུ་ཞབས་ཀྱི་རྒྱབ་མདུན་དལ་བུས་བརྡུང་ཞིང་མཉེ་བ་སོགས་བྱས་ནས། དམིགས་པ་དང་རླུང་སྦྱོར་སྔ་མ་ལྟར་གྱི་ངང་ནས། ཕོ་བ་ལྡིར། ལྟོ་བ་འགྱུར་བྱ་ཞིང༌།


TNT11_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

ཐུར་སེལ་དབུས་ནས་ཅུང་ཟད་ཡར་འཐེན་པ་རེ་བྱེད་དེ། རྟག་ཏུ་མི་དགོས་རླུང་ཐེངས་གཉིས་གསུམ་རེ་ལ་དེ་འདྲ་ལན་རེ་ཙམ་བྱ། སྟེང་འོག་གི་རླུང་ཐམས་ཅད་འོད་ཟེར་གྱི་རྣམ་པས་གསང་བའི་སྣ་རྩེའི་རྡོ་རྗེ་ཐིག་ལེ་དང་བཅས་པ་ལ་ཐིམ་པར་བསམ། ཡང་ན་ཡུམ་གྱི་བྷ་གའི་ནང་གི་རྩ་སྣ་གཡས་པ་ལ་ཧཱུཾ་ནག་པོ། གཡོན་པ་ལ་ཧཱུཾ་དམར་པོ། ནག་པོ་ལས་རླུང་གཡོན་དམར་པོ་ལས་མེ་སྦར། སྲུབས་པས་མེ་ལྕེ་ཆ་གཉིས་སུ་གྱུར་ཏེ། ཡབ་ཡུམ་གྱི་རྩ་སྣ་དབུས་མ་གཉིས་སོ་སོ་ནས་སོང༌། ཡབ་ཀྱི་བྱང་ཆུབ་ཀྱི་སེམས་དཀར་པོ་ཞུ་ཞིང་རྩ་སྒོར་བྱོན། །ཡུམ་གྱི་དམར་པོའང་ཞུ་སྟེ་རྩ་སྒོར་བྱོན། ཐིག་ལེ་དཀར་དམར་ཁ་སྦྱོར་དུ་འདུག་པ་ལ་སེམས་བསྟད་དོ། །འདི་ལ་གོང་མ་རྣམས་གསང་བའི་བ་ལང་རྨིག་པ་ཟེར་ཏེ་འོན་ཀྱང་རྒྱས་བསྡུས་མ་གཏོགས་གོང་མ་དང་འདྲ་བས་བ་ནུར་འཐད་དོ། །འདི་ལས་བདེ་སྟོང་གི་ཉམས་ཁྱད་པར་ཅན་སྐྱེ་ཞིང༌། དེས་ལྷ་སྐུ་ལ་བོགས་འདོན་པ་སོགས་སྤྱི་དང་འདྲ། དེ་ལ་གོམས་ནས་ཐིག་ལེའི་རྣལ་འབྱོར། སྟེང་གི་སྣ་རྩེ་ལ་བསླབ་སྟེ་གནས་བདུན་ལས་སྨིན་མཚམས་སུའོ། །འདི་ལ་སྒོ་དགུ་དགག་པར་ཡང་མན་ངག་ལས་བཤད། བསྐྱེད་རིམ་གྱི་སྐབས་འདིར་མ་བྱས་ཀྱང་ཆོགསྔོན་འགྲོ་བསྐྱེད་རིམ་སྔ་མ་བཞིན་བསྒོམས་ལ། རང་གི་སྨིན་ཕྲག་གི་ཐད་དཔྲལ་བའི་ནང་དུ། ཆོས་འབྱུང་དཀར་པོ་གྲུ་གསུམ། རྩ་བ་ཕྲ་བ་ཐུར་བསྟན།


TNT11_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

གདེངས་ཁ་གྱེན་དུ་ཕྱོགས་པ། དུང་དམ་རུས་པ་ལས་གྲུབ་པ་འདྲ་བ་ཅིག་སྒོམ་གསུང༌། ཆོས་འབྱུང་དེ་ཆེ་ན་སོར་བཞི་ཙམ། ཆུང་ན་མཐེ་བོང་ཙམ་བསྒོམ། དེའི་བར་ཇི་ལྟར་བདེ་བ་ཡིན། ཆོས་འབྱུང་གི་ཁ་མཚམས་ཀྱི་ནང་དུ་གཡས་གཡོན་ལ་མ་རེག་ཙམ་དུ་ཐིག་ལེ་དཀར་པོའི་སྟེང་དུ་ཧཱུཾ་དཀར་པོ་བསྒོམ་སྟེ། རླུང་ཕྱིར་དལ་བུས་བཏང་ཕྱིར་ཅུང་ཟད་བཟུང་བས་རླུང་རྣམས་འོད་ཟེར་གྱི་རྣམ་པས་ཡར་སོང་བ། ཆོས་འབྱུང་ནང་གི་ཐིག་ལེ་ལ་ཕོག་པས་ཐིག་ལེ་དྲག་ཏུ་འཁོར། ཆོས་འབྱུང་དང་ཧཱུཾ་མི་འཁོར་བར་བསམ། ཡང་རླུང་ནང་དུ་དལ་བུས་རྔུབས་ཤིང་ཅུང་ཟད་བཟུང་བའི་སྐབས་ཀྱང་རླུང་རྣམས་སྣ་སྒོ་ནས་ཡར་སོང་སྟེ། ཆོས་འབྱུང་གི་ཐིག་ལེ་ལ་ཕོག་པ་སོགས་གོང་བཞིན་སྒོམ། བདེ་ཉམས་ཡིད་ལ་བྱེད་ཅིང་སྒྱུ་མ་ལྟ་བུར་ཤེས་པར་བྱ། ཐུན་གྱི་མཇུག་ཏུ་ཧཱུཾ་ཡིག་ཐིག་ལེ་དང་བཅས་པ་བདུད་རྩི་དཀར་པོའི་རྣམ་པས་མེར་གྱིས་ཞུ། རླན་དང་དྲོད་ཀྱི་རང་བཞིན་ཅན་དེས་ཆོས་འབྱུང་གང་བ་ལ་སེམས་བསྟད་དེ། རླུང་གི་རྩོལ་བ་སོགས་མི་བྱ་བར། ཤེས་པ་ཁོང་ལྷོད་ཀྱིས་ཀློད་ནས་བཞག་གོ །}ར་ཧཱུཾ་ཡིག་ལ་རིག་པ་བསྒྲིམས་པས་དུབ་པ་དེ་འདིར་ངལ་གསོ་བ་ཡིན། ཡང་ན་ཐིག་ལེ་ཧཱུཾ་དང་བཅས་པའི་དོན་དུ་ཐིག་ལེའི་རང་བཞིན་གྱི་ཟླ་བའི་དཀྱིལ་འཁོར་རྐྱང་པ་བསྒོམས་ཀྱང་ཆོག་གོ །དམིགས་པ་འདིས་ཀྱང་ལྷ་སྐུ་ལ་བདེ་བས་རྒྱས་ཐེབས་ཤིང༌། བདེ་བ་ལ་སྟོང་པའི་རྒྱས་འདེབས། དེས་ཀྱང་ལྷ་སྐུ་ལ་བོགས་ཐོན་པ་


TNT11_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་འབྱུང་སྟེ་སྤྱི་དང་འདྲའོ། །འདི་བསྐྱེད་རིམ་གྱི་ཆ་ལག་ཡིན་ཡང་བའི་ནུ་མ་ཅེས་པའི་བརྡས། གསང་བའི་སྣ་རྩེ་དང༌། སྤྱི་བོའམ་སྨིན་མཚམས་ཀྱི་སྣ་རྩེ་རྣམས་སྟོན་པ་ཡིན་པས། འདི་གཉིས་ཀར་བ་ནུའི་མན་ངག་ཏུ་བསྡུའོ། །གཉིས་པ་རྫོགས་རིམ་ཟབ་མོ་ཉམས་སུ་བླང་བའི་ཚུལ་ལ། རྒྱུད་འདིར་རྫོགས་རིམ་གང་སྒོམས་ཀྱང་སྔོན་དུ་གཏོང་དགོས་པའི་ཆོས་གཉིས་ཡོད་པས་དེའི་དབང་དུ་བྱས་ནས་རྫོགས་རིམ་ཀུན་གྱི་སྔོན་འགྲོ་དང་རྫོགས་རིམ་དངོས་སོ། །དང་པོ་ལ་སྒོ་དགུ་དགག་པ་དང་རྡོ་རྗེའི་བཟླས་པ་གཉིས་སོ། །དང་པོ་ནི། གསང་གདན་གཉིས་པ་ནས། ཁ་དོག་སེར་བོ་འོད་འབར་བའི་ཅེས་པ་ནས། ལུས་ལ་ཐམས་ཅད་འབར་བའོ། །ཞེས་པའི་བར་ཏེ། རང་ཉིད་ཡེ་ཤེས་དབང་ཕྱུག་མའམ་རྡོ་རྗེ་སེམས་དཔའི་སྐུར་གསལ་བའི་སྤྱི་གཙུག་ཚངས་པའི་བུ་གར་ཀྵུཾ་ཡིག་སེར་བོ་འོད་ཟེར་འཕྲོ་བ། མགོ་བོ་ཐུར་བསྟན། འོད་ཟེར་གྱིས་སྤྱི་གཙུག་གི་སྒོ་བཀག་པར་བསམས་ལ། བུམ་ཅན་འཇམ་རླུང་སྒོམ་པ་ཞག་བདུན་ལ་སོགས་པ་བྱ། དེ་བཞིན་དུ་སྨིན་མཚམས་སུ་ཧཱུཾ་ནག་པོ་མགོ་ནང་བསྟན། གཞན་སྔར་དང་འདྲ་སྟེ་ཞག་བདུན་སོགས་བསྒོམ། དེས་གཞན་ལའང་རིགས་འགྲེ་སྟེ། མིག་གཉིས་སུ་ཡང་ཧཱུཾ་ནག་པོ། རྣ་བ་གཉིས་དང་སྣའི་བུ་ག་གཉིས་ལ་ཡུཾ་དམར་པོ། ལྕེ་ཆུང་དུ་སུཾ་དཀར་པོ་མགོ་བོ་ཐུར་བསྟན། ཆུ་ལམ་དུ་སུཾ་དཀར་པོ། བཤང་ལམ་དུ་ཀྵུཾ་སེར་


TNT11_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

པོ། ལྕེ་ཆུང་གི་སུཾ་ཡིག་མ་གཏོགས་དེ་རྣམས་མགོ་བོ་ནང་དུ་བསྟན་པའོ། །མགྲིན་པར་གཡས་སེར་གཡོན་དཀར་བ། ཕྲག་དཔུང་གི་མཚམས་སུ་གཡས་དཀར་གཡོན་ནག་པ། སྙིང་གར་གཡས་ནག་གཡོན་དམར་བ། ལྟེ་བར་གཡས་དམར་གཡོན་སེར་བ། ཡི་གེ་བརྩེགས་མ་དེ་རྣམས་མགོ་བོ་གྱེན་བསྟན་དུ་བྱ། དེ་དག་རེ་རེ་བཞིན་འཇམ་རླུང་བཅས་པ་ཞག་བདུན་བདུན་ཙམ་རེ་བསྒོམས་པས། ཟླ་བ་ཕྱེད་དང་བཞི་ཙམ་དུ་འགྱུར་ཞིང༌། དེ་ནས་དམིགས་པ་གསལ་རུང༌། མི་གསལ་རུང་སྤྱི་བོ་ནས་བཤང་ལམ་གྱི་བར་དུ་ཡས་རིམ་དང༌། བཤང་ལམ་ནས་སྤྱི་བོའི་བར་མས་རིམ་གྱིས་ཡི་གེ་རྣམས་གསལ་བཏབ་ནས། དམིགས་པ་གསལ་ན་ཅིག་ཅར་སྣང་བ་ལ་ཡུན་རིང་དུ་བསྒོམ། མི་གསལ་ན་བར་དེར་མོས་སྒོམ་ཡུད་ཙམ་རེ་བྱ་ཞིང༌། ཡས་མས་ཀྱི་རིམ་པས་གསལ་འདེབས་པ་ཉིད་གཙོ་བོར་བསྒོམ། རླུང་ཡང་བུམ་པ་ཅན་སྦྱོར་བ་བཞི་ལྡན་ཉིད་ལ་ནན་ཏན་དུ་བྱའོ། །གཉིས་པ་རྡོ་རྗེ་བཟླས་པ་ནི། རབ་བྱེད་གཉིས་པར། ས་བོན་འདི་ནི་བཟླས་པར་བྱ། །ཞེས་དང༌། བཟླས་དང་བསམ་གཏན་རྣལ་འབྱོར་ལས། །ཅེས་དང༌། བཞི་པ་ལས། གལ་ཏེ་བཟླས་འདོད་རྣལ་འབྱོར་པས། སྙིང་གི་ས་བོན་སྤངས་ནའོ། །ཞེས་དང༌། སྒྲ་མེད་ངག་ནི་སྤངས་ནས་སུ། །ཡིད་ཀྱི་བཟླས་དང་ལྡན་པར་བྱ། །ཅེས་སོགས་གསུངས་ཏེ། ལུས་གནད་ལེགས་པར་བཅོས། སྔར་བསྐྱེད་རིམ་གྱི་བདེ་བའི་རྒྱས་


TNT11_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་གཉིས་སམ། འོག་ནས་འབྱུང་བའི་རྫོགས་རིམ་གྱི་དམིགས་པ་ཅུང་ཟད་གོམས་པའི་སྐབས་ཡིན་ན། བདེ་བས་དངོས་སུ་རྒྱས་འདེབས། གཞན་དུ་ན་མོས་པ་ཙམ་བྱ། དེ་ཡང་རླུང་ནང་དུ་འཇུག་པ་ན་ཧཱུཾ་ཞེས་དྲན་ཅིང༌། རང་ཉིད་ལྷའི་སྐུར་གསལ་བ་དེ་ཉིད་བདེ་བར་མོས། གནས་པ་ན་ཨཱཿཞེས་དྲན་ཅིང༌། བདག་གཞན་གཉིས་ཀ་བདེ་བར་མོས། ཕྱིར་འགྲོ་བ་ན་ཨོཾ་ཞེས་དྲན་ཅིང་སྣང་བ་ཐམས་ཅད་བདེ་བར་མོས། འདི་འོག་ནས་འབྱུང་པའི་རྫོགས་རིམ་ཀུན་ཀྱི་སྔོན་འགྲོའི་ཚུལ་དུ་ཡང་སྦྱོར་ཞིང༌། རྫོགས་རིམ་དེ་དང་དེ་ལ་བདེ་ཉམ་སྐྱེས་པའི་བོགས་འདོན་དུ་ཡང་སྦྱོར་ལ། བསྐྱེད་རིམ་གྱི་ཕྲ་ཐིག་གཉིས་པའི་བོགས་འདོན་དུ་ཡང་བྱེད་མོད་ཀྱི། སྒོ་དགུ་དགག་པའི་སྦྱོར་བ་ཅུང་ཟད་གོམས་པའི་རྗེས་སུ། འདི་ཉིད་ཆེད་བཏད་དུ་ཡུན་རིང་བསྒོམས་ན། རྩ་ལམ་སྦྱོང་བའི་ཐབས་ཁྱད་པར་ཅན་དུ་འགྱུར་རོ། །གཉིས་པ་རྫོགས་རིམ་དངོས་ལ། ཁྱབ་བྱེད་རྫོགས་རིམ་གྱི་གནད་དང༌། ཁྱབ་བྱ་རྫོགས་རིམ་གྱི་གནད་གཉིས་སོ། །དང་པོ་ལ་དབྱེ་ན། བསམ་གྱིས་མི་ཁྱབ་པའི་རྣལ་འབྱོར་དང༌། ཆགས་ཅན་ལས་རྒྱའི་ལམ་གཉིས་སོ། །དེའི་དང་པོ་ནི། གསང་གདན་གཉིས་པ་ལས། ཁ་དོག་མེད་ཅིང་ཚོན་ཀུན་དངོས། །ཞེས་པ་ལ་སོགས་པས་བསྟན་ཏེ། མཚོན་བྱེད་ཐིག་ལེ་མཚོན་བྱ་སྤྲོས་བྲལ་ལོ། །དེ་ཡང་རང་ལྷར་གསལ་བའི་སྙིང་གར། པདྨ་འདབ་མ་ལྔ་པའི་ལྟེ་བ་ལ། ཐིག་ལེ་སྔོན་


TNT11_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འདབ་མ་བཞི་ལ་ཤར་དཀར་བ། བྱང་སེར་བ། ནུབ་དམར་བ། ལྷོ་ནག་པ་སྟེ་ཐིག་ལེ་བཞི་གསལ་བཏབ་བོ། །དུས་གཅིག་ལ་གསལ་ཐེབས་ན་ལྔ་ཆར་ལ་སེམས་འཛིན། མི་ཐེབས་ན་རེ་རེ་ནས་འཛིན། ཡང་ན་རྡོ་རྗེ་ནོར་བུའི་ནང་དུ་རླུང་སེམས་འདྲེས་པའི་ཐིག་ལེ་དམར་པོ་རེག་བྱ་ཚ་བ་བདེ་དྲོད་ཀྱི་རང་བཞིན་ཅན་ཅིག་བསྒོམས་ཏེ། དེ་ལ་སེམས་རྩེ་གཅིག་ཏུ་བཞག་གོ །དམིགས་པ་འདི་རླུང་དབྱུང་བ་དང་ཕྱི་འཛིན་ནང་འཛིན་སྤེལ་མ་བྱེད་ཅིང་སྦྱངས་པས་གསལ་བའི་ཉམས་ཁྱད་པར་ཅན་སྐྱེའོ། །ཅུང་ཟད་གོམས་ནས་སྔར་བཤད་པའི་གསང་བའི་ཕྲ་ཐིག་གི་རླུང་སྦྱོར་དེ་བསྒོམས་པས། བདེ་སྟོང་གི་ཉམས་མཐའ་དབུས་མེད་པ་སྐྱེ་བར་འགྱུར་རོ། །དེའི་ཚེ་རང་ཤུགས་ཀྱི་རྣམ་པར་མི་རྟོག་པའི་ཉམས་མྱོང་བློས་བྱས་ལས་འདས་པ་ཞིག་འབྱུང་སྟེ། བུ་དང་སློབ་མ་སྦྱོང་བའི་དཔེས་རྟོག་པ་ལ་བརྟེན་ནས་མི་རྟོག་པ་བསྐྱེད་པའོ། །ཉམས་ལེན་བསྒོམ་པར་བྱ་བ་ནི་མི་རྟོག་པ་དེ་ཡིན་ན། དེ་ཡང་རྒྱུད་ལས། ཡེ་ཤེས་ཀྱིས་ནི་ཤེས་བྱ་བརྟག །ཤེས་བྱས་འགྲོ་བ་བརྟག་པར་བྱ། །ཞེས་གསུངས་པ། བདེ་སྟོང་གི་ཉམས་ཀྱིས་ལྷ་སྐུ་ལ་རྒྱས་འདེབས། ལྷ་སྐུ་གསལ་སྟོང་བདེ་བ་རང་ཤར་དེས་སྣང་བ་ཐམས་ཅད་ལ་རྒྱས་འདེབས་པའི་དོན་ཡིན། འོན་ཀྱང་ལག་ལེན་འདི་ལྟར་བྱ་སྟེ། བདེ་བའི་སྟན་ལ་ལུས་གནད་བཅས་ནས་རླུང་རང་བབས་སུ་བཞག སེམས་དུས་གསུམ་གྱི་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་སྤངས་ཏེ། ཅི་ཡང་ཡིད་ལ་མི་བྱེད་པར་བཞག་གོ །འདིར་ལྟ་སྟངས་


TNT11_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སྣ་རྩེར་ལྟ་བར་བཤད། དེ་ལྟར་ཡང་རྩ་རྒྱུད་ཀྱི་གསང་གདན་གཉིས་པ་ལས། མཉམ་ཉིད་སེམས་ཀྱི་ནན་ཏན་གྱིས། །རང་བཞིན་དག་པའི་དེ་ཁོ་ནས། །ཡིད་ཀྱིས་བྲིས་ནས་ཀུན་ཆུབ་ཅིང༌། །ཡིད་ཀྱི་མེ་ཏོག་མཆོད་པར་བྱ། །རང་བཞིན་དག་པའི་བདུག་སྤོས་དང༌། །ཤེས་རབ་སྒྲོན་མ་སྣང་བར་བྱ། །བདུད་རྩི་གཏོར་མས་ཚིམ་པའི་ལུས། །ཐམས་ཅད་དྲངས་ནས་བཟའ་བར་བྱ། །ཅེས་གསུངས་ཏེ་སེམས་ཀྱི་ངོ་བོ་མ་བཅོས་པ་ལ་འཇོག་པ་ནི་མཉམ་ཉིད་དེ། མཎྜལ་ཟླུམ་པོའི་ངེས་དོན་རྩ་བའི་དམིགས་པ་ཡིན་ལ། བསམ་མི་ཁྱབ་ཀྱི་དམིགས་སྐོར་དང་པོའོ། །རང་བཞིན་དག་པ་ནི་མཎྜལ་གཙང་བའི་ངེས་དོན་ཏེ། སེམས་དེའི་ངོ་བོ་ལ་ཆེར་གྱིས་བལྟས་ཤིང༌། གནས་ཚུལ་ཇི་ལྟ་བུ་ཞེས་བཙལ་བས། ཕྱི་ནང་གཉིས་སམ། གཟུང་འཛིན་གཉིས་སམ། སྐྱེ་འགག་གནས་གསུམ་གང་ཡང་མ་གྲུབ་པར་རྟོགས་པ་དེ་ལ་མཉམ་པར་འཇོག་པ་ནི། སེམས་རང་བཞིན་གྱིས་དག་པ་དེ་དག་པར་རྟོགས་པའི་ཕྱིར་དུ་སེམས་འཚོལ་བྱེད་པ་སྟེ་དམིགས་ཆེན་གཉིས་པའོ། །ཡིད་ཅེས་པ་ནི་གཉིས་ཏེ་སྣང་བ་དང་རྣམ་རྟོག་གཉིས་ལ་གོ་བར་བྱའོ། །དེས་ན་དྲི་བཟང་གིས་བྱུགས་པའི་ངེས་དོན་ནི། གཟུགས་སྒྲ་སོགས་སྣང་བ་ཅི་ཤར་བ་དེ་ཀའི་སྟེང་དུ་ཁ་ནང་ལོག་གི་ཤེས་པས་བཙལ་ཞིང་བརྟགས་པའི་ཚེ། སྣང་ཙམ་མ་འགག་ཀྱང་དེའི་རང་བཞིན་ཅིར་ཡང་བརྗོད་དུ་མེད་པ་དེ་ལ་འཇོག་པ་ནི། དམིགས་ཆེན་གསུམ་པའོ། །དེ་བཞིན་དུ་མེ་ཏོག་གི་ངེས་དོན་ནི། ཡིད་རྣམ་པར་རྟོག་པ་


TNT11_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་བའི་འཆར་སྒོ་ཆགས་སྡང་དགའ་སྡུག་ལ་སོགས་པ་ཅི་ཤར་ཡང་ཤར་བ་དེའི་རང་བཞིན་ལ་རང་གིས་བརྟགས་པས། ཤར་བའི་དུས་ཉིད་ན་ངོས་བཟུང་མེད་ལ་མེད་པ་དེ་ཀ་ཡང་ཡང་རིག་པར་བྱེད་པ་སྟེ། །དམིགས་སྐོར་བཞི་པའོ། །དེ་གཉིས་ལ་གོམས་ན། །བདུག་སྤོས་ཀྱི་ངེས་དོན། །ཡུལ་སྣང་ཤར་ཡང་རུང༌། རྣམ་རྟོག་སྐྱེས་ཀྱང་རུང་ན། གང་ཤར་དེ་ལ་མ་བཅོས་པར་བཞག་པས་སྟོང་པའི་རང་བཞིན་ལས་མ་འདས་པའི་རྒྱུན་སྐྱོང་བ་སྟེ་དམིགས་སྐོར་ལྔ་པའོ། །མར་མེའི་ངེས་དོན་ནི། དེ་དག་ལ་ཅུང་ཟད་མྱོང་བ་ཐོན་ནས་རིག་པ་དཔངས་བསྟོད། རེས་བསྒྲིམ། རེས་ཀློད། སྟོང་ཉིད་ལ་ངེས་ཤེས་བསྐྱེད། ཁྱད་པར་ནང་དུ་སེམས་སྟོང་པ་ཉིད། ཕྱིར་ཡུལ་སྟོང་པ་ཉིད། ཕྱི་ནང་མཉམ་ཉིད་ངོ་བོ་གཅིག་ཏུ་གྱུར་པའི་ངང་སྐྱོང་བ་སྟེ་དམིགས་སྐོར་དྲུག་པའོ། །ཞལ་ཟས་ཀྱི་དཔེ་དོན་ནི། དེ་རྣམས་ལ་མྱོང་བ་ཐོན་ནས། གོང་དུ་བཤད་པའི་བདེ་བ་དང་གསལ་བའི་ཉམས་བསྐྱེད་བྱེད་རྣམས་བསྒོམས་ནས། སྤྲོས་བྲལ་བསམ་གྱི་མི་ཁྱབ་དེ་དང་ཡང་ཡང་བསྲེས་བཞིན་ཉམས་སུ་བླངས་བས། ཕྱིས་དམིགས་པ་ལ་མ་བལྟོས་པར་རང་གཞན་སྣོད་བཅུད་ཐམས་ཅད་བདེ་སྟོང་དུ་འཆར་ལ། འགའ་ཞིག་ལ་རིམས་ཀྱིས་འཆར་བ་ཡང་ཡོད། འགའ་ཞིག་ལ་ཅིག་ཆར་དུ་འཆར་བ་ཡང་ཡོད་དེ་དེ་ནི་མ་ངེས་སོ། །འདི་དམིགས་ཆེན་བདུན་པའོ། །དེ་ལྟར་ན་དེ་དག་ནི་བསམ་མི་ཁྱབ་ཀྱི་མན་ངག་གམ། དེ་ཁོ་ན་ཉིད་ལ་ལྷག་པར་མོས་


TNT11_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣལ་འབྱོར་ཞེས་བྱ། གཉིས་པ་ཆགས་ཅན་ལས་རྒྱའི་ལམ་ནི་གསང་བའི་སྦྱིན་སྲེག་གི་དོན་ཕྱོགས་གཅིག་ལ་ཡང་གནས་པ་ཡིན་ལ། འདིའི་མན་ངག་ནི་འཁྲིད་ཡིག་ལོགས་སུ་བཀོད་ཡོད་དོ། །གཉིས་པ་ཁྱབ་བྱ་རྫོགས་རིམ་གྱི་གནད་ལ། ལམ་གྱི་རྩ་བ་དང༌། ཡན་ལག་གཉིས་སོ། །དང་པོ་ལ། བ་ལང་རྨིག་པའི་གདམས་ངག་དང༌། བ་ནུ་ལྟ་བུ་གདམས་ངག་དང༌། ཆུ་ཤིང་སྙེ་མའི་གདམས་ངག་དང༌། མཆོད་རྟེན་བུམ་པའི་གདམས་ངག་སྟེ་བཞིའོ། །དང་པོ་ལ། }་ཕྱིར་བྱུང་བ་ཁ་ཅིག་འདི་སྐད་ཅེས་རང་ལུས་ཀྱི་ཕྱི་རོལ་མདུན་དུ་བ་ལང་རྨིག་པ་སྒོམ་པ་ཕྱི་དང༌། ཐིག་ལེ་ལ་བརྟེན་པ་དང༌། ཡི་གེ་ལ་བརྟེན་པ་ནང་དང༌། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་པ་གསང་བ་དང༌། བ་ལང་རྨིག་པ་དཔེར་བྱས་ནས་ཟུང་འཇུག་སྟོན་པ་དེ་ཁོ་ན་ཉིད་དེ། བ་ལང་རྨིག་པའི་གདམས་ངག་བཞིར་འདོད་ཀྱང་མི་འཐད་དེ། མདུན་ན་ཡོད་པ་ཁོ་ན་ལ་བསྒོམས་པས་ནི། ལས་དང་པོ་པའི་རྫོགས་རིམ་གྱི་དམིགས་པར་འགྲོ་བ་དཀའ་བའི་ཕྱིར་དང༌། གསུམ་པ་ཡང་ཁྱབ་བྱེད་ཀྱི་མན་ངག་ཏུ་འདུས་པས་ལོགས་སུ་བགྲང་རྒྱུ་མ་ཡིན་པའི་ཕྱིར་དང༌། བཞི་པ་ནི་དག་སྦྱོར་ཙམ་ཡིན་གྱི། ངོ་བོ་ནི་བསམ་མི་ཁྱབ་ལས་གཞན་པའི་གདམས་ངག་མ་ཡིན་པའི་ཕྱིར་རོ། །དེས་ན་བ་ལང་རྨིག་པ་ཡི་གེ་བཅུ་གསུམ་པ་དང༌། ཡིག་གེ་གཉིས་པ་དང༌། ཡི་གེ་གཅིག་པ་དང༌། ཐིག་ལེ་ཙམ་ལ་དམིགས་པ་སྟེ་བཞིའོ། །དང་པོ་ནི། གསང་གདན་གཉིས་པ་ལས།


TNT11_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གའི་དབུས་སུ་ཟླ་བ་བསམ། །ཞེས་པ་ནས། ཐམས་ཅད་གནས་སུ་བསྒོམ་པར་བྱ། །ཅེས་པའི་བར་དུ་གསུངས་པའི་དོན་ནོ། །དེ་ཡང་སྔོན་འགྲོ་སྔ་མ་ལྟར་བྱས་ཏེ། ཡི་གེ་བརྒྱད་པོ་ཡང་ལུས་ལ་བཀོད། རྐང་པའི་མཐིལ་གཉིས་སུ་ཡུཾ་ཡིག་སྔོན་པོ་རེ་རེ་རླུང་གི་རང་བཞིན། དེའི་སྟེང་དུ་ཀྵུཾ་ཡིག་དམར་པོ་རེ་རེ་མེའི་རང་བཞིན། སྙིང་གའི་གནས་སུ་པདྨ་དམར་པོ་འདབ་བརྒྱད་ཁ་ཟུམ་པའི་ཚུལ་ཅན། དེའི་ནང་པདྨའི་ལྟེ་བར་ཐིག་ལེའི་རང་བཞིན། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་མཾ་ཧཱུཾ་ངཾ་ཨ་གང་རུང་ཅིག་སྒོམ་པ་ལྟར་བཤད་ཀྱང་ལག་ལེན་ཨོཾ་ཡིག་དཀར་པོ་སྒོམ། མཐའ་སྐོར་དུ་རྀ་ལྀ་སྤངས་པའི་དབྱངས་བཅུ་གཉིས་ལ་ཁ་དོག་དཀར་པོ་གཡོན་སྐོར་དུ་བསྐོར་བའོ། །པདྨའི་འདབ་མ་དང་ལྟེ་བའི་མཚམས་སུ་བ་ལང་རྨིག་པ་སྒོམ་དགོས་ཏེ། དེ་ཡང་དངོས་གནས་ལ་རྩ་ཁ་ཕྲག་ཡོད་པ་ཅིག་ཀ་ཡིན་ཡང༌། སྐབས་འདིར་དམིགས་པས་སྒོམ་རྒྱུ། མདུན་རྒྱབ་གཉིས་ནས་ཨུཏྤལ་ལའི་འདབ་མ་འདྲ་བའི་རྣམ་པ་རེ་དང༌། གཡས་གཡོན་གཉིས་ནས་རླུང་གསེར་རེ་ཡོད་པ་དང་གཡས་གཡོན་འདབ་མ་གཉིས་ཀྱི་རྩེ་མོ་སྟེང་དུ་འཕྲད་ལ་ཁད་པ་ཙམ་བསྒོམ། སྙིང་གའི་པདྨ་དེའི་རྩ་བ་ལྟེ་བར་ཟུག་པ་དེ་རྩ་དབུ་མ་ཡིན། སྙིང་ག་ཡན་ཆད་ཀྱི་དབུ་མ་མི་སྒོམ། རླུང་རོ་བསལ། འོག་རླུང་ཕྱེད་ཙམ་འཐེན་པས། རྐང་མཐིལ་གཉིས་ཀྱི་ཡུཾ་ཡིག་ལས་རླུང་གཡོས། ཀྵུཾ་ཡིག་ལས་མེ་འབར། བྱིན་པ་དང་བརླའི་ལམ་ལས་


TNT11_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་དེ། ལྟེ་བ་ཙམ་དུ་སླེབ་པས་ལུས་ཐམས་ཅད་ཤིན་ཏུ་དྲོས་པར་བསམ། རླུང་ཕྱིར་ཅུང་ཟད་བཟུང་ངོ༌། །སྡོམས་པ་ནི། ཆུ་སོ་མཆན་ཁུང་གཉིས་དང་རྩིབས་ལོག་གཉིས། རྐང་མཐིལ་གཉིས་དང་ལྟེ་བ་སྙིང་གའོ། །ཞེས་འོག་ཕྱོགས་ཀྱི་གནས་དགུ་དང༌། མིག་རྣ་སྣ་གཉིས་སྤྱི་གཙུག་ལྕེ་ཆུང་དང༌། དཔྲལ་བ་རྒྱབ་སྟེ་སྣ་གཉིས་གཅིག་ཏུ་བསྡོམས། ཞེས་སྟེང་གི་གནས་དགུ། དེ་ལྟར་གནས་བཅོ་བརྒྱད་པོ་རྣམས་ལས་བདུད་རྩི་བྱང་ཆུབ་ཀྱི་སེམས་དྲངས་ཏེ་སྤྱི་བོར་སླེབ་པར་བསམ། རླུང་ནང་དུ་རྔུབས་པ་དང་ལྷན་ཅིག་སྤྱི་བོ་ནས་བདུད་རྩི་བབས། ལྕེ་ཆུང་གི་ལམ་བརྒྱུད། སྙིང་གའི་པདྨའི་སྟེང་དུ་བབས་པས། པདྨ་འདབ་བརྒྱད་ཁ་བྱེ་ཞིང༌། བ་ལང་རྨིག་པའང་ཁ་ཕྱེ་བས། ཟླ་བ་ཡིག་འབྲུ་དང་བཅས་པ་གསལ་ཞིང་འོད་འབར་བ་ལ་བདུད་རྩི་དེ་རྣམས་སིབ་སིབ་ཐིམ། དེ་ནས་འཇམ་རླུང་ཁ་སྦྱོར་དུ་འཛིན། བ་ལང་རྨིག་པའི་གཡས་གཡོན་གྱི་རྩའི་ཁ་ཕྲག་མདའི་སྟོང་གི་ཁ་ཕྲག་འདྲ་བའི་གཡས་ནས་རླུང་ཁ་དོག་དཀར་པོ་དང༌། གཡོན་ནས་དམར་པོ་ལངས་ཏེ། ཡི་གེ་རྣམས་ཀྱི་གདན་ཟླ་བ་ལ་རེག་པས། ཟླ་བ་དེ་ཉིད་དུམ་ཙམ་ཅིག་གཡས་སྐོར་དུ་དྲག་ཏུ་འཁོར་དུམ་ཙམ་ཅིག་གཡོན་སྐོར་དུ་དྲག་ཏུ་འཁོར། ཟླ་བ་འཁོར་དུས་ལུས་བདེ་བས་གང་བར་མོས། འདི་ལ་ཡི་གེ་མི་འཁོར་ཞིང༌། ཟླ་བ་ཡང་པདྨའི་ལྟེ་བ་ལ་ཅུང་ཟད་མ་རེག་པར་བསྒོམ། དེ་ཁའི་ངང་ལ་རླུང་ཐེངས་གཉིས་སམ་གསུམ་སོང་མཚམས་ནས་རླུང་


TNT11_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཞི། ཟླ་བ་ཡིག་འབྲུ་དང་བཅས་པ་མེར་གྱིས་ཞུ། བ་ལང་རྨིག་པ་ཁེངས། ཤེས་པ་ཁོང་ཀློད་ནས་ཅུང་ཟད་བཞག དེ་དམིགས་ཐུན་གཅིག་ཡིན། དེ་ཉིད་ཐུན་གྲངས་དང༌། ཐུན་ཚད་མེད་པར་ཡང་ཡང་སྒོམ་པའོ། །ཐུན་གྱི་གཞུག་ཏུ། གོང་དུ་བཤད་པ་ལྟར་རྡོ་རྗེའི་བཟླས་པ་ཅི་རིགས་པ་བྱའོ། །གཉིས་པ་ནི་གསང་གདན་གཉིས་པར། བ་ལང་རྨིག་པའི་སྟེང་དུ་ནི་རྟག་ཏུ་བདུད་རྩི་བཞག་བྱས་ནས། ཞེས་སོགས་ཏེ་དམིགས་པའི་ཁྱད་པར་གཞན་རྣམས་ཐམས་ཅད་དེ་དང་འདྲ་བ་ལས། སྙིང་གའི་ཟླ་བའི་སྟེང་དུ་ཡི་གེ་ཨོཾ་གཅིག་པུ་བསྒོམ། ལྕེ་ཆུང་དུ་ཧཱུཾ་དཀར་པོ་མགོ་ཐུར་དུ་བསྟན་པ། བདུད་རྩི་རྣམས་ཀྱང་ཧཱུཾ་ལ་འཁྱིལ་ཞིང་འབབ་པ་དང༌། ཧཱུཾ་རང་ཉིད་ལས་ཀྱང་བདུད་རྩིའི་རྒྱུན་བབས་པར་བསམ་པ་ནི་ཁྱད་པར་རོ། །འདི་ནི་རྒྱུད་ལས། བ་ལང་རྨིག་པའི་སྟེང་དུ་ནི། །རྟག་ཏུ་བདུད་རྩི་བཞག་བྱས་ནས། །ཞེས་སོགས་ཀྱི་དོན་དུ་མཛད་ནས་བླ་མ་གོང་རྣམས་ཀྱི་མན་ངག་ཏུ་དམིགས་པ་ལོགས་པ་གཅིག་ཏུ་བཀྲལ་བ་ཡིན། འོན་ཀྱང་རྒྱུད་ཀྱི་དངོས་བསྟན་ལྟར་ན་ཡི་གེ་བཅུ་གསུམ་པ་ཉིད་ཀྱི་འཕྲོས་དོན་དུ་གསལ་བས་སྔ་མ་ལ་འདུས་པར་སྣང་ངོ༌། །གསུམ་པ་ནི། རབ་བྱེད་གཉིས་པ་ལས། ཨཱ་ལི་ཀཱ་ལི་རབ་སྦྱོར་བའི་ཞེས་སོགས་ཀྱི་དོན་ཏེ། འཁོར་བ་ལས་བརྒལ་མཚན་ཉིད་ནི། །ཞེས་པ་ནས། དངོས་པོ་དངོས་པོ་བསྒོམ་པར་བྱ། །ཞེས་པའི་བར་རོ། །རང་ཉིད་ཡེ་ཤེས་མཁའ་འགྲོ་མ་དཀར་མོ་ཕྱག་གཉིས་པ་ཁོ་ནར་བསྒོམ།


TNT11_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་རྣལ་འབྱོར་གཞན་དང་མི་སྦྱོར་གསུང༌། དེ་ཡང་སྣོད་བཅུད་སྟོང་པར་སྦྱང་བ་སྔོན་དུ་སོང་ནས། ས་བོན་ཕྱག་མཚན་ཙམ་ལས་བསྐྱེད། གཞན་དམིགས་པ་སྔ་མ་དང་འདྲ་བ་ལས། སྙིང་གར་ཡི་གེ་ཨོཾ་གཅིག་པུ་སྒོམ་པ་ལས། ལྕེ་ཆུང་གི་ཧཱུཾ་ཡང་མི་བསྒོམ། རླུང་ཁ་སྦྱོར་དགང་བའི་སྐབས་གཡས་གཡོན་གྱི་རླུང་གཉིས་ཨོཾ་ལ་ཕོག་པས། ཨོཾ་ཡིག་མེར་གྱི་ཞུ་ནས་བ་ལང་རྨིག་པ་ཁེངས་པར་བསམ། འདི་ལ་ཟླ་བའི་འཁོར་བ་མི་དགོས་སོ། །འདིའི་སྐབས་ཀྱི་ཡི་གེ་རྙིང་པ་ན། རྒྱུད་ལས། ཨཱ་ལི་ཀཱ་ལི་རབ་སྦྱོར་ཞེས་གསུངས་པའི་དོན་ལ་ད་ལོག་དང་ར་འདུས་པ་ཨ་ཡིན་པས། ལག་ལེན་དུ་ཨོཾ་ཡིག་བསྒོམ་ཟེར་བ་ནི་ཅལ་ཅོལ་ཙམ་ཡིན་ཏེ། ཌ་དང་ར་འདུས་པ་སྒྲ་དང་གཟུགས་བརྙན་གང་གི་སྒོ་ནས་ཀྱང་ཨར་འགྲོ་བ་མེད་ཅིང༌། ཌ་ར་འདུས་པ་ལ་ཨཱ་ལི་ཀ་ལིའི་ཐ་སྙད་ཀྱང་གཏན་ནས་མི་ཐོབ་པ་དང༌། ཨ་ཡིན་ན་ཨོཾ་སྒོམ་པ་ཡང་མི་འཐད་པའི་ཕྱིར་རོ། །དེས་ན་ཨོ་ཡིག་དབྱངས་དང་ཀླད་ཀོར་གསལ་བྱེད་ཡིན་པས། ཨཱ་ལི་ཀཱ་ལི་དབྱངས་གསལ་འདྲེས་པའི་དོན་ནི། ཨོཾ་ཡིག་གི་དོན་ནོ། །འདི་གསུམ་གྱི་སྐབས་སུ་ཡི་གེ་མང་ཉུང་གི་གྲངས་ནི་མེ་རླུང་གི་ཡི་གེ་མི་ཐེ་བའི་གཞན་རྣམས་ལ་རྩི་བ་ཡིན་པར་གསལ་ལོ། །བཞི་པ་ནི། ཁ་ཅིག་སྙིང་ཆུ་ཤིང་གི་མེ་ཏོག་ཁ་འཐུར་བསྟན་དེ་གྱེན་དུ་ཁ་བྱེ་བའི་དཀྱིལ་དུ་བསྒོམ་ཟེར་ཏེ། དེ་ལྟར་ན་ཆུ་ཤིང་སྙེ་མའི་མན་


TNT11_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཏུ་འགྱུར་གྱི་བ་ལང་རྨིག་པར་མི་འགྱུར་རོ། །དེ་བས་ན་དམིགས་པ་སྔ་མ་དང་འདྲ་བ་ལས། ཨོཾ་ཡིག་ཀྱང་སྤངས་ཏེ། ཐིག་ལེ་དཀར་པོ་ཟླ་བ་འཁྱིལ་བ་འདྲ་བ་ཞིག་བསྒོམ། རྨིག་པའི་ཕྱི་རོལ་གཡས་སུ་ཧཱུཾ་ནག་པོ་དང༌། གཡོན་དུ་ཧཱུཾ་དམར་པོ་རླུང་དང་མེའི་རང་བཞིན་བསྒོམ། ནག་པོ་ལས་རླུང་གཡོས་དམར་པོ་ལས་མེ་འབར། སྤྱི་བོའི་བྱང་ཆུབ་ཀྱི་སེམས་ཞུ་བ་སོགས་སྔར་དང་འདྲ། མཐར་ཐིག་ལེ་དེ་མེ་རླུང་གཉིས་ལ་ཐིམ། མེ་ཧཱུཾ་དམར་པོ་དེ་རླུང་ཧཱུཾ་ནག་པོ་ལ་ཐིམ། དེ་ཡང་དབྱིངས་སུ་ཡལ་བར་མོས་པར་བྱའོ། །གཉིས་པ་བ་ནུ་ལྟ་བུའི་མན་ངག་ནི། གཉིས་པ་ལས། སྟེང་གི་མཆེ་བ་གཉིས་ལས་ཆུ་འབྱིན་རོ་འདྲའོ་མ་ཆུ་ཞེས་པས། ཞེས་སོགས་ཀྱི་དོན་ནོ། །དེ་ཡང་སྔོན་འགྲོ་སྔ་མ་བཞིན་བཏང་ལ། རང་གི་ལྟེ་འོག་སོར་བཞིན། རྩ་ཀླུ་དབང་འཁྱིལ་བ་ཁ་དོག་དམར་པོ་སྦྲུལ་འཁྱིལ་བ་ལྟར་སྐོར་བ་བདུན་འཁོར་བ། སྣེ་གཅིག་དབུས་སུ་སླེབ་པ་སྟེང་དུ་ཁ་བལྟས། སྣེ་གཅིག་མཐའ་ནས་དབུས་སུ་འཁྱོག་ཏེ་དབུས་སུ་སླེབ་ནས་ཁ་འོག་ཏུ་བལྟས་པ། དེའི་འོག་གསང་བའི་འཁོར་ལོའི་སྟེང་ཐད་དུ། ཆོས་འབྱུང༌། གྲུ་གསུམ་དམར་པོ་སོར་བཞི་པ། དེའི་ནང་དུ་ཀྵུཾ་ཡིག་སེར་པོ་མེ་རླུང་གི་རང་བཞིན་ཅན། སྤྱི་བོར་ཚངས་བུག་གི་སྒོར་ཡང་ཧཾ་དཀར་པོ། སྙིང་གའི་ཐད་ཀྱི་དབུས་སུ་ཧཱུཾ་དཀར་པོ་བདུད་རྩི་འཛག་པའི་རང་བཞིན་ཅན། རྐང་མཐིལ་གཉིས་སུ་མེ་རླུང་གི་ཡི་གེ་ཡང་གོང་གི་བ་ལང་


TNT11_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

རྨིག་པའི་སྐབས་བཞིན་གསལ་བཏབ། རླུང་ཕྱིར་བསལ་ཞིང་འོག་རླུང་ཕྱེད་ཙམ་འཐེན་པས། རྐང་མཐིལ་གྱི་མེ་རླུང་ཤུགས་དང་ལྡན་པ་ཡར་འབར་ཏེ། ཆོས་འབྱུང་གི་ནང་གི་ཀྵུཾ་ཡིག་ལ་རེག་པས། དེ་ལས་མེ་འབར་ཀླུ་དབང་འཁྱིལ་བའི་འོག་གི་སྒོ་ནས་ཞུགས། དེ་མེས་ཁེངས་ཏེ་སྟེང་གི་སྒོ་ནས་འབར། རླུང་ཕྱིར་བཟུང་བ་ན། མེའི་འོད་ཀྱིས་ལུས་ནང་ཐམས་ཅད་ཁེངས། རྩ་སྦུགས་ཐམས་ཅད་ཁྱབ་པས། གོང་དུ་བཤད་པ་ལྟར། གནས་བཅོ་བརྒྱད་ལ་སོགས་པ་ལུས་ནང་གི་བྱང་ཆུབ་ཀྱི་སེམས་ཐམས་ཅད་ཡར་སྐྱ་བུན་ནུ་ནུ་སོང་སྟེ་སྤྱི་བོའི་ཧཾ་ཡིག་ལ་ཐིམ། ཧཾ་ཡིག་བོངས་ཀེ་ཆེ་རུ་ནི་མ་སོང༌། མདངས་བཀྲག་ཆེན་པོ་དང་ལྡན་པར་བསམ། རླུང་ཁ་སྦྱོར་དྲག་ཏུ་བཟུང་ངོ༌། །དམིགས་པའི་གཙོ་བོ་སྤྱི་བོའི་ཧཾ་ལ་སེམས་གཏོད་པ་ཉིད་ཡིན། ཡང་རྣམ་གྲངས་གཅིག་ལ། དམིགས་པའི་གནད་དེ་ཉིད་ཁོ་ན་དང་འདྲ་བ་ལས། ལྕེ་ཆུང་དུ་སུཾ་དཀར་པོ་མགོ་བོ་ཐུར་བསྟན་བསམ། འདི་ཡི་གེ་ཧཱུཾ་ཡིག་ལ་མཆོད་རྟེན་གྱི་མིང་བཏགས་ཏེ། གསང་བའམ། མགྲིན་པའམ། སྙིང་ག་གང་ཡང་རུང་བར་མཆོད་རྟེན་ཧཱུཾ་སྔོན་པོ་བསྒོམ་རླུང་ནང་དུ་འཇུག་པའི་སྐབས་ཧཾ་ལས་བདུད་རྩི་རྒྱུན་བབས། ཡས་དཀན་གྱི་ཕུགས་ཡན་ཆད་གང༌། མཐར་ལྕེ་ཆུང་གི་སུཾ་ལ་ཐིམ། དེ་ལས་བདུད་རྩི་བབས་པ་མཆོད་རྟེན་ཏེ་ཧཱུཾ་ལ་ཐིམ་པར་བསམ་མོ། །འདིར་ཡང་བླ་མའི་མན་ངག་ལས། སྙིང་གར་


TNT11_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལང་གི་རྨིག་རྗེས་ལྟ་བུ་གཡས་གཡོན་གཉིས་སུ་སྐྱོང་མོ་དང༌། དབུས་སུ་སྒང་ཁྱུར་རེ་བའི་རྩ་དཀར་པོ་ཅིག་བསྒོམས་ཏེ། དེའི་སྟེང་དུ་ཧཱུཾ་སྒོམ་པར་ཡང་བཞེད་དོ། །དེའི་ཚེ་ན་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱིས་རྨིག་རྗེས་ལྟ་བུའི་རྩ་དེ་ཁེངས་པར་བསམ་དགོས། གང་ལྟར་ཡང་འདི་ལ་དང་པོར་ཧཱུཾ་ཡིག་ལ་ཁྲུས་གསོལ་བས་ཧཱུཾ་གི་ནག་ནོག་དང་སྐྱོན་ཐམས་ཅད་དག དེ་ནས་བདུད་རྩི་ཧཱུཾ་ལ་ཐིམ་པས་ཧཱུཾ་གང༌། ཧཱུཾ་ལས་བདུད་རྩི་འཕྲོས་པ་རྩ་སྦུགས་གཞན་ཐམས་ཅད་ནས་སོང་སྟེ། ལུས་ནང་གང་ཞིང་བ་སྤུའི་བུ་ག་ཐམས་ཅད་ནས་དཀར་ཉུག་ཉུག་འདུག་པ་ལ་ཕྱིར་མི་འགྲོ་བ་བསྒོམ། འཇུག་ཏུ་ཨོཾ་ཧཱུཾ་སྭཱཧཱ། ཞེས་པའི་བཟླས་པ་བྱེད་དེ། རླུང་འབྱུང་འཇུག་སྤངས་པའི་འགོག་བཟླས་སམ། ནང་དུ་འཇུག་པ་ཨོཾ། གནས་པ་ཧཱུཾ། འབྱུང་བ་སྭཱ། ཕྱིར་གནས་པ་ཧཱ་དང༌། སྦྱར་བའི་རྡོར་བཟླས་བྱའོ། །གསུམ་པ་ཆུ་ཤིང་སྙེ་མའི་གདམས་ངག་ལ། ཡི་གེ་བཅུ་གསུམ་པ་དང༌། ཡི་གེ་དགུ་པ་དང༌། སྒོང་སྐྱེས་ཁྱིམ་གྱི་མན་ངག་སྟེ་གསུམ་མོ། །དང་པོ་ནི། གསང་གདན་གསུམ་པ་ལས། ཆུ་ཤིང་མེ་ཏོག་ལྟེ་བ་ནས། །སྙིང་དུ་འགྲེང་བར་གནས་པ་ཡིན། །ཞེས་པ་ནས། འཁོར་བའི་ཕ་རོལ་བསྒྲལ་བར་བྱ། ཞེས་པའི་བར་ཏེ། ལྟེ་འོག་སོར་བཞིར་ཀྵུཾ་ཡིག་གསེར་མདོག་མེའི་འོད་ཅན་ཞིག་དང༌། ལྟེ་བ་ནས་སྙིང་གའི་བར་དུ་རྩ་དབུ་མ། སྙིང་ག་ནས་གཡོན་གྱི་ཕྱོགས་སུ་གུག་པས་རྩ་ཆུ་ཤིང་གི་མེ་ཏོག་རིང་ཐུང་སོར་ལྔ། རྩ་བ་


TNT11_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

མཐེབ་སོར་བརྒྱད་ཀྱི་འཁོར་བ་ཙམ་རྩེ་རྣོ་ཟུལ་བ་ཁ་དོག་དམར་པོའོ། །དེའི་ནང་ན་ཡི་གེ་བཅུ་གསུམ་ཡོད་པར་མོས་པ་ཙམ་བྱ། རླུང་བུམ་ཅན་ཁ་སྦྱོར་དྲག་ཏུ་བཟུང༌། ལྟེ་འོག་གི་ཀྵུཾ་ལས་གཏུམ་མོ་ཡེ་ཤེས་ཀྱི་མེ་དབུ་མའི་ནང་དུ་ཅུང་ཟད་འབར། མེ་འོད་ཀྱིས་ལུས་ཐམས་ཅད་གང༌། བྱང་ཆུབ་ཀྱི་སེམས་རྣམས་སྤྱི་བོར་འདུས་ཤིང་ཐིག་ལེ་ལ་ཐིམ། ཐིག་ལེ་ལས་བདུད་རྩི་འཛགས། ལྕེ་ཆུང་དུ་བབས་ཤིང་དེ་ལས་བདུད་རྩི་ཕྲ་མོ་ཆུ་ཟིལ་ལྟ་བུ་དཀར་སིབ་སིབ་བབས། ཀྵུཾ་ཡིག་བར་གྱི་དབུ་མའི་ཕྱི་ནང་ཐམས་ཅད་དང༌། ཆུ་ཤིང་མེ་ཏོག་ཉིད་ཀྱང་རླན་པར་བྱས། དེ་སྔར་ནས་ཁ་ཐུར་དུ་ཕྱོགས་པ་དེ་རྐྱེན་དེས་སྟེང་དུ་འགྲེངས་ཤིང༌། དེའི་བུ་ག་དང་བར་གསེང་ཕྲ་མོ་ནས་ཐིག་ལེ་ཕྲ་མོ་ཞུགས་པ་དབུས་ཀྱི་ཧཱུཾ་ལ་ཕོག་པས། ཧཱུཾ་ལས་འོད་ཟེར་བདུད་རྩིའི་ཐིགས་ཐོར་འདྲ་བ་སྤྲོས་ཏེ་ཆུ་ཤིང་མེ་ཏོག་གི་ནང་ནས་ཀྱང་རླན་པར་བྱས་པ་དང༌། མེ་ཏོག་དེ་པདྨ་འདབ་བརྒྱད་ཀྱི་རྣམ་པར་ཁ་བྱེའོ། །དཔེར་ན་རླན་དང་དྲོད་དང་རླུང་གསུམ་གྱི་ནུས་པ་སྨིན་པས། མེ་ཏོག་ཁ་ཕྱེ་བ་ལྟར་འདིར་ཡང་གཏུམ་མོའི་མེ་འོད་དང༌། རླུང་བུམ་ཅན་དང༌། བདུད་རྩིའི་ཐིགས་པ་གསུམ་གྱིས་དེ་ཁ་ཕྱེའོ། །དེ་ལ་དབུས་སུ་འོད་དཀར་པོའི་ནང་དུ་ཧཱུཾ་དཀར་པོ། མུ་ཁྱུད་དེ་ལྟེ་བའི་མཐའི་སྐོར་ལ་རྀ་རཱྀ་ལྀ་ལཱྀ་བཞི་དེ་ཕྱོགས་ཀྱི་འདབ་མ་བཞི་ལ་གཡོན་སྐོར་གྱིས། སུཾ་ཀྵུཾ་ཡུཾ་ཧཱུཾ། མཚམས་ཀྱི་འདབ་མ་བཞི་ལ་བྱང་ཤར་ནས་གཡས་སྐོར་གྱིས།


TNT11_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱང་ཁ་དོག་དཀར་བོ་འོད་འབར་བ། ཡི་གེ་དེ་རྣམས་ལ་སྤྱི་བོ་ལྕེ་ཆུང་བརྒྱུད་པའི་བདུད་རྩིའི་རྒྱུན་རྣམས་སོ་སོར་བབས་ཤིང་ཐིམ་པས། ཐམས་ཅད་བདུད་རྩིས་གང་བའི་སྒོ་ནས་ལུས་སེམས་བདེ་བས་ཁྱབ། དེ་རྣམས་ལས་རྩ་སྦུགས་སོ་སོ་བརྒྱུད་དེ་ལུས་ཀྱི་ནང་ཐམས་ཅད་བདུད་རྩི་ཐིག་ལེས་གང༌། བ་སྤུའི་མཐའ་ཚུན་ཆོད་ཁྱབ། འོད་ཟེར་དཀར་པོ་བ་སྤུའི་བུ་ག་ནས་འཕྲོས། སྣང་བ་ཐམས་ཅད་ཁྲ་གསལ་གྱིས་གསལ་བར་བསམ། དེ་ལྟར་ཡང་ཡང་གསལ་བཏབ་ཀྱིན་བསྒོམ། ཐུན་འཇོག་ཁར་རྡོ་རྗེའི་བཟླས་པ་ཅུང་ཟད་བྱ། གཉིས་པ་ནི། གསང་གདན་བཞི་པ་ལས། ཡིད་དུ་འོང་བའི་ས་ཕྱོགས་སུ། །ཞེས་སོགས་ཀྱིས་སྔོན་འགྲོ་བསྟན་ནས། ཆུ་ཤིང་མེ་ཏོག་ལྟེ་བ་ནས། །སྙིང་ཁར་འགྲེང་བར་གནས་པ་ལ། །ཞེས་སོགས་ཏེ་བཤད་མ་ཐག་པ་དེ་ཉིད་དང་འདྲ་བ་ལས། ལྟེ་བའི་མུ་འཁྱུད་ལ་ཡི་གེ་མེད། འདབ་མ་ལ་ཕྱོགས་བཞིར། ཨ་ཨཱཿ ཨཾ་ཨཿ མཚམས་བཞིར་རྀ་རཱྀ་ལྀ་ལཱྀ་རྣམས་བཀོད་པ་ནི་ཁྱད་པར་རོ། །གསུམ་པ་ནི། གསང་གདན་གསུམ་པ་ལས། དབང་པོ་ཡུལ་གྱི་ཡེ་ཤེས་ནི། །གནོད་པར་བྱེད་པ་བསྡོམས་པར་བྱ། །ཞེས་པ་ལ་སོགས་པའོ། །དེ་ལ་འདི་ནི་སྒོང་སྐྱེས་ཁྱིམ་གྱི་མན་ངག་ཅེས་བྱ་བ། ཆུ་ཤིང་སྙེ་མའི་ཕྱོགས་སུ་གཏོགས་པ་ཙམ་ཡིན་གྱི་དངོས་རང་མིན་པས། ཆུ་ཤིང་སྙེ་མ་ཡི་གེ་གཅིག་པའི་ཐ་སྙད་བྱེད་པ་ནི་ལེགས་པར་མ་མཐོང་ངོ༌། །


TNT11_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་རང་གི་སྙིང་གར་པདྨ་དམར་པོ་འདབ་བརྒྱད་ཁ་བྱེ་བའི་དབུས་སུ། ཐིག་ལེ་དཀར་པོ་བྱིའུ་སྒོ་ང་ཙམ་ཞིག་གི་དབུས་སུ། ཧཱུཾ་དཀར་པོ་བདེ་བའི་ཉམས་དང་ལྡན་པ་ཅིག་བསྒོམ། མན་ངག་གི་ཡིག་ཆུང་རྙིང་པ་ན་དེ་ཙམ་ལས་མེད་ལ། རྒྱུད་བཤད་ལས། རྐང་མཐིལ་དུ་མེ་རླུང་གི་རང་བཞིན་ཡུཾ་ཀྵུཾ། རླུང་གིས་མེ་སྦར་གནས་ཐམས་ཅད་ནས་བདུད་རྩི་དྲངས་པ་སྙིང་གའི་ཧཱུཾ་ཡིག་ཐིག་ལེ་དང་བཅས་པ་ལ་ཐིམ་པར་བསྒོམས་ཞེས་བཤད་དོ། །བཞི་པ་མཆོད་རྟེན་བུམ་པའི་མན་ངག་ལ་རླུང་བཅིང་བ་དང༌། རླུང་ཐིམ་པར་བྱེད་པ་གཉིས་སོ། །དང་པོ་ནི། རབ་བྱེད་བཞི་པར། སྟོང་པ་མཚན་ཉིད་མེད་པ་ཡི། །ཞེས་པ་ནས། རྣམ་ཤེས་ཡེ་ཤེས་ཐིམ་པར་བྱ། །ཞེས་པའི་བར་གྱི་མན་ངག་སྟེ། རང་ཡེ་ཤེས་དབང་ཕྱུག་མའི་སྐུར་གསལ་བའི་སྙིང་གའམ་ལྟེ་བའི་འཁོར་ལོ་པདྨ་དཀར་པོ་འདབ་བརྒྱད་དུ་གསལ་བའི་པདྨའི་ལྟེ་བ་ལ་འོད་དཀར་པོའི་གོང་བུ་སྒོ་ངའི་དབྱིབས་ཅན་གྱི་ནང་དུ་ཧཱུཾ་དཀར་པོ་ཆེན་པོ་འོད་འབར་བ་དང༌། ཕྱོགས་ཀྱི་འདབ་མ་བཞི་ལ། ཨ་ཨཱ་ཨཾ་ཨཱཿབཞིའམ། དབྱུག་པ་ལྟ་བུའི་རི་མོ་གཅིག་པ་དང༌། དེ་འདྲ་གཉིས་གཤིབས་དང༌། ལུག་བརྒྱུད་ལྟ་བུ་སྟེ་ཚེག་དྲག་དང༌། ཐིག་ལེ་སྟེ་ཀླད་ཀོར་གྱི་རྣམ་པ་རྣམས་སྒོམས་ཀྱང་རུང༌། ཨཾ་བཞིའམ་ཨ་ཤད་ཀླད་ཀོར་ཅན་བཞི་སྒོམ་ཀྱང་རུང་སྟེ། དེ་རྣམས་རྒྱལ་བ་རིག་ལྔའི་ངོ་བོར་མོས། མཚམས་ཀྱི་འདབ་མ་ལ། དབྱངས་མ་ནིང་བཞི། སངས་རྒྱས་སྤྱན་མ་སོགས་ཡུམ་བཞིའི་ངོ་བོར་སྒོམ། དཔྱི་མཚམས་སུ་


TNT11_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་མགོ་སྤྲོད་དང༌། སོགས་ཕྲག་ཏུ་ཡང་ཧཱུཾ་མགོ་སྤྲོད་བསྒོམ། སྙིང་གའམ་ལྟེ་བའི་ཧཱུཾ་ལས་མེ་འོད་འབར། གནས་ཐམས་ཅད་ནས་བདུད་རྩི་ཕྲ་མོ་བཀུག་སྟེ། སྙིང་གའི་ཐིག་ལེ་ཟླ་བ་ཧཱུཾ་དང་བཅས་པ་ལ་ཐིམ་བར་མོས། རླུང་སྦྱོར་བུམ་པ་ཅན་ཉིད་དོ། །འདིར་གོང་མ་རྣམས་ཀྱི་ཡི་གེ་ལས། རྐང་མཐིལ་ནས་མེ་རླུང་གི་སྦྱོར་བ་དང༌། སྤྱི་བོ་ལྕེ་ཆུང་ནས་བདུད་རྩི་འབབ་པ་སོགས་སྔ་མ་རྣམས་དང་མཚུངས་བར་བྱེད་པར་བཤད་ཀྱང༌། དམིགས་པ་ཕན་ཚུན་ཅུང་ཟད་འདྲེས་པར་མངོན་པས། མཆོད་རྟེན་བུམ་པའི་སྐབས་འདིར་དེ་དག་དགོས་པ་མ་ཡིན་ལ། ཡང་ཕྱིས་བྱུང་ཁ་ཅིག་དེ་བཞིན་གཤེགས་པའི་རྒྱུན་ལ་འགྲོ་འོང་བྱེད་པའི་དམིགས་པ་འདིར་སྦྱོར་ཞིང༌། དེ་ཉིད་རྔུབས་པ་སོགས་ཀྱི་རླུང་སྦྱོར་དང་ཡང་སྦྱོར་བ་ནི། ཐོབ་ཐང་ཡང་མེད་ཅིང་ཡིག་གེ་རྙིང་པ་ནས་ཀྱང་མ་བཤད་པས། རང་བཟོ་འབའ་ཞིག་གོ །གོང་དུ་བཤད་པ་དེ་ལྟར་བསྒོམས་པས་རླུང་དབུ་མར་འཇུག་པ་དང༌། རླུང་དབུ་མར་གནས་པ་ལ་བསྔགས་སོ། །གཉིས་པ་ནི། གསང་གདན་བཞི་པ་ལས། གསང་བ་སྦྱོར་བའི་མཚན་ཉིད་ཀྱི། །དེ་ཉིད་དེ་ཉིད་མཆོག་དེ་ཉིད། །ཅེས་པ་ནས། རྫོགས་བྱང་ཆུབ་རིམ་འགྲུབ་པར་འགྱུར། ཞེས་པའི་བར་ཏེ། སྐབས་འདི་ནི་སུཾ་དང་ཀྵུཾ་གིས་སྒོ་དགག་པ་ཙམ་གསུངས་པ་མཚོན་བྱེད་དོ། །སྒོ་དགུ་དགག་པ་ཐམས་ཅད་བྱས་ནས། རྩ་དབུ་མ་སྤྱི་བོ་ནས་གསང་བའི་བར་དུ་ཡོད་པ་ཅིག་བསྒོམ། ཚང་རའི་གནས་སུ་ཧཱུཾ་མགོ་སྤྲོད། སོག་ཕྲག་ཏུ་ཧཱུཾ་མགོ་སྤྲོད་


TNT11_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་གསལ་བཏབ། པདྨ་དཀར་པོའི་རྣམ་པ་ཅན་གྱི་སྙིང་གའི་འཁོར་ལོའི་ལྟེ་བ་དབུ་མའི་ནང་འོད་ཀྱི་ཐིག་ལེའི་དབུས་སུ་ཧཱུཾ་དཀར་བོ་དང༌། ཕྱོགས་ཀྱི་རྩ་འདབ་ལ་སུཾ་ཀྵུཾ་ཡུཾ་ཧཱུཾ་དཀར་སེར་དམར་ནག་པ། མཚམས་ཀྱི་འདབ་མ་ལ། རྣམས་ཁ་དོག་ཕྱེད་གཟུགས་ཀྱི་རྣམ་པ་སྟེ། གོང་སྒོ་དགག་པའི་སྐབས་སུ་བཤད་པ་བཞིན་ནོ། །རླུང་བུམ་པ་ཅན་ཁ་སྦྱོར་དྲག་ཏུ་བསྒོམ་རླུང་ཐེངས་གཉིས་ཙམ་ཡིག་འབྲུ་རྣམས་ལ་སེམས་དྲག་ཏུ་བསྟད། དེ་རྗེས་རླུང་ཐེངས་གཅིག་ཙམ་ལ་ཡིག་གེ་རྣམས་སྟོང་པར་བསྡུ་སྟེ། བླ་མ་གོང་མ་རྣམས་ནི། དང་པོར་སུཾ་ཡིག་ཧཱུཾ་ལ་ཐིམ། དེ་བཞིན་དུ་རིམ་པས་ཀྵུཾ་ཡུཾ་ཧཱུཾ་རྣམས་ཀྱང་ཐིམ་པར་བཞེད། དེ་བཞིན་དུ་མཚམས་ཀྱི་ཡིག་གེ་རྣམས་ཀྱི་ཕྱེད་གཡས་པ་རྣམས་གཡས་སྐོར་དང༌། ཕྱེད་གཡོན་པ་རྣམས་ཀྱང་གཡས་སྐོར་གྱི་ཐིམ་ཞེས་བཞེད་ལ། བདག་གི་རྣམ་པར་རྟོག་པ་ནི། ཕྱོགས་བཞི་པོ་ལྷོ་ནས་གཡོན་སྐོར་གྱིས་བསྡུས་ན་འབྱུང་བའི་ཐིམ་རིམ་དང་མཐུན་པར་མངོན་ཞིང༌། མཚམས་བཞིའི་ཡང་གཡས་ཀྱི་ཆ་རྣམས། ལྷོ་ནུབ་ནས་འགོ་བརྩམས་པའི་གཡོན་སྐོར་དང༌། གཡོན་གྱི་ཕྱོགས་རྣམས་ཤར་ལྷོ་ནས་འགོ་བརྩམས་པའི་གཡོན་སྐོར་གྱིས་བསྡུས་ན། འབྱུང་བ་ཐིམ་པའི་གོ་རིམ་དང་མཐུན་ནོ་སྙམ་མོ། །དེ་ནས་ཧཱུཾ་ཡང་རིམ་གྱིས་ཇེ་ཕྲ་ཇེ་ཕྲ་ལ་ཡལ་ནས་གང་ཡང་བསམ་དུ་མེད་པ་ལ་ཅུང་ཟད་མཉམ་པར་


TNT11_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

བཞག དེ་ཉིད་ཡང་ནས་ཡང་དུ་སྒོམ་པ་ཡིན། འདི་ལ་བླ་མ་གོང་མ་རྣམས། ཡི་གེ་རྗེས་གཞིག་གི་ཐ་སྙད་མཛད་པར་གདའ། དེ་ཙམ་ནི་མི་འགལ་ལ། ཚིག་དེ་ཙམ་ལ་བརྟེན་ནས་ཕྱིས་ཀྱི་ཁ་ཅིག་མཆོད་རྟེན་བུམ་པ་སྔ་མ་ལ་རིལ་འཛིན་དང་འདི་ལ་རྗེས་གཞིག་ཅེས་ཟེར་བ་ནི། རིལ་འཛིན་རྗེས་གཞིག་ཅེས་པ་གང་ལ་ཟེར་ཡང་མ་ཤེས་པའི་བླུན་རྟགས་བསྟན་པ་ཡིན་ཡང་གཞན་ལ་མེད་པའི་མཁས་ཁྱད་དུ་རློམས་ནས་སྨྲས་པར་སྣང་ངོ་དེ་བཞིན་དུ་ཞབས་སྐྱེད་བཞི་ནི། པུས་མོ་བཞི་ཟེར་བ་ཡང་ཡིག་གེ་རྙིང་པ་ལྷག་ཆད་ཅན་ལ་བྲིས་བཤུས་བྱས་འདུག་ཀྱང༌། རྐང་གཉིས་པ་ལ་པུས་མོ་བཞི་ཨེ་ཡོད་ལྟོས། དེ་འདྲ་སེམས་རྣལ་དུ་མི་གནས་པའི་གཏམ་མོ། །མཆོད་རྟེན་བུམ་པ་དང་འབྲེལ་བའི་དམིགས་པ་འདི་གཉིས་སྙིང་གའི་འཁོར་ལོ་དང་ལྟེ་བའི་འཁོར་ལོ་གང་ལ་བརྟེན་ཀྱང་ཆོག་གོ །མན་ངག་གཞན་ལས་སྙིང་གའི་འཁོར་ལོ་ཁ་ཐུར་དུ་ལྟ་བ་དང༌། ལྟེ་བའི་འཁོར་ལོ་ཁ་གྱེན་དུ་ལྟ་བ་ཁ་སྦྱོར་དྲིལ་བུའམ་བུམ་པའི་རྣམ་པ་ཅན་ལས། སྙིང་གའི་རྩ་འཁོར་རྣམས་ལ་ཡི་གེ་མགོ་བོ་ཐུར་བསྟན་དུ་བཀོད་ཅིང༌། ལྟེ་བའི་ཧཱུཾ་གི་འོད་ཀྱིས་དེ་རྣམས་བསྡུ་བ་དང་ལྟེ་བའི་འཁོར་ལོ་ལ་ཡི་གེ་མགོ་གྱེན་བསྟན་དུ་བཀོད་ནས། སྙིང་གའི་ཧཱུཾ་གི་འོད་ཀྱྀས་དེ་རྣམས་བསྡུ་བར་ཡང་བཞེད་དེ། ལྟེ་བར་དཀྱིལ་འཁོར་རྒྱ་ཆེ་ཞིང། སྙིང་གའི་འཁོར་ལོ་རྒྱ་ཆུང་བས་དྲིལ་བུའི་དབྱིབས་ཅན་དུ་འབྱུང་ཞིང༌། རྒྱ་གར་གྱི་མཆོད་རྟེན་མང་པོ་ལ་བུམ་ལྡིར་དྲིལ་བུའི་དབྱིབས་སུ་འབྱུང་བས།


TNT11_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་བུམ་པའི་མིང་དོན་དང་འགྲིག་པའི་མན་ངག་ཤིན་ཏུ་ལེགས་པ་ཞིག་ཡོད་ཀྱང་འདིར་མ་སྤྲོས་སོ། ཁྱབ་བྱ་བཞི་པོ་འདི་དག་ལ་ཕྱིས་བྱུང་ཤེས་རློམ་འགའ་ཞིག མཆོདབརྟེན་བུམ་པ་ཤེས་རབ་གཞན་གྱི་གདན། བ་ལང་རྨིག་པ་ཐབས་པ་དག་གིས་གདན། བའི་ནུ་མ་ཟུང་འཇུག་སྦྱོར་བའི་གདན། ཆུ་ཤིང་མེ་ཏོག་དེ་ཁོ་ན་ཉིད་གསང་བའི་གདན། ཞེས་ས་བཅད་བྱེད་ཀྱང་འཆད་པ་ནི། དེ་དག་གདན་བཞི་སོ་སོའི་དོན་ལ་སྦྱོར་བའི་དངོས་དང་འགྲེལ་པ་དང་ཕྱོགས་མཚུངས་པའི་རྒྱུ་མཚན་ཅི་ཡང་མེད་པ་དང༌། གདན་བཞི་པོའི་ངོ་བོ་གང་ལ་འཇོག་ཀྱང་ངོས་མ་ཟིན་འདུག་པའི་ཕྱིར་དང༌། དེ་དག་ཐབས་དང་ཤེས་རབ་དང་ཟུང་འཇུག་དང་དེ་ཁོ་ན་ཉིད་དུ་སོ་སོར་འཇོག་པའི་རྒྱུ་མཚན་མེད་པའི་ཕྱིར་དང༌། ཐབས་དང་ཤེས་རབ་དང་ཟུང་འཇུག་གསུམ་དང་དེ་ཁོ་ན་ཉིད་ཅེས་བྱ་བའི་བཞི་ཚན་བགྲེང་ཚུལ་འདི་འདྲ་གང་ནས་ཀྱང་མ་བཤད་པའི་ཕྱིར། དེ་སྐད་ཅེས་སྨྲ་བ་དེ་ནི་བླུན་པོ་ངོ་མཚར་བསྐྱེད་པའི་ཕྱིར་དུ་ཚིག་རྐྱང་གི་བྲིས་ཁ་ཙམ་བསྟན་པར་ཟད་དོ། །གཉིས་པ་ལམ་གྱི་ཡན་ལག་ལ། བ་ལང་རྨིག་པའི་མན་ངག་གི་ཡན་ལག་ཐོར་བུ་བ་འགའ་དང་གཅིག །བ་ནུའི་མན་ངག་ཡན་ལག་མེའི་ལས་དང་གཉིས། ཆུ་ཤིང་སྙེ་མའི་ཡན་ལག་གོང་དུ་འཕོ་བ་རྗེས་འབྲང་དང་བཅས་པ་དང་གསུམ། མཆོད་རྟེན་བུམ་པའི་ཡན་ལག་སྒྱུ་མ་གསུམ་བརྒྱུད་དང་བཞིའོ། །དང་པོ་ནི། རང་གི་མདུན་དུ་པདྨ་འདབ་མ་བརྒྱད་པའི་ལྟེ་བ་ལ། བ་ལང་


TNT11_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

རྨིག་པ་ལྟ་བུའི་ཤུན་པ་ཡོད་པ་ཅིག་བསྒོམ། དེའི་ནང་དུ་ཆུད་ཙམ་གྱིས་གཡས་སུ་ཡཾ་ནག་པོ་དང༌། གཡོན་དུ་ཧཱུཾ་དམར་པོ། ཡཾ་ལས་རླུང་གཡོས། ཧཱུཾ་ལས་མེ་འབར། མེ་དེའི་རྩ་བ་རླུང་དང་འདྲེས་པས་སྔོན་པོ། སྐེེད་པ་དམར་པོ། རྩེ་མོ་དཀར་པོ་ཅིག་བསྒོམ། དེ་ལྟར་ཡང་ཡང་གསལ་བཏབ་ཅིང་ཞག་མང་དུ་བསྒོམས་ནས། དེ་ནས་དེ་ཀ་འདྲ་བ་ཅིག་རང་གི་ལྟེ་བར་བསྒོམ་ཏེ་རླུང་བུམ་པ་ཅན་ལ་བསླབ་བོ། །འདི་ལུས་ཀྱི་ཕྱི་རོལ་གཅིག་པུར་བསྒོམས་པས་དོན་ཤིན་ཏུ་ཆུང་ལ། དང་པོ་དམིགས་པ་གསལ་བའི་ཆེད་དུ་ཕྱི་རུ་བསྒོམས་ནས། གསལ་བ་ན་ལྟེ་བར་བསྒོམ། ཐོག་མ་ཕྱི་རུ་བསྒོམས་པའི་དགོས་པ་གེགས་མི་སྡང་བ་ཡིན། འདི་དོན་གྱི་འཁོར་ལོ་ཅིག་པའི་གཏུམ་མོ་སྣང་ངོ༌། །ཡང་ལུས་ཀྱི་དབུས་སུ་རྩ་ཨ་བ་དྷུ་ཏཱི་སྙིང་གར་པདྨ་འདབ་བརྒྱད་ཁ་ཕྱེ་བ། དབུ་མའི་ནང་དུ་རྩ་མདུད་བ་ལང་རྨིག་པ་ལྟ་བུ་བསྒོམ། དེའི་དབུས་སུ་རླུང་སེམས་འདྲེས་པའི་ཐིག་ལེ་ཅིག་བསམ། གཡས་སུ་ཧཱུཾ་ནག་པོ་དང༌། གཡོན་དུ་ཧཱུཾ་དམར་པོ། །ནག་པོ་ལས་རླུང་གཡོས། དམར་པོ་ལས་མེ་འབར། དབུ་མའི་ལམ་བརྒྱུད། སྤྱི་བོར་སོན། སྤྱི་བོའི་ཐིག་ལེ་བྱང་ཆུབ་ཀྱི་སེམས་ཞུ་སྟེ། སྙིང་གའི་རླུང་སེམས་འདྲེས་པའི་ཐིག་ལེ་ལ་ཐིམ། འདི་འཁོར་ལོ་གཉིས་པའི་གཏུམ་མོ་ཡིན། རྔོག་པའི་མན་ངག་གི་ཡི་གེ་ཆེ་བ་ན། ནང་ཆུ་ཤིང་སྙེ་མའི་གདམས་ངག་ཡིན་གསུང་པ་དེ་ཡང་འདི་དང་གནད་གཅིག དེ་ཆུ་ཤིང་མེ་ཏོག་གི་གདམས་ངག་ཡིན་པའི་དབང་དུ་


TNT11_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས། དབུ་མའི་གཡོན་ཕྱོགས་སུ་ཡལ་གའི་ཚུལ་དུ་སྙིང་ཆུ་ཤིང་གི་མེ་ཏོག་ཁ་ཐུར་བསྟན་དེ་གྱེན་དུ་བསླང༌། ཁ་ཕྱེ་བའི་ཟེ་འབྲུ་ལ། ཐིག་ལེ་དཀར་པོ་མེ་ལོང་འདྲ་བའི་དབུས་སུ། ཧཱུཾ་གཟུགས་བརྙན་འདྲ་བ་བསྒོམ། དེའི་གཡས་གཡོན་དུ་ཧཱུཾ་དམར་པོ་གཉིས། དེ་ནས་མེ་སྤྲོ་བ་སོགས་དང༌། བདུད་རྩིའི་རྒྱུན་ཐིག་ལེ་ལ་ཐིམ་པས། ཐིག་ལེ་དང་ཧཱུཾ་གཉིས་ཀར་བཀྲག་མདངས་རྒྱས་པར་བསྒོམ། ཞེས་པ་འབྱུང་སྟེ་འདི་ལྟར་སྒོམ་ཕྱིན་སྙིང་ལོགས་སྐྱེས་ལ། དབུ་མའི་ནང་གི་བདུད་རྩི་སྟེང་ནས་འབབ་སྟབས་མི་བདེ་བས་མེ་ཏོག་གིས་ཆུ་གྲངས་པ་བཞིན་སྒོམ་དགོས་མོད། ལར་ནས་འདི་བ་ལང་རྨིག་པ་ཡིན་གྱི་ཆུ་ཤིང་སྙེ་མ་མིན་པས་ལོགས་སྐྱེས་དེ་མི་དགོས་སོ། །ཡང་དབུ་མའི་ནང་སྙིང་གར་ཧཱུཾ་དམར་པོ། །མགྲིན་པར་ཨ་དམར་པོ། སྨིན་མཚམས་ཀྱི་ཐད་ཀར་ཧཱུཾ་དཀར་པོ། ཚངས་བུག་ཏུ་ཧཾ་དཀར་པོ། ཧཱུཾ་ལས་མེ་བྱུང༌། ཨ་དང་ཧཱུཾ་དཀར་པོ་ཕུག་སྟེ་ཧཾ་ལ་རེག་པས་ཐིག་ལེའི་རྒྱུན་བབས། ཧཱུཾ་དཀར་པོ་དང་ཨ་ཁེངས། སྙིང་གའི་ཧཱུཾ་ལ་ཐིམ་པར་བསྒོམ། འདི་སྙིང་མགྲིན་དཔྲལ་བ་གཙུག་ཏོར་ཏེ་ལྟེ་བར་མི་ཐེ་བའི་འཁོར་ལོ་བཞི་ལ་བརྟེན་པའི་གཏུམ་མོ་ཡིན་ནོ། །གཞན་ཡང་སྙིང་གི་ནང་ཁོང་སྟོང་དང༌། ཀླད་པ་དུད་ཁང་གི་ནང་སྟོང་བ་དང་ཐིག་པའི་ལམ་ཞེས་པ་སྨིན་མཚམས་ཀྱི་ནང་སྟོང་པར་ཐིག་ལེ་དང་འོད་ཀྱི་གོང་བུ་འཁོར་བ་དང༌། ཧཱུཾ་ཡིག་སོགས་བསྒོམས་པས་ཀྱང་ཡང་དག་


TNT11_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡེ་ཤེས་སྐྱེ་བར་བཞེད་དོ། །གཉིས་པ་ནི། གསང་གདན་གཉིས་པ་ལས། དེ་ནས་མེ་ཡི་ལས་རྣམས་ནི། ཞེས་པ་ལ་སོགས་པས་སྟོན་ཏེ། མེ་ལྔའི་སྦྱིན་སྲེག་ཅེས་བྱ་བ། །གསང་གནས་ཀྱི་འཁོར་ལོའི་གོང་དུ་ཆོས་འབྱུང་དམར་པོ་གྲུ་གསུམ་ཀྵུཾ་ཡིག་སེར་པོ་དང་བཅས་པ། ལྟེ་བའི་འོག་ཐད་དུ་ཀླུ་དབང་འཁྱིལ་པ། སྟེང་དུ་གཏུམ་མོ་ཨ་ཤད་དང་བཅས་པ། དེའི་སྟེང་ལྟེ་བ་རང་གི་ཐད་དུ་པདྨ་དམར་པོ་འདབ་མ་བརྒྱད་པའི་དབུས་དང་ཕྱོགས་བཞིར་ཉི་མའི་གདན། དབུས་སུ་ཡེ་ཤེས་དབང་ཕྱུག་མ་ནམ་མཁའི་ཁམས་ཀྱི་རང་བཞིན། ཤར་དུ་རྡོ་རྗེ་མཁའ་འགྲོ་མ་ཆུ་ཁམས་ཀྱི་རང་བཞིན། བྱང་དུ་དྲག་མོ་མཁའ་འགྲོ་མ་མེ་ཁམས་ཀྱི་རང་བཞིན། ནུབ་ཏུ་རོ་ལངས་མཁའ་འགྲོ་མ་རླུང་ཁམས་ཀྱི་རང་བཞིན། ལྷོར་གཏུམ་མོ་མཁའ་འགྲོ་མ་ས་ཁམས་ཀྱི་རང་བཞིན། དེ་རྣམས་སྐུ་མདོག་སྒྲུབ་ཐབས་ལྟར་སོ་སོའམ། ཡང་ན་ཐམས་ཅད་གཏུམ་མོའི་མེས་བྱིན་གྱིས་རླབས་པའི་རང་བཞིན་ཁོ་ནས་དམར་མོར་སྒོམས་ཀྱང་རུང་སྟེ། ཕྱག་གཉིས་ཁ་ཊྭཾ་ཐོད་ཁྲག་འཛིན་པ། ཉི་མའི་དཀྱིལ་འཁོར་ལྔའི་སྟེང་དུ། མེ་དཔུང་ལྔའི་དབུས་ན་སོ་སོར་བཞུགས་པའོ། །འདི་ལ་ཡིག་རྙིང་མན་ངག་གི་ཡི་གེ་ཆུང་བ་ན། གཙོ་མོ་ནི་རང་གི་སྒལ་ཚིག་ཕྱོགས་ལ་ཞལ་གཟིགས་པར་བྱེད་ཅིང༌། དེའི་ཕྱིར་ཤར་ཡང་རྒྱབ་ཀྱི་ཕྱོགས་ཡིན་ཞེས་བཤད་ལ། དེའི་རྒྱུ་མཚན་དཔྱད་པས། ཕྱིའི་སྦྱིན་སྲེག་གི་སྐབས་ཐབས་ཀྱི་ལྷ་རང་ལ་


TNT11_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་སྟོན་པའི་རིག་པ་མཚུངས་པ་སྦྱར་བ་མ་གཏོགས་གཞན་མི་སྣང་ངོ༌། །དེ་བས་ན་རང་ལུགས་ནི་སྐབས་འདི་དང་གོང་འོག་ཀུན་ཏུ། ཤར་ནི་རང་ཉིད་ཀྱི་མདུན་ལ་ངོས་གཟུང་ངོ༌། །དེ་ནས་རྐང་མཐིལ་གཉིས་སུ་ཡུཾ་ཡིག་རེ་རེ། དེ་ནས་རླུང་འཕྲོས། སུམ་མདོར་འདུས་པ། ཆོས་འབྱུང་གི་ནང་གི་ཀྵུཾ་ཡིག་ལ་བརྩུབས་པས། དེ་ལས་མེ་འབར་བ་ཀླུ་དབང་འཁྱིལ་པ་ནས་བརྒྱུད། ཨ་ཤད་དང་འདྲེས་པས་ཀྱང་ཆེར་འབར་ཏེ། ལྟེ་བའི་པདྨའི་ཕྱི་ནས་འབར་བས་ལྷ་ལྔ་པོ་གཏུམ་མོའི་མེ་གུར་ཁང་དུ་བཞུགས་པ་ལྟ་བུར་གྱུར། དེའི་དྲོད་དང་འོད་ཟེར་གྱིས་རྩ་གནས་ཐམས་ཅད་གང་ཞིང་ཞུ། གནས་བཅོ་བརྒྱད་དུ་འདུས་པ་རྣམས་སླར་ཡང་སྤྱི་བོར་དྲངས་ཏེ། སྤྱི་བོར་ཐིག་ལེ་གཅིག་གི་ནང་དུ་འདུས་པའམ། ཡང་ན་ཧི་ཡིག་བསྒོམ་ཏེ་དེ་ལ་འདུས་པར་བསམ། དེ་ལས་བདུད་རྩིའི་རྒྱུན་བབས་པ། ལྟེ་བའི་ལྷ་མོ་ལྔའི་སྐུ་ལ་ཐིམ་པས། ལུས་སེམས་བདེ་བས་ཁྱབ་པར་མོས་པར་བྱའོ། །འདིར་རྔཽག་པའི་མན་ངག་གི་ཡིག་གེ་ཆེ་བ་ནས། སྤྱི་བོ་ནས་བབས་པའི་བདུད་རྩིའི་རྒྱུན་ལྕེ་ཆུང་བའི་ནུ་མ་ནས་བརྒྱུད། སྙིང་གའི་བ་ལང་རྨིག་པ་ཁེངས་ནས། ལྟེ་བར་འབབ་པ་སྒོམ་གསུང་པ་ཡོད་ནའང༌། སྤྱིར་མན་ངག་མ་ནོར་བ་ཡིན་ན་མི་འགལ་མོད། བ་ལང་རྨིག་པ་གང་བར་བཤད་པ་ཞིག་སྐབས་འདིར་ཡོད་ཀྱང༌། དེ་ནི་སྙིང་གའི་བ་ལང་རྨིག་པ་


TNT11_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན། ལྟེ་བའི་བ་ལང་རྨིག་པ་ཡིན་པས། ལྟེ་བའི་ལྷ་མོ་ཉིད་མཆོད་པ་ལས་གཞན་པའི་བ་ལང་རྨིག་པ་གང་བའི་དམིགས་པ་མི་དགོས་ལ། ལྕེ་ཆུང་ལས་བདུད་རྩི་འབབ་པར་བྱེད་པ་ནི་གཞུང་དུ་མི་གསལ་ཡང་ལེགས་པའི་ཡན་ལག་ཡིན་པས་བསྒོམ་པར་བྱའོ། །རླུང་གི་སྦྱོར་བ་ནི་བུམ་ཅན་ཉིད་ཡིན་ལ། རྗེས་དམིགས་པ་བསྡུས་ནས་རྡོ་རྗེའི་བཟླས་པའང་བྱའོ། །འདི་ལ་མན་ངག་གི་ཡི་གེ་དང་མན་ངག་ལུགས་ཀྱི་རྒྱུད་བཤད་ལས། རེས་འགའ་དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག རེས་འགའ་གསང་བ། རེས་འགའ་ནང་གི་ཐ་སྙད་སྦྱར་བ་སོགས་མ་ངེས་པ་ཞིག་ཡོད་ཀྱང༌། འདི་ཉིད་ནང་གི་སྦྱིན་སྲེག་ཡིན་པར་བྱའོ། །འདིའི་འཕྲོས་དོན་དུ་ལྷ་མོ་ལྔ་པོ་མེའི་གུར་ཁང་དང་བཅས་པ་ཡན་ཆད་སྔར་བཞིན་བསྒོམ་ནས། ཁ་ཟས་རྣམས་ཧ་ཧོ་ཧྲཱིའི་སྔགས་ཀྱིས་སྦྱངས་པ། ལག་པ་ཧོམ་གཟར་གྱི་ཚུལ་གྱིས་བླངས་ནས། ལྟེ་བའི་ལྷ་ལ་མཆོད་པའི་ཕྱིར་བཟའོ། །འདི་ལའང་ཕྱི་དང་ནང་དུ་འཆད་ཚུལ་གཉིས་ཡོད་ཀྱང༌། རྫོགས་རིམ་གྱི་སྐབས་འདིར་འདི་འདྲ་ཕྱིའི་སྦྱིན་སྲེག་ཏུ་བྱའོ། །གསང་བའི་སྦྱིན་སྲེག་ནི་ལས་ཀྱི་ཕྱག་རྒྱའི་ལམ་སྟེ། དེ་ལས་གཞན་པའི་མན་ངག་མི་དགོས་ཤིང་ཁྱབ་བྱེད་ཡིན་གྱི་ཁྱབ་བྱ་བ་ནུ་(《ཛཾ》+ནི་)མིན་ནོ། །དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་ནི་ཕུང་ཁམས་འོད་གསལ་དུ་བསྡུ་བ་ཡིན་ཡང༌། དེའི་མན་ངག་འོག་ཏུ་འཆད་པར་འགྱུར་རོ། །གསུམ་པ་ལ། གོང་དུ་འཕོ་བ་དངོས་དང༌། གྲོང་དུ་འཇུག་པ་དང༌། གཞན་སེམས་ཤེས་པར་བྱེད་


TNT11_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། དབང་དུ་བྱེད་པ་སྟེ་བཞི་ལས། དང་པོ་ནི། རབ་བྱེད་གསུམ་པ་ལས། འཕོ་བར་སྦྱོར་བའི་མཚན་ཉིད་ནི། །ཞེས་སོགས་ཏེ་སྔོན་འགྲོ་སྔ་མ་དང་འདྲ། སྒོ་དགག་པའི་སྦྱོར་བ་ཡང་གོང་དུ་བཤད་པ་ལྟར་བསྒོམས་ཟིན་པའི་གང་ཟག་གཅིག་གིས་སླར་ཡང་བུམ་པ་ཅན་ལ་ནན་ཏན་དུ་བྱ་སྟེ། དེ་ཡང་རང་ཉིད་རྡོ་རྗེའི་ཆོ་ག་གསུམ་བསྐྱེད་ལས་ཡེ་ཤེས་དབང་ཕྱུག་མ་སྐུ་མདོག་དཀར་མོ་དཀར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་མ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཡས་གསུམ་ན་མདའ་དང་ལྕགས་ཀྱུ་རྡོ་རྗེ། གཡོན་གསུམ་ན་གཞུ་དང་ཞགས་པ་སྡིགས་འཛུབ། འཛུམ་ཁྲོ་སྒེག་པའི་ཆ་ལུགས་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །ལག་པ་མཉམ་གཞག་དང༌། མིག་སྣ་རྩེར་ལྟ། ལུས་གནད་གཞན་སྤྱི་དང་འདྲ་རླུང་རོ་བསལ་ཐེངས་ལན་བཅུ་ཙམ་བྱས་ནས། དེ་རྗེས་ཁ་ནས་རླུང་རྔུབས་ཤིང་མིད་ཏེ་ཐུབ་ཐང་(《ཛཾ》+ཚད་)དུ་འཛིན་པ་ལ་ཞི་བའི་སྦྱོར་བ་ཟེར། ཡང་སྣ་ནས་རྔུམས་ཆུང་དུ་རྔུབས་ཏེ། འོག་རླུང་འཐེན་ནས་ཁ་སྦྱོར་དུ་དཀྲུག རླུང་ཕྱིར་འབུད་པ་ན། དུམ་བུར་བཅད་ཅིང་བཅད་ཅིང་དལ་བུས་འབུད་དེ། འབུད་ཐེངས་གཅིག་ལ་དུམ་བུ་ཉི་ཤུ་རྩ་བཞི་རྩ་བཞི་འོང་བ་བྱ། དེ་ཉིད་གོམས་ནས་འབད་རྩོལ་དང་ཟུག་རྔུ་མེད་བར་བུམ་ཅན་རབ་ཀྱི་ཚད་དུ་ཁེལ་ན། སླད་ཀྱི་འཕོ་བ་ལ་སྦྱར་བར་བྱའོ། །ཉམས་ལེན་ཕོགས་གཅིག་གོ །དེ་ནས་ཡང་སྔར་བཞིན་གསལ་བ་ལས།


TNT11_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་བཅུ་གསུམ་དགག་པའི་ཡི་གེ་རྣམས་བཀོད། རྐང་མཐིལ་གཉིས། མཁལ་ཁུང་གཉིས། མཆན་ཁུང་གཉིས་རྣམས་སུ་ཡུཾ་ཡིག་སྔོན་པོ་རླུང་གི་འོད་ཟེར་འཕྲོ་བ་རེ་རེ། སྙིང་པདྨ་འདབ་བརྒྱད་ཀྱི་དབུས་སུ་ཧཱུཾ་ཡིག་སྔོན་པོ་གཅིག་ལ་ཡུམ་ཡིག་བཞིས་བསྐོར་བ། ཧཱུཾཾཾ་ཅུང་ཟད་མཐོ་ཞིང༌། ཡུཾ་བཞི་པོ་ཅུང་ཟད་དམའ་བའི་མགོ་བོ་ནང་དུ་ཕྱོགས་པར་ཡོད་པ། ལུས་ཀྱི་དབུས་ན་ཡར་ལྟེ་བ་ནས་སྤྱི་བོའི་བར་པདྨ་ཉི་ཤུ་རྩ་གཅིག་བརྩེགས་པ། པདྨའི་དཀྱིལ་ཕུག་པའི་ཚུལ་དུ་རྩ་དབུ་མ་སྒོམ་ན་ལེགས། མ་སྒོམས་ཀྱང་རུང་སྟེ་ཐམས་ཅད་ལ་བུ་ག་ཏ་ལེ་ཡོད་པ། སྤྱི་གཙུག་ཚངས་པའི་བུ་གར་ཀྵུཾ་ཡིག་མགོ་བོ་ཐུར་བསྟན། པདྨ་ཉེར་གཅིག་གི་འོག་མ་ལྟེ་བའི་པདྨའི་སྟེང་དུ་རང་སེམས་ཨ་དཀར་པོ། ཀྵུཾ་ཡིག་དང་ཨ་ཡིག་དེ་གཉིས་འོད་དཀར་པོའི་ཐག་པས་སྦྲེལ་བའི་ཐག་པ་དེ་དབུ་མའི་ནང་ངམ། པདྨ་རྣམས་ཀྱི་ཁོང་སྟོང་ན་ཡར་ཏ་ལེ་ཡོད་པ། པདྨ་དེ་དག་ཐམས་ཅད་འདབ་མ་ཕྱི་ལ་གྱེད་ཅིང་ཐུར་དུ་ལོག་པའི་རྣམ་པ་ཅན་ནོ། །སྙིང་པདྨ་འདབ་བརྒྱད་ཅེས་པ་ལ་འགའ་ཞིག་གཡོན་ཕྱོགས་སུ་སྙིང་གའི་ཐད་དུ་སྒོམ་པའི་ལུགས་དང༌། ཁ་ཅིག་པདྨ་ཉི་ཤུ་རྩ་གཅིག་བརྩེགས་པའི་བཅུ་གཅིག་པར་འདོད་པའང་ཡོད་པ་དང༌། དེའི་ཚེ་ཡི་གེ་ལྔ་པོ་ཡང་འོད་ཀྱི་སྐུད་པ་ལ་མ་རེག་པར་དབུ་མའི་ནང་ངམ་པདྨའི་ཁོང་སྟོང་གི་ནང་དུ་བསྒོམས་ལ་དེ་ལས་ཀྱང་འོད་ཀྱི་སྐུད་པས་


TNT11_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ་ཕྱོགས་སུ་སྒོམ་པར་འདོད་པ་སྟེ་ལུགས་གཉིས་ལས་ལུགས་ཕྱི་མ་འདི་ལེགས་པར་མཐོང་ངོ༌། །བུམ་པ་ཅན་དྲག་ཏུ་བཟུང་བས། ཡུཾ་ཡིག་དྲུག་པོ་ལས་རླུང་གཡོས་ཏེ་པདྨ་རྣམས་ཡོམ་ཡོམ་འདུག་པར་བསམ། དེ་ནས་རླུང་ཕྱིར་འགྲོ་བ་དང་ལྷན་ཅིག་ཧིཀ་དྲག་པོ་ལན་ཉི་ཤུ་རྩ་གཅིག་བརྗོད་དགོས་པ་ལས། ཧིཀ་རེ་ལ་སྟེ་བའི། ཨ་དེ་འོད་ཀྱི་སྐུད་པས་ཡར་ཐང་ཐང་དྲངས་བས་པདྨ་རེ་རེའི་སྟེང་དུ་སླེབ་པ་ན། ཕྱི་ནས་ཡུཾ་ཡིག་དྲུག་གི་རླུང་གི་ཤུགས་དང༌། ནང་དུ་ཨ་དེས་བསྐྱོད་པས་པདྨའི་འདབ་མ་རྣམས་སྔར་ཕྱི་ལ་ཐུར་དུ་ལོག་པ་རྣམས་དཻ་དུས་ནང་དུ་ལོག་པས་འདབ་མའི་རྩེ་རྣམས་གྱེན་ལ་དཀྲོང་དཀྲོང་བྱུང་བར་བསམ། སྙིང་གའི་པདྨར་སླེབ་པ་ན། ཨ་ཡིག་གིས་འོད་ཀྱིས་ཧཱུཾ་ཡིག་འོག་ནས་དྲངས། ཡུཾ་ཡིག་བཞི་པོས་ཧཱུཾ་ཡིག་རྗེས་ནས་ཕུལ། འོད་ཀྱི་ཐག་པས་ཀྱང་དྲངས་ཤིང་འཐེན་ནས་སྔར་བཞིན་འགྲོ་བར་བསམ། མཐར་སྤྱི་བོའི་པདྨའི་སྟེང༌། ཀྵུཾ་ཡིག་གི་འོག་ཏུ་སླེབ། ཡང་རླུང་དལ་བུས་ནང་དུ་བརྔུབས་པ་དང་ལྷན་ཅིག་ཀ་ཧི་ཞེས་ལན་ཉི་ཤུ་རྩ་གཅིག་དྲན་པར་བྱས་པས། པདྨ་རེ་རེའི་ཐད་ཀྱི་འོག་ཏུ་བབས། སྙིང་གའི་ཐད་དུ་ཡི་གེ་ལྔ་པོ་སྔར་བཞིན་སྡང༌། ཨ་ཉིད་འོག་ཏུ་རིམ་པས་བབས་ཏེ་ལྟེ་བར་སླེབ། པད་འདབ་རྣམས་ཀྱང་རིམ་པས་འཐུར་དུ་ཕྱི་ལ་ལོག་པར་བསམ། དེ་ཉིད་ཡང་དང་ཡང་དུ་གོམས་པས། འཕོ་བའི་རྟགས་འབྱུང་སྟེ་སྤྱི་དང་འདྲ། ལས་ལ་སྦྱར་བའི་


TNT11_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སྤྱི་གཙུག་གི་ཀྵུཾ་ཡིག་བསལ་ཏེ་བུ་ག་ཧ་རེ་བའི་ངང་ནས་གང་འདོད་པའི་གནས་སུ་འཕོ་སྟེ། ཡར་འཕོ་བ་མ་གཏོགས་མར་འབེབས་པ་མི་དགོས་སོ། །སྤྱིར་ནི་མཆོད་གཏོར་རྒྱ་ཆེར་ཕུལ། སྦྱིན་པ་བཏང༌། གང་ལ་ཡང་ཞེན་པ་མེད་པར་བྱ། ནང་མཆོད་ཀྱི་ཐིགས་ཐོར་འབུལ་བས། ལྷ་རྣམས་མཉེས་པར་བྱས་ཏེ། འཕོ་བའི་ལས་ལ་སྦྱོར་སྐད། གློ་གཡས་པ་འོག་ཏུ་བཅུག་པའི་སེངྒེའི་ཉལ་སྟབས་ཀྱིས་འཕོ་ཞེས་འདོད་དེ་འདི་ནི་མ་ངེས་སོ། །དེ་ཡང་སྒོ་དགུ་དགག་དགོས་པ་ནི། བཤང་ལམ་ནས་འཕོས་ན་དམྱལ་བ། ཆུ་ལམ་ནས་དུད་འགྲོ། ཁ་ནས་ཡི་དྭགས། མིག་ནས་མི། རྣ་བ་ནས་རིག་པ་འཛིན་པ། སྣ་ནས་གནོད་སྦྱིན། ལྟེ་བ་ནས་འདོད་ཁམས་ཀྱི་ལྷ། སྨིན་མཚམས་ནས་གཟུགས་ཁམས། སྤྱི་གཙུག་གི་རུས་པའི་སྒོ་ནས་འཕོས་ན་གཟུགས་མེད། སྤྱི་གཙུག་གི་རྩ་དབུ་མའི་ལམ་ནས་འཕོས་ན་མཆོག་ལ་སྦྱོར་བར་བཤད་པས། སྒོ་གཞན་དེ་དག་དགག་དགོས་པ་ཡིན་ནོ། །འདིར་ནི་བླ་མ་གོང་མའི་མན་ངག་ཁོ་ན་ལྟར་བཤད་དོ། །སྤྱིར་ནི་གདན་བཞིར། སམྦྷུ་ཊི། རྡོ་རྗེ་མཁའ་འགྲོ། སྡོམ་འབྱུང༌། གཤེད་དམར་འཇམ་དཔལ་ཞལ་ལུང་སོགས་ནས་འབྱུང་བའི་འཕོ་བའི་རྣམ་གཞག་གཅིག་ཏུ་དྲིལ་བ་ཞིག་ལོགས་སུ་འབྲི་བར་འདོད་དོ། །སྤྱིར་འཕོ་བ་ནི། འོད་གསལ་གྱི་འཕྲོས་དོན་དུ་སྦྱོར་བའི་སྐབས་ཤིག་ཡོད་མོད་ཀྱི། ཕྱིས་ཀྱི་མཁས་རློམ་ཁ་ཅིག་བར་དོ་མ་འཁྲུལ་བར་བྱེད་པའི་བསམ་གཏན་འདའ་ཀ་མ་ཞེས་སྨྲ་བ་ནི། བར་


TNT11_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

དོའི་གདམས་ངག་དང་འཕོ་བའི་རང་བཞིན་ཤིན་ཏུ་ཐ་དད་པ་ཡིན་པ་ལ། དེ་ལྟར་མ་གོ་བར་མ་ཟད་བར་དོར་སྒྱུ་ལུས་ཀྱི་མན་ངག་ནི་བསྲེ་བའི་གདམས་ངག་ཡིན་ན། བསྲེ་བ་དང་འཕོ་བའི་དབྱེ་བ་ཙམ་ཡང་མ་ཕྱེད་བཞིན་དུ་ཁོ་བོ་ཅག་བསྲེ་འཕོའི་མངའ་བདག་ཡིན་གྱི་གཞན་གྱི་ནི་མི་ཤེས་སོ། །ཞེས་རང་བཟོའི་པོ་ཏི་མང་པོ་རྩོམ་པར་བྱེད་པ་ནི་རྫུན་པོ་ཆེའི་རྣམ་འགྱུར་མི་བཟད་པའོ། །གཉིས་པ་ནི། གསང་གདན་གསུམ་པ་ལས། དེ་ནས་ཕྱི་ཡི་སྦྱོར་ལ་སོགས། །མཁས་པ་ཡིས་ནི་བཟུང་བར་བྱ། །ཞེས་པ་ནས། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། ཅེས་པའི་བར་ཏེ། བུམ་པ་ཅན་རབ་ཏུ་ཁེངས་ཤིང་བདེ་དྲོད་ཀྱི་གཏུམ་མོ་ཅི་རིགས་པར་འབར་བས་དམིགས་པ་དང་རླུང་སྦྱོར་ཀྱི་སྒོ་ནས་ལུས་ནང་དུ་ཁམས་དཀར་དམར་འཕོ་འཇུག་ནུས། ལྷ་སྐུའི་གསལ་སྣང་ཅུང་ཟད་གོམས་ཤིང༌། སྣོད་བཅུད་བདེན་མེད་དུ་བསྒོམས་པ་ལས་ཉམས་མྱོང་ཅུང་ཟད་ཤར་པ་གཅིག་གིས་གོང་འཕོའི་དམིགས་པ་འབྱོངས་ན། མཁའ་འགྲོ་མ་བརྒྱད་པོ་གང་རུང་ཅིག་སྒྲུབ་ཅིང་གསོལ་བ་གདབ་པར་བྱའོ། །དེས་བཀའི་གནང་བ་བྱུང་ན། གྲོང་དུ་འཇུག་པ་སྒྲུབ་པ་བྱ་ཡི། རྒྱུ་ཚོགས་དེ་དག་མ་ཚང་ན་མི་འགྲུབ་བོ། །དེ་ཡང་མཆོད་གཏོར་བཤམས། བྲིས་སྐུའམ། མེ་ཏོག་གམ། ཡིག་འབྲུ་སོགས་ལ་སེམས་བསྟད་དེ་རླུང་ཕྱིར་དབྱུང་ཞིང་བཟུང༌། རང་གི་རྣམ་ཤེས་ཧཱུཾ་ཡིག་ཡུཾ་ཡིག་བཞི་ཨ་ཡིག་དང་བཅས་པ་སྣ་སྒོ་ནས་


TNT11_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་སྤྲོས་ཏེ་དམིགས་རྟེན་ལ་ཐིམ་པ་ཡང་ཡང་བསྒོམ་ཞིང༌། དེའི་ཚེ་འགྲུབ་པའི་ལྟས་ལ། དྲོད་དང་དུ་བ་དང་མེ་དང་སྒྲ་ལ་སོགས་པ་འབྱུང་ངོ༌། །ཞེས་མན་ངག་ལས་གསུངས་ཏེ་ཐུན་མོང་གི་དངོས་གྲུབ་ཀྱི་རྟགས་ཡིན་པའི་ཕྱིར་ཤིན་ཏུ་འཐད་དོ། །ལུས་འདི་བོར་ཞིང་དམིགས་རྟེན་གྱི་དབུས་ན་སེམས་གནས་པའི་ཉམས་བརྟན་པོ་བྱུང་ན་འབྱོངས་པ་ཡིན། དེ་ནས་ལས་ལ་སྦྱོར་བ་ནི་དཀྱིལ་འཁོར་གྱི་ལྷ་ལ་དངོས་གྲུབ་བསླངས་ཤིང༌། སྲུང་བ་བརྟན་པོ་བྱས་ནས། དཀྱིལ་འཁོར་རྒྱས་བསྡུས་ཇི་ལྟར་འོས་པའི་དབུས་སུ་རྟེན་མཚན་ཉིད་ཚང་བ་བཞག་སྟེ་སྔར་དམིགས་རྟེན་ལ་ཇི་ལྟར་སྦྱོང་བ་བཞིན་དུ་བསྒོམ། ཨོཾ་ཧཱུཾ་སྭཱཧཱ་ཞེས་པའི་རྡོར་བཟླས་གོང་དུ་བཤད་པ་བཞིན་སྦྱར་བས། འཇུག་གནས་གཉིས་ཡུན་ཐུང་བར་བྱས། དབྱུང་བ་དང་ཕྱི་རོལ་ཏུ་གནས་པ་ཡུན་རིང་དུ་སྦྱར་བས་འགྲུབ་པར་བཞེད་དོ། །གསུམ་པ་ནི། གསང་གདན་གཉིས་པ་ལས། དེ་ནས་བྱིན་རླབས་སོགས་སྣང་བས། ཅེས་པ་ནས། སྦྱོར་བ་འདི་ནི་སྦྱར་བར་བྱ། །ཞེས་པའི་བར་དང༌། གསུམ་པ་ལས། དེ་བས་ཕྱི་རོལ་ལུས་ལ་སོགས། །ཅེས་སོགས་གསུངས་ཏེ། རང་ཡེ་ཤེས་དབང་ཕྱུག་མའི་སྐུར་གསལ་བའི་ཐུགས་ཀར་ཟླ་བའི་སྟེང་དུ་ཨ་དཀར་པོ་ཅིག་བསྒོམ། གསལ་སྣང་ལ་བརྟན་པ་ཐོབ་པར་བྱ། དེ་ནས་ལས་ལ་སྦྱོར་བ་ནི། རང་གི་མདུན་གྱི་འོག་ཕྱོགས་སུ། གང་གི་སེམས་ཤེས་པར་བྱ་རྒྱུའི་བསྒྲུབ་བྱ་དེ། རྡོ་རྗེ་སེམས་དཔའ་དམར་པོའི་རྣམ་པ་ཅན། དེའི་སྙིང་གར་པདྨ་དམར་པོ་འདབ་བརྒྱད། ལྟེ་བ་དང་འདབ་མ་བརྒྱད་ལ་ཧཱུཾ་དམར་པོ་རེ་རེ། རང་གི་སྙིང་གའི་ཨ་ལས་འོད་ཟེར་དཀར་པོ་ཉི་ཟེར་རྡུལ་


TNT11_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བ་མང་པོ་འདུས་པའི་གོང་བུ་གཅིག་འཕྲོས། རང་གི་སྣ་བུག་གཡས་ནས་འཐོན། དེའི་གཡོན་དུ་ཞུགས། སྙིང་གར་སླེབ། འདབ་མའི་ཧཱུཾཾ་མདུན་མ་དེའི་སྟེང་དུ་བབས། ཧཱུཾ་དེ་འོད་དཀར་པོའི་གོང་བུ་ལ་ཐིམ། དེ་བཞིན་དུ་གཡས་སྐོར་གྱི་འདབ་མའི་ཧཱུཾ་རྣམས་དང༌། མཐར་དབུས་ཀྱི་ཧཱུཾ་ཡང་ཟོས་ནས། བསྒྲུབ་བྱའི་སྣ་སྒོ་གཡས་ནས་འཐོན། རང་གི་གཡོན་ནས་ཞུགས་ཏེ། སྙིང་གར་ཐིམ། དེ་ལྟར་ཡང་དང་ཡང་དུ་གོམས་པར་བྱ་ཞིང༌། ཨོཾ་ཨ་སྭཱཧཱ་ཞེས་པ་ཡིད་བཟླས་སུ་བྱ་ཞིང་ཆོས་ཐམས་ཅད་མཉམ་པ་ཉིད་དུ་བསྒོམ་མོ། །ཞེས་མན་ངག་ལས་འབྱུང་ཞིང་རྒྱུད་ལས་ཀྱང་གསལ་ན། ལག་ལེན་ཅུང་ཟད་གབ་པ་ཡིན་ཏེ། འདིར་དམིགས་ཕྱེད་པར་བཤད་ན་འདི་ལྟར་དགོས་ཏེ། བསྙེན་པ་ནི་ཨ་བསྒོམས་ནས་ཨོཾ་ཨ་སྭཱཧཱ་ཡིད་བཟླས་སུ་བྱེད། བཟླས་པའི་ཚད་ཟླ་བ་དྲུག་དང༌། དམིགས་པའི་ཚད་གསལ་སྣང་སྐྱེས་པ་ཡིན། གསལ་སྣང་མ་ཐོབ་ཀྱང་ཅུང་ཟད་ཤེས་པ་ན་འབྱུང་དུ་རུང་མོད་བཤད་ཚོད་བཞིན་ནི་མི་འབྱུང་བས་སོ། །ཨའི་གཟུགས་སུ་མ་ཟད་སྒྲ་ཡང་བསྒོམ། སྒྲུབ་པ་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་གཅིག་ཏུ་འདུས་ཏེ། བསྒྲུབ་བྱའི་གཟུགས་རྡོ་རྗེ་སེམས་དཔར་བསྒོམ་པ་སོགས་གོང་བཞིན་ལས། འོད་ཟེར་ཕར་སྤྲོ་བའི་ཚེ་ཨོཾ། བསྒྲུབ་བྱའི་ཁོག་ན་གནས་པའི་ཚེ་ཨ། ཚུར་འོང་བའི་སྐབས་སྭཱ། སྙིང་གའི་ཨ་ལ་ཐིམ་པའི་དུས་ཧཱ། ཞེས་པ་རླུང་དང་སྦྱར་ནས། རྡོར་བཟླས་བྱེད། སྙིང་གའི་ཨ་ལ་ཐིམ་པའི་འོད་འབར་ཞིང་སྒྲ་སྒྲག་པར་བསམ། །


TNT11_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འདྲ་བ་ཟླ་བ་ཕྱེད་དམ་ཟླ་བ་གཅིག་གམ། ཟླ་བ་ཕྱེད་དང་གཉིས་ཀྱིས་འགྲུབ་པར་བཞེད་དེ། ཇི་ཙམ་འགོར་ཡང་ཟླ་བ་དྲུག་གིས་སོ། །དེ་ནས་ལས་ལ་སྦྱར་བ་ནི། ནམ་དགོས་དུས་བཟླས་སྒོམ་དེ་ཉིད་བསྒྲུབ་བྱ་གང་ཡིན་རེ་ལ་དམིགས་ཏེ་སྦྱར་བས་འགྲུབ་ཅིང༌། ཨ་ཡིག་གི་སྒྲ་ལས་གཏམ་སྣ་ཚོགས་ཐོས་པ་ཡང་འབྱུང་ངོ་ཞེས་པའོ། །བཞི་པ་ནི། གཞུང་སྔ་མ་ཕ་རོལ་སེམས་ཤེས་དེ་ཉིད་ཀྱི་གསེབ་ཚགས་སུ་འབྱུང་སྟེ། འདི་ལའང་བསྙེན་སྒྲུབ་ལས་སྦྱོར་གསུམ་གྱི་རིམ་པ་བཤད་མ་ཐག་པ་དེས་རིགས་བསྒྲེབ་ཤེས་པར་བྱས་ཏེ། རང་གི་སྙིང་གར་ཟླ་བ་ལ་ཧཱུཾ། དེའི་འོད་ཀྱིས་སྣང་བ་ཐམས་ཅད་སྟོང་པར་སྦྱངས་ནས། ས་བོན་ཧཱུཾ་ཡིག་ཆོ་ག་གསུམ་བསྐྱེད་ལས། ཡེ་ཤེས་དབང་ཕྱུག་མ་ཞལ་གསུམ་ཕྱག་དྲུག་པ། སྐུ་འགྱེད་འཁྱོག་མེད་པ་ཅིག་བསྒོམ་གསུང་སྟེ། འཕོ་བའི་སྐབས་སུ་བཤད་པ་ལྟར་དཀར་མོ་དེ་སྒོམས་ན་བཟང༌། དེའི་ཐུགས་ཀར་སྙིང་ཆུ་ཤིང་གི་མེ་ཏོག་པདྨ་འདབ་བརྒྱད་དཀར་པོ། ལྟེ་བར་ཧཱུཾ་ཡིག་དང་འདབ་མ་བརྒྱད་ལ། ཨཱ་ལྀ་ཐུང་ངུ་བརྒྱད། དེ་རྣམས་ཀྱང་དཀར་པོའོ། །བཟླས་པ་ནི་ཨོཾ་ཧཱུཾ་སྭཱཧཱ། རང་གི་མདུན་དུ་རླུང་དང་མེའི་དཀྱིལ་འཁོར་བརྩེགས་པའི་སྟེང་དུ་ཉི་མ་ལ་བསྒྲུབ་བྱ་དེ་བཀོད། དེའི་སྙིང་གར་པདྨ་དམར་པོ་འདབ་བརྒྱད་ཀྱི་ལྟེ་བར་ཧཱུྃ་དང༌། འདབ་མ་བརྒྱད་ལ་ཨཱ་ལྀ་བརྒྱད་དམར་པོའོ། །ཨོཾ་ཧཱུྃ་སྭཱཧཱ་ཞེས་པ་དང་སྦྱར་བའི་རྡོར་བཟླས་བྱེད་ཅིང༌། རང་གི་སྙིང་གའི་ཡིག་གེ་དགུ་ལས་ཡི་གེ་དགུ་པོ་གཉིས་པ་ཞིག་ཆད་དེ། ཐམས་ཅད་ཀྱང་འོད་ཟེར་འཕྲོ་བ།


TNT11_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ནི་ཡི་གེའི་རྣམ་པ་གསལ་པ་ལ་ཕྱི་དབྱིབས་བུང་བའི་གཟུགས་ཅན་དུ་གྱུར་ཏེ། རང་གི་སྣ་བུག་གཡས་ནས་འཐོན། དེའི་གཡོན་དུ་ཞུགས། སྙིང་གའི་ཡི་གེ་དགུ་པོའི་སྟེང་དུ་བབས། ཕ་རོལ་པོའི་ཡི་གེ་དགུ་པོ་དེ་བུང་བས་ཟོས་ཤིང་མིད་ནས་རང་རང་གི་ཁོག་པའི་ཡི་གེ་དགུ་ལ་ཐིམ་པས། ཡི་གེ་ཐམས་ཅད་རིང་པོར་གྱུར། པདྨའི་འདབ་མ་དང་ཟེ་འབྲུ་ཡང་བཅད་ཅིང་ཟོས། དེའི་སྣ་སྒོ་གཡས་ནས་འཐོན། རང་གི་གཡོན་དུ་ཞུགས། སྙིང་གའི་ཡི་གེ་དགུ་པོ་ལ་ཐིམ་པས། ཡི་གེ་ཐམས་ཅད་རིང་པོ་འོད་འབར་བ་བརྗིད་དང་ལྡན་ཅིང་ཉམས་བདེ་བ་དང་ལྡན་པར་བསམ། ཡང་ན་བསྒྲུབ་བྱའི་སྙིང་གའི་པདྨ་ཟོས་པའི་མཚམས་དེར། ཨོཾ་ཨཱཿཧཱུཾ་གི་རྡོ་རྗེའི་བཟླས་པ་འགའ་རེ་བྱེད་པ་དང༌། རང་གི་སྙིང་གར་ཐིམ་པའི་རྗེས་སུ་ཡང་རྡོར་བཟླས་བྱེད་པར་འདོད་དེ། སྔགས་རླུང་ལ་མ་གོམས་པ་གཅིག་གིས་རྡོར་བཟླས་ཡི་གེ་བཞི་པ་ཚར་ཅིག་གི་དུས་སུ། དམིགས་པ་དེ་མ་ཚར་དོགས་པས་དེའི་ཚབ་ཏུ་སྦྱར་བར་སྣང་ངོ༌། །ཡང་དམིགས་པ་ལུགས་གཅིག་ལ་བུང་བ་དགུ་པོ་རང་གི་སྙིང་གའི་ཡི་གེར་དགུའི་སྟེང་དུ་བབས། ཕ་རོལ་པོའི་ཡི་གེ་དགུ་པོ་དེ་སྦྲང་རྩི་སྐྱུག་པའི་ཚུལ་གྱིས་བདུད་རྩི་སྐྱུག་ནས། ཡི་གེ་དགུ་ལ་ཐིམ་པས་རང་བཞིན་གྱུར། བུང་བ་ཉིད་སླར་སྤྲོ་བ་ལ་སོགས་པ་སྤྲོ་བསྡུའི་ཚུལ་དེ་ཉིད་ཡང་ཡང་བྱས་ནས། ཐུན་འཇོག་ཁར་རང་གི་སྙིང་


TNT11_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

གའི་ཡི་གེ་ལ་བུང་བ་ཐིམ་པར་བྱེད་དོ། ཁ་ཅིག་ཡི་གེ་རྣམས་ནམ་མཁའ་ལ་འཁོར་ཞིང་འགྲོ་བ་ཉིད་བུང་བ་དང་འདྲ་བས་བུང་བའི་གཟུགས་ཞེས་བརྗོད་ཀྱི། བུང་བའི་གཟུགས་དབྱིབས་སུ་མི་སྒོམ་ཟེར་ཡང༌། བུང་བའི་གཟུགས་སྒོམ་པ་ཉིད་ལེགས་སོ། །འདིས་མན་ངག་གཞན་གྱི་བུང་བའི་གཟུགས་གཞན་ལ་ཡང་ངེས་པ་སྟེར་བར་ཡོད། འདི་ལ་ཡང་གཞན་སེམས་ཤེས་པ་འབྱུང་བར་བཤད་མོད། གཙོ་བོར་དབང་སྡུད་ཡིན་ནོ། །དེ་ལྟར་ན་གཞན་སེམས་ཤེས་པ་སྒྲུབ་པ་དང་དབང་སྡུད་འདི་གཉིས་བསྐྱེད་རིམ་བཟླས་སྒོམ་ཙམ་ལ་བརྟེན་ནས་སྒྲུབས་ཀྱང་འགྲུབ་མོད་ཀྱི། གོང་དུ་འཕོ་བ་འབྱོངས་བས། ཤིན་ཏུ་འགྲུབ་པ་ཡིན་པའི་ཕྱིར། འཕོ་བའི་འཕྲོས་དོན་དུ་གསུངས་ལ། ཆུ་ཤིང་སྙེ་མའི་རྫོགས་རིམ་ལ་བརྟན་པ་ཐོབ་ན། འཕོ་བའང་ཚེགས་མེད་པས། གོང་འཕོ་དང་གྲོང་འཇུག་གཉིས་ཆུ་ཤིང་སྙེ་མའི་ཡན་ལག་ཏུ་བཤད་དོ། །བཞི་པ་མཆོད་རྟེན་བུམ་པའི་ཡན་ལག་སྒྱུ་མ་གསུམ་བརྒྱུད་ཀྱི་གདམས་ངག་ནི་རབ་བྱེད་བཞི་པ་པས། བླ་མའི་ལུང་ནི་རྟོགས་པ་ཡིས། །ཞེས་པ་ནས། རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། །ཞེས་པའི་བར་གྱིས་ཟུར་ཙམ་བསྟན་ཏེ། དེ་ལ་སྣང་བ་སྒྱུ་མ། རྨི་ལམ་སྒྱུ་མ་བར་དོ་སྒྱུ་མའོ། །དང་པོ་ནི། དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་ལ་བསླབ་པར་བྱ་སྟེ། རྩ་རྒྱུད་ཀྱི་གཞུང་གི་ནང་གི་སྦྱིན་སྲེག་དང་གཅིག་ལ། བཤད་རྒྱུད་སྦྱོར་བའི་རབ་བྱེད་ཀྱི་མགོ་ནས།


TNT11_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ལུས་ཀྱི་ཡེ་ཤེས་མེ། ཞེས་སོགས་དང༌། བདག་ཉིད་དེ་ཉིད་མེ་ལ་ནི། སོགས་ཀྱིས་བསྟན་ཏེ། རང་ཉིད་ཡེ་ཤེས་དབང་ཕྱུག་མའི་སྐུར་གསལ་བའི་ལྟེ་བར་ཆོས་འབྱུང་གི་སྟེང་དུ་པདྨ་འདབ་བརྒྱད་ལ། མཁའ་འགྲོ་མ་ལྔ་ནང་གི་སྦྱིན་སྲེག་གི་སྐབས་སུ་བཤད་པ་བཞིན་གསལ་བཏབ། དེའི་ནང་གི་ཡེ་ཤེས་དབང་ཕྱུག་མའི་ཐུགས་ཀའམ་ལྟེ་བར་ཨ་ཡིག་དཀར་པོ་ཅིག་བསྒོམ། ཀླུ་དབང་འཁྱིལ་བ་དང་ཨ་ཤད་ཀྱང་སྔར་བཞིན་གསལ་བཏབ། རླུང་བུམ་ཅན་བཟུང་ནས་མེ་སྦར་བའི་བར་ཡང་སྔར་དང་འདྲ། དེའི་ཚེ་ཡེ་ཤེས་དབང་ཕྱུག་མའི་ལྟེ་བའི་ཨ་ལས་འོད་ཟེར་འཕྲོས། ཕྱིའི་མེ་དང་འདྲེས་ཏེ་འོད་ཟེར་དཔག་ཏུ་མེད་པས་ལུས་གང་བ་སྤུའི་བུ་ག་ནས་འཕྲོས་པས་མཁའ་དབྱིངས་ཐམས་ཅད་ཁྱབ། ཐམས་ཅད་མཁའ་འགྲོ་ལྔའམ་ཡེ་ཤེས་དབང་ཕྱུག་མའི་ངོ་བོར་གྱུར། དེ་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཉིད་ཆོས་འབྱུང་ཀླུ་དབང་འཁྱིལ་པ་པདྨ་ལྷ་མོ་བཞི་དང་བཅས་པ་ཡེ་ཤེས་དབང་ཕྱུག་མ་ལ་ཐིམ། དེ་ཡང་ཨ་ཡིག་ལ་ཐིམ། ཨ་དེ་ཡང་ཇེ་ཕྲ་ཇེ་ཕྲར་བསྡུས་ནས་ན་དའི་རྣམ་པར་གྱུར། དེ་ཡང་རིམ་གྱིས་སྟོང་པར་སྦྱངས། དེ་ཉིད་ཡང་དང་ཡང་དུ་བསྐྱར་གྱིན་བསྒོམ། དམིགས་སྐོར་གཅིག་གོ །ཡང་སྔ་མ་དང་འདྲ་བ་ལས། འོད་གསལ་དུ་བསྡུས་པའི་ངང་དེར་བདེ་སྟོང་ཡུན་རིང་དུ་བསྒོམ། དེ་ནས་


TNT11_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་སྔ་མ་བཞིན་ཕྱི་དང་ནང་གི་སྐུ་རྣམས་གསལ་གདབ་བོ། །དེ་རྗེས་དེ་ཐམས་ཅད་ལ་སྣང་སྟོང་སྒྱུ་མ་ལྟ་བུའི་འདུན་པ་དྲག་ཏུ་སྦྱངས། ཡང་སྔར་བཞིན་བསྡུས་ནས་ལྷ་སྐུར་ལྡང་བ་ལ་བསླབ། ཐམས་ཅད་དུ་སྒྱུ་མ་ལྟ་བུའི་འདུན་པ་རྟག་ཏུ་སྦྱངས། ཐུན་མཚམས་ཀུན་ཏུའང་སྣང་བ་དེ་དང་མ་བྲལ་བར་བྱའོ། །གཉིས་པ་ལ། རྔོག་པའི་རྫོགས་རིམ་གྱི་ཡི་གེ་ཆུང་བ་ལས། མཚན་མ་མེད་པའི་མཆོད་རྟེན་བུམ་པའི་མན་ངག་ཅེས། མིང་བཏགས་ནས་འཆད་ཀྱང་མཚན་མེད་ཀྱི་ཐ་སྙད་ནི་མི་ཐོབ་མོད། སྤྱིར་མཆོད་རྟེན་བུམ་པ་དང་འབྲེལ་བ་ནི་ཡིན་ནོ། །འདི་ལ་དབྱེ་བ་ན་རྨི་ལམ་བཟུང་བ། སྦྱངས་བ། རྨི་ལམ་དུ་ངོ་ཤེས་པ། དེ་སྒྱུ་མ་ལྟ་བུར་ཤེས་པ་རྨི་ལམ་གཉིད་དང་བསྲེ་བ་སྟེ་ས་བཅད་ལྔ་མཛད་ནས། དང་པོ་ནི། མགྲིན་པར་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཨ་དམར་པོ་དང༌། ཕྱོགས་ཀྱི་འདབ་མ་བཞི་ལ་ཨ་ནུ་ཏ་ར་བསྒོམ། ཨའི་འོད་ཀྱིས་ཡི་གེ་བཞི་རིམ་གྱིས་བསྡུ་བ་སྣང་བ་བཞི་དང་སྦྱོར། འདིས་གཉིས་དུས་སུ་དྲན་པས་སླེབ་པ་ཙམ་འོང༌། གཉིས་པ་ནི། རྨི་ལམ་དུའང་དམིགས་པ་དེ་སྒོམ་དགོས་སྙམ་པའི་འདུན་པ་སྦྱངས། དེས་རྨི་ལམ་དུ་དམིགས་པ་སྒོམ་པ་འོང༌། གསུམ་པ་ནི། དོ་ནུབ་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱའོ་སྙམ་པའི་འདུན་པ་སྦྱངས་པས་དེ་དུས་རྨི་ལམ་དུ་ངོ་ཡང་ཤེས་པའོ། །བཞི་པ་ནི། གང་ཟག་


TNT11_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་རྣོན་པོ་ལ་མི་དགོས་རང་ཤུགས་ལ་འབྱུང༌། དབང་རྟུལ་ལ་དམིགས་པ་དེ་ཉིད་ལ་བརྟེན་ནས་སྒྱུ་མ་ལྟ་བུའི་འདུན་པ་སྦྱོང་བ་སྟེ། དོ་ནུབ་རྨི་ལམ་དུའང་བདེན་མེད་དུ་ཤེས་པ་འདི་ལ་བསླབ་པར་བྱའོ་སྙམ་པའི་འདུན་པ་སྦྱངས་པས་རྨི་ལམ་དུའང་དེ་བཞིན་དུ་འབྱུང་ངོ༌། །ལྔ་པ་ནི། ས་བཅད་འདི་ལ་བསྡུས་ཀྱང༌། བར་དོ་སྒྱུ་མའི་གདམས་ངག་ཏུ་དགོས་སོ། །དེས་ན་རང་ལུགས་ནི་རྒྱུད་འདི་ཉིད་ལས་འབྱུང་བའི་གདམས་ངག་གཉིས་ཏེ། གོང་དུ་བ་ནུའི་རྫོགས་རིམ་གྱི་སྐབས་ཟུར་ཙམ་སྨོས་པ་ལྟར༌། མགྲིན་པའམ་གསང་བར་མཆོད་རྟེན་གྱི་མིང་ཅན་ཧཱུཾ་ཡིག་ལ་བདུད་རྩི་འབབ་པའི་དམིགས་པ་དེ་ཀ་བསྒོམས་ནས་རྨི་ལམ་གྱི་འདུན་པ་སྦྱོང་བ་ཉིད་ཡིན་ཏེ། མགྲིན་པ་དང་གསང་བ་གཉིས་རྨི་ལམ་གྱི་གནས་ཡིན་པས་འདིར་དགོས་ཀྱི། བ་ནུའི་གདམས་ངག་དངོས་ལ། གནས་དེ་གཉིས་གཙོ་བོ་མ་ཡིན་ཏེ་སྙིང་ག་ཉིད་དོ། །དམིགས་པའི་རྣམ་གྲངས་གཉིས་པ་ནི་རབ་བྱེད་བཞི་པ་ལས། ཡང་དག་ལྟའི་གཟུགས་ཅན་གྱིས། །ཞེས་པ་ནས། ཆོས་ཀྱི་དབྱིངས་ཀྱི་སྦྱོར་བའོ། །ཞེས་པའི་བར་གྱིས་བསྟན་ཏེ། སྔོན་འགྲོ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་སྒྲུབ་ཐབས་ལྟར་བྱ། སྟོང་པའི་ངང་ལས་པད་ཟླ་ལ་རང་སེམས་ཨ་ཡིག་དཀར་པོ། །དེ་ལས་འཇའ་ཚོན་ལྟ་བུའི་ལུས་ཀྱི་སྣང་བ་བྱུང༌། དེའི་ལྟེ་བ་མན་ཆད་ཞུ་བ་ལས། ཕྱེད་མཆོད་རྟེན་གྱི་རྨངས་གཞི་གྲུ་བཞི་པ། ཕྱེད་བང་རིམ་གྲུ་བཞི་པ་


TNT11_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གམ། དེ་ཉིད་ལས་ནང་ཚན་དུ་ཕྱེ་བའི་བང་རིམ་བཞི་པ། སྒལ་ཚིག་མ་གཏོགས་ལུས་མ་མོ་ནི་དྲིལ་བུ་སྟེ། ད་ལྟ་བུམ་ལྡིར་དུ་གྲགས་པའི་མཆོད་རྟེན་དངོས་གཞི་ཡིན་ལ། དབྱིབས་ལྷུང་བཟེད་ཁ་བུབ་ལྟ་བུ་དང་དྲིལ་བུའི་དབྱིབས་ཅན་འདམ་ཀའོ། །མགྲིན་པ་དང་མགོ་བོ་ཁ་བད། སྒལ་ཚིག་འོག་མ་གསུམ་བོར་བའི་སྒལ་ཚིག་བཅོ་བརྒྱད་གདུགས་བཅོ་བརྒྱད། རྩ་དབུ་མའམ་གཞུང་བསྲོག་ཤིང༌། ཐོད་པ་ནི་ཆར་ཁེབས་སུ་འགྱུར། དེ་ཡང་ཁྲི་གྲུ་བཞི་རིམ་པ་གཉིས་ས་འོག་གི་འཇིག་རྟེན། བུམ་པ་ནི་ས་སྟེང་གི་འཇིག་རྟེན། བྲེ་ནི་འདོད་ཁམས་ཀྱི་ལྷའི་འཇིག་རྟེན། གདུགས་བཅུ་བདུན་ནམ་བཅོ་བརྒྱད་ནི་གཟུགས་ཁམས་བཅུ་བདུན་ནམ་བཅོ་བརྒྱད། སྲོག་ཤིང་ནི་གཟུགས་མེད་ཁམས་སོ་ཞེས་དག་པ་ཤེས་པར་བྱས་ནས། རང་ལུས་དག་གསལ་འོད་དཀར་པོའི་རང་བཞིན་ལས་གྲུབ་པའི་མཆོད་རྟེན་དཀར་ཁྲོང་ངེ་བ་ཅིག་ཏུ་གྱུར། དེའི་བུམ་པའི་གནས་སུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཨ་དཀར་པོ་འོད་འབར་བ། བུམ་པའི་འོག་ནས་བང་རིམ་གྱི་ཕྱེད་མཚམས་སུ་ཧཱུཾ་བཞི་ཞབས་ཀྱུ་ཕྱིར་བསྟན། མགོ་བོ་ནང་བསྟན། མགོ་རུབ་ཀྱི་རྣམ་པར་བྱ། དེ་ཡང་ཡི་གེའི་མགོ་བོ་མཐོ་ཞིང་འཇུག་དམའ་བར་བྱ། ཀླད་ཀོར་བཞི་འདུས་པའི་སྟེང་དུ་ཧཱུཾ་དཀར་པོ་མགོ་བོ་གྱེན་བསྟན་ནོ། །ཧཱུཾ་གི་ཞབས་ཀྱུ་དང་ཀླད་ཀོར་སོགས་ལྕགས་སྒྲོག་གི་དབྱིབས་འདྲ་བས། ཧཱུཾ་ལྔ་ཚོམས་དེ་ལ་སྒྲོགས་པ་ལྔའི་མཆོད་


TNT11_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཟེར། སྐབས་འདིར་ཐམས་ཅད་དཀར་པོ་བསྒོམ། དེ་ལྟ་བུའི་ངང་ནས་མཆོད་རྟེན་ལ་དམིགས་ཏེ། ཨེ་མ་ཧོ་རྨི་ལམ་རང་ཡིན་སྙམ་པ་སོགས་འདུན་པའི་ཁྱད་པར་སྔར་བཞིན་སྦྱར་བས། རྨི་ལམ་སྒྱུ་མའི་གདམས་པ་མཆོག་ཏུ་གྱུར་པའོ། །གསུམ་པ་ནི། གོང་དུ་རྨི་ལམ་སྐབས་ས་བཅད་ལྔ་བྱས་པའི་ལྔ་པ་དེ་ཀ་ཡིན་ཏེ། མན་ངག་གི་ཡི་གེ་ཆུང་བ་ལས། གཉིད་དང་སྣང་བ་བསྲེ་བའམ། རྨི་ལམ་གཉིད་དང་བསྲེ་བ་ཞེས་བྱུང་བ་དེ་ཡིན། དེ་ཡང་ད་ལྟ་སད་དུས་སུ་རྨི་ལམ་དུ་ཤེས་པས། རྨི་ལམ་དུ་ཡང་དེ་ལྟར་ཤེས་ལ་དེས་སད་དུས་ལ་ཡང་ཚུར་བོགས་འབྱིན་ཅིང༌། སྐབས་དེར་གཉིད་འོད་གསལ་དུ་འཇུག་པའི་གདམས་ངག་བསྒོམ། འདིར་མན་ངག་གི་ཡི་གེ་རྙིང་པ་ན། འདིའི་ལག་ལོངས་གབ་ཅིང་མི་གསལ་བའི་ཚུལ་གྱི་ཡོད་པ་དེ། ཕྱིས་ཀྱི་མཁས་འདོད་རྣམས་ཀྱི་ཀྱང་མ་གོ་བར་འདུག་དེ་ཡང་ཡིག་གེ་ལྔ་པོ་སྔར་གྱི་མགྲིན་པའི་དེ་ཀ་ཡིན་པ་ལྟར་བྱས་ནས། རྗེས་གཞིག་སྒོམ་པ་ཞིག་འབྱུང་སྟེ། མགྲིན་པའི་དེ་མ་ཡིན། སྙིང་གར་དེ་འདྲ་གཅིག་སྒོམ་རྒྱུ་ཡིན། རྒྱུ་མཚན་མགྲིན་པའི་དེ་ལ་འདིར་ཨ་དང་གཞན་དུ་ཨོཾ་འབྱུང༌། སྐབས་འདིར་ཧཱུཾ་ལ་བསྡུ་བར་བཤད་པས། སྙིང་གའི་ཡིན་པར་དཔེ་གསལ་ལོ། །དེས་ན་བདེ་བ་བསྒོམ་ཞེས་བྱ་བ་ཡང་གཉིད་ཀྱི་འོད་གསལ་སྒོམ་པའི་དོན་ཡིན། སྙིང་གར་ཧཱུཾ་ལ་ཨ་ནུ་ཏ་རས་བསྐོར་བ། བུམ་པ་ཅན་དང་བཅས་ཏེ་སྒོམ་པ་ཞག་མང་དུ་སོང་ནས། ཧཱུཾ་གི་འོད་ཀྱིས་སྣོད་བཅུད་


TNT11_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བསྡུ་བའི་རྗེས་གཞིག་མང་དུ་བསྒོམས་པས་ཉིན་མོའི་འོད་གསལ་དང༌། གཉིད་འཐུག་པོའི་འོད་གསལ་གཉིས་ཀ་ཟིན་འོང༌། དེ་ནས་འོད་གསལ་དུ་འཇུག་པའི་ཚེ་འཆི་བ་དང་བསྲེ་བའི་འདུན་པ་དང༌། མི་རྟོག་པ་དེ་ལས་ལངས་མ་ཐག་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར། རྡོ་རྗེ་སེམས་དཔའ་འམ་ཡེ་ཤེས་མཁའ་འགྲོའི་སྐུར་ལངས། ཕྱི་ནང་ཐམས་ཅད་ལ་སྒྱུ་མ་ལྟ་བུའི་འདུན་པ་སྦྱངས། བར་དོ་དང་བསྲེ་བའི་འདུན་པ་ཡང་བྱའོ། །ཞེས་གསུང་ངོ༌། །འོན་ཀྱང་རྨི་ལམ་དང་བར་དོའི་གདམས་པ། ཡི་གེ་ལྔ་ལ་བརྟེན་པ་འདི་ནི། མར་ལུགས་ཀྱི་གདམས་ངག་སྤྱིའི་ལུགས་དེ་འདིར་སྦྱར་བར་སྣང་ལ། ཕན་ཚུན་ཁ་བསྐང་བ་དེ་ཡང་མི་རིགས་པ་མ་ཡིན་མོད། རྒྱུ་འདི་ཉིད་ཀྱི་ལུགས་ནི་མཆོད་རྟེན་བུམ་པའི་གདམངས་ངག་དེ་ལ་བརྟེན་ནས་རིལ་འཛིན་དང་རྗེས་གཞིག་གི་དམིགས་པ་ལྷག་པོར་བསྣན་པས། འོད་གསལ་དུ་བཅུག་ཅིང་ལྷ་སྐུར་ལྡང༌། སྒྱུ་མ་ལྟ་བུ་ལ་བསླབ། དེ་ལ་གོམས་ནས་གཉིད་ཀྱི་འོད་གསལ་འཛིན་ཅིང༌། རྨི་ལམ་ལྷ་སྐུར་ཤར་པ་ལ་བསླབ། དེ་ལ་གོམས་ནས་དེ་ཐམས་ཅད་བར་དོའི་འདུན་པ་དང་བསྲེ་བ་ལ་བསླབས་པས། བར་དོ་སྒྱུ་མའི་གདམས་ངག་བླ་ན་མེད་པར་འགྱུར་རོ། །དེ་ལྟར་ན་རྫོགས་པའི་རིམ་པའི་རྣལ་འབྱོར་དེ་དག་ལ། ཁྱབ་བྱེད་ཁྱབ་བྱའི་དབྱེ་བ་ཇི་ལྟར་ཡིན་སྙམ་ན། དཔེར་ན་བ་ལང་རྨིག་པ་སྒོམ་པ་ལ། དེའི་ཡན་ལག་ཏུ་བསམ་མི་ཁྱབ་དང་ལས་རྒྱ་འདོད་ཆགས་ཆེན་པོའི་ལམ་གཉིས་བསྣན་ན། སྐབས་དེ་ཉིད་ཀྱི་ལམ་ཆ་ཚང་


TNT11_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་ཏེ། བ་ལང་རྨིག་པས་རླུང་སེམས་དབུ་མར་བཅུག་པའི་གསལ་སྟོང་གི་ཤེས་པ་དེ་ཉིད་ཞུ་བདེའི་ཉམས་མྱོང་ཁྱད་པར་ཅན་དུ་སྒྱུར་བ་དང༌། རླུང་མ་འདུས་པ་རྣམས་བསྡུད། བསྡུས་པ་རྣམས་ཐིམ་པར་བྱེད། རྩ་མདུད་ལྷོད་པོར་བྱེད་པ་སོགས་བོགས་འབྱིན་པ་ཕལ་ཆེར་ལས་རྒྱས་བྱེད་ལ། ཉམས་མྱོང་གི་ཡེ་ཤེས་མི་རྟོག་པའི་དབྱིངས་སུ་བསྐྱངས་པས། གོང་ནས་གོང་དུ་ན་འཕོས་ཤིང་བརྟེན་པར་བྱེད་པར་ནི་བསམ་མི་ཁྱབ་བོ། དེ་བཞིན་དུ་བ་ནུ་དང༌། ཆུ་ཤིང་སྙེ་མ་དང༌། མཆོད་རྟེན་བུམ་པ་རྣམས་ལའང་དེས་རིགས་འགྲེ་བས། ཁྱབ་བྱ་བཞི་པོ་སོ་སོར་གང་སྒོམས་ཀྱང༌། གཉིས་པོ་དེ་ཀུན་ཏུ་འཇུག་པས་ཁྱབ་བྱེད་ཅེས་བྱའོ། །འདི་ལ་ཡང་ལམ་བློ་ཆོད་དང༌། ལམ་འཁྲིགས་ཆགས་གཉིས་ལས། དང་པོ་ནི། བསྐྱེད་རིམ་སྔོན་དུ་སོང་ནས། ཁྱབ་བྱ་བཞི་པོ་གང་རུང་ཅིག་ཁོ་ན། ཁྱབ་བྱེད་གཉིད་ཀྱི་བོགས་བཏོན་ཅིང་བསྐྱངས་པས། དྲོད་ཀྱི་ཡེ་ཤེས་སྐྱེ་བར་འགྱུར་ལ། དེ་ནས་སྤྱོད་པ་དང་ཉེ་རྒྱུས་མཚམས་སྦྱར་བས་འབྲས་བུ་མངོན་སུམ་དུ་བྱེད་པར་འགྱུར་ཏེ། འདི་ནི་ཁྱབ་བྱ་བཞི་ཅར་གང་ཟག་གཅིག་གིས་ཁྲིགས་ཆགས་སུ་སྒོམ་མི་དགོས་པའི་ལུགས་སོ། །གཉིས་པ་ནི། ཁྱབ་བྱའི་མན་ངག་བཞི་ཀར་གང་ཟག་གཅིག་གི་ཆ་རྐྱེན་དུ་སྡེབས་པ་སྟེ། བ་ལང་རྨིག་པས་རླུང་དབུ་མར་འགག་པར་བྱེད། བའི་ནུ་མས་རགས་པའི་གཏུམ་མོ་འབར་ཞིང་བྱང་ཆུབ་ཀྱི་སེམས་འབབ་པའི་བདེ་དྲོད་འབར་འཛག་


TNT11_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད། ཆུ་ཤིང་སྙེ་མས་དང་པོར་རྩ་མདུད་ལྷོད་པ་དང་བར་དུ་འབྱེད་པ་དང་མཐར་གྲོལ་བར་བྱེད། མཆོད་རྟེན་བུམ་པས་འབྱུང་བ་ཕྲ་རགས་ཀྱི་རིམ་པ་རྣམས་དབུ་མའི་ནང་གི་བདེ་བའི་ཐིག་ལེ་ལ་ཐིམ་པར་བྱེད་པ་ཡིན་ཏེ། དེ་འདྲ་བའི་བདེ་སྟོང་གི་ཡེ་ཤེས་ལ་ནི་འོད་གསལ་ཞེས་བྱའོ། །ཀླུ་དབང་འཁྱིལ་པའི་མན་ངག་ནི། དེ་བཞི་པོའི་ནང་དུ་འདུས་ཏེ། ནང་གི་སྦྱིན་སྲེག་དང༌། བ་ནུའི་སྐབས་སུ་ངེས་པར་དགོས་ཤིང༌། ཆུ་ཤིང་སྙེ་མའི་སྐབས་སུ་ཡང་ཅུང་ཟད་འཇུག་པ་སྟེ། དོན་ལ་ཚངས་པའི་མེ་སྦར་བས་ལྟེ་བའི་གཏུམ་མོ་འབར་བར་བྱེད་པའི་ཐབས་ཁྱད་པར་ཅན་ནོ། །དེ་ལ་བ་ལང་རྨིག་པ་ཞེས་པ་ནི། སྙིང་ག་དང་ལྟེ་བའི་དབུས་ཀྱི་དབུ་མའི་རྩ་མདུད་གཉིས་ལ་ཟེར་བ་ཡིན་ན་དེ་གཉིས་ལས་ཀྱང༌། གཙོ་བོ་སྙིང་ག་དང་ཕལ་པ་ལྟེ་བའོ། །དེ་གཉིས་སུ་རགས་པའི་རླུང་རྣམས་ཞུགས་གནས་ཐིམ་གསུམ་བྱས་པའི་འཁོར་ལོ་གཞན་གཉིས་ལའང་རང་ཤུགས་ཀྱིས་གནད་དུ་བསྣུན་པར་འགྱུར་ཏེ། སྙིང་གའི་ནུས་པས་མགྲིན་པ་དང་ལྟེ་བའི་ནུས་པས་སྤྱི་བོ་ལའོ། །འོན་ཀྱང་འདི་འཁོར་ལོ་འོག་མ་གཉིས་ཁོ་ན་གཙོ་ཆེ་བར་མངོན་ནོ། །ཡང་བའི་ནུ་མ་ཞེས་པ་སྤྱི་བོའི་འཁོར་ལོ་དང་ལྕེ་ཆུང་གི་ལམ་གཉིས་ལ་བརྗོད་ཅིང༌། སྐབས་འགར་ཐབས་ཤེས་ཀྱི་གསང་བའི་སྣ་རྩེ་ལ་བརྗོད་པའང་ཡོད་དོ། །དེ་ཡང་སྔར་རགས་པའི་རྩ་དབུ་མར་རགས་པའི་རླུང་འགག་པའི་རྒྱུ་བྱས། འདིར་རགས་པའི་གཏུམ་མོ་འབར་ཏེ་རགས་པའི་ཁམས་དྭངས་མ་


TNT11_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཞུ་བའི་དགའ་བཞི་ཆ་ཚང་པར་འདྲེན་པ་ཡིན་ཅིང༌། ལྷན་སྐྱེས་མཚོན་པའི་གནས་ནི་ཐབས་ཤེས་ཀྱི་སྣ་རྩེར་བྱ་དགོས་པ་དང༌། སྤྱི་བོའི་བརྡས་ནོར་བུ་དང༌། ལྕེ་ཆུང་གི་བརྡས་མའི་སྣ་མཚོན་ཅིང་ཐབས་འདི་ནི་འབར་འཛག་གི་སྒོ་ནས། སྤྱིར་རྩ་འཁོར་ལོ་བཞི་ཅར་ལ་ཆ་མཉམ་པར་གནད་དུ་བསྣུན་པར་འགྱུར། ཁྱད་པར་དམིགས་པ་གང་ལ་བསྟད་པ་དེ་ཉིད་ལ་གནད་དུ་བསྣུན་པ་གྱུར་ལ། ཐིག་ལེ་འབབ་པའི་ལམ་ལྕེ་ཆུང་གི་སྒོ་ནས་བྱུང་ན། རྒས་པ་དང་དུག་དང་བཀྲེས་སྐོམ་སོགས་སེལ་ཏེ། གནས་སྐབས་ཀྱི་ཡོན་ཏན་དུ་མ་བསྐྱེད་པར་བྱེད་དོ། །ཡང་ཆུ་ཤིང་སྙེ་མ་ཞེས་པ་ནི། རྒྱུད་གཞན་ལས་དཔྱིད་ཅེས་བཤད་པ་དང་དོན་གཅིག་སྟེ། སྙིང་གའི་དབུས་ཀྱི་རྩ་ཡིན་ཡང༌། བ་ལང་རྨིག་པ་ལས་ཆེས་ཕྲ་བ་སྟེ། ཤིན་ཏུ་ཕྲ་བའི་རྩ་དབུ་མའི་ནང་དུ་དྭངས་མ་ཕྲ་བའི་འབར་འཛག་བྱས་པས། སྙིང་གའི་རྩ་མདུད་གྲོལ་བར་བྱེད་པ་སྟེ། སྙིང་གའི་དེ་གྲོལ་བའི་ཞོར་ལ། གཏུམ་མོ་འབར་བས་མགྲིན་པ་དང་སྤྱི་བོའི་རྩ་མདུད་གྲོལ། ཐིག་ལེ་བབས་པས་ལྟེ་བ་དང་གསང་བའི་རྩ་མདུད་ཀྱང་འགྲོལ་བར་འགྱུར་རོ། །འདི་ལའང་ཡེ་ཤེས་ཀྱི་རྩ་ལ་རེག་ཅིང་ཡེ་ཤེས་ཀྱི་གཏུམ་མོའི་འབར་འཛག་སྒྲུབ་པའི་གནས་སྐབས་དང༌། རྡུལ་ཆོས་སུ་གཏོགས་པའི་རྩ་ཁམས་དྭ་ཤོས་ཀྱི་འབར་འཛག་གཉིས་ཡོད་དོ། །དེ་ནས་མཆོད་རྟེན་བུམ་པ་ཅེས་བྱ་བ་ནི། སྙིང་གའི་འཁོར་ལོ་ཁ་ཐུར་བསྟན་དང༌། ལྟེ་བའི་འཁོར་ལོ་ཁ་གྱེན་


TNT11_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་དུ་གནས་པ། བར་ཐག་རིང་པོར་ཡོད་ཀྱང༌། རྩ་གཞན་གྱིས་སྦྲེལ་ཏེ་གནས་པས། མཆོད་རྟེན་གྱི་བུམ་པ་འདྲ་བར་འབྱུང་བས་དེ་སྐད་ཅེས་བརྗོད་ལ། འཁོར་ལོ་དེ་གཉིས་ལས་གཙོ་བོ་ནི་སྙིང་ག་དང་ཕལ་པ་ནི་ལྟེ་བའོ། །བ་ལང་རྨིག་པ་དང་འདི་གཉིས་བྱེད་ལས་མི་འདྲ་སྟེ། དེར་ནི་རགས་པའི་རླུང་ཞུགས་གནས་ཐིམ་གསུམ་བྱེད་པ་ཙམ་ཡིན་ལ། འདིར་ནི་ཕྲ་རགས་ཀྱི་རླུང་རྣམས་འབྱུང་བ་ཐིམ་འགྲོས་ཀྱི་རིམ་པ་མཐར་ཐུག་པ་དང་བསྟུན་ནས། བདེ་བའི་ཐིག་ལེ་ལ་ཐིམ་པར་འགྱུར་པ་ཡིན་པས། དེ་ནས་དཔེའི་འོད་གསལ་ཆེན་པོ་རྒྱུད་ལ་སྐྱེས་ཤིང༌། རྫོགས་པའི་རིམ་པའི་ཡེ་ཤེས་ཀྱི་སྐུ་སྒྱུ་ལུས་དེ་འགྲུབ་པར་འགྱུར་བས་འདི་དང་སྒྱུ་མ་གསུམ་བརྒྱུད་འབྲེལ་ཆགས་སུ་འཆད་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །འོན་ཀྱང་འདི་ལྟར་རྟོགས་པར་བྱ་སྟེ། ད་ལྟ་ལས་དང་པོ་པས་ཁྱབ་བྱའི་རྫོགས་རིམ་བཞི་པོ་འདི་དང༌། སྒྱུ་མ་གསུམ་བརྒྱུད་སྒོམ་པ་ཐམས་ཅད་ནི་ལས་དང་པོ་པའི་སྒོམ་པའི་རིམ་པ་ཡིན་ཅིང༌། དེ་ཉིད་ས་ལམ་གྱིས་བསྡུས་པའི་ཡེ་ཤེས་དེ་དག་གི་རྣམ་པ་ལམ་བྱེད་ཀྱི་འདྲ་འབག་ཏུ་འགྱུར་ཏེ། ཤིན་ཏུ་གོམས་པ་ལས་དུས་སྐབས་སོ་སོར་ལམ་སོ་སོའི་ཡེ་ཤེས་དེ་དག་སྐྱེ་བར་འགྱུར་པའི་རྒྱུ་ཐུན་མོང་མ་ཡིན་པ་ནི་ཡིན་ནོ། །ཡང་འདིར་བདག་གི་རྣམ་པར་རྟོག་པ་ནི་འདི་ལྟར་སྟེ། བསྐྱེད་རིམ་གྱི་ཕྲ་ཐིག་དང༌། བསམ་མི་ཁྱབ་ནི་སོ་སོར་བསྡུད་པ་དང༌། བསམ་གཏན་ནི་དོད་ཡིན་ཅིང༌། ཕྱི་མ་རྣམས་ལས་དང་པོ་པས་བསྒོམས་ན།


TNT11_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལང་རྨིག་པ་ནི་སྲོག་རྩོལ་གྱི་ཕྱེད་སྔ་མ་དང༌། བ་ནུ་ནི་ཕྱེད་ཕྱི་མ་དང༌། ཆུ་ཤིང་སྙེ་མ་ནི་འཛིན་པའི་ཕྱེད་གོང་མའི་གནས་སྐབས་དང་ཕྱེད་ཕྱི་མ་གཉིས་ཀ་ལ་འཇུག་ལ་མཆོད་རྟེན་བུམ་པ་ཕྱེད་སྔ་མ་ཁོ་ན་དང༌། ནང་གི་སྦྱིན་སྲེག་ནི་ཕྱེད་ཕྱི་མ་ཁོ་ནའི་འདྲ་འབག་སྟེ། རྗེས་དྲན་དང༌། ཏིང་ངེ་འཛིན་ནི་དེ་རྣམས་ཉིད་ཀྱི་འབྲས་བུའི་ཕྱིར་རོ། །འདྲ་འབག་གི་དམིགས་པ་ལོགས་སུ་མ་བསྟན་ལ། ཆགས་ལམ་ལས་རྒྱ་ནི། དེ་ཀུན་གྱི་སྐབས་སུ་གང་བབ་ཏུ་སྦྱོར་བ་ཡིན་ནོ་སྙམ་མོ། །ཡང་དག་པར་ན་དོན་གྱི་སྒོ་ནས་འདི་ལས་འདའ་ས་མེད་ལ། འོན་ཀྱང་རྒྱ་བོད་སྔ་མ་རྣམས་ཀྱིས་དེ་ལྟར་སྦྱར་བ་མེད་པའི་ཕྱིར། གཞན་དག་ཡིད་ཆེས་པར་ནི་དཀའ་འོ། །འདིར་བཤད་པར་བྱ་རྒྱུ་ཤིན་ཏུ་མང་མོད་ཀྱི། མཐའ་དག་བྲི་བར་མི་ལང་ལ། འོན་ཀྱང་བ་ལང་རྨིག་པ་ལ་སོགས་པ་འདི་དང་འདི་ལྟ་བུའོ། །དམིགས་པ་འདི་དང་འདི་ལྟ་བུ་དག་ནི་དེ་དང་དེར་གཏོགས་སོ་ཞེས་སྨྲ་བ་ལ། སོ་སོའི་རང་བཞིན་ངོས་ཟིན་དགོས་པས་ན་ཕྱིས་བྱུང་འགའ་ཟུང་ལྟར་བྱུང་རྒྱལ་དུ་སྨྲ་བ་དགག་པ་དང༌། དོན་དུ་གཉེར་བ་དག་སྲིད་ན་བློ་གྲོས་ཀྱི་སྣང་བའི་སྒོ་ཙམ་བསྟན་པའི་ཕྱིར་ཟུར་ཙམ་སྨོས་པའོ། །གཞན་ཡང་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་འདི་ལ། གདན་བཞིར་གྲགས་ཤིང༌། དེ་ཡང་བདག་གི་གདན་དང༌། གཞན་གྱི་གདན་དང༌། སྦྱོར་བའི་གདན་དང༌། གསང་བའི་གདན་ནོ། །དེ་ལ་གདན་ཞེས་བྱ་བ་ནི་གནས་ཀྱི་དོན་ཡིན་ལ།


TNT11_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀྱི་དོན་ཡང་བརྗོད་བྱའི་དོན་དེ་དང་དེ་སྟོན་པའི་གཞུང་གི་སྡེ་ཚན་ཏེ། གནས་སུ་གྱུར་པ་གཞུང་ཚིག་དེ་དང་དེ་ལ་ནི། གནས་པ་པོ་བརྗོད་བྱའི་དོན་དེ་དང་དེ་གནས་སོ། །ཞེས་པའི་དོན་ནོ། །རྡོ་རྗེ་ནི་མི་འགྱུར་བ་སྟེ་ཆོས་ཀྱི་དབྱིངས་ཡིན་ལ། དེ་རྟོགས་པར་བྱེད་པའི་ཐབས་ལའང་རྡོ་རྗེ་ཞེས་བརྗོད་དེ། དོན་རྡོ་རྗེ་དེ་སྟོན་པར་བྱེད་པའི་ཚིག་ནི་རྡོ་རྗེའི་གནས་སམ་གདན་ནོ། །དེ་ཡང་རྒྱུ་རྒྱུད་བདག་གི་གདན། དབང་དང་བསྐྱེད་རིམ་གཞན་གྱི་གདན་ཞེས་སོགས་སྔ་མ་ལྟར་གསུང་པ་ལྟར་བཤད་ཀྱང་འགལ་བ་ཆེར་མེད་མོད་ཀྱི། འོན་ཀྱང་འདི་སྐད་ཅེས་བྱ་སྟེ། དངོས་བསྟན་ཚིག་ཙམ་གྱི་རྗེས་སུ་འབྲངས་པའི་དབང་དུ་བྱས་ན། གཞི་འཁོར་བའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ནི་བདག་དང༌། གཞན་རྒྱུད་ལྟར་སྣང་བའི་ལྷ་མཉེས་པར་བྱེད་པ་ནི་གཞན་དང༌། སྔགས་དང་རྒྱུད་ཀྱི་སྦྱོར་བ་རྣམ་པ་དུ་མ་ནི་སྦྱོར་བ་དང༌། ནང་རྩ་རླུང་ཐིག་ལེའི་རྣལ་འབྱོར་རྫོགས་རིམ་རྣམས་ནི་གསང་བའོ། །ཡང་བརྗོད་བྱའི་དོན་གྱི་སྙིང་པོ་སྦས་པའི་ཚུལ་གྱི་དོན་ལྟར་ན། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ནི་བདག་སྟེ། རྒྱུད་ཀྱི་ཐོག་མའི་ཞུ་བའི་སྐབས་ན། འབྱུང་བ་བཞིའི་རྣམ་ཤེས་ཡེ་ཤེས་ཇི་ལྟ་བུ་ཞེས་པ་དང༌། ཁྱིམ་བཅུ་གཉིས་དང༌། རབ་བྱེད་གསུམ་པར་སྟོང་བའི་རང་བཞིན་རྒྱས་པར་གསུངས་པས། ཁམས་ལྔའི་དྭངས་མ་ཡེ་ཤེས་དང༌། འཁོར་བའི་བདེ་སྡུག་ཐམས་ཅད་འཆར་བའི་གཞི་བདེན་དོན་བཅུ་གཉིས་དང༌།


TNT11_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཉིད་རྣམ་པ་ཐམས་ཅད་པ་རྣམས་གསལ་བར་གསུངས་སོ། །གཞན་ནི་གཞི་འཁོར་བའི་ཆོས་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་པ་སྟེ། དེ་ཐམས་ཅད་ལ་ཆོས་ཉིད་རང་བཞིན་གྱི་ཚུལ་གྱིས་གནས་པའོ། །དེ་ཡང་གཞན་གདན་ཉིད་ཀྱི་རབ་བྱེད་དང་པོ་ལས། བདུད་རྩི་ལྔའི་དག་པ་སྟོན་པར་བཞེད་དེ། འབྱུང་བ་རྣམས་ཀྱི་རང་བཞིན་ཡེ་ཤེས་སུ་བཤད་པས་མཚོན་ནོ། །སྦྱོར་བ་ནི་ལམ་གྱི་ཡེ་ཤེས་རྣམས་ཡིན་ལ། དེ་ཡང་རྡོ་རྗེ་དྲིལ་བུའི་དག་པ་དང༌། ལས་རྒྱའི་རྗེས་ཆགས་རྒྱས་པར་བཤད་པས་མཚོན་ཏེ། ལམ་འདིའི་གཙོ་བོ་ཡང་ཟུང་འཇུག་བདེ་བ་ཆེན་པོའི་ལམ་ཉིད་ཡིན་པས་སོ། །གསང་བ་ནི་འབྲས་བུ་སངས་རྒྱས་ཀྱི་ས་ཡིན་ལ། དེ་ཡང་དབང་དང་རྫོགས་རིམ་རྒྱས་པར་བཤད་པ་ཉིད་ཀྱིས་ཐུན་མོང་མ་ཡིན་པའི་རྒྱུ་ལས་འབྲས་བུ་དཔོག་པའམ། དབང་བཞིའི་བརྡས་སྐུ་བཞི། རྫོགས་རིམ་གྱི་རྩ་རླུང་ཐིག་ལེ་རྣམ་པར་དག་པའི་བརྡས། སྐུ་གསུང་ཐུགས་གསུམ་མམ། ཁམས་གསུམ་གྱི་གནས་ལུགས་ཡིན་པའི་ཕྱིར། འབྲས་བུའི་མཚན་ཉིད་སྟོན་ཏེ། མདོར་ན་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་ཀྱིས་རྣམ་མཁྱེན་གོ་བ་བཞིན་ནོ། །གདན་སྔ་མ་གསུམ་གྱི་གནས་སྐབས་དེ་དང་དེ་དག་ཏུ་དོན་ཚན་གཞན་དང་གཞན་མང་པོ་ཡོད་མོད་ཀྱི། བརྗོད་བྱའི་གཙོ་བོ་མ་ཡིན་ཞིང༌། འཕྲོས་དོན་ཙམ་ཡིན་པའི་ཕྱིར། དེ་དག་ལ་བརྟེན་ནས་གོང་དུ་སྨོས་པའི་བརྗོད་བྱ་དེ་དང་དེ་དག་འཐད་དམ་མི་འཐད་ཅེས་སོགས་


TNT11_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དཔྱད་པ་ནི་མི་འཇུག་གོ །གཞན་ཡང་རྒྱུད་དཀྲུགས་ལུང་བཅུས་མན་ངག་གབ་ཅེས་གསང་སྔགས་པ་ཀུན་ཀྱི་ཁ་སྐད་དུ་གྲགས་པ་ཡང༌། དོན་ལ་གནས་པ་ཡིན་པས་དྲན་རྒྱུ་གསལ་གསལ་མོའི་དཔྱད་པ་མང་པོ་ལ་སྙིང་པོ་མེད་དོ། །རྒྱུ་མཚན་དེའི་ཕྱི་ཁྱབ་བྱ་བཞི་དང་གདན་བཞི་སྦྱོར་བ་རང་བཟོར་གོ་ནུས་ཤིང༌། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ལ་སྦྱོར་བ་ལ་ཡང་རྒྱུ་མཚན་མེད་དེ། ཕྱི་ནི་བསྐྱེད་རིམ། ནང་ནི་རང་ལུས་ལ་བརྟེན་པའི་རྫོགས་རིམ། གསང་བ་ནི་ལས་ཀྱི་ཕྱག་རྒྱའི་ལམ། དེ་ཁོ་ན་ཉིད་ནི་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་ལ་སྦྱོར་དགོས་པར་བཤད་ན། ཁྱབ་བྱ་བཞི་པོ་ལ་དེ་དག་རིམ་པ་ཅན་དུ་སྦྱོར་བ་དོན་མེད་པའི་ཕྱིར་རོ། །ཞེས་ཀྱང་གོ་བར་བྱའོ། །ད་ལྟ་རྒྱུད་འདི་ལ་དབང་དང་བཤད་པ་མན་ངག་གི་རྒྱུན་ཆ་ཚང་ཙམ་མ་ཆད་པར་བཞུགས་པ་ནི། མར་རྔོག་གི་ལུགས་ཉིད་ཡིན་ཅིང༌། དབང་ཙམ་དང༌། མན་ངག་ཐོར་བུ་དེ་ཙམ་བརྒྱུད་པ་གཞན་དང་གཞན་ལ་ཡང་ཅུང་ཟད་ཡོད་མོད། སྔོོན་འགོས་དང་གྱི་ཇོ་དང༌། ཇོ་བོ་སྨྲྀ་ཏི་ལ་སོགས་པས་ཆོས་འདིའི་རྒྱུད་གཞུང་འགངས་ཆེ་བ་ཐམས་ཅད་བསྒྱུར་ཅིང་བཤད་པར་མཛད་པ་ཡིན་ཀྱང༌། ཕྱིས་དཔེ་ཙམ་མ་གཏོགས་རྒྱུན་ཆད་པར་སྣང༌། འདིའི་རྫོགས་རིམ་གྱི་གསལ་བྱེད་ལ། རྔོག་པས་མཛད་པའི་མན་ངག་ཆུང་བ་ན། ཕྲ་ཐིག་བསམ་མི་ཁྱབ་དང་བཅས་པ་ལ་ཡིག་ཆུང་གཅིག བ་ནུའི་མན་ངག རྨིག་པའི་མན་ངག ཆུ་ཤིང་སྙེ་མ། མེ་ལྔའི་སྦྱིན་སྲེག དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག མཆོད་རྟེན་བུམ་


TNT11_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

པ། སྒྱུ་མ་གསུམ་བརྒྱུད་དེ་ཡིག་ཆུང་བརྒྱད་དོ། །མན་ངག་ཡི་གེ་ཆེ་བ་ན། སྔོན་འགྲོའི་ཡིག་ཆུང༌། བ་ལང་རྨིག་པའི་ཡི་གེ་བཅུ་གསུམ་པ། སྟེང་གི་མཆེ་བ་གཉིས་སོགས་ཀྱི་དོན་བ་ནུའི་མན་ངག བ་ལང་རྨིག་པ་ཡིག་གེ་གཉིས་པ། བ་ལང་རྨིག་པ་ཡིག་གེ་གཅིག་པ། གཞན་སེམས་ཤེས་པའི་མན་ངག མེའི་ལས་ཀྱི་ཤོག་གྲིལ། སྒོང་སྐྱེས་ཁྱིམ་གྱི་མན་ངག་ཆུ་ཤིང་མེ་ཏོག་གི་མན་ངག་འཕོ་བ་ཡན་ལག་དང་བཅས་པའི་མན་ངག གྲོང་འཇུག་གི་མན་ངག མཆོད་རྟེན་བུམ་པའི་མན་ངག་དང་པོ་ལུས་མཆོད་རྟེན་གྱི་མན་ངག མཆོད་རྟེན་བུམ་པའི་མན་ངག་ཕྱི་མ་ཡི་གེ་དགུ་པའི་མན་ངག འཕྲོས་དོན་བ་ལང་རྨིག་པ་བཞིའི་དབྱེ་བ། འཕྲོས་དོན་ཆུ་ཤིང་སྙེ་མ་བཞིའི་དབྱེ་བ་སྟེ་ཡིག་ཆུང་བཅུ་དྲུག་ཡོད་དོ། །དེའི་སྔོན་འགྲོ་ཞེས་པ་ནི་བསམ་མི་ཁྱབ་དང་སྒོ་དགག་པ་གཉིས་སོ། །དེ་དག་ཏུ་མ་འདུས་པ་རྒྱུད་ཊི་ཀ་ཐོགས་མེད་གྲགས་པས་མཛད་པ་ན་ཡང་ཅི་རིགས་པ་ཡོད་དེ། གདན་བཞིའི་རྫོགས་རིམ་ལ་མར་ལུགས་འདི་ཤིན་ཏུ་རྒྱས་པར་སྣང་ངོ༌། །འདི་དག་དང་རྒྱ་གར་གྱི་འགྲེལ་པ་གཉིས་ཀྱི་འཆད་ཚུལ་ལ་མི་མཐུན་པ་འགའ་རེ་འདུག་ཅིང༌། རྒྱ་འགྲེལ་གཉིས་པོ་ལ་ཡང་བཤད་ཚུལ་མི་འདྲ་བ་ཅུང་ཟད་ཡོད་ལ། སློབ་དཔོན་བྷ་བ་བྷ་དྲས་མཛད་པའི་འགྲེལ་པ་དང༌། དགེ་བའི་གོ་ཆ་སྨྲི་ཏི་དང་བཅས་པས་མཛད་པའི་འགྲེལ་པ་སྟེ་འགྲེལ་པ་གཉིས་པོའི་ལུགས་ལ། དམིགས་པའི་རྣམ་གྲངས་འདི་བས་ཉུང་མོད་ཀྱང༌། སྤྱིར་མཆོག་ཏུ་གྱུར་པའི་མན་ངག་ཡོད་དེ། ཕྱོགས་


TNT11_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་ཅུང་ཟད་འཆད་པར་འདོད་དོ། །འདིའི་རྩ་རྒྱུད་ཀྱི་འགྱུར་ལ་འགོས་འགྱུར་ཉིད་གཞན་ལས་ཅུང་ཟད་ལེགས་ཤིང་གོ་བདེ་བར་ཡོད་ཀྱང༌། མར་རྔཽག་རྣམས་སྨྲྀ་ཏིའི་འགྱུར་གྱི་སྟེངས་ནས་ཉན་བཤད་མཛད་པས། མན་ངག་གི་བཤད་པ་དང༌། སྒོམ་དོན་སྒྲིག་པ་ལ་གོ་སླ་བའི་ཕྱིར་འདིར་ཡང༌། ལུང་ཁུངས་སྨོས་པ་རྣམས་སྨྲྀ་ཏིའི་འགྱུར་ནས་དྲངས་པའོ། །རྒྱལ་བའི་ཐུགས་བཅུད་མཁའ་འགྲོའི་ངེས་གསང་འདི། །ཟབ་མོ་རྒྱུད་ཀྱི་དོན་དང་མི་འགལ་ཞིང༌། །གྲུབ་མཆོག་རྣམས་ཀྱི་མན་ངག་ཇི་བཞིན་དུ། །གསལ་ལ་མ་འདྲེས་གབ་འཁྲུགས་མེད་པར་བཀོད། །དེ་ལས་རྣམ་དཀར་དགེ་བའི་ཚོགས། །ཅུང་ཟད་ཐོབ་པ་གང་དེས་ཀྱང༌། །མཐའ་ཡས་འགྲོ་བ་མ་ལུས་པ། །རྡོ་རྗེ་སེམས་དཔའ་ཉིད་གྱུར་ཅིག །ཅེས་པ་རྡོ་རྗེ་གདན་བཞིའི་འཁྲིད་ཡིག་ཡེ་ཤེས་སྒོ་འབྱེད་ཅེས་བྱ་བ་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པ་ཏེ་རང་ལོ་ལྔ་བཅུ་པར་སོན་པ་ན་ལྷོ་ཕྱོགས་ཀྱི་ཤམྦྷ་ལར་ཅུང་ཟད་ཅིག་བརྗོད་པའོ། །མངྒ་ལཾ། ཞུས་དག རྒྱལ་བ་གཉིས་པ་ཀུན་ཇོ་ནང་བའི། །རྣམ་སྤྲུལ་རྗེ་བཙུན་ཡོན་ཏན་བཟང་པོ་ཡིས། །སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གོ་ལྔ་ལོར། །རྒྱལ་བསྟན་མི་ཉམས་གོང་དུ་འཕེལ་བའི་ཕྱིར། །རྗེ་བཙུན་ཏཱ་ར་ནཱ་ཐའི་བཀའ་འབུམ་གྱི། །ཤིང་སྤར་འཛམ་ཡང་གཙང་བའི་ཆོས་གྲྭ་ཆེར། །བསྐྲུན་པའི་དགེ་བའི་འོད་དཀར་དྲི་མེད་ཀྱིས། །མ་གྱུར་འགྲོ་ལ་རྫོགས་སངས་རྒྱས་ཐོབ་ཤོག །འདི་ཡང་བསོད་ནམས་དཔལ་གྱི་བྲིས་པ་དགེ། །།


previousརྡོ་རྗེ་གདན་བཞིའི་འཁྲིད་ཡིག་ཡེ་ཤེས་སྒོ་འབྱེད།no next