Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་དབང་ལྷ་གཅིག་བུམ་གཅིག་གི་ཆོ་ག་བདུད་རྩིའི་བུམ་པ།
   
   
   
   


 
previousཚེ་དབང་ལྷ་གཅིག་བུམ་གཅིག་གི་ཆོ་ག་བདུད་རྩིའི་བུམ་པ།next

ཚེ་དབང་ལྷ་གཅིག་བུམ་གཅིག་གི་ཆོ་ག་བདུད་རྩིའི་བུམ་པ།


TNT13_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དབང་ལྷ་གཅིག་བུམ་གཅིག་གི་ཆོ་ག་བདུད་རྩིའི་བུམ་པ་ཞེས་བྱ་བ་བཞུགས།


TNT13_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ན་མོ་གུ་རུ། ཚེ་དབང་ལྷ་གཅིག་བུམ་གཅིག་གི་ཆོ་ག་བདུད་རྩིའི་བུམ་པ་ཞེས་བྱ་བ་བླ་མ་ལ་ཕྱག་འཚལ་ལོ། །འདིར་ཚེ་དབང་ཟབ་མོ་བསྐུར་བར་འདོད་པས། གཤོམ་རྣམས་ལེགས་པར་བྱས་ལ། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན། རང་གི་སྙིང་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་བླ་མ་དང་རྒྱལ་བ་ཚེ་དཔག་མེད་ཀྱི་ལྷ་ཚོགས་བཛྲ་ས་མཱ་ཛཿ འཇིག་རྟེན་འདྲེན་པའི་གཙོ་བོ་སོགས་དང༌། དཀོན་མཆོག་གསུམ་ལ་སོགས་དང༌། ཚད་མེད་བཞི་སྤྱི་མཐུན་བྱ། ཨོཾ་སྭཱ་བྷཱ་བ༴ མ་དག་པའི་སྣང་ཆ་སྦྱངས། བཻཌཱུརྱའི་ས་གཞི་ལག་མཐིལ་ལྟར་ངོས་སྙོམས་ཤིང༌། གསེར་གྱི་བྱེ་མ་བརྡལ་བའི་སྟེང་ན། དཔག་བསམ་གྱི་སྡོང་པོ་རྒྱས་པའི་བསིལ་གྲིབ་ཀྱི་རྩ་བར་རྨ་བྱ་གཞོན་ནུས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་དང་ཆུ་ཤེལ་ཟླ་བའི་གདན་གྱི་སྟེང་དུ། རང་གི་སེམས་ཉིད་ཀྱི་ངོ་བོ་ཧྲཱིཿཡིག་དམར་པོ་ཡོངས་སུ་གྱུར་པ་ལས། རང་ཉིད་རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ། སྐུ་མདོག་པདྨ་རཱ་ག་ལྟར་ཆེར་འབར་བ་ཉི་མ་འབུམ་གྱི་གཟི་བརྗིད་ཅན།


TNT13_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

རལ་པའི་ཟུར་ཕུད་ལྔ་དང་ལྡན་པ། ཞི་བ་འཛུམ་པ་སྒེག་པའི་ཉམས་ཆགས་པ། དར་དང་རིན་པོ་ཆེའི་ན་བཟས་ཀླུབས་པ། མཚན་དང་དཔེ་བྱེད་ཀྱི་གཟི་འོད་འབར་བ། ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན། འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་གསེར་གྱི་བུམ་པ་བསྣམས་པ། ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དྲི་མེད་ཟླ་བའི་རྒྱབ་ཡོལ་ཅན། དེའི་སྤྱི་བོར་རལ་པའི་ཐོར་ཚུགས་ཀྱི་མདུན་དུ། རིགས་བདག་བླ་མ་འོད་དཔག་ཏུ་མེད་པ། སྐུ་མདོག་བྱི་རུའི་ལྷུན་པོ་ལ་ཉི་མ་ཕོག་པ་ལྟར་དམར་བ་སྤྲུལ་པའི་སྐུའི་ཆ་ལུགས་ཅན། ཆོས་གོས་རྣམ་གསུམ་གསོལ་ཞིང༌། དབུའི་གཙུག་ཏོར་དང་བཅས་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང༌། ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན་བཻཌཱུརྱའི་ལྷུང་བཟེད་བདུད་རྩིས་གང་བ་བསྣམས་པ། རང་ལ་དགྱེས་པའི་འཛུམ་ཞལ་ཅན་འཛུམ་


TNT13_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

མུལ་བ་གཅིག་གསལ་བཏབ། དེ་ལ་མོས་གདུང་དྲག་པོ་དང་འབྲེལ་བས། ཨོཾ་བཛྲ་ཨཱ་ཡུ་ཥེ་ས་ར་ཧ། ཀ་ར་རེ། ཤ་ར་རེ་ཧཱུཾ་ཕཊ། དྲི་མེད་གཞོམ་གཞིག་བྲལ་བ་ཆོས་སྐུའི་ངང་ཉིད་ལས། །ཐུགས་རྗེ་ཆེན་པོས་འགྲོ་ལ་རྗེས་སུ་ཆགས་པའི་ཚུལ། །པདྨ་རཱ་གའི་མདངས་ལྡན་དྲི་མེད་འོད་འབར་བ། །སྐྱོབ་པ་མཚུངས་མེད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་གསོལ་བ་བཏབ་པས། རིགས་བདག་གིས་ཐུགས་ཀའི་ཧྲཱིའི་འོད་ཀྱིས། འབྱུང་བཞི་འཁོར་འདས་ཐམས་ཅད་ཀྱི་བཅུད་བསྡུས་ཏེ་ལྷུང་བཟེད་དུ་ཞུ། ཡར་ལུད་པ་སྤྱི་བོ་ནས་ཞུགས་འཁོར་ལོ་བཞིར་དབང་བཞི་ཐོབ། ལུས་ཀྱི་ཟུངས་དང༌། སེམས་ཀྱྀ་རྟེན་དུ་གྱུར་པར་མོས་ལ། ཨོཾ་ཨ་མ་ར་ཎི་ཛཱི་ཝན་ཏཱི་ཡེ་སྭཱཧཱ། ཞེས་ཅི་ནུས་བཟླ་བ་ནི་བདག་བསྐྱེད་དོ། །ཚེ་བུམ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། མ་དག་པའི་སྣང་ཆ་སྦྱངས་ནས། ཟླ་བའི་རྒྱབ་ཡོལ་ཅན་གྱིས་བར་གོང་བཞིན་ལས། རང་གི་སེམས་ཉིད་ཀྱི་ངོ་བོ་ཞེས་པ་བོར། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་དང་ཧྲཱིཿ རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། བདེ་བ་ཅན་ནས་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན༴ ཨརྒྷཾ་སོགས་ཀྱི་མཆོད། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དབང་གི་ལྷ་རིགས་ལྔ་བཛྲ་ས་མཱ་ཛཿ པཉྩ་ཀུ་ལ་ས་


TNT13_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

པཱ་རི་ཝཱ་ར་ཨརྒྷཾ་སོགས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ནས། ཤྲཱི་ཧཱུཾ་ཞེས་གསུང་ཞིང་དབང་བསྐུར་སྐུ་གང་དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་ཡར་ལུད་པ་ལས། འོད་དཔག་མེད་ཀྱི་དབུ་བརྒྱན། ནང་མཆོད་དང༌། མཆོད་པ་པ་བསངས་སྦྱངས་སྤྱི་དང་མཐུན་པར་བྱ། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །ཚེ་དང་ཡེ་ཤེས་སྩལ་ཏུ་གསོལ། །ཨོཾ་ཨ་མྲྀ་ཏ་བྷ་བ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་མཆོད་ཡོན་ཞེས་པར་ཞབས་བསིལ། ཨརྒྷཾ་ཞེས་པར་པཱདྱཾ་འཇུག་པ་སོགས་རོལ་མོའི་བར་དུ་སྦྱར། བསྟོད་པ་རྒྱས་པའང་སྤྲོ་ན་བྱ། བསྡུ་ན། དྲི་མེད་གཞོམ་གཞིག་སོགས་ཀྱིས་ཆོག་གོ །སྐབས་འདིར་མདུན་བསྐྱེད་ཀྱི་བཟླས་པ་ཅི་འགྲུབ་བྱ། གཏོར་མ་བསངས་སྦྱངས། ཡཾ་ལས་རླུང༌། རཾ་ལས་མེ། ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ། བདུད་རྩི་ལྔ། ཡེ་ཤེས་ལྔ་ཞུ་བ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ མདུན་བསྐྱེད་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་དྲངས་ནས་གསོལ་བར་བསམ། ཨོཾ་ཨ་མྲྀ་ཏ་བྷ་བ་ས་པཱ་རི་ཝཱ་ར་བྷྱཿན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ལན་བདུན་གྱིས་ཕུལ། ཨརྒྷཾ་སོགས་ཀྱིས་མཆོད། གོང་བཞིན་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་ནས། འདོད་པ་ཀུན་


TNT13_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་ཤོག་གི་བར་བྱ། སྐབས་འདིར་སྤྲོ་ན་མཁའ་འགྲོ་སྤྱི་གཏོར་དང༌། གཞི་བདག་གཏོར་མ་བྱ། ཚེ་ཆང་ཚེ་རིལ་བསངས་སྦྱངས། ཚེ་ཆང་གི་སྣོད་ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ཨཱཿཧཱུཾ་དྲཾ་ཨ་ལས་རིགས་ལྔའི་རང་བཞིན་གྱི་ཚེ་སྤེལ་བའི་དམ་ཚིག་གི་རྫས་སུ་གྱུར་པ་ལ་ཧྲཱིཿདམར་པོས་མཚན་པ། དེའི་འོད་ཟེར་གྱིས་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་ཏེ་ཐིམ། ཞུ་ཞིང་འདྲེས་པ་ལས་འཆི་བ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུཾ་དྲཾ་ཨ་དང༌། ཧྲཱིཿ བརྒྱ་རྩ་བརྒྱད་བཟླས་པའི་བྱིན་གྱིས་བརླབས། ཚེ་རིལ་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གཏོར་མའི་དངོས་པོ་བྷྲུཾ་ཞུ་བ་ལས་ཚེ་སྤེལ་བའི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་ལ་ཧྲཱིཿཡིག་དམར་པོས་མཚན་པ། དེའི་འོད་ཟེར་གྱིས་འཁོར་འདས་ཀྱི་འབྱུང་བཞི་དང་འདོད་ཡོན་གྱི་བཅུད་ཐམས་ཅད་བསྡུས་ཏེ་ཐིམ། ཞུ་ཞིང་འདྲེས་པ་ལས་འཆི་མེད་ཡེ་ཤེས་ཀྱི་བཅུད་ལེན་ཆེན་པོ་འདོད་པ་ལྔའི་སྤྲིན་འཕྲོ་བར་བསམ་ལ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་ཞེས་སོགས་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། དེ་ནས་སློབ་པ་རྣམས་འདུས་པ་ལ་མེ་ཏོག་བཀྱེ་བསྡུ་སོགས་བྱས་ནས། འདི་སྐད་ཅེས། འོ་ན་གནས་སྐབས་སུ་སྐུ་ཚེའི་འགལ་རྐྱེན་ཞི་ནས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པ་དང༌། མཐར་ཐུག་ཏུ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་གོ་འཕང་ཐོབ་ནས་རང་གཞན་ལ་ཕན་བདེ་རྒྱ་ཆེན་པོ་སྒྲུབ་པར་བྱ། དེའི་ཕྱིར་


TNT13_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལྷ་གཅིག་བུམ་གཅིག་གི་ཚེ་དབང་ཟབ་མོ་ཞུ་སྙམས་པར་མཛོད། འདི་སྔོན་སྐྱེས་བུ་རས་ཆུང་བས། ཡེ་ཤེས་མཁའ་འགྲོ་གྲུབ་པའི་རྒྱལ་མོ་ལ་ལན་གཅིག་གསན་པས་སྔར་སྐུ་ཚེའི་འཕེན་པ་ཞག་བདུན་ཙམ་ཡིན་པ། མི་ལོ་བཞི་བཅུ་ཞེ་བཞིར་འཕེལ། བོད་དུ་ཡང་སློབ་མ་གཞན་ལ་མ་གནང༌། རང་གི་རྩ་བའི་བླ་མ་རྗེ་བཙུན་བཞད་པ་རྡོ་རྗེ་ཁོ་ན་ལ་ཕུལ། ཕྱིས་ཀྱང་སྐྱེས་མཆོག་རྒྱལ་མཚན་དཔལ་བཟང་གི་བར་ཆིག་རྒྱུད་ཁོ་ནར་བཞུགས་ཤིང༌། སྐྱེས་མཆོག་དེས་མཁའ་འགྲོའི་ལུང་བསྟན་བཞིན་བཀའ་རྒྱ་བཀྲོལ། ཆོས་འདིས་ས་སྟེང་ཀུན་ཁྱབ། ས་དགེ་བཀའ་གསུམ་གྱི་གྲུབ་མཐའི་ཞལ་འཛིན་སོ་སོར་མཛད་པ་ཀུན་ཡང་གཞན་དོན་འཕྲིན་ལས་འདི་ཀ་ཁོ་ནའི་སྒོ་ནས་མཛད་ཅིང༌། བོད་གངས་ཆེན་གྱི་ལྗོངས་ཀྱིས་མཁས་རྨོངས་ཐམས་ཅད་ཀྱི་ཕྱག་ལེན་རྒྱུན་གཅིག་པ་ཡིན་ཞིང༌། དེ་ལྟ་བུའི་ཚེ་དབང་ནུས་པ་ཀུན་ལྡན་འདི་ཉིད་སྒྲུབ་པར་བགྱིད་པ་ལ། སྦྱོར་དངོས་རྗེས་གསུམ་ལས། སྦྱོར་ཆོག་མཎྜལ་འབུལ་ཞིང་གསོལ་བ་གདབ་པ་ཡིན་ལ། བླ་མ་དང་མགོན་པོ་ཚེ་དཔག་མེད་པའི་དྲུང་དུ་ཚེ་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་ཞུ། མཎྜལ་འབུལ། སྙིམས་པ་མེ་ཏོག་དང་བཅས། ཐལ་མོ་སྦྱར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་


TNT13_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། ཁྱོད་ཞབས་པདྨོ་སྤངས་ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་ཐུབ་ཆེན་གྱི། །བློ་མཆོག་བདག་ལ་གནང་བར་མཛོད། ལན་གསུམ། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲིའི་སྟེང་དུ། རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་རིགས་བདག་བླ་མ་འོད་དཔག་མེད་པས་རྒྱས་གདབ་པའི་སྐུ་ཅན་དུ་གསལ་བའི་མཐའ་བསྐོར་དུ་བརྒྱུད་པའི་བླ་མ་རྣམས་དང༌། སངས་རྒྱས་བྱང་སེམས་ཀྱི་ཚོགས་མ་ལུས་པ་དང༌། དབང་ཕྱུག་མ་ཚེ་རིང་མཆེད་ལྔ་ལ་སོགས་པས་བསྐོར་ཏེ་བཞུགས་པའི་སྤྱན་སྔར། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་དུ་ཡང་སྲོག་བཅད་པ་སོགས་ཚེ་ཐུང་གི་ལས་ཅི་དང་ཅི་བསགས་པ་ཐམས་ཅད་བཤགས་པ་ལ་སོགས་པ་ཡན་ལག་བདུན་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ། ཨོཾ་སྭཱ་བྷ་བ༴ མ་དག་པའི་སྣང་ཆ་ནས། མོས་གདུང་དྲག་པོ་དང་འབྲེལ་བས་ཞེས་པའི་བར་བདག་བསྐྱེད་ལྟར་ལས། རང་གི་སེམས་ཉིད་ཞེས་པ། ཁྱེད་རང་རྣམས་ཀྱིས་སེམས་ཉིད་ཅེས་འདོན་པ་སྤོས། འདིའི་རྗེས་ཟློས་འཚལ། ཨོཾ་བཛྲ་ཨ་ཡུ་ཁེ་སོགས། དྲི་མེད་གཞོམ་ཞིག་སོགས།


TNT13_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསོལ་བ་བཏབ་པ་རྒྱུར་སོང་སྟེ། སྤྱི་བོར་རིགས་བདག་བླ་མ་འོད་དཔག་ཏུ་མེད་པར་གསལ་བ་ལ་མོས་བློ་དུང་བྱས་པས། དེའི་ཐུགས་ཀའི་ཡི་གེ་ཧྲཱིཿལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་བསམ་གྱིས་མི་ཁྱབ་པ་འཕྲོས། རང་རང་སོ་སོའི་ཚེ་ཡར་བ། ཉམས་པ། གཞན་གྱིས་ངན་ཐབས་བྱས་པ། འདྲེ་སྲིན་གདུག་པ་ཅན་གྱིས་བླ་ཚེ་ཁྱེར་བ། བན་བོན་མཐུ་བོ་ཆེས་བླ་ཚེ་བརྐུས་པ་ལ་སོགས་པའི་ཆ་ཤས་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཀྱི་ཕྱེ་མ་ལེན་པ་ལྟར་འོད་ཟེར་གྱི་རྣམ་པར་བསྡུས། བདུད་རྩིའི་རང་བཞིན་དུ་བྱས། རིགས་བདག་བླ་མ་འོད་དཔག་ཏུ་མེད་པར་གསལ་བའི་ཕྱག་གི་བཻཌཱུརྱའི་ལྷུང་བཟེད་ཀྱི་ནང་དུ་ཞུགས། གཞི་གནས་ཀྱི་བདུད་རྩི་དང་འདྲེས། དངོས་གྲུབ་ཀྱི་ཚུལ་དུ་འོ་བཟངས་ཀྱི་འོ་མ་ལུད་པ་བཞིན་བུན་ཆིལ་ཆིལ་ལུད་པ་དེ་ཉིད་བོ་བ་ཟེགས་པ་ཅུང་ཟད་ཀྱང་མེད་པར་རང་གི་དབུ་གཙུག་ཚངས་པའི་སྒོ་ནས་ཞུགས་འཁོར་ལོ་བཞིའི་གནས་རྣམས་གང༌། དབང་བཞི་བསྐུར་བའི་ཚུལ་གྱིས་སྐུ་ལུས་ཀྱི་ཁྱོན་ཐམས་ཅད་ཁྱབ། ལུས་ཀྱི་ཟུངས་དང་སེམས་ཀྱི་རྟེན་དུ་གྱུར་ཏེ་འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། རིག་འཛིན་ཚེ་དབང་རྒྱུད་པའི་དཔལ་ལྡན་བླ་མ་ཐུགས་རྗེ་ཅན་རྣམས་ཀྱི་བྱིན་གྱིས་བརླབས་ཀྱིས་བྱིན་གྱིས་རློབས་ཤིག །


TNT13_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སློབ་མ་འདི་རྣམས་ཀྱི་སྐུ་ཚེ་མི་འགྱུར་བ་གཡུང་དྲུང༌། མི་འཇིགས་པ་རྡོ་རྗེ། མི་ནུབ་པ་རྒྱལ་མཚན། མི་འཆད་པ་ཆུ་བོའི་རྒྱུན་ལྟ་བུ། སྐུ་ཚེ་ཉི་ཟླ་དང་མཉམ་པ། འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ལོ་བརྒྱ་ཐུབ་ཅིང་སོགས། ཨོཾ་བཛྲ་ཨཱ་ཡུ་ཥེ་སུ་པྲ་ཏིཥྛ་བཛྲ་སྭཱཧཱ། ཡང་སྤྱི་བོའི་རིགས་བདག་བླ་མ་འོད་དཔག་ཏུ་མེད་པར་གསལ་བ་ལ་མོས་བློ་དུང་མཛད་པས། དེའི་ཐུགས་ཀའི་ཡི་གེ་ཧྲཱིཿལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་བསམ་གྱིས་མི་ཁྱབ་པ་འཕྲོས་ཏེ། གླིང་བཞིའི་དབུས་ན་གནས་པའི་རི་རྒྱལ་ལྷུན་པོ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། དེའི་འོག་ན་གནས་པའི་གསེར་གྱི་རི་བདུན། ཁོར་ཡུག་ལྕགས་ཀྱི་རི་བོ། གངས་ཆེན་ཏི་སེ་ལ་སོགས་པའི་གངས་རི། རི་བོ་འབིགས་བྱེད་ལ་སོགས་པའི་བྲག་རི། མ་ལ་ཡ་ལ་སོགས་པ་ནགས་རི། སྤོས་ངད་ལྡང་ལ་སོགས་པ་སྤང་རི། རྩི་ཤིང་ནགས་ཚལ་ལ་སོགས་པའི་གླིང་ཐམས་ཅད་ལ་ཁྱབ་པར་གནས་པ། མདོར་ན་འབྱུང་བ་ས་ཁམས་ཀྱིས་བསྡུས་པའི་བཅུད་ཐམས་ཅད་རྡོ་ཁབ་ལེན་ཀྱིས་ལྕགས་ཀྱི་ཕྱེ་མ་ལེན་པ་ལྟར་འོད་ཟེར་གྱི་རྣམ་པར་བསྡུས་ཞེས་པ་ནས། སུ་པྲཏིཥྛའི་བར་གོང་བཞིན། ཡང་སྤྱི་བོའི་རིགས་བདག་ནས། བསམ་གྱིས་མི་ཁྱབ་པ་འཕྲོས་ཏེའི་བར་གོང་བཞིན། ལྷ་ཡུལ་ན་གནས་པའི་རོལ་པའི་མཚོ་བདུན། ཀླུ་ཡུལ་ན་གནས་པའི་མ་


TNT13_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

དྲོས་པའི་མཚོ། ད་ལྟ་འགྲོ་བ་མིའི་སྤྱོད་ཡུལ་དུ་གྱུར་པ། ཆུ་མིག་ལྡིང་ཀ ཆུ་བྲན། ཆུ་ཀླུང༌། བྱེ་བ་བྲག་བརྒྱ་ལ་སོགས་པ་བརླན་ཞིང་གཤེར་བ། མདོར་ན་འབྱུང་བ་ཆུ་ཁམས་ཀྱིས་བསྡུས་པའི་བཅུད་ཐམས་ཅད་རྡོ་ཁབ་ལེན་སོགས་ནས། སུ་པྲ་ཏིཥྛའི་བར་གོང་བཞིན། ཡང་སྤྱི་བོའི་རིགས་བདག་ནས། བསམ་གྱིས་མི་ཁྱབ་པ་འཕྲོས་ཏེའི་བར། ལྷོ་རྟ་གདོང་གི་མེ། བརྡབས་པ་དང་བཙུབས་པ་ལས་བྱུང་བའི་མེ་རྒྱུ་ནུས་པ་ཐོག་མེད། གླིང་བཞི་ཀུན་གསལ་གྱི་རྒྱལ་པོ་གཉིས་ཀྱིས་མཚོན་པའི་ནོར་བུ་འོད་ཆགས། ལྷ་མིའི་བཀྲག་མདངས་གཟི་འོད་ཐམས་ཅད་རྡོ་ཁབ་ལེན་སོགས་ནས། སུ་པྲ་ཏིཥྛའི་བར་གོང་བཞིན། ཡང་སྤྱི་བོའི་རིགས་བདག་ནས། བསམ་གྱིས་མི་ཁྱབ་པ་འཕྲོས་ཏེའི་བར། བདེ་འགྲོ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དང། རང་བཞིན་ལྷུན་གྲུབ་རླུང་གི་དཀྱིལ་འཁོར་ཆེན་པོ་དང༌། ཡང་ཞིང་གཡོ་བ་རྐྱང་སེར་ལྷག་པས་མཚོན་པས་རླུང་ཁམས་ཀྱི་བཅུད་ཐམས་ཅད་རྡོ་ཁབ་ལེན་ནས། སུ་པྲ་ཏིཥྛའི་བར་གོང་བཞིན། ཡང་སྤྱི་བོའི་རིགས་བདག་ནས། བསམ་གྱིས་མི་ཁྱབ་པ་འཕྲོ་ཏེའི་བར་གོང་བཞིན། ལྷ། ཀླུ། བདུད། དམུ། བཙན། རྒྱལ་པོ། ཐེ་རང༌། མ་མོ། གཤིན་རྗེ། འཇིག་རྟེན་དྲེགས་བྱེད་མ་ལུས་པའི་ཚེ་དང་བསོད་ནམས་ཐམས་ཅད་རྡོ་ཁབ་ལེན་སོགས་ནས། སུ་པྲ་ཏིཥྛའི་བར་གོང་བཞིན། ཡང་སྤྱི་


TNT13_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་རིགས་བདག་ནས། བསམ་གྱིས་མི་ཁྱབ་པ་འཕྲོས་ཏེའི་བར་གོང་བཞིན། རྒྱལ་བ་སྲས་དང་སློབ་མར་བཅས་པ་རྣམས་དང༌། ཁྱད་པར་སྟེང་ཕྱོགས་འཇིག་རྟེན་གྱི་ཁམས་ཡོན་ཏན་དཔག་ཏུ་མེད་པ་ན་བཞུགས་པའི་རྒྱལ་བ་ཚེ་དཔག་མེད། ནུབ་ཕྱོགས་བདེ་བ་ཅན་གྱི་ཞང་ཁམས་ན་བཞུགས་པའི་འདྲེན་པ་འོད་དཔག་མེད་ལ་སོགས་པ། འཆི་མེད་ཚེའི་དངོས་གྲུབ་བརྙེས་པའི་སངས་རྒྱས་རྣམས་དང༌། བཅོམ་ལྡན་འདས་མ་རྣམ་པར་རྒྱལ་མ། འཕགས་མ་སྒྲོལ་མ་ཡིད་བཞིན་འཁོར་ལོ་ལ་སོགས་པ་ཚེའི་དངོས་གྲུབ་སྩོལ་བའི་ལྷ་ཚོགས་རྣམས་དང༌། ལྷོ་ཕྱོགས་དཔལ་གྱི་རི་ཡིད་ཕམ་པར་བྱེད་པའི་གནས་ན་བཞུགས་པའི་འཆི་མེད་དབང་པོ་ཤ་ཝ་ར། པདྨ་འོད་ཀྱི་གཞལ་ཡས་ན་བཞུགས་པའི་སློབ་དཔོན་པདྨ་འབྱུང་གནས། ནགས་ཚལ་དྲ་བ་ཅན་ན་བཞུགས་པའི་མ་ཅིག་གྲུབ་པའི་རྒྱལ་མོ་ལ་སོགས་པ་དབང་བཅུ་ལས། ཚེ་ལ་དབང་བའི་རིག་འཛིན་གྱི་གནས་མངོན་དུ་མཛད་པ་རྣམས་ཀྱི་ཐུགས་རྗེའི་བྱིན་རླབས་མ་ལུས་པ་རྡོ་ཁབ་ལེན་ནས། སུ་པྲ་ཏིཥྛའི་བར་གོང་བཞིན། སླར་ཡང་བཞི་པའི་དོན་དུ་མོས་པ་འདི་བཞིན་མཛད་པར་ཞུ། རང་ཉིད་རྒྱལ་བ་ཚེ་དཔག་མེད་དུ་གསལ་བའི་སྤྱི་བོའི་རིགས་བདག་འོད་དུ་ཞུ་ནས་ཐིམ་པས། ཚེའི་སྲད་བུ་ལ་ཡིག་འབྲུ་གསུམ་བ་ལའི་རྒྱ་ཐག་ལ་ནས་འབྲུ་འབྱར་བ་ལྟ་བུ། སྤྱི་བོར་ཟླ་གདན་ལ་


TNT13_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ། མགྲིན་པར་པདྨ་ལ་ཨཱཿ ཐུགས་ཀར་ཉི་མ་ལ་ཧཱུཾ། རང་ལུས་ས་ཆུ་མེ་རླུང་བཞི། བཅུད་འཁོར་འདས་ཀྱི་བསྡུས་པ་ལྔའི་དྭངས་མ་གོང་བུ་གཅིག་པ། དྭངས་མ་ལྔ་ལྡན་འོད་ཀྱི་ལུས། སྐྱེ་འཆི་མེད་པ་རྡོ་རྗེ་དངོས། མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྐུ་གསུང་ཐུགས་ཀྱི་ངོ་བོ་མངོན་དུ་གྱུར་པའི་མོས་པ་མཛོད། བཀྲ་ཤིས་ཚེ་བརྟན་དཔལ་གྱི་ཟས། །སྙིང་པོ་བསྡུས་པའི་བཅུད་འདི་ནི། །དེ་རིང་བུ་ཡིས་བཟའ་བར་བྱ། །འདི་ཟོས་སངས་རྒྱས་ཚེ་དཔག་མེད། །ཞལ་མཐོང་གྱུར་ལ་ཐེ་ཚོམ་མེད། །ཨོཾ་ཨ་མ་ར་ཎ་ཛི་ཝན་ཏཱི་ཡེ་སྭཱ་ཧཱ། ཚར་གཅིག་ཁོ་ན་བྱེད་ན། འོག་ནས་འབྱུང་བའི་ཚེ་ཕུར་གདབ་པ་མན་ཆད་བྱའོ། །བརྒྱ་ཚར་སོགས་མང་དུ་བྱ་བར་འདོད་ན། འདི་སྐད་བྱ་སྟེ། སླར་ཡང་དམིགས་པ་འདི་བཞིན་མཛོད། ཚེ་བུམ་སྟོང་པའི་ངང་ལས། རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི། སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ། དྲིན་ཅན་རྩ་བའི་བླ་མའི་ངོ་བོ་ཧྲིཿལས་འཁྲུངས་པའི་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན་འཆི་མེད་ཡེ་ཤེས་ཀྱིས་བདུད་རྩིས་གང་བའི་བུམ་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་བཅས་བཞུགས་པ། དྲི་མེད་ཟླ་བའི་རྒྱབ་ཡོལ་ཅན་དགྱེས་པའི་འཛུམ་ཞལ་མུལ་བའི་སྤྱན་སྔར་


TNT13_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ཏེ་མཎྜལ་འབུལ་བ་ཞུ། ས་གཞི་སྤོས་ཀྱི་སོགས་བྱ། ཡིད་འཕྲོག་རྨ་བྱས་བཀུར་བའི་ཁྲི་སྟེང་ན། །ཚེ་དཔག་མེད་མགོན་རྡོ་རྗེའི་སྐྱིལ་ཀྲུངས་ཅན། །གཞོན་ནུའི་མཚན་ཅན་ཆོས་རྗེ་གྲུབ་དབང་པོ། །འཆི་མེད་བདུད་རྩིའི་བུམ་བཟང་འཛིན་དེར་འདུད། །དྲིན་ཅན་བླ་མའི་ངོ་བོ་ཚེ་བུམ་ལྷའི་རང་བཞིན་དུ་གསལ་བ་ལ་མོས་གུས་དུང་པ་མཛད་པས། དེའི་ཐུགས་ཀའི་ཡི་གེ་ཧྲཱིཿལས་འོད་ཟེར་ལྕགས་ཀྱུས་དབྱིབས་ཅན་བསམ་གྱིས་མི་ཁྱབ་པ་འཕྲོས། རང་རང་སོ་སོའི་ནས། ཆ་ཤས་རྣམས་དང་གི་བར་གོང་བཞིན། ཕྱི་རོལ་འབྱུང་བ་བཞིའི་ནང་ན་གནས་པའི་འཆི་བ་མེད་པའི་ཚེའི་བཅུད། ཟག་བཅས་འཁོར་བ་པ། ཟག་མེད་མྱ་ངན་ལས་འདས་པའི་ཚེ་དང་བསོད་རྣམས་ཐམས་ཅད་མ་ཚང་བ་མེད་པ་འོད་ཟེར་གྱི་རྣམ་པར་བསྡུས། བདུད་རྩིའི་རང་བཞིན་དུ་གྱུར་ཏེ། རང་རང་སོ་སོའི་སྤྱི་བོའི་ཚངས་པའི་སྒོ་ཐད་ན་བཞུགས་པའི་ཚེ་བུམ་ལྷའི་རང་བཞིན་ཅན་དུ་གསལ་བའི་ཕྱག་གི་བུམ་པའི་ནང་དུ་ཞུགས། བུམ་ནང་ནས་དངོས་གྲུབ་ཀྱི་ཚུལ་དུ་ཆིལ་ཆིལ་ལུད་པ་དེ་ཉིད་བོ་བ་ཟེགས་པ་ཅུང་ཟད་ཀྱང་མེད་པར་རང་གི་དབུ་གཙུག་ཚངས་པའི་སྒོ་ནས་ཞུགས། འཁོར་ལོ་བཞིའི་གནས་ཐམས་ཅད་གང་ཞེས་པ་ནས། སུ་པྲ་ཏིཥྛའི་བར་གོང་བཞིན། ཨོཾ་ཨ་མ་ར་ཎ༴ ཕྱིན་དྲུག་སྟོབས་ཀྱི་སངས་རྒྱས་ཡང་དག་འཕགས། །མིའི་སེང་གེ་ཕྱིན་དྲུག་སྟོབས་


TNT13_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ནས། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །ཕྱིན་དྲུག་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། །ཕྱིན་དྲུག་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག །ཚར་ཅི་ཙམ་བྱེད་ཀྱང༌། མཎྜལ་བསྡུས་པ་ཕུལ་ལ། ཡིད་འཕྲོག་རྨ་བྱ་ནས། འདིའི་བར་སྐྱར་གིན་བྱེད་པ་ཡིན་ནོ། །མཐར་འཇུག་ཏུ། དེ་ལྟར་བདེ་ཆེན་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་གྱི་ལུས་ཀྱྀ་ནང་ཐམས་ཅད་གང༌། སྐྱེ་བ་སྔ་མ་རྣམས་སུ་ཉོན་མོངས་པ་དུག་གསུམ། དུག་ལྔས་ཀུན་ནས་བསླངས་ཏེ། སེམས་ཅན་གཞན་གྱི་སྲོག་བཅད་པས། ཚེ་འདིའི་ཚེ་ཐུང་བའི་ལས་སྒྲིབ་བག་ཆགས་ཐམས་ཅད་སྦྱངས། དྭངས་མ་ལྔ་ལྡན་ཞེས་པ་ནས། མོས་པ་མཛོད་ཀྱི་བར་གོང་བཞིན། སྙིང་གར་ཚེ་ཕུར་གདབ་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། སྤྱི་བོར་རྒྱལ་བ་ཚེ་དཔག་མེད་དཀར་པོའི་ཕྱག་གི་བུམ་པ་ལས་བདུད་རྩི་དཀར་པོ་ལུད་པ་དབུ་མའི་ལམ་བརྒྱུད། སྙིང་གར་ཟླ་བའི་དཀྱིལ་འཁོར་དུ་གྱུར། ལྟེ་བ་ནས་རྒྱལ་བ་ཚེ་དཔག་མེད་དམར་པོའི་ཕྱག་གི་བུམ་པ་ལས། བདུད་རྩི་དམར་པོ་དབུ་མའི་ལམ་ནས་གྱེན་དུ་འཕྱུར་བ་སྙིང་གར་ཉི་མར་གྱུར། ཉི་ཟླ་གའུ་ཁ་སྦྱོར་གྱི་དབུས་སུ་རང་སེམས་ཧྲཱྀཿདམར་པོའི་དཀྱིལ་དུ་འཆི་མེད་སྲོག་གི་ངོ་བོ་ཨ་དཀར་པོ་དྭངས་གསལ་འོད་ཀྱི་རང་བཞིན་ཅན། རོ་རྐྱང་གི་རླུང་གི་ངོ་བོ་ཨཱ་ལི་ཀ་ལིའི་ཕྲེང་བས་ཉི་ཟླ་ཁ་སྦྱོར་རྒྱ་གྲམ་དུ་དཀྲིས། བསྐལ་པའི་བར་དུ་རྐྱེན་གང་གིས་


TNT13_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མི་ཤིགས་པའི་འཆི་མེད་སྲོག་གི་ཚེ་ཕུར་བཏབ་པར་བསམ། སྲིན་ལག་གཉྀས་སུ་ཧཱུཾ་དམར་པོ་མགོ་ཕྱིར་ལྟ་རེས་ཕྱི་ནང་གི་བར་ཆད་ཐམས་ཅད་བསྲུང་བར་བསམ། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ། ཁྱེད་རང་རྣམས་ཀྱི་སྤྱི་བོར་རྩ་བའི་བླ་མ། མཐའ་བསྐོར་དུ་བརྒྱུད་པའི་བླ་མའི་ཚོགས་ཀྱི་བསྐོར་བ་ལ་མོས་གུས་དུང་བ་བྱས་པས། དེ་ཐམས་ཅད་ཀྱི་འཆི་མེད་བདུད་རྩིའི་བུམ་པས་སྤྱི་བོ་ནས་དབང་བསྐུར་ཞིང༌། མཐར་རང་ལ་ཐིམ་པས། རྩ་བརྒྱུད་བླ་མའི་བྱིན་བརླབས་ཀྱིས་འགྱུར་མེད་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་འཚལ། སྤྲོ་ན་བརྒྱུད་འདེབས་རྒྱས་པ་བྱ། བསྡུ་ན། བཅོམ་ལྡན་ཚེ་དཔག་མེད་མགོན། མ་གཅིག་གྲུབ་པའི་རྒྱལ་མོ། ཏི་ཕུག་གསང་སྔགས་སྡོང་པོ། རས་ཆུང་རྡོ་རྗེ་གྲགས་པ། དབང་ཕྱུག་མི་ལ་རས་པ། ཆོས་རྒྱལ་ཟླ་འོད་གཞོན་ནུ། བདེ་གཤེགས་ཁམས་པ་རྡོར་རྒྱལ། སྐྱོབ་པ་འཇིག་རྟེན་གསུམ་མགོན། སྤྱན་ལྔ་གྲགས་པ་འབྱུང་གནས། ཡང་དགོན་ཆོས་ཀྱི་སྤྱན་ལྡན། ཐུགས་སྲས་སྤྱན་སྔ་རིན་ལྡན། ཤྲཱི་ཟུར་ཕུག་པ་ཆེན་པོ། འབར་ར་བ་རྒྱལ་མཚན་དཔལ་བཟང༌། དེ་ནས། གཡག་ཕྲུག་སངས་རྒྱས་དཔལ་བ། མཁས་གྲུབ་གཞོན་ནུ་སེང་གེ། ཀུན་མཁྱེན་ཆོས་རྒྱལ་དཔལ་བཟང༌། པན་ཆེན་ཤཱཀྱ་མཆོག་ལྡན། ལྟ་ལུང་གཞོན་ནུ་ཆོས་གྲུབ། རྗེ་བཙུན་ཀུན་དགའ་གྲོལ་མཆོག །འཇམ་དབྱངས་ཀུན་དགའ་རྒྱལ་མཚན།


TNT13_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན། སྐྱེས་ཆེན་ནམ་མཁའ་རྒྱལ་མཚན། སྐྱབས་ལྕེ་འཇམ་དཔལ་རྒྱ་མཚོ། སྤྲེ་བོ་ཆོས་ཀྱི་རྒྱ་མཚོ། རྗེ་བཙུན་ཀུན་དགའ་གྲོལ་མཆོག །ཐུགས་སྲས་ལྷ་དབང་གྲགས་པ། དྲིན་ཆེན་རྩ་བའི་བླ་མ་རྣམས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། ད་ལྟ་ཉིད་དུ། འདུག་ས་འདི་ཉིད་དུ། མི་ཟད་ཚེའི་དངོས་གྲུབ་སྩལ་དུ་གསོལ། །མི་འགྱུར་བརྟེན་པའི་དངོས་གྲུབ་སྩལ་དུ་གསོལ། །སྲ་བརྟན་གཡུང་དྲུང་དངོས་གྲུབ་སྩལ་དུ་གསོལ། །མདངས་རྒྱས་ལུས་ཀྱི་བདེ་སྟོབས་འཕེལ་བ་དང༌། །ངག་སྙན་བརྗོད་པའི་རང་སྒྲ་བདེ་བ་དང༌། །གསལ་དག་སེམས་ཀྱི་འཆར་སྒོ་བསྐྱེད་པ་རུ། །རྩ་བརྒྱུད་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས། །དེ་དག་གི་གནས་སྐབས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་བསྲུང་སྙམས་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་བྱ། ཚེ་དབང་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་ཏུ་མཎྜལ་འབུལ། ལུས་ལོངས་སྤྱོད་དུས་གསུམ་དགེ་བའི་དངོས་པོ་ཐམས་ཅད་ལྷ་དང་བླ་མ་ལ་འབུལ་ཆ་ཤས་ཀྱང་ལོངས་སྤྱོད་དུ་གསོལ་སྙམས་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་བདག་དྲན་དུ་སོགས་བྱ། རྗེས་ཆོག་ནི་མདུན་བསྐྱེད་མཆོད་བསྟོད་སྔར་ལྟར་བྱ། ཡི་གེ་བརྒྱ་པ་བཟླ། སུ་པྲ་ཏིཥྛས་བརྟན་བཞུགས་བྱ་ཞེས་པའང་སྟན་གཅིག་པ་བྱམས་པ་འགྲོ་ཕན་བཟང་པོ་སོགས་དོན་གཉེར་འགས་བསྐུལ་བའི་ངོར་ཤིན་ཏུ་འཁྱེར་བདེ་བར་ཏཱ་ར་ནཱ་ཐས་སྦྱར་བའོ།། །།བཀྲ་ཤིས། །དགེའོ། །


previousཚེ་དབང་ལྷ་གཅིག་བུམ་གཅིག་གི་ཆོ་ག་བདུད་རྩིའི་བུམ་པ།next