Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཅོམ་ལྡན་འདས་མི་འཁྲུགས་པའི་སྦྱིན་སྲེག་གི་ཆོ་ག་ལས་སྒྲིབ་ཀུན་འཇོམས།
   
   


 
previousབཅོམ་ལྡན་འདས་མི་འཁྲུགས་པའི་སྦྱིན་སྲེག་གི་ཆོ་ག་ལས་སྒྲིབ་ཀུན་འཇོམས།next

བཅོམ་ལྡན་འདས་མི་འཁྲུགས་པའི་སྦྱིན་སྲེག་གི་ཆོ་ག་ལས་སྒྲིབ་ཀུན་འཇོམས།


TNT13_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་མི་འཁྲུགས་པའི་སྦྱིན་སྲེག་གི་ཆོ་ག་ལས་སྒྲིབ་ཀུན་འཇོམས་ཞེས་བྱ་བ་བཞུགས།


TNT13_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །རབ་མཛེས་ཨིནྡྲ་ནཱི་ལའི་ལྷུན་པོ་ལྟར། །ལྟ་བས་མི་ངོམས་མཚན་དཔེའི་དཔལ་འབར་བ། །མི་འཁྲུགས་མགོན་ལ་སྤྱི་བོས་བཏུད་བྱས་ནས། །ལས་སྒྲིབ་ཀུན་སྲེག་ཆོ་ག་བཤད་ཀྱིས་ཉོན། འདིར་བཅོམ་ལྡན་འདས་མི་འཁྲུགས་པའི་བསྙེན་པ་ཡོངས་སུ་རྫོགས་ནས། སྔགས་ཀྱི་ནུས་པ་དབྱུང་ཞིང་ལྷག་ཆད་ཁ་བསྐང་བའི་ཕྱིར་ཞི་བའི་སྦྱིན་བསྲེག་བྱ་བའི་ཕྱག་ལེན་ལ། སྦྱོར་དངོས་རྗེས་གསུམ་གྱི་དང་པོ་ནི། ཡིད་དང་མཐུན་ཞིང་དབེན་པའི་གནས་སུ་གཟའ་ཚེས་འཛོམས་པའི་དུས་ལ། སྔར་ས་ཆོག་མ་བྱས་ན་ངེས་པར་བྱེད་དགོས་ལ། དེའི་ཚུལ་ནི་ཆོ་གའི་ཟུར་འདེབས་འཇུག་བདེ་རྣམ་གསལ་དུ་བཤད་པ་ལྟར་ཡིན་ཞིང༌། སྔར་དཀྱིལ་འཁོར་གྱི་ཁང་པ་རྙིང་པ་རྣམས་སུ་ཡིན་ན་ཕྱགས་བདར་དང་རྐྱང་ནུལ་བྱ། དང་པོ་ཚངས་ཟུར་གྱི་ཐིག་གདབ། ཚངས་ཐིག་དབུས་ནས་སོར་བཅུ་གཉིས་ཀྱི་


TNT13_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་ཀྱིས་ཟླུམ་པོར་བསྐོར། དེ་ནས་སོར་བཞི་བཀྱེད་ནས་ཟླུམ་པོར་བསྐོར་བ་མུ་རན། ཡང་སོར་བཞི་བཀྱེད་ནས་བསྐོར་བ་ཁ་ཁྱེར། དེའི་སྟེང་དུ་ལོགས་ཐིག་གྲུ་བཞིར་གདབ་སྟེ། དེའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ། ཁ་ཁྱེར་ལ་རྡོ་རྗེ་རྩེ་གསུམ་པའི་ཕྲེང་བ་བྲི། ནང་གི་ཟླུམ་པོ་ཁེངས་པར་པདྨའི་གཅུས་ཐིག་གདབ། དེ་ཡང་ལྟེ་བ་གསུམ་ཆ། འདབ་མ་གསུམ་གཉིས་སུ་བྱས་པའི་ལྟེ་བ་དང་འདབ་མ་བརྒྱད་ལ་ལྷའི་ཁ་དོག་དང་མཐུན་པའི་ཐིག་ལེ་བཀོད། གནགས་ཀྱི་ལྕི་སྐམ་སྲོག་ཆགས་མེད་པས་ཐབ་ཀྱི་ཟླུམ་བསྐོར་དང་མཐུན་པར་རྒྱར་ཁྲུ་གང༌། ཟབས་སུ་ཁྲུ་ཕྱེད་དེའི་ཤར་ལྷོར་མེ་ཚང་འཆའ། མཆོད་རྫས་ནི་རང་གི་གཡོན། ཐབ་ཀྱི་གཡས་སུ་མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་མཆོད་ལྔ། མེ་ལྷའི་གཏོར་མ་དང་བཅས་པ་ལེགས་པར་བཤམས། བསྲེག་རྫས་ནི་རང་གི་གཡས་ཐབ་ཀྱི་གཡོན་དུ་ཐོག་མར་ཡམ་ཤིང༌། དེ་ནས་མར།


TNT13_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

ཏིལ་ནག །ཟས་མཆོག །མ་བཙོས་མ་གྲུགས་པའི་འབྲས། སོ་བ། ནས། སྲན་མ། གྲོ། དུར་བའི་མྱུ་གུ། ཀུ་ཤའོ། །དེ་ལ་ཡམ་ཤིང་ནི། འོ་མ་ཅན་གྱི་ཤིང་གི་རྩེ་མོའི་ཆ་ལས་བྱུང་བ། སྦོམས་སུ་མཐེ་བོང་ངམ་མཐེའུ་ཆུང་གི་ཚད། སྲིད་དུ་ཁྲུ་གང་ངམ་ཁུ་ཚུར་གཉིས་བཅངས་པའི་ཚད། ཕན་ཚུན་རིང་ཐུང་མཉམ་པ། གས་ཆག་དང་རྨ་མེད་པ། རྒྱུ་མ་རུལ་བ། ངོ་བོ་མ་འཁྱོགས་པ། དེའི་རྩེ་མོ་གཉིས་མར་རམ། སྦྲང་ངམ། འོ་མ་ལ་སོགས་པས་ལེགས་པར་བྱུགས་པ་དང༌། གཞན་ཡང་ཡམ་ཤིང་ཁྲུ་ཕྱེད་དང་དོ་པ་རས་ཀྱི་དཀྲིས་པ་མར་ལ་སྦགས་པའི་གཅེད་འདེ་དང༌། འཆེད་སླ་བའི་རྩ་སྐམ་པོ་དང༌། རླུང་གཡབ་དང༌། འཕྲལ་ལ་དགོས་པའི་བུད་ཤིང་དང༌། ཀུ་ཤའི་ཆུན་པོ་བརྒྱད་དང་བཅས་པ་ལེགས་པར་བཤམ། རང་གི་མདུན་དུ་སྟེགས་བུའི་སྟེང་དུ་བསང་ཆུ་ཀུ་ཤའི་འཐོར་ཡབ་དང་བཅས་པ། དེའི་རྩ་བར་རྡོ་རྗེ་དྲིལ་བུ། དེ་གཉིས་ཀྱི་བར་དུ་གཟར་བུ་གཉིས་ཁ་སྦྱར་ལ་བཞག་གོ །དེ་ནས་སྒྲུབ་པ་པོས་རྒྱན་དཀར་པོ་བརྒྱན་པ། ཞི་བའི་བསམས་པས་གདན་ནང་ཚངས་ཅན་གྱི་སྟེང་དུ་ཙོག་བུའམ། སྐྱིལ་ཀྲུང་གིས་ཁ་ཤར་ཕྱོགས་སུ་ཕྱོགས་པས་འདུག་སྟེ། བདག་བསྐྱེད་བཟླས་པ་དང་བཅས་པའི་བར་དུ་བྱས་ལ། སྦྱིན་སྲེག་ལ་འཇུག་སྟེ་སྦྱོར་བའོ། །གཉིས་པ་དངོས་གཞི་ལ་བཞི་ལས། དང་པོ་ཐབ་དང་ཡོ་བྱད་བྱིན་གྱིས་བརླབས་པའི་ཐོག་མར་བསང་ཆུ་བསྒྲུབ་པ་ནི། ཀུ་ཤའི་རྩེས་བསང་ཆུ་ལ་གཏོར་ལ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཤཾ་ལས་


TNT13_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་དུང་ཕོར་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། ཧཱུཾ་ཞུ་བ་ལས་བྱུང་བའི་བསང་བའི་ཆུ་དྭངས་ཤིང་ཐོགས་པ་མེད་པ་རྫས་ཐམས་ཅད་ཀྱི་མ་དག་པ་སེལ་བའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་ཅི་ནུས་བཟླས་པའི་མཐར་ཧཱུཾ་རིང་པོར་བདུན་ནམ་ཉེར་གཅིག་བརྗོད་ལ། མེ་སྦར་བ་ནི་ཆོ་ག་བྱང་ཞིང་བློ་འཁོབས་ཆེ་ན་འདིར་དངོས་སུ་སྦར། ཆུང་ན་འདིར་ཏིང་ངེ་འཛིན་གྱིས་སྦར། བྱོན་ཟན་འབུལ་གོང་ངམ། ཐབ་བསྐྱེད་ཚར་བའི་རྗེས་ལ་དངོས་སུ་སྦར་རོ། །དེ་ནས་ལག་པ་གཡས་པས་གཡས་བསྐོར་གྱིས་རིམ་པ་བཞིན། དང་པོ་མཆོད་རྫས་རྣམས་ལ་བསང་ཆུ་གཏོར་ཏེ་བསངས་སྦྱངས་བྱིན་གྱིས་བརླབས། དེ་ནས་ཡང་བསྲེག་རྫས་རྣམས་ལ་བསང་ཆུ་གཏོར་ཏེ། བསངས་སྦྱངས། སྟོང་པའི་ངང་ལས་ཨོཾ་ཞུ་བ་ལས་བྱུང་བའི་བསྲེག་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ཞི་བའི་ལས་འགྲུབ་པར་ནུས་པ་དང་ལྡན་པར་གྱུར། ཞེས་བརྗོད་ལ། རྡོ་རྗེ་ཁུ་ཚུར་ལས་མཛུབ་མོ་གཉིས་བཤིབས་པ་ཆོས་འབྱུང་གི་ཕྱག་རྒྱ་བཅས་ལ། ཨོཾ་ཨ་སྭཱཧཱས་ཡམ་ཤིང༌། ཨོཾ་ཤྲཱི་སྭཱཧཱས་མར། ཨོཾ་ཛིཾ་སྭཱཧཱས་འབྲུ་རྣམས་དང༌། ཨོཾ་ཀུ་རུ་ཀུ་རུ་སྭཱཧཱས་དེ་ལས་གཞན་པའི་རྫས་ཐམས་ཅད་སྦྱང་ཞིང་བྱིན་གྱིས་བརླབས་སོ། །དེ་ནས་ཐབ་ལ་སྔར་བཞིན་བསང་ཆུ་གཏོར་ལ། བསངས་སྦྱངས། སྟོང་པའི་ངང་ལས་བཾ་ལས་པདྨ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་བྱུང་བའི་ཞི་བའི་ཐབ་ཁུང་དཀར་པོ་ཟླུམ་པོ། རྒྱར་ཁྲུ་གང་བ། ཟབས་སུ་ཁྲུ་ཕྱེད་པ།


TNT13_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཁྱེར་དང་མུ་རན་སོར་བཞི་པ་ལ་རྡོ་རྗེ་ཕྲེང་བས་ཟླུམ་པོར་བསྐོར་བ། ཕྱི་རོལ་དུ་སྟེགས་བུ་གྲུ་བཞི་པའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དྭངས་ཤིང་ཐོགས་པ་མེད་པ། ནང་ལྷ་རྫས་ཀྱི་བུད་ཤིང་གིས་ཡོངས་སུ་གང་བར་གྱུར། དེ་ནས་མེ་གྲུབ་པ་ནི་བྲམ་ཟེའི་རྒྱུན་བཞག་གམ། མར་མེ་ལ་སྔར་གྱི་གཅད་འདེ་སྦལ་ལག་གཉིས་ཆར་གྱིས་བཟུང། ཀཱཾ་ཀ་ནི། བཟླ་ཞིང་ཐབ་ལ་གཡས་སུ་ལན་གསུམ་བསྐོར་ལ་མེ་ཚང་དུ་བཅུག་སྟེ། ཨོཾ་བཛྲ་ཛྭ་ལ་རཾ་སྭཱཧཱ། ཞེས་བརྗོད་ལ། རྩྭ་སྐམ་ཅུང་ཟད་བཅུག །ཡང་སྔགས་དེ་ཉིད་བརྗོད་ཅིང་མར་བླུགས་གཟར་གསུམ་གྱིས་མེ་བུས་སོ། །རླུང་གཡབ་ཀྱིས་ཅུང་ཟད་གཡབ་མེ་ལེགས་པར་སྦར་ཏེ། གཉིས་པ་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། འབར་བའི་མེ་ནང་གི་དབུས་སུ་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གསལ་བཏབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་རཾ་ཡིག་ལས་བྱུང་བའི་མེ་ལྷ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་བར་བསམས། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང༌། ཨོཾ་བཛྲ་ས་མ་ཛཿ ཞེས་བརྗོད། ལག་པ་གཡས་པ་མཆོག་སྦྱིན་བྱས་པའི་མཐེ་བོང་གུང་མོའི་རྩ་བར་གཏད་མཛུབ་མོ་གུང་མོའི་རྒྱབ་ཏུ་སྦྱར་བ་དབྱུག་གུ་གསུམ་པའི་ཕྱག་རྒྱ་རྣ་བའི་དྲུང་ནས་གཡབ། ཨོཾ་ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །


TNT13_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་ཐམས་ཅད་གྲུབ་པ་པོ། །ཐུགས་རྗེས་སེམས་ཅན་དོན་མཛད་པ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་ཨགྣེ་ཡེ། མཧཱ་ཏེ་ཛ། སརྦ་ཀརྨ་པྲ་སྭ་དྷ་ཀ་མ་ཧཱ་བྷུ་ཏ། དེ་བི་རི་ཥི་དྷ་ཛ་བ་ཏོ། །མ་གྷ་ཧི་ཏ་ཨ་ཧཱུཾ་རེ། ཨ་ཧ་ར། ཨསྨིནྶ་ནི་ཧི་ཏོ་བྷ་ཝ། ཞེས་པས་སྤྱན་དྲངས་ལ། ཐབ་ཀྱི་ཤར་ལྷོར་བྱོན་པ་ལ་མེ་ཏོག་ཕུལ་ལ། ཨོཾ་པདྨ་ཀ་མ་ལ་ཡེ་སྟྭཾ། ཞེས་པས་ཐབ་ནང་གི་གདན་ལ་བཞུགས་པར་བློས་དམིགས་ལ། སྔར་གྱི། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། མེ་ལྷ་དམར་པོ་རྭ་སྐྱེས་ཁམ་པ་ལ་ཞོན་པ། ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་བགྲང་ཕྲེང་དང༌། གཡོན་རིལ་བ་སྤྱི་བླུགས་འཛིན་པ། གསུས་ཁྱིམ་ཆེ་བ། དབུ་སྐྲ་རལ་པའི་ཐོར་ཅོག་ཅན། སྨ་རའི་ཨག་ཚོམ་དང༌། ཚངས་པའི་སྐུད་པ་འཕྱང་བ། སྐུ་ལ་མདངས་དང་འོད་ཟེར་དཀར་པོ་འཕྲོ་བ། དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བའོ། །དེ་ནས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་ཏེ། དམ་ལ་བཞག་པར་མོས་ལ། ཨོཾ་བཛྲ་ཨ་ན་ལ་མཧཱ་བྷུ་ཏ་ཛཱ་ལ་ཡ། སརྦ་བྷིསྨིན་ཀུ་རུ་སརྦ་དུཥྟ་ཧཱུཾ་ཕཊ། ཀྱིས་འཕྲིན་ལས་བཅོལ། དྲི་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་གྱིས་དམ་ལ་བཞག་ནས། མཆོད་པ་རྣམས་ཀྱིས་མཆོད་པར་བསམ་ལ། ཨོཾ་ཨགྣེ་ཡེ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱཧཱ། དེ་བཞིན་དུ་མཚན་སྔགས་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མའི་བར་གྱིས་མཆོད། ཤེས་རབ་ཆེན་པོས་བདག་མེད་ཐུགས་ཆུད་ཅིང༌། །


TNT13_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེས་ཆེན་པོས་འགྲོ་ལ་ཡང་དག་གཟིགས། །ཐབས་ལ་མཁས་པས་དྲང་སྲོང་ཆ་ལུགས་ནི། །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཚངས་དབང་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་བསྐྱབ་པའི་ཕྱིར། །ཐུགས་རྗེས་སྤྲུལ་པའི་སྐུ་སྤྲུལ་པ། །རིགས་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་བའི་ཐེག་པ་ཆིབས། །རིག་སྔགས་གསུང་གི་བགྲང་ཕྲེང་འཛིན། །བདུད་རྩིའི་བཅུད་ལྡན་གྷནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་མཆོད་བསྟོད་བྱས་ལ། སྔར་གྱི་ཀུ་ཤའི་ཆུན་པོ་བརྒྱད་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་བ་དང་རྩེ་མོ་མ་ཉམས་པ་དྭངས་ཤིང་ཐོགས་པ་མེད་པ། ཞི་བའི་ལས་འགྲུབ་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཀུ་ཤ་འདི་ནི་གཙང་ཞིང་དགེ །ས་ལས་སྐྱེས་པའི་སྙིང་པོ་མཆོག །དཀོན་མཆོག་གསུམ་གྱི་དག་བྱེད་དོ། །ཚངས་པ་ཡི་ཡང་དག་བྱེད་ཡིན། འདིས་བདག་ཅག་འཁོར་དང་བཅས་པ་ལ་གེགས་མེད་ཅིང་ལས་ཀྱི་དངོས་གྲུབ་ཀྱང་སྩལ་དུ་གསོལ། ཞེས་བརྗོད། དེ་ནས་རང་གི་མདུན་ནས་གཡས་སྐོར་གྱི་རིམ་པས། ཨོཾ་བཛྲ་སཏྭ་ཨཿ ཞེས་


TNT13_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ཅིང་ཐབ་ཀྱི་ཕྱོགས་མཚམས་བརྒྱད་དུ་སྔ་མ་སྔ་མའི་རྩེ་མོ་ཕྱི་མ་ཕྱི་མའི་རྩ་བས་ནོན་པར་བཀྲམ་མོ། །དེ་ནས་བྱོན་ཟན་འབུལ་བ་ནི་འོག་འདས་པའི་མེ་ལྷའི་སྐབས་སུ་འཆད་པ་ལྟར་ཤེས་པར་བྱའོ། །འདིར་མེ་བཀྲ་བརྟག་པ་མདོར་བསྡུས་པ་ནི། ཁ་དོག་དཀར་ཞིང་སྣུམ་པ་དུ་བ་ཆུང་ཞིང་བུང་བ་ལྟ་བུའི་སྒྲ་སྙན་ཅུང་ཟད་དང་བཅས་པ་ནི་ཞི་བ་ལ་བཟང་ལ། དུ་བ་ཆེ་ཞིང་མེ་སྟག་འཕྲོ་བ་མེ་ལྕེ་འཆད་པ་དྲི་མི་ཞིམ་པ་ནི་ངན་པས་བསང་ཆུ་གཏོར། ཨོཾ་ཨ་མྲྀ་ཏ་ཏེ་ཧཱུཾ་ཕཊ་ཅེས་དང༌། ཧཱུཾ་རིང་པོ་བརྗོད་པས་བགེགས་བསྲུང་ངོ༌། །དེ་ནས་བསྲེག་རྫས་རྣམས་ལྷ་སྔགས། རྫས་སྔགས། ལས་སྔགས་གསུམ་སྤེལ་ཚིག་དང་བཅས་པས་འབུལ་ཏེ། རྫས་སྔགས་ནི། ཨོཾ་བོ་དྷི་བྲི་ཀྵ་ཡེ་སྭཱ་ཧཱས་ཡམ་ཤིང༌། ཨོཾ་ཨགྣི་ཡེ་སྭཱ་ཧཱས་མར། ཨོཾ་སརྦ་པ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱས་ཏིལ། ཨོཾ་སརྦ་སཾ་བོ་དྷ་ཡེ་སྭཱ་ཧཱས་ཟས་མཆོག །ཨོཾ་བཛྲ་པུཥྛ་ཡེ་སྭཱ་ཧཱས་འབྲས། ཨོཾ་བཛྲ་བི་ཛ་ཡེ་སྭཱ་ཧཱས་སོ་བ། ཨོཾ་མཧཱ་བྷེ་ག་ཡེ་སྭཱ་ཧཱས་ནས། ཨོཾ་མཧཱ་བཱ་ལ་ཡེ་སྭཱ་ཧཱས་སྲན་མ། ཨོཾ་བཛྲེ་གྷསྨ་རི་ཡེ་སྭཱ་ཧཱས་གྲོ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱས་དུར་བའི་མྱུ་གུ། ཨོཾ་ཨ་པྲ་ཏཱི་ཧཱ་ཏ་བཛྲ་ཡེ་སྭཱ་ཧཱས་ཀུན་ཤའི་སྔགས་སོ། །དེ་ལ་རྒྱས་པར་ན། ལྷ་སྔགས་རྫས་སྔགས་ལས་སྔགས་གསུམ་ཚང་བ་ཉིད་ཡིན་ལ། ཡང་མྱུར་བར་འདོད་ན་ཐོག་མར་ལྷ་སྔགས་ཅི་རིགས་བརྗོད་ལ། བར་དུ་རྫས་སྔགས་ཉིད་ལ་གྲངས་ཀྱི་ཚད་འཛིན་ཞིང༌། མཐར་ལས་སྔགས་ཀྱང་ཅི་རིགས་བཤམ་བུར་བཏགས་པས་འགྲུབ་བོ། །དེ་ལ་ཞུ་བའི་རྫས་རྣམས་ལྷའི་ཞལ་


TNT13_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སིབ་སིབ་ཕུལ་བར་བསམ། གོང་བུའི་རྫས་རྣམས་ཕྱག་དང༌། དུར་བ་དང་ཀུ་ཤ་དབུའི་གཙུག་ཏོར། ཡམ་ཤིང་ནི་འོད་ཀྱི་དཀྱིལ་འཁོར་དུ་འབུལ་བ་ཉིད་ཡིན་ཏེ། འབུལ་ཚུལ་དཔེར་མཚོན་ན། ཡམ་ཤིང་བྱང་ཆུབ་ཀྱི་ཤིང་དུ་མོས་ལ། ཨོཾ་ཨགྣ་ཡེ་བོ་དྷི་པྲྀ་ཀྵ་ཡེ་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱཧཱ། ཞེས་བརྗོད་ཀུ་ཤའི་བར་ཀུན་ལ་རིགས་འགྲེ། དེ་ནས་མེ་ལྷ་ལ་བསང་ཆུ་གཏོར་ཞིང༌། ཨོཾ་ཨརྒྷཾ་སྭཱཧཱ་ཞེས་མཆོད་ཡོན་ཕུལ་ཏེ་མར་བླུག་གཟར་གང་ཐབ་ཏུ་བླུགས་ལ། ཨོཾ་བཛྲ་ཛྭ་ལ་རཾ་ཞེས་བརྗོད་པས། མེ་ལྷ་འབར་བའི་རྣམ་པར་གྱུར་པར་བསམ་ལ། གསུམ་པ་འཇིག་རྟེན་ལས་འདས་པའི་ལྷ་མཆོད་པ་ལ། སླར་ཡང་མེ་དེ་ཉིད། ཨ་མྲྀ་ཏས་བསངས། སྭབྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་འབར་བའི་མེ་ནང་དུ་པཾ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་གླང་པོ་ཆེས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ་དང་ཟླ་བའི་གདན། ཕྱོགས་དང་མཚམས་ཀྱི་འདབ་མ་རྣམས་ལ་ཟླ་བའི་གདན། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྡོ་རྗེ་མི་འཁྲུགས་པ་འཁོར་དང་བཅས་པ་སྤྱན་དྲངས་བར་བསམས་ནས། རྡོ་རྗེ་བསྡུ་བའི་སྔགས་དང་ཕྱག་རྒྱས། དད་པ་དང་ནི་དམ་ཚིག་གིས། ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །བདག་ལ་མཆོད་ཡོན་བཞེས་ནས་ཀྱང༌། །མཆོད་པས་བདག་ལ་དགེས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་


TNT13_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

ཨཀྵོ་བྷྱ་ས་པཱ་རི་ཝཱ་ར་ཨེ་ཧྱ་ཧི། ཞེས་པས་སྤྱན་དྲངས་ཞིང༌། སྤྱན་དྲངས་པའི་མི་འཁྲུགས་པ་འཁོར་བཅས་ཐབ་ནང་དུ་བྱོན་པར་བསམ་ནས། དབུས་ཀྱི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་མི་འཁྲུགས་པ་སྐུ་མདོག་ཨིནྡྲ་ནཱི་ལ་ལྟར་སྔོ་བ༴ ཞེས་པ་ནས། རྡོ་རྗེ་སྐྱིལ་ཀྲུང་གི་བཞུགས་པའོ། །ཞེས་པའི་བར་གྱིས་གཙོ་བོ་གསལ་བཏབ། ཤར་དུ་ལྷ་མོ་པདྨ་ཅན༴ ཞེས་པ་ནས། འོད་ཟེར་དཔག་ཏུ་མེད་པ་འཕྲོ་བའོ། །ཞེས་པས་ལྷ་མོ་རྣམས་གསལ་བཏབ། དམ་ཚིག་གི་ཕྱག་རྒྱ་བསྟན་པས་མཉེས་པར་བསམས་ལ། མདུན་བསྐྱེད་ཀྱི་བཅོམ་ལྡན་འདས་ལྷ་དགུའི་ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་གཅིག་པ་དབུས་རྭ་སྦུབས་ཅན་དུ་གནས་པ་དགང་བླུགས་ཀྱི་ཁ་ལ་རཾ་བསམས་ནས། གཟར་བུ་གཉིས་པུས་མོ་གཉིས་ཀྱི་བར་དུ་བཅུག་སྟེ། བྱང་ཆུབ་མཆོག་གི་ཕྱག་རྒྱས་བཟུང་ལ། ཀཱཾ་ཀ་ནི་ལན་གསུམ་དང༌། ལྷ་མོ་བརྒྱད་ཀྱི་སྔགས་སོ་སོ་རྣམས་ལན་རེ་བརྗོད་པའི་མཐར། ཨོཾ་ཨགྣ་ཡེ་སྭཱཧཱ། ཞེས་བརྗོདཅིང༌། བླུགས་གཟར་གྱིས་དགང་གཟར་བཀང་ལ། གཟར་བུ་གཉིས་ཁ་སྦྱར་ཏེ་ཐབས་ལ་གཡས་སུ་བསྐོར་ལ། བཅོམ་ལྡན་འདས་འཁོར་དང་བཅས་པའི་ཞལ་དུ་ཕུལ་བར་བསམ་ལ། ཨོཾ་ཨགྣ་ཡེ་བིདྷྱ་བིདྷྱ་བི་ཤུདྡྷེ་མཧཱ་ཤྲཱི་ཧ་བྱ་ཀ་བྱ། བྷ་ཧ་ཡ་ན་ཡ་ཞེས་པའི་མཐར། བདག་དང་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱཧཱ། བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་བྱོན་


TNT13_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

ཟན་ཕུལ་ལ། སླར་ཡང་མཆོད་པ་རྣམས་བྱིན་གྱིས་བརླབས་ནས། ཐལ་མོ་སྦྱར་ཏེ། ཐུགས་ཀྱི་དབང་ཕྱུག་ཆོས་དབྱིངས་ཡེ་ཤེས་དངོས། །བཅོམ་ལྡན་མི་འཁྲུགས་མགོན་པོ་འཁོར་བཅས་རྣམས། །ལྷ་རྫས་དམ་པའི་མཆོད་ཡོན་འདི་བཞེས་ལ། །བདག་དང་འགྲོ་ལ་དངོས་གྲུབ་སྩལ་དུ་གསོལ། ཧཱུཾ་བཛྲ་ཨཀྵོ་བྷྱ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཤཾ་མངྒ་ལ་ཤྲཱི་བཏྶ་ཡེ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། པཾ་མངྒ་ལ་པདྨ་ཨརྒྷཾ་པྲ་ཏིཙྪ་སྭཱཧཱ། ཚཾ་མངྒ་ལ་ཚ་ཏྲཾ་ག་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཤཾ་མངྒ་ལ་ཤཾ་ཁ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཙཾ་མངྒ་ལ་ཙཀྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དྷཱཾ་མངྒ་ལ་དྷཱ་ཛ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཀཾ་མངྒ་ལ་ཀ་ལ་ཤ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། མཾ་མངྒ་ལ་མཏྶཡ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་བརྗོད་ཅིང་པད་སྐོར་སྔོན་དུ་འགྲོ་བའི་ཕྱག་རྒྱ་བཅས་ལ། ལྷ་རེ་རེ་བཞིན་དབུལ། དེ་བཞིན་དུ་ཚིགས་བཅད་དང་སྔགས་གོང་འོག་ཐམས་ཅད་འདྲ་བར་བྱས་ལ། ལྷ་རྫས་དམ་པའི་མེ་ཏོག་དང༌། པུཥྤེ། བདུག་སྤོས་དང༌། དྷུ་པེ་སྣང་གསལ་དང༌། ཨཱ་ལོ་ཀེ །དྲི་ཆབ་དང༌། གནྡྷེ། ཞལ་ཟས་དང༌། ནེ་ཝི་དྱ། རོལ་མོ་དང༌། ཤཔྟ། ཞེས་ལྷ་རེ་རེ་བཞིན་ཕུལ་བའི་མཐར་རོལ་མོ་ཇི་སྙེད་པའི་སྒྲ་བྱ་ཞིང༌། དྷརྨ་ར་ཎ་ལ་སོགས་པ་བརྗོད། དེ་ནས་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། འདོད་ཡོན་རྣམ་ལྔ་དང་བསྟོད་པའི་བར་ཆོ་གའི་གཞུང་ནས་འབྱུང་བ་ལྟར་བྱས་ལ་དེ་ནས་བསྲེག་རྫས་རྣམས་ལྷ་སྔགས་ཀྱི་རྗེས་ལ། འཇིག་རྟེན་པའི་མེ་ལྷའི་སྐབས་ལྟར་ཚར་གཅིག་ཕུལ་ནས། སླར་ཡང་གྲངས་ཀྱི་ངོ་བོ་ཏིལ་འབའ་ཞིག་ལ་འཛིན་ནོ། །དེ་ཡང་མྱུར་བར་འདོད་ན་ལྷ་སྔགས་རྫས་སྔགས་ལས་


TNT13_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་གསུམ་མམ་བཞིའམ་བདུན་ལ་སོགས་པ་ཇི་ལྟར་འོས་པའི་མཚམས་སུ་སྤེལ་ཚིག་སྦྱར་ལ་བཟུང་ངོ༌། །དེང་བར་སྐབས་སུ་ཡམ་ཤིང་དང་མར་འབུལ་ལོ། །མེའི་རྒྱུན་མ་ཆད་ཙམ་གྱི་བུད་ཤིང་ཡང་ཆུད་པར་བྱའོ། །མར་མི་ལྡུགས་པའི་དུས་སུ་གཟར་བུ་གཉིས་ཁ་སྦྱར་ལ་རྡོ་རྗེ་དྲིལ་བུའི་བར་དུ་གཞུག་གོ །དེ་ནས་སླར་ཡང་མཆོད་པ་བསངས་སྦྱངས་བྱིན་གྱིས་བརླབས་ཏེ། ཆོ་གའི་གཞུང་གི་རྗེས་ཆོག་གི་སྐབས་ལྟར་མཆོད་བསྟོད་བྱས་པའི་རྗེས་སུ་དངོས་གྲུབ་བླང༌། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་པས་ལྷག་ཆད་ཁ་བསྐང༌། མ་འབྱོར་བ་དང་ཉམས་པ༴ སོགས་ཀྱིས་ནོངས་པ་བཟོད་པར་གསོལ། མཐར་མདུན་བསྐྱེད་ལ་གཤེགས་སྐྱེམས་སུ་མར་དགང་གཟར་བདུན་ཚན་གསུམ་བྱོན་ཟན་སྐབས་ལྟར་ཕུལ་ནས། ཧཱུཾ་ཁྱེད་ཀྱིས༴ སོགས་དང༌། བཛྲ་མུཿ ཐབས་ནང་གི་ཡེ་ཤེས་སེམས་དཔའ་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ་ལོ། །བཞི་པ་སླར་ཡང་འཇིག་རྟེན་པའི་མེ་ལྷ་མཆོད་པ་ལ། ཨོཾ་ཨགྣེ་ཛྭ་ལ་རཾ། ཞེས་བརྗོད་ཅིང་མར་བླུག་གཟར་གང་ཐབ་ཏུ་བླུག་པའི་རྐྱེན་གྱིས། མེ་ལྷ་འབར་བའི་རྣམ་པ་ལས། སྐད་ཅིག་གིས་རང་གི་གཟུགས་སུ་བྱོན་པར་དམིགས་ལ། ཡམ་ཤིང་ནས་ཀུ་ཤའི་བར་བསྲེག་རྫས་རྣམས་ཇི་ལྟར་འབྱོར་བ་གསུམ་མམ་ལྔའམ་བདུན་ལ་སོགས་ཕུལ་བའི་མཐར་གོང་བཞིན་མཆོད་བསྟོད་བྱས་ནས། གཏོར་མ་བསངས་སྦྱངས་བྱིན་གྱིས་རླབས་ཏེ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ལ། ཨོཾ་ཨགྣ་ཡེ་ས་པཱ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ། ཞེས་སོགས་བཏགས་


TNT13_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུམ་མམ་ལྔས་གཏོར་མ་ཕུལ་ཏེ། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མེ་ལྷའི་རྒྱལ་པོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པས་འཕྲིན་ལས་བཅོལ། གཤེགས་སྐྱེམས་སུ་མར་དགང་བླུགས་བདུན་ཚན་གསུམ་ཕུལ་ནས། གོང་གི་འབར་བའི་རྣམ་པར་གྱུར་བའི་སྐབས་ལྟར་བསང་ཆུ་གཏོར། མཆོད་ཡོན་ཕུལ་ལ། སྤྱན་དྲངས་པའི་ཕྱག་རྒྱ་རྣ་བའི་ཐད་ཀར་ཕྱིར་བཀྱེད་དེ། ཨོཾ་བདག་གི་དོན་དང་གཞན་གྱི་དོན། །བསྒྲུབ་ཕྱིར་བཞུད་ཅིག་བྱིན་ཟ་ཁྱོད། །ཇི་བཞིན་དུས་སུ་སླར་གཤེགས་ཏེ། །བདག་གི་འདོད་པ་ཐམས་ཅད་སྒྲུབས། །ཨོཾ་ཨགྣ་ཡེ་ཡ་ཏི་གཙྪ། ཞེས་བརྗོད་པས། མེ་ལྷ་རང་བཞིན་གྱི་གནས་སུ་གཤེགས་པར་བསམས། བསྔོ་བ་སྨོན་ལམ་བཀྲ་ཤིས་རྣམས་བྱས་ལ་སྤྱོད་ལམ་ལ་འཇུག་གོ། གསུམ་པ་རྗེས་ནི་མེ་མ་ཤི་བར་དུ། གཞན་རེག་ཏུ་མི་འཇུག་ཅིང་མི་དཀྲུག །ལོང་ཡོད་ན་འོ་མའི་ཆུས་བཀྲུས་ལ་ཐལ་བ་སྣོད་གཙང་མར་བསྡུས་ཏེ། ཆུའི་ནང་ན་གནས་པའི་སྲོག་ཆགས་མང་པོ་ལ་ཕན་གདགས་པའི་ཕྱིར་རྒྱ་མཚོ་ཆེན་པོར་འབབ་པའི་ཆུར་དོར། ཐབ་ཀྱི་ཉེ་འཁོར་དྲི་ཞིམ་པོའི་ཆུས་བླུགས་ཏེ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །ཡང་འདི་ཉིད་ཀྱི་སྒོ་ནས་རོ་བསྲེག་པའི་ཆོ་ག་བྱ་བར་འདོད་ཚུལ་གཉིས་ཏེ། དེ་ལ་རོ་མཆོག་གནས་ཀྱི་ཚུལ་དུ་སྦྱོང་བ་ནི། རང་གི་བླ་མའམ། དགེ་བའི་བཤེས་གཉེན་ཆེན་པོ་ལ་འཇིག་རྟེན་ལས་འདས་


TNT13_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མེ་ལྷ་སྤྱན་འདྲེན་པའི་ཚེ། བླ་མའམ་དགེ་བའི་བཤེས་གཉེན་ཆེན་པོ་དེ་ཉིད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དང་ཐ་མི་དད་པའི་བཅོམ་ལྡན་འདས་མི་འཁྲུགས་པ་ལྷ་དགུའི་དཀྱིལ་འཁོར་སྤྱན་དྲངས་ལ། བསྲེག་རྫས་རྣམས་འབུལ་བའི་ཚེ། ཡུལ་དེ་ཉིད་རང་གི་བླ་མ་ཡིན་ན། བདག་སོགས་གདུལ་བྱར་གཏོགས་པ་རྣམས་ཀྱི་ལས་ངན་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱཧཱ། ཞེས་པ་དང༌། ཆོས་འབྲེལ་མེད་པའི་དགེ་བའི་བཤེས་གཉེན་ལྟ་བུ་ལ། ཡུལ་དེ་ཉིད་ཀྱི་གདུལ་བྱར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱི་ལས་ངན་སྡིག་སྒྲིབ་ཐམས་ཤཱིནྟཾ་ཀུ་རུ། ཞེས་བློས་དཔྱད་ནས་འབུལ་ལོ། །གཉིས་པ་རོ་ཡོན་བདག་གི་ཚུལ་དུ་སྦྱོང་བ་ནི། ཐོག་མར་ལས་སྒྲིབ་རྣམ་སྦྱོང་གི་གཟུངས་ནས་འབྱུང་བ་ལྟར་ཀཱཾ་ཀ་ནིའི་གཟུངས་གསེར་དངུལ་ལམ། མ་འབྱོར་ན་སྣག་ཚས་བྲིས་ལ། རྟེན་དེ་ཉིད་ཀྱི་མགོ་ལ་གདགས། ཆོ་གའི་གཞུང་ནས་འབྱུང་བ་ལྟར་སྦྱང་ཁུས་བྲབ་གསུམ་སོགས་ལྷོ་སྒོའི་ཆོ་ག་ཡང་ཡང་དུ་བྱ། བསྲེག་ཆོག་དངོས་གཞིའི་ཚེ་བསྲེག་རྫས་རྣམས་བྱིན་གྱིས་རླབས་ནས། ཚེ་ལས་འདས་པའི་ཕུང་ཁམས་སྐྱེ་མཆེད་དང༌། བསྲེག་རྫས་རྣམས་ཐ་མི་དད་པ་དྭངས་ཤིང་ཐོགས་པ་མེད་པ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་ངན་སྡིག་སྒྲིབ་ཐམས་ཅད་ཡོངས་སུ་སྦྱོང་བའི་ནུས་པ་དང་ལྡན་པར་གྱུར། ཞེས་དང༌། དངོས་གཞིའི་ཚེ། བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཐུགས་རྗེའི་བདག་པོ་མི་འཁྲུགས་པའི་ལྷ་ཚོགས་འཁོར་དང་བཅས་པས་ཚེ་ལས་


TNT13_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་ཆེ་གེ་མོ། ཞེས་བྱ་བའི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཡོངས་སུ་སྦྱོང་བ་དང༌། མྱུར་དུ་འཁོར་བ་དང་ངན་སོང་ལས་འདོན་པའི་འཕྲིན་ལས་མཛོད་ཅིག །ཅེས་བསྲེག་རྫས་རེ་རེའི་འཇུག་ཏུ་ཡང་སྦྱར་ཞིང༌། ཆོ་ག་བཞིན་བསྒྲུབས་པའི་ཆུས་རུས་པ་ཡང་ཡང་བཀྲུས་ལ་མཐར་ཚ་ཚའི་ཆོ་ག་དང༌། མཆོད་རྟེན་གྱི་ཆོ་ག་ཡང་ལག་ལེན་ལས་འབྱུང་བ་བཞིན་བསྒྲུབས་ཏེ། འགྲོ་བའི་ངན་སོང་གི་གནས་འགེགས་པའི་ཐབས་མཆོག་ཏུ་གྱུར་པ། རྒྱལ་བའི་བཀའ་ཡང་དག་པའི་ཚད་མ་ལ་ནན་ཏན་དུ་བྱ་བར་རིགས་སོ། །རྨད་བྱུང་རྒྱུད་སྡེ་ཀུན་གྱི་རྩ་བའི་མཆོག །བྱ་བའི་རྒྱུད་ཀྱི་ཤིང་རྟ་ཆེན་པོའི་སྲོལ། །ཛ་ཏཱ་རི་པའི་གཞུང་གི་རྗེས་འབྲངས་ནས། །མ་ནོར་སྦྱིན་བསྲེག་ཆོ་ག་གསལ་བར་བྱས། །འདིར་འབད་དགེ་བ་ལས་བྱུང་མེ་འོད་ཀྱིས། ཁམས་གསུམ་འཁོར་བའི་ལས་ཉོན་ཀུན་བསྲེགས་ནས། །ཆོས་དབྱིངས་རྣམ་པར་མི་རྟོག་ཐབ་ཁུང་དུ། །གཟུང་འཛིན་སྣང་བའི་འབུད་ཤིང་སྲེག་གྱུར་ཅིག །བཅོམ་ལྡན་འདས་མི་འཁྲུགས་པའི་སྦྱིན་སྲེག་གི་ཆོ་ག་ལས་སྒྲིབ་ཀུན་འཇོམས་ཞེས་བྱ་བ་འདི་ཡང༌། བརྒྱུད་པ་གོང་མའི་གསུངས་ཐོར་བུར་གནས་པ་རྣམས་གཞན་ལ་ཕན་པའི་བློས་ཕྱོགས་གཅིག་ཏུ་བསྡེབས་ཏེ་བཙུན་པ་གྲོལ་མཆོག་གིས་ཉེ་བར་བཀོད་པའོ།། །།ཞུས་དག །བཀྲ་ཤིས། །བདག་གིས་དགེ་བ་གང་བསགས་འདི་ཡིས་མཐུས། །སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པ་དང་། །གནས་སྐབས་མཐའ་ཐུག་ཕན་བདེ་མཆོགས་སྤེལ་བའི། །བླ་ན་མེད་པའི་རྒྱུ་ཚོགས་ཉིད་གྱུར་ཅིག །ཅེས་ཨོ༏ཨུ་དགེ་བས་སྔོ་བ་འདི་མ་ཏིས་བྲིས། །


previousབཅོམ་ལྡན་འདས་མི་འཁྲུགས་པའི་སྦྱིན་སྲེག་གི་ཆོ་ག་ལས་སྒྲིབ་ཀུན་འཇོམས།next