Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
ཚེ་ཆོག་བདུད་རྩིའི་ཆུ་གཏེར་གྱི་བརྒྱུད་འདེབས།
   
   
   
   
   
   


 
previousཚེ་ཆོག་བདུད་རྩིའི་ཆུ་གཏེར་གྱི་བརྒྱུད་འདེབས།next

ཚེ་ཆོག་བདུད་རྩིའི་ཆུ་གཏེར་གྱི་བརྒྱུད་འདེབས།


TNT13_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཆོག་བདུད་རྩིའི་ཆུ་གཏེར་གྱི་བརྒྱུད་འདེབས་བཞུགས།


TNT13_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། དུས་གསུམ་རྒྱལ་བ་ཀུན་དངོས་འཆི་མེད་དབང༌། །བྲམ་ཟེའི་རིགས་ལས་གྲུབ་བརྙེས་སྙིང་པོའི་ལྷ། །དེ་སྲས་འཇམ་དཔལ་ཞལ་གཟིགས་ཛེ་ཏཱ་རི། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །བྱང་ཆུབ་བཟང་པོ་བྱང་ཆུབ་སེམས་ཀྱི་བདག །བློ་གྲོས་མཆོག་གྱུར་ཏིང་འཛིན་བཟང་པོའི་ཞབས། །རྡོ་རྗེ་གདན་པ་སངས་རྒྱས་བསྟན་པའི་བདག །གསོལ་བ༴ ཐུགས་རྗེའི་བདག་ཉིད་བ་རི་ལོ་ཙྪ་བ། །མཁྱེན་བརྩེའི་རང་བཞིན་བླ་ཆེན་ས་སྐྱ་བ། །རྒྱུད་སྡེ་རྒྱ་མཚོའི་སློབ་དཔོན་བསོད་ནམས་རྩེ། །གསོལ་བ༴ ཡེ་ཤེས་དཔག་མེད་མངའ་བ་གྲགས་པ་འཛིན། །རིག་གནས་མཐར་ཕྱིན་ཆོས་རྗེ་པཎྜི་ཏ། །འཕྲིན་ལས་རླབས་ཆེན་ཆོས་ཀྱི་རྒྱལ་པོའི་ཞབས། །གསོལ་བ༴ དམ་པའི་རིགས་འཁྲུངས་འགྲོ་མགོན་བཟང་པོ་དཔལ། །སྐྱེ་རྒུའི་བླ་མ་བསོད་ནམས་རྒྱལ་མཚན་དང༌། །རྡོ་རྗེ་འཛིན་པ་ཐེག་ཆེན་ཀུན་དགའི་མཚན། །གསོལ་བ༴ གཞོན་ནུ་བློ་གྲོས་རིག་འཛིན་ལོ་བརྒྱ་པ། །ཤཱཀྱའི་མཚན་འཆང་ཡོངས་རྫོགས་བསྟན་པའི་གཙོ། །གཞོན་ནུ་ཆོས་འགྲུབ་བྱིན་རླབས་ཐུགས་རྗེའི་གཏེར། །གསོལ་བ༴ འཛིན་པ་རང་གྲོལ་རྗེ་བཙུན་གྲོལ་མཆོག་ཞབས། །ཀུན་དགའ་རྒྱལ་མཚན་འཛིན་པ་ཐུགས་ཀྱི་སྲས། །ལུང་རིགས་དབང་ཕྱུག་ཀུན་དགའ་སྙིང་པོ་ལ། གསོལ་བ༴ །མགོན་དེའི་དངོས་


TNT13_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་རིན་ཆེན་རྒྱ་མཚོ་དང༌། །མཁས་གྲུབ་དམ་པ་བློ་གྲོས་རྣམ་པར་རྒྱལ། །གྲུབ་པའི་དབང་ཕྱུག་ངག་དབང་ཕྲིན་ལས་ལ། །གསོལ་བ༴ །ཆོས་ཀྱི་རྗེ་བོ་ཀུན་བཟང་དབང་པོ་དང༌། །རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་ཞབས། །མཁས་མཆོག་གཙུག་ལག་ཆོས་ཀྱི་སྣང་བ་ལ། །གསོལ་བ༴ །གནས་ལྔ་རིག་པའི་ཚེ་དབང་ཀུན་ཁྱབ་ཞབས། །སྤྲུལ་པའི་སྐྱེས་མཆོག་ཀརྨ་རིན་ཆེན་དང༌། །གནས་ལུགས་དོན་རྟོག་འོད་གསལ་འགྱུར་མེད་ལ། །གསོལ་བ༴ །ཀ རྒྱལ་ཀུན་མཁྱེན་བརྩེ་གཅིག་བསྡུས་སྒྱུ་འཕྲུལ་གར། །བརྒྱུད་གྲྭ་བརྒྱུད་པའི་རྩ་རྒྱུད་བླ་མ་ལ། །གསོལ་བ༴ སྤྲོས་བཅས་ལྷའི་རྣལ་འབྱོར་བཟླས་སྒོམ་དང༌། །མཚན་མེད་དོན་དམ་དབྱིངས་ལ་མཉམ་བཞག་པའི། །རང་གཞན་ཀུན་ཀྱི་འཆི་བདག་དྲུང་ཕྱུང་ནས། །འཆི་མེད་གནས་ལུགས་རྟོགས་པར་བྱིན་གྱིས་བརློབས། །སྐྱེ་བ་ཀུན་དུ་སོགས། ཞེས་ཚེ་དཔག་མེད་ལྷ་དགུའི་རྒྱུད་འདེབས་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ། ། །ཁ ངག་གི་དབང་པོས་རྗེས་བཟུང་དམ་ཆོས་འཕེལ། །བདེ་ཆེན་ཆོས་ཀྱི་གཉིས་འཛིན་འཁྲུལ་པ་བཅོམ། །ངེས་དོན་བསྟན་པའི་སྲོག་འཛིན་གྲགས་པ་རྗེ། གསོལ་བ༴ ཐུབ་པའི་བསྟན་པའི་མཐར་ཐུག་སྔགས་རྒྱུད་ཀྱི། །འགྱུར་མེད་དགའ་བཞི་མཐར་སོན་རྒྱ་མཚོའི་དཔལ། །འགྲོ་ཀུན་རབ་དགའ་བསྟན་པའི་ཉི་མ་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། ། །


previousཚེ་ཆོག་བདུད་རྩིའི་ཆུ་གཏེར་གྱི་བརྒྱུད་འདེབས།next