Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏོར་མ་ཆ་གསུམ་ལག་ལེན།
   


 
previousགཏོར་མ་ཆ་གསུམ་ལག་ལེན།next

གཏོར་མ་ཆ་གསུམ་ལག་ལེན།


TNT13_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ཆ་གསུམ་ལག་ལེན་བཞུགས།


TNT13_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། གཏོར་མ་ཆ་གསུམ་དུ་གྲགས་པའི་ལག་ལེན་ལ། ཆོ་གའི་རིམ་པ་རྒྱས་འབྲིང་བསྡུས་གསུམ་དང༌། རྒྱུད་སྡེའི་དབྱེ་བས་བྱ་སྤྱོད་ཀྱི་ལུགས་དང་རྣལ་འབྱོར་རྒྱུད་ཀྱི་ལུགས་གཉིས་ཏེ། གསུམ་ལ་གཉིས་ཀྱིས་ཕྱེ་བས་རྒྱུད་གཞུང་ཁུངས་མ་རྣམས་ཀྱི་བསྟན་ཚོད་ལ་ཡང་རྩ་བའི་དབྱེ་བ་དྲུག་ཏུ་འབྱུང་ཞིང༌། བོད་སྔ་མ་རྣམས་ཀྱི་ལག་ལེན་ནི་མི་གཅིག་པ་མཐའ་ཡས་པའང་ཡོད་ལ། དེ་དག་ལས་སྐབས་འདིར་རྣལ་འབྱོར་རྒྱུད་ཀྱི་ལུགས་ཆོ་ག་བསྡུས་པ་ནི་འདི་ལྟར་བྱ་སྟེ། འབྲས་ཡོས་བཅས་ཤིང་ཏིལ་དང་བཅས། །འབྲས་ཆན་འབྲས་བུ་དག་དང་བཅས། །སྲན་ཆན་བཅས་ཤིང་ལ་དུ་དང༌། །སྣུམ་འཁུར་ལ་སོགས་བཟའ་བ་རྣམས། །ཞེས་གསུངས་པ་ལྟར་གྱི་རྒྱུ་ལ། གཏོར་མ་དང་པོ་དང་གཉིས་པ་ལྕོག་ཟླུམ་དཀར་གཏོར་རེ་དང༌། གསུམ་པ་བགེགས་གཏོར་དབུས་སུ་ཤུ་ལུ་གཡས་གཡོན་དུ་ཏིང་ལོ་ཆངས་བུར་བཅས་པའམ། མཐེབ་ཀྱུ་ཏིང་ལོ་ཆངས་བུ་ཅན་བྱས་ཀྱང་རུང་སྟེ། ཤ་ཆང་ལ་ཕུག་སོགས་ཀྱིས་ཀྱང་བརྒྱན་ནོ། །བདག་ཉིད་ལྷའི་ང་རྒྱལ་ལ་གནས་པས་གཏོར་མའི་ཆོ་ག་བྱ་སྟེ། ཞི་དྲག་ལ་ཁྱད་པར་མེད་དོ། །


TNT13_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཡོན་དང་བཅས་པའི་ཉེར་སྤྱོད་ལྔ་ཡང་འགྲུབ་ན་ཚར་གསུམ་བཤམ། དེ་ཙམ་མ་འགྲུབ་ན་ཚར་གཅིག་བཤམ་ལ་ཁ་གསོས་ཀྱིན་མཐར་བགེགས་གཏོར་གྱི་གཏོར་སྣོད་དུ་བླུགས་པ་ཡིན། ཤིན་ཏུ་བསྡུ་ན་མཆོད་པ་དེ་རྣམས་ཡིད་ཀྱིས་སྤྲུལ་པ་སྟེ། འོན་ཀྱང་དམིགས་པ་ལ་བརྟན་པ་ཐོབ་པ་ཡིན་ན་མ་གཏོགས། མཆོད་ཡོན་ལ་སོགས་པ་དངོས་སུ་བཤམ་དགོས་སོ། །མཆོད་པ་བྱིན་རླབས་ནི་སྤྲོ་ན་ལོགས་སུ་བྱ་ལ། བསྡུ་ན་གཏོར་མའི་བྱིན་རླབས་དང་ལྷན་ཅིག་དམིགས་པས་ཆོག་གོ །དེ་ལ་དང་པོ་ཕྱོགས་སྐྱོང་གི་གཏོར་མ་ནི། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དང༌། ཨོཾ་བཛྲ་ཡཀྵ་ཧཱུཾ། རྡོ་རྗེ་མེའི་ཕྱག་རྒྱ་དང༌། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུཾ་ཕཊ། རྡོ་རྗེ་བསྡམས་པའི་ཕྱག་རྒྱ་འདེབས་ཚུལ་དང༌། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨ་དྱ་ནུཏྤནྣ་ཏྭ་ཏ། ཞེས་པས་བྱིན་གྱིས་བརླབས་པའམ། ཡང་ན། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ་དང༌། སྭ་བྷཱ་ཝ་དང༌། ཨ་ཀཱ་རོ་གསུམ་གྱིས་བྱིན་རླབས་བྱས་ཀྱང་རུང་སྟེ་ཕྱི་མ་འདི་བྱ་སྤྱོད་ཀྱི་དཀྱིལ་འཁོར་ལ་ཆོ་ག་རྣལ་འབྱོར་རྒྱུད་སོགས་རྒྱུད་སྡེ་གོང་མ་དང་མཐུན་རུང་དུ་བཀྲལ་བ་རྣམས་དང་སྦྱར་ན་ལེགས་སོ། །


TNT13_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་མདུན་དུ་བྷྲཱུཾ་ལས་བྱུང་བའི་གཞལ་མེད་ཁང་ལྷའི་གདན་དང་བཅས་པར་གྱུར། རྡོ་རྗེས་གཡབ་ཅིང་དྲིལ་གསིལ་དང་བཅས། ཧཱུཾ་མགོན་པོ་ཀུན་གཤེགས་ཐུགས་དམ་ཅན། །ད་ལྟ་སྙིགས་མ་ལྔ་ཡི་དུས། །གཤེགས་ཤིང་བཞུགས་པའི་གནས་ངན་ཡང༌། །ཤཱཀྱའི་བསྟན་པ་བསྲུང་བ་དང༌། །བདག་ཅག་རྣམས་ལ་ཕན་བཏགས་ཕྱིར། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་དབང་དང་ལྡན། །ཐུགས་རྗེ་ཐབས་མཁས་ཡི་དམ་བསྐྱིལ་པོ་ཆེ། །ལྷ་དང་དྲང་སྲོང་ཡི་དྭགས་སྲིན་པོ་ཀླུ། །རིག་གཛིན་རྒྱལ་པོ་དང་ནི་གནོད་སྦྱིན་བདག །དེ་དག་སོ་སོའི་དབང་པོའི་སྐུར་སྟོན་ཞིང༌། །ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་བཞུགས་སུ་འཚལ། །བསྟན་པ་རྒྱས་པའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཀྱི་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་ད་ཤ་དི་ག་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་ས་མ་ཡེ་སྭཱཧཱ། ཨེ་ཧྱེ་ཧི། ཞེས་པ་ལན་མང་དུ་བརྗོད། ཤིན་ཏུ་བསྡུ་ན། ཨོཾ་ད་ཤ་དི་ག་ལོ་ཀ་པ་ལ་ཨ་དྷི་པ་ཏི་ས་པཱ་རི་ཝ་ར་གྲྀཧྞ་དཾ་ཨརྒྷཾ་སྭཱ་ཧཱ། དེ་བཞིན་དུ་པུཥྤཾ་ནས། ཤཔྟའི་བར་གྱིས་མཆོད། ཅུང་རྒྱས་པ་ལ་དགའ་ན། ཨོཾ་ཨིནྡྲ་ཡ་སྭཱཧཱ། ཨོཾ་ཨགྣེ་ཡེ་སྭཱཧཱ། ཨོཾ་ཡ་མཱ་ཡ་སྭཱཧཱ། ཨོཾ་ནི་རི་ཏྱ་ཡ་སྭཱཧཱ། ཨོཾ་ཝ་རུ་ཎ་ཡ་སྭཱཧཱ། ཨོཾ་བཱ་ཡ་བཻ་སྭཱཧཱ། ཨོཾ་ཀུ་བེ་རཱ་ཡ་སྭཱཧཱ། ཨོཾ་ཨི་ཤཱ་ན་ཡ་སྭཱཧཱ། ཨོཾ་པྲཧྨ་ཎེ་སྭཱཧཱ། ཨོཾ་སུརྱ་ཡ་སྭཱཧཱ།


TNT13_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཙནྡྲ་ཡ་སྭཱཧཱ། ཨོཾ་བཱ་སུ་དྷ་རི་ཎྱཻ་སྭཱཧཱ། ཨོཾ་ན་གཱ་བྷྱཿསྭཱཧཱ། ཨོཾ་ཨ་སུ་ར་བྷྱཿསྭཱཧཱ། གྲྀཧྞ་དཾ་ཨརྒྷཾ་སྭཱཧཱ། ཞེས་མཆོད་ཡོན་ཕུལ་དེ་བཞིན་དུ། པུཥྤེ་ནས་ཤཔྟའི་བར་གྱིས་ཉེར་སྤྱོད་འབུལ། དེ་ནས་དྲིལ་སྟབས་དང་བཅས། དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མེ་སྟེ་སྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ༴ ཤར་ལྷོ་མེ་ལྷའི༴ མཆོད་ཅིང་༴ གཤིན་རྗེ་བེ་ཅོན་འཆང་པའི་ལྷ། །མ་མོའི་རྒྱལ་པོ༴ ལྷོ་ཕྱོགས༴ མཆོད་ཅིང་༴ བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི༴ ལྷོ་ནུབ༴ མཆོད་ཅིང་༴ ཞགས་པ་ཐོགས་པ་ཆུ་ཡི་ལྷ། །ཀླུ་ཡི༴ ནུབ་ཕྱོགས༴ མཆོད་ཅིང་༴ རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །རིག་འཛིན༴ ནུབ་བྱང་༴ མཆོད་ཅིང་༴ གནོད་སྦྱིན་ལག་ན་དབྱུག་ཐོ་ཐོགས། །ནོར་སྲུངས༴ བྱང་ཕྱོགས༴ མཆོད་ཅིང་༴ དབང་དང་ལྡན་པ་འདྲེན་པའི་ལྷ། །འབྱུང་པོ༴ བྱང་ཤར༴ མཆོད་ཅིང་༴ སྟེང་གི་ཚངས་པ་ཆེན་པོ་དང༌། །ཉི་མ་ཟླ་བ་གཟའ་ཆེན་པོ། །གཟའ་དང་རྒྱུ་སྐར་ལྷར་བཅས་ལ། །མཆོད་ཅིང་༴ འོག་གི་ཀླུ་དང་ས་ཡི་ལྷ། །ས་འཛིན་ལག་པ་ཆེན་པོ་དང༌། །དམ་ཚིག་ཤེས་པའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། ཞེས་པས་བསྟོད།


TNT13_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨིནྡྲ་ཡེ་སྭཱཧཱ། ནས། ཨ་སུ་ར་བྷྱཿསྭཱཧཱ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་ས་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ། གྲྀཧྞ་དཾ་བཱ་ལིཾ་ཏ་ཡེ་སྭཱཧཱ། ཞེས་པ་ལན་གསུམ་མམ་བདུན་གྱིས་གཏོར་མ་བཏབས། དེ་ནས་ཚིགས་བཅད་ཀྱིས་འབུལ་བ་ནི། དྲིལ་ཐབས་དང་བཅས། ཤར་ཕྱོགས་རྡོ་རྗེ་ཅན་གྱི་ལྷ་ཚོགས་འཁོར་དང་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག །ཆུ་བདག་རླུང་བདག་ནོར་གྱི་བདག་པོ་དང༌། །དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང༌། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང༌། །ལྷ་རྣམས་ཀུན་དང་ས་ཡི་ཀླུ་རྣམས་དང༌། །རི་ཡི་ལྷ་དང་གསང་བའི་ཚོགས་འདུས་ལ། །སོ་སོར་གཏོར་མ་ཕུལ་བ་རྣམས། །རབ་ཏུ་དགེས་པ་ཡིས་ནི་བཞེས་ནས་ཀྱང༌། །རང་རང་ཕྱོགས་སུ་ལེགས་པར་ཞུགས་ནས་སུ། །རང་གི་བུ་སྨད་མཛའ་བཤེས་གཉེན་མདུན་དང༌། །ནང་མི་དམག་དང་དཔུང་བཅས་ཐབས་ཅིག་ཏུ། །མེ་ཏོག་ཕྲེང་བ་དྲི་དང་བྱུག་པ་དང༌། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་བཞེས་ཏེ་བཏུང་ཞིང་གསོལ་ནས་སུ། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། ཅེས་སོ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་འཕྲིན་ལས་གཞོལ། ཆོས་རྣམས་གང་དག་རྒྱུ་ལས་བྱང༌། །དེ་རྒྱུ་དེ་བཞིན་གཤེགས་པས་བསྟན། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་


TNT13_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང༌། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་གྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་སྲུང་བའི་དགེ་སྦྱོང་དག །སྡུག་བསྔལ་ཀུན་ལས་ངེས་པར་གྲོལ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོགས་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་བྱུང༌། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་ཀྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །ཨོཾ་ད་ཤ་དི་ག་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་གཙྪ། མཆོད་པ་རྣམས་གཏོར་སྣོད་དུ་བླུག་ལ་ཕྱིར་བཏང་ངོ༌། །གཉིས་པ་འབྱུང་པོ་སྤྱིའི་གཏོར་མ་ནི། གོང་བཞིན་བྱིན་གྱིས་བརླབས་ནས། དྲིལ་ཐབས་དང་བཅས་པས་རྡོ་རྗེ་གཡབ་ཅིང༌། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟང་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་ཚོགས་རྣམས་དང༌། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བུ་སྨད་བཅས་ཤིང་གཡོག་འཁོར་བཅས་རྣམས་ལ། །བདག་གིས་པུས་མོ་ས་མ་གཙུགས་ནས་ནི། །ཐལ་ལོ་སྦྱར་ནས་ཁྱོད་ལ་གསོལ་འདེབས་ཀྱིས། །


TNT13_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

གསན་ནས་ཕན་བདག་སླད་དུ་འདིར་གཤེགས་ཤིག །ཨོཾ་ཨེ་ཧྱེ་ཧི་ལོ་ཀ་ཀ་རཱ་ཡ། སརྦ་བྷུ་ཏ་ག་ཎེ་ས་པཱ་རི་ཝཱ་ར། ས་མཱ་ཡ་སྭཱཧཱ། ཨེ་ཧྱེ་ཧི། ལན་མང་དུ་བརྗོད། ཨོཾ་སརྦ་བྷུ་ཏ་ག་ཎེ་ས་པཱ་རི་ཝཱ་ར་གྲྀཧྞ་ད་མ་ཨརྒྷཾ་ནས ཤཔྟའི་བར་གྱིས་མཆོད། སྤྲོ་ན་དྲིལ་གསིལ་དང་བཅས་པས་སྡེ་བརྒྱད་སོ་སོའི་བསྟོད་པས་བསྟོད། བསྡུ་ན། མཐུ་ལྡན་རང་གི་དམ་ཚིག་ལ་གནས་པ། །ས་ཆུ་བར་སྣང་ས་འོག་མཁའ་ལ་སྤྱོད། །འཇིག་རྟེན་རྣམས་ལ་འཕེལ་ཟད་ལས་བྱེད་པ། །སྡེ་བརྒྱད་འབྱུང་པོའི་ཚོགས་ལ་བསྟོད་པར་བགྱི། །ཨོཾ་དེ་ཝ་ནཱ་ག་ཡཀྵ་ག་ན་དྷརྦྷ་ཨ་སུ་ར་ག་རུ་ཊ་ཀིནྣ་ར་མ་ཧོ་ར་ག་མ་ནུ་ཥྱ་ཨ་ནུ་མ་ཥྱ་ས་པཱ་རི་ཝཱ་ར་ན་མཿསརྦ་སོགས་བཏགས་པ་ལན་བདུན་སོགས་ཀྱིས་གཏོར་མ་སྟབས། དེ་ནས་ཚིགས་བཅད་ཀྱིས་འབུལ་བ་ནི། འབྱུང་པོ་གང་དག་རི་རབ་སྟེང་གནས་དང༌། །དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང༌། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང༌། །རི་བོ་ཀུན་ལ་གང་དག་གནས་པ་དང༌། །ཆུ་བོ་ཀུན་དང་ཆུ་ཡི་མདོ་རྣམས་དང༌། །རིན་ཆེན་གླིང་ན་ལྷག་པར་གང་གནས་དང༌། །མཚོ་དང་རྫིང་བུ་ལྡིངས་ཀ་ཆུ་ངོགས་དང༌། །གཡའ་ཆུ་སིལ་མ་ཅན་ན་གནས་པ་དང༌། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་པ་དང༌། ཁང་སྟོང་དག་དང་ལྷ་ཡི་ཁང་པ་དང༌། །གཙུག་ལག་ཁང་ངམ་གྲོང་ཁྱེར་གནས་དག་གམ། །དཀའ་ཐུབ་གནས་དང་གླང་ཆེན་བྲེས་དང་ནི། །རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང༌། །


TNT13_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སྲང་བཞི་མདོ་དག་དང་སུམ་མདོ་དང༌། །གང་དག་ལམ་པོ་ཆེ་དང་ཤིང་གཅིག་དྲུང༌། །དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་དང༌། །སེང་གེ་དྲེད་དང་གཅན་གཟན་གནས་དག་དང༌། །འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང༌། །གང་དག་གླིང་མཆོག་དག་ན་གནས་པ་དང༌། །ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་དགེས་ཏེ་མགུ་བར་གྱུར་ནས་སུ། །མེ་ཏོག་ཕྲེང་དང་དྲི་དང་བདུག་པ་དང༌། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་བཞེས་ཏེ་བཏུང་ཞིང་བསྣམས་ནས་སུ། །ལས་དེ་རྣམས་ཀྱི་འབྲས་བུ་མཆིས་པར་མཛོད། ཅེས་སོ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ༴ སོགས་ཀྱིས་འཕྲིན་ལས་གཞོལ། ཆོས་རྣམས་གང་དག་རྒྱུ་ལས་བྱུང་༴ སོགས་གོང་བཞིན་ནམ། དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་ནི། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། ཅེས་པས་ཆོས་བཤད། ཨོཾ་སརྦ་བྷུ་ཏ་ག་ཎི་ས་པཱ་རི་ཝཱ་ར་གཙྪ། ཞེས་མཆོད་པ་གཉིས་པ་གཏོར་མ་གཉིས་པར་བཏབ་ལ་ཕྱིར་བཏང་ངོ༌། །གསུམ་པ་བགེགས་གཏོར་ནི། གོང་བཞིན་བྱིན་རླབས་བྱས་ལ། འདོད་རྒྱལ་གྱི་ཕྱག་རྒྱ་བཅས་ཏེ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ༴ སངས་རྒྱས༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་རྣམས་ཀྱི༴ གཟུངས་སྔགས་ཀྱི་རྒྱལ་མོ་ཁྲོ་མོ་རྣམས་ཀྱི༴ དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུངས་མ་ཡེ་ཤེས་


TNT13_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྤྱན་དང་ལྡན་པ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། བགེགས་ཀྱི་རིགས་གང་ཡོད་པ་ཐམས་ཅད་ཕན་པ་བདེ་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་སྐད་ཅིག་ཐང་ཅིག་ཡུད་ཙམ་འདི་ཉིད་ལ། གཏོར་མ་ལེན་པའི་གནས་སུ་མཆིས་པར་གྱུར་ཅིག ཨོཾ་ཊཀྐི་ཧཱུཾ་ཛཿ ཨོཾ་གུང་ཀ་རི་གུང་ཀ་རི་སྭཱ་ཧཱ། ཨོཾ་པི་ཙི་པི་ཙི་སྭཱ་ཧཱ། ཨོཾ་གུང་གུང་སྭཱ་ཧཱ། གྲྀཧྞེ་དམ་ཨརྒྷཾ་སྭཱ་ཧཱ། དེ་བཞིན་དུ་སྦྱར་ཏེ། ཤཔྟའི་བར་གྱིས་མཆོད། སྔགས་གསུམ་པོ་དེའི་མཐར། ན་མཿསརྦ་སོགས་བཏགས་པ་ལན་བདུན་སོགས་ཀྱི་གཏོར་མ་བསྔོས། གང་ཞིག་མཚན་མོར་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང༌། །སྲིན་པོ་ཤ་རྗེན་ཟ་བ་དང༌། །སེམས་ཅན་རྣམ་པ་སྣ་ཚོགས་པ། །ལྗོན་ཤིང་གེལ་པ་སོགས་གནས་པ། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་བཅས། །འབྲས་ཆན་འབྲས་བུ་མང་པོ་ཡི། །གཏོར་མ་འདི་ཡིས་མགུ་བར་བྱོས། །གནོད་པའི་བསམ་པ་ཞི་བ་དང༌། །སེམས་ཅན་ཀུན་ལ་ཕན་པའི་ཡིད། །དེ་རིང་ཕན་ཆད་སྐྱེས་པར་གྱིས། །རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང༌། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་ནི། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། །མཚོན་ཆས་མི་འཇིགས་གང་ཡང་མེད། །འཚོ་བའི་ཟས་ལ་ཀུན་ཀྱང་འདུ། །འཆི་བའི་སྲོག་ལ་ཀུན་ཀྱང་འཛེམ། །


TNT13_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཆེན་པོའམ་ཆུང་ངུ་གང་ཡང་རུང༌། །ལུས་ལ་མངོན་པར་གནོད་གྱུར་པའི། །ནད་དེ་རབ་ཏུ་ཕྱུང་མཛོད་ལ། །གདོན་ཁྱོད་རང་གི་གནས་སུ་དེངས། །དེ་ལྟར་བདག་གི་ཅི་ནུས་པས། །མཆོད་དང་གཏོར་མ་ཕུལ་བ་ཡིས། །དམ་ཚིག་གནས་ལ་གནས་ནས་སུ། །བདག་གིས་འདོད་པ་བསྐང་བར་མཛོད། །རྟག་ཏུ་དམ་ཚིག་ལ་གནས་ཤིང༌། །བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །ནད་དེ་རབ་ཏུ་ཕྱུང་མཛོད་ལ། །གདོན་ཁྱོད་རང་གི་གནས་སུ་དེངས། ཞེས་པ་ཙམ་མམ། སྤྲོ་ན་འདི་ལྟར། བདག་གིས་དེ་རིང་ཁྱོད་མཆོད་ཀྱི། །སོང་ཅིག་བགེགས་ཆེན་འགྲོ་བར་གྱིས། །ཕྱིན་ཆད་དེ་ལྟར་མ་བྱེད་ཅིག །ཁྱོད་ཀྱི་སྟོབས་དང་རྩལ་མཐོང་གི །ཁྱོད་ནི་གེགས་ཀྱང་བྱེད་པར་ནུས། ཁྱོད་ནི་ལྷ་ཡི་སྤྲུལ་པ་སྟེ། །ཁྱོད་ནི་གེགས་བྱེད་མི་ནུས་མིན། །སྔོན་ཆད་མཆོད་སྦྱིན་མ་ཐོབ་པ། །དེ་རིང་བདག་གིས་ཁྱོད་མཆོད་ཀྱིས། །མེ་ཏོག་ཕྲེང་བ་སྤོས་དང་དྲི། །མར་མེ་གཏོར་མ་འདི་ཁྱེར་ལ། །བགེགས་ཀྱི་དབང་པོ་འགྲོ་བར་གྱིས། །སྔོན་གྱི་ལན་ཆགས་ཡོད་ན་ཡང༌། །མཆོད་སྦྱིན་འདི་ཡིས་བྲལ་བར་གྱིས། །དཀོན་མཆོག་གསུམ་གྱི་མཐུ་དག་དང༌། །དམ་ཚིག་ཉམས་པའི་ཉེས་པ་ཡིས། །གནོད་པར་གྱུར་ན་མི་ལེགས་ཀྱི། །གེགས་བྱེད་ཁྱོད་ནི་ད་སོངས་ཤིག །ཅེས་བརྗོད་


TNT13_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང༌། མཆོད་པ་གཏོར་མར་བཏབ་ལ་ཕྱི་རོལ་དུ་དོར། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲིཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱ་རཱ་ཛ་ཧཱུཾ་ཕཊ་སྭཱཧཱ། ཞེས་པའམ་བདུད་རྩི་འཁྱིལ་བའི་སྔགས་རིང་ཐུང་གང་རུང་བརྗོད་ཅིང་མཚམས་བཅད་དོ། །འདི་དག་ལས་རོལ་མོའི་སྔགས་དང་འཕྲིན་ལས་བཅོལ་ལ་སྤྲོ་ན་རོལ་ཆེན་ཡང་བྱ་ལ། གང་ཞིག་མཚན་མོ་རྒྱུ་བ་ཞེས་པ་མན་ཆད་ལ་རྔ་ཚིགས་བྱེད་པའང་ཡོད་དོ། །བགེགས་གཏོར་གྱི་མཐའི་ཚམས་རྔམས་ཀྱི་སྐབས་འདིར། ལྷ་ཞི་བའི་རྣལ་འབྱོར་ཁོ་ན་ལ་གནས་པས་ཀྱང་ངེས་པར་རུང་མོད་ཀྱི། རང་ཉིད་ཞི་བར་གསལ་བ་ཡིན་ན་ཐུགས་ཀ་ནས་ཁྲོ་བོ་སྤྲོ་བ་སོགས་ཀྱི་དམིགས་པ་བྱེད་པ་འགའ་ཞིག་གི་ལག་ལེན་དུ་ཡང་སྣང་བ། རྣམ་པ་གསལ་བ་ཙམ་ཡིན་ལ། སྤྱིར་འདི་ནི་བགེགས་ལ་གཏོར་མ་སྦྱིན་པ་ཙམ་ཡིན་པ་དང༌། མཚམས་གཅོད་ཀྱང་རང་ཉིད་ལ་སྲུང་བའི་དོན་ཡིན་ཞིང༌། འདྲེ་འདུལ་བྱེད་པའི་སྐབས་མ་ཡིན་པ་གོ་བར་བྱའོ། །མཇུག་ཏུ་སྨོན་ལམ་དང་བཀྲ་ཤིས་ཅི་རིགས་པ་བརྗོད་དོ། །དེ་ལྟར་ན་ཆ་གསུམ་གྱི་གཏོར་ཆོག་མདོར་བསྡུས་འདི་ཡང༌། སློབ་མ་བྱམས་པ་ཀུན་དགའ་ལ་སོགས་པས་བསྐུལ་བའི་ངོར། ཏཱ་ར་ནཱ་ཐས་ནགས་རྒྱལ་གྱི་དབེན་གནས་སུ་སྨྲས་པའོ།། །།བཀྲ་ཤིས། །དགེའོ། །


previousགཏོར་མ་ཆ་གསུམ་ལག་ལེན།next