Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
ཐམས་ཅད་རིག་པའི་བརྒྱུད་ཡིག་གསོལ་འདེབས་སུ་སྦྱར་བ།
   
   
   
   
   
   
   
   
   
   
   
   
   


 
previousཐམས་ཅད་རིག་པའི་བརྒྱུད་ཡིག་གསོལ་འདེབས་སུ་སྦྱར་བ།next

ཐམས་ཅད་རིག་པའི་བརྒྱུད་ཡིག་གསོལ་འདེབས་སུ་སྦྱར་བ།


TNT13_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རིག་པའི་བརྒྱུད་ཡིག་གསོལ་འདེབས་སུ་སྦྱར་བ་བཞུགས་སོ། །


TNT13_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། ཐམས་ཅད་རིག་པའི་རྒྱུད་འདེབས་བླ་མ་ལ་ཕྱག་འཚལ་ལོ། །ཡང་དག་རྫོགས་པའི་སངས་རྒྱས་རྣམ་སྣང་མཛད། །རིགས་ཀུན་འཁོར་ལོས་བསྒྱུར་བ་རྡོ་རྗེ་སེམས། །གསང་བདག་རྣམ་འཕྲུལ་ཨིནྡྲ་བྷུ་ཏིའི་ཞབས། །གསོལ་བ་འདེབས་སོ་སྙིང་ནས་སྐྱབས་སུ་མཆི། །རྣལ་འབྱོར་མ་དཔལ་ཀ་མ་ལ་པ་དང། །བདེ་བའི་རྡོ་རྗེ་ནོར་བུ་གླིང་པའི་ཞབས། །དེ་ཉིད་བཅུ་མཁྱེན་ཤྲདྡྷ་ཀ་རའི་མཚན། །གུས་པའི་ཕྱག་འཚལ་བདག་ལ་བྱིན་གྱིས་རློབས། །སྒྲ་བསྒྱུར་ཀུན་ཀྱི་མཆོག་གྱུར་རིན་ཆེན་བཟང༌། །ལེགས་པའི་ཤེས་རབ་བློ་གསལ་ཀུན་གྱི་ཕུལ། །ཆོ་གའི་མཐར་སོན་སུམ་སྟོན་ཡེ་ཤེས་འབར། །ཡང་ཡང་གསོལ་བ་འདེབས་སོ་ཐུགས་རྗེས་བཟུང༌། །གཉན་སྟོན་ཚུལ་འབར་རྟོག་དཔྱོད་ཕ་མཐར་སོན། །ཡོ་ག་རྒྱ་མཚོའི་མངའ་བདག་དབེན་རྩ་གྲགས། །འདུས་པའི་བདག་པོ་ཐོད་པ་འོད་ཟེར་ལ། །མཆོག་ཏུ་མོས་པའི་ཕྱག་འཚལ་བྱིན་གྱིས་རློབས། །ཆེན་པོའི་གཙུག་རྒྱན་རོང་པ་ཆོས་མགོན་དང༌། །བོད་ཡུལ་


TNT13_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རྒྱལ་པོ་འཕགས་པའི་མཚན། །མཁས་པའི་མཁས་པ་རྡོ་རྗེ་ཤེས་རབ་སྟེ། །ངོ་མཚར་བླ་མ་གསུམ་ལ་སྙིང་ནས་དད། །བྱིན་རླབས་གཟི་ལྡན་བླ་མ་འཕགས་རྒྱལ་དང༌། །དེ་ཡི་ཐུགས་སྲས་རིན་ཆེན་དཔལ་བཟང་དང༌། །སྐྱེ་རྒུའི་གཙུག་རྒྱན་བསོད་ནམས་རྒྱལ་མཚན་ལ། །དད་པ་རྣམ་གསུམ་སྟོབས་སུ་གྱུར་པས་འདུད། །གདམས་ངག་རྒྱ་མཚོ་ཀུན་མཁྱེན་གངས་ཁྲོད་པ། །འཇམ་དབྱངས་བདུན་པར་གྲགས་པ་ཐེག་ཆེན་རྗེ། །གང་དེས་རྗེས་བཟུང་བྲག་ཐོག་བསོད་ནམས་བཟང༌། །དེ་དག་རྣམས་ལའང་ཕྱག་འཚལ་བྱིན་གྱིས་རློབས། །འཇིག་མེད་དཔའ་བོ་ཀུན་དགའ་རྣམ་རྒྱལ་ཞབས། །སྨྲ་བའི་དབང་པོ་བྱང་ཆུབ་དབང་རྒྱལ་དང༌། །ཟབ་དོན་ཉམས་ཞེས་ཤཱཀྱ་ཀུན་དགའི་ཞབས། །བརྒྱུད་ལྡན་དེ་དག་རྣམས་ལའང་གསོལ་བ་འདེབས། །རྡོ་རྗེ་འཛིན་དབང་ཡེ་ཤེས་དབང་པོ་དང༌། །བརྒྱུད་པ་ཀུན་འདུས་རྩ་བའི་བླ་མ་མཆོག །འགྲོ་ཀུན་དགའ་མཛད་སྙིང་པོའི་ཞབས་ལ་ཡང༌། །གསོལ་བ་འདེབས་སོ་ཕྱག་འཚལ་སྐྱབས་སུ་མཆི། སློབ་དཔོན་དམ་པ་ཀུན་དགའ་


TNT13_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བསམ་པ། །དངོས་རྒྱུད་བླ་མ་སྙིང་པོ་བྱང་ཆུབ་ཞབས། །སྙིང་པོ་འཕྲིན་ལས་ཀུན་དགའ་རྒྱལ་མཚན་ཞབས། །གསོལ་བ་འདེབས་སོ་སྙིང་ནས་སྐྱབས་སུ་མཆི། །བདེ་གཤེགས་རྣམས་ཀྱི་ཐུགས་རྗེའི་བྱིན་རླབས་དང༌། །ཕྱག་རྒྱ་སྔགས་དང་ཏིང་འཛིན་ཆོ་གའི་མཐུས། །ངན་སོང་རྒྱུད་ཀྱི་འགྲོ་བ་མ་ལུས་པའི། །སྡུག་བསྔལ་མོད་ལ་ཞི་བར་བྱིན་གྱིས་རློབས། །འགྲོ་གནས་དྲུག་ཏུ་འཁོར་བའི་སེམས་ཅན་རྣམས། །དཀྱིལ་འཁོར་ཆེན་པོ་རྟག་ཏུ་མངོན་སུམ་མཐོང༌། །དེ་མ་ཐག་ཏུ་གཟུངས་དང་ཏིང་འཛིན་དང༌། །ཡོན་ཏན་མཐའ་ཡས་ཐོབ་པར་བྱིན་གྱིས་རློབས། །ཡེ་ཤེས་དབང་བསྐུར་བྱེ་བ་ཕྲག་བརྒྱ་ཐོབ། །དོན་དམ་དཀྱིལ་འཁོར་ལྷ་དང་སྐལ་མཉམ་གྱུར། །རིགས་པ་འཛིན་པའི་ས་རྣམས་རབ་རྫོགས་ནས། །ཐམས་ཅད་རྡོ་རྗེ་སེམས་དཔའི་གནས་ཐོབ་ཤོག །འདི་ནི་ཡོ་ག་སྟོད་ལུགས་སྨད་ལུགས་གཉིས་འདུས་ཀྱི་དབང་དུ་བྱས། བདག་སྐྱེད་རྒྱས་པ་དང་འབྲེལ་ཆེ་བའི་བརྒྱུད་པ་ཡིན་ལ། སྤྱིར་སྟོད་ལུགས་སྨད་ལུགས་ཞེས་པའི་ཐ་སྙད་རྡོར་དབྱིངས་ཉིད་ཀྱི་ཆོ་གའི་དབྱེ་བ་ཡིན་མོད་ཀྱང༌། དེའི་མདངས་ཞིག་སྦྱོང་རྒྱུད་ཀྱི་ཆོ་ག་ལ་ཡང་ཅུང་ཟད་ཤར་བའོ། །རྣལ་འབྱོར་མ་ཀ་མ་ལ་པ་ནི། ཀ་མ་ལ་པ་ཏིའོ། །ཨིནྡྲ་བྷཱུ་ཏི་དང་དེའི་བར་དུ་ལྕམ་ལཀྵ་མཱ་དང༌། དོན་ཞགས་པ་འཇུག་པའང་ཡོད་དེ་དགོས་ངེས་མ་ཡིན་ནོ། །དབེན་རྩ་གྲགས་ཞེས་པའང་ཐོད་པ་དབེན་རྩ་གྲགས་ཏེ་ཐོད་པ་འོད་ཟེར་དེའི་དཔོན་པོའོ། །ལུགས་དེ་


TNT13_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལ་མི་ཐེ་བ་ས་ལུགས་ཀྱི་རྒྱུད་རིམ་ནི། ཕྱག་རྡོར། རབ་གསལ་ཟླ་བ། རབ་འབྱོར་སྐྱངས། ཀུན་སྙིང། ཤེས་རབ་སྐྱངས། ཞི་བ་སྙིང་པོ། དགེ་མཚན་བཤེས་གཉེན། ཞེས་རྒྱ་གར་པའི་རྒྱུད་པ་འདེད་ཅིང༌། དེ་རྗེས་ནོར་བུ་གླིང་པ། ཤྲདྡྷ། ལོ་ཆེན་ཕྲག་སྟེངས་པ། མལ་ལོ། ས་སྐྱ་གོང་མ་བཞི། ཚོགས་སྒོམ་པ། ཉན་ཆེན་པ། ཏི་ཤྲཱི་ཀུན་བློ། ཆོས་རྗེ་བླ་མ། གངས་ཁྲོད་པ་མན་ཆད་གོང་དང་འདྲ། ས་ལུགས་ནང་སེལ། ངོར་ལུགས་ལྟར་ན། བླ་མ་དམ་པའི་རི་ཁྲོད་པ་བློ་བརྟན། དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན། ངོར་ཆེན། དཔལ་ལྡན་རྡོ་རྗེ། ཀུན་དགའ་མཆོག་གྲུབ། རྗེ་གྲོལ་མཆོག །རྗེ་བརྩུན་རྡོ་རིངས་པ་ཀུན་དགའི་མཚན་ཅན། དེའི་དྲུང་དུ་བདག་གིས་བཀའ་ཐོབ། ཡང་ངོར་ཆེན། ཁ་ཆར་བ། པན་ཆེན་ཤཱཀྱ་མཆོག་ལྡན། །མཐའ་གོང་པ་ཐུགས་རྗེ་དཔལ། རྗེ་གྲོལ་མཆོག །ཅེས་དེད་ཀྱང་ཆོག་གོ །ཡང་བོ་དོང་བའི་ལུགས་ལྟར་ན། རིང་རྒྱུད་བླ་མ་དམ་པ། བྱང་རྩེ་གྲགས་རྒྱལ། །རྗེ་ཆོས་རྒྱལ་བ་ཉིད་ཅེས་རྒྱུད་པ་འདེད་ལ། ཉེ་རྒྱུད་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་གནང་བ་སྦྱིན་ནས། །པན་ཆེན་འཇིགས་མེད་གྲགས་པ། སྔགས་རམ་པ་འཇམ་གྲགས། སློབ་དཔོན་བཀྲ་ཤིས་གྲགས་པ། །སློབ་དཔོན་སངས་རྒྱས་དཔལ། སྔགས་འཆང་ཚུལ་ཁྲིམས་རྣམ་རྒྱལ། དེ་ལ་བདག་གིས་ནོས་པ་ལགས། །མཁས་མཆོག་བུ་སྟོན་ནས་རྒྱུད་པ་ནི། སྟོད་ལུགས། སྨད་ལུགས་སོ་སོ་དང༌། གཅིག་ཏུ་འདྲེས་པ་དང༌། དེ་དག་


TNT13_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ནང་སེལ་རྩ་བསྣུར་འཛིམས་སོགས་སོ་སོར་རྒྱུད་པ་དང༌། ཇོ་བོ་ལུགས་རིགས་གཉིས། ཟང་དཀར་ལུགས། ས་ལུགས། ཁ་ཆེ་ལུགས། ཆག་ལུགས་སོགས་རྒྱུད་པ་མི་འདྲ་བ་ཤིན་ཏུ་མང་པོ་སོ་སོར་གསན་ནས་གཅིག་ཏུ་འདུས་པ་ཡིན། དེ་རྣམས་སོ་སོའི་རྒྱུད་ཡིག་ཤིན་ཏུ་མང་པོ་དག་ཡི་གེས་འཇིགས་ཏེ་འདིར་མ་བྲིས། ཤེས་པར་འདོད་ན་གསན་ཡིག་ཏུ་ལྟོས། དེ་ཕྱིན་ཆད་ནི་ཐམས་ཅད་མཁྱེན་པ་བུ་སྟོན། ཐུགས་སྲས་ལོ་ཙཱ་བ། འཇམ་དབྱངས་གྲགས་རྒྱལ། འཁྲུལ་ཞིག་ཚུལ་རྒྱལ། མཁྱེན་རབ་ཆོས་རྗེ། ཆོས་རིག་པ། དབོན་པོ་རིན་ཆེན་རྒྱལ་པོ། རྗེ་བྱང་གླིང་པ་བཀྲ་ཤིས་རྒྱལ་མཚན། བླ་མ་དམ་པ་དཔལ་ལྡན་ཆོས་བཟང༌། རྣམས་རྒྱུད་ནས་དངོས་ཀྱིས་འཁུམས་སོ། །ཇོ་བོ་རྗེའི་རང་བཞེད་སྦྱོང་རྒྱུད་ལུགས་ཀུན་རིག་དཀར་པོའི་རྒྱུད་པ་ནི། བཅོམ་ལྡན་ཤཱཀྱ་སེང་གེ་འགྲོ་བའི་སྐྱབས། །གསང་གསུམ་བདག་པོ་ཕྱག་ན་རྡོ་རྗེ་དང༌། །མཁས་མཆོག་ཛྙཱ་ན་ཤྲཱི་མི་ཏྲ་དང༌། །བྱང་ཆུབ་སེམས་ཀྱི་མངའ་བདག་ཨ་ཏི་ཤ །གུས་པས་སྐྱབས་སུ་མཆིའོ་བྱིན་གྱིས་རློབས། །རིགས་སྔགས་གྲུབ་པ་གོ་མི་སྒོམ་ཆེན་དང༌། །སྔགས་རྒྱུད་རིག་པ་སྐྱི་ནོར་ཛྙཱ་ནའི་ཞབས། །བརྩོན་པ་མཐར་ཕྱིན་གཉལ་པ་ཉི་ཤེ་བ། །མོས་གུས་མཐར་ཕྱིན་སྣུར་སྟོན་སིང་ཧའི་ཞབས། །གུས་པས་སྐྱབས་སུ་མཆིའོ་བྱིན་གྱིས་རློབས། །སྤྲུལ་སྟོན་འབར་ཐོག་སྲུང་མ་བྲན་དུ་འཁོལ། །མཐུ་སྟོབས་ཆེ་ལྡན་ཡང་དག་རྡོ་རྗེ་རྩངས། དེ་སྲས་འབྱུང་གནས་སེངྒེ་མཁས་


TNT13_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕུལ། །འཕྲིན་ལས་མཆོག་གྱུར་མདོ་སྡེ་སེངྒེ་ལ། །གུས་པས་སྐྱབས་སུ་མཆིའོ་བྱིན་གྱིས་རློབས། །བསྐལ་བཟང་སེམས་དཔའ་ལུང་བསྟན་ཆོས་སྐུ་འོད། །གསང་སྔགས་བདག་པོ་བློ་ལྡན་སེང་གེ་ལྕེ། །རྨད་བྱུང་ལྕེ་སྟོན་བསོད་ནམས་དཔལ་བཟང་དང༌། དེ་སྲས་མཁས་མཆོག་དབང་ཕྱུག་བཛྲ་ལ། གུས་པས་སྐྱབས་སུ་མཆིའོ་བྱིན་གྱིས་རློབས། །མཁས་བཙུན་གྲགས་ལྡན་མཁན་ཆེན་རིན་རྒྱལ་བ། །དཀོན་མཆོག་བཟང་པོ་འཇམ་དབྱངས་དངོས་བྱོན་ཚུལ། །མཁན་ཆེན་ཆོས་དབང་ངེས་དོན་བསྟན་པ་འཛིན། །ཀུན་དགའ་དཔལ་འབྱོར་ཆེ་རྒུའི་གཙུག་ན་མཛེས། །གུས་པས་སྐྱབས་སུ་མཆིའོ་བྱིན་གྱིས་རློབས། །ཉམས་རྟོགས་མཐར་ཕྱྀན་བཀྲ་ཤིས་རྣམ་རྒྱལ་དང༌། །གནས་ལུགས་གཟིགས་པ་ལུང་རིག་རྒྱ་མཚོའི་ཞབས། །ཕྱོགས་འཛིན་རྫུན་དང་གཡོ་ཟོལ་མ་ཡིན་པའི། རྡོ་རྗེ་སློབ་དཔོན་ཡིན་ངེས་སྒྲོལ་བའི་མགོན། གུས་པས་སྐྱབས་སུ་མཆིའོ་བྱིན་གྱིས་རློབས། །འདིར་དཔེ་མང་པོ་ན་ཇོ་བོའི་སློབ་མ་གོ་བི་སྒོམ་ཆེན་ཟེར་ཏེ། ལ་ལ་རུ་གོ་མི་ཟེར་བ་དག །སྣུར་སེང་ཧའི་མིང་ཉི་མ་སེང་གེའོ། །ཡང་དག་སོགས་ནི། རྩངས་ཡང་དག་རྡོ་རྗེའོ། །མདོ་སྡེ་སེང་གེ་ཡང་ལྕེ་སྟོན་ཡིན། མཁན་ཆེན་རིན་ཆེན་རྒྱལ་མཚན། ཀུན་དགའ་དཔལ་འབྱོར་བ་ནི། ཆོས་ལུང་ཚོགས་པའི་མཁན་པོའོ། །ཡང་ཀུན་རིགས་ལུགས་ཀྱི་ནང་སེལ་གྲགས་ཆེ་བ། གཞན་ཕན་སྙིང་པོར་གྲགས་པ་དང༌། བྲག་


TNT13_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པ་ལུགས་ནི་ཡི་གེ་དེ་དེའི་སྟེངས་ནས་དགོས་སུ་མ་ཐོབ་ཀྱང་སྔ་མ་ལ་འདུས་སོ། །ཅེས་བྱའོ། །དེ་ལྟར་ན་ངན་སོང་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་རྩ་བའི་དཀྱིལ་འཁོར་ཐམས་ཅད་རིག་པའི་དབང་རྒྱུད་མན་ངག་རྒྱུད་ཡིག་གསོལ་འདེབས་སུ་སྦྱར་བ་འདི་ཡང༌། སློབ་བུ་དམ་པ་ཡོལ་མཁན་པོ་བློ་གྲོས་རྒྱལ་མཚན་གྱིས་བསྐུལ་ནས། ཀུན་དགའ་སྙིང་པོ་སྨྲས་པའོ།། །།གཅིག་ཞུས། །མངྒ་ལཾ། །བསོད་ནམས་བསགས་སྒོ་དེ་ཡིས། །འཁོར་བར་འཕྱན་པའི་འགྲོ་ཀུན། །སྲིད་པའི་སྡུག་ལས་གྲོལ་ཏེ། །སྤངས་རྟོགས་མཐར་ཕྱིན་ཏུ་ཤོག །ཅེས་པ་འདི་ཡང་ཆོས་གྲོགས་ཀྱི་འོང༌། མ་ཏིས་སྨྲས་པའོ། །


previousཐམས་ཅད་རིག་པའི་བརྒྱུད་ཡིག་གསོལ་འདེབས་སུ་སྦྱར་བ།next