Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
བླ་མ་མཆོད་པའི་ཆོ་ག་མཆོད་པའི་གཏེར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མ་མཆོད་པའི་ཆོ་ག་མཆོད་པའི་གཏེར།next

བླ་མ་མཆོད་པའི་ཆོ་ག་མཆོད་པའི་གཏེར།


TNT14_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་མཆོད་པའི་ཆོ་ག་མཆོད་པའི་གཏེར་ཞེས་བྱ་བ་བཞུགས་སོ། །


TNT14_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། གུ་རུ་པཱུ་ཛོ་པ་ཡི་ཀཱ་པཱུ་ཛ་ནཱི་དྷཱ་ནཱ་མ། བོད་སྐད་དུ། བླ་མ་མཆོད་པའི་ཆོ་ག་མཆོད་པའི་གཏེར་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །མཆོད་འོས་ཀུན་གྱི་གཏེར་གྱུར་པ། །བླ་མའི་ཞབས་པད་ལ་བཏུད་དེ། །དེ་ཉིད་མཆོད་པར་བྱེད་པའི་ཐབས། །ཤིན་ཏུ་མོས་པ་ཆེན་པོས་བརྩམས། །དེ་ཡང་སྒྱུ་འཕྲུལ་དྲྭ་བ་ལས། །ཤིན་ཏུ་ཁྱད་པར་གྱུར་པ་ཉིད། །རྟག་པར་བླ་མ་ལ་ཡང་དབུལ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། ཞེས་དང༌། སྡོམ་པ་འབྱུང་བར། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། ཞེས་པ་ལ་སོགས་པ་རྒྱས་པར་གསུངས་པ་ཐོས་ཤིང་ཚེ་འདི་ཉིད་ལ་འབྲས་བུ་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པ་དག་གིས། བླ་མ་མཆོད་ཅིང་མཉེས་པར་བྱེད་པ་ལ་བརྩོན་པར་བྱེད་དགོས་པས། དེའི་ཚུལ་ནི། རང་ཐུན་མཚམས་ཀྱི་ལྷའི་ང་རྒྱལ་


TNT14_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བགེགས་བསལ་བ་ནི། ལྷ་དང་ལྷ་མིན་གསང་བ་བ། །ལུས་སྤྲུལ་ལ་སོགས་གང་ཅིའང་རུང༌། །ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་རྣམས་ང་ལ་ཉོན། །ང་ནི་དཔལ་ལྡན་རྡོ་རྗེའི་སྟོབས། །བསྲུང་བའི་འཁོར་ལོ་རབ་སྦྱོར་བས། །རྡོ་རྗེ་འབར་བའི་སྐུ་ཡིས་ནི། །ལུས་གསུམ་ལས་སྐྱེས་བགས་པར་བྱ། །གལ་ཏེ་ཁ་ཅིག་བདག་ལས་འདའ།།རྣམ་པར་བརླག་འགྱུར་གཞན་དུ་མིན། །ཨོཾ་ཨཱཿཧཱུཾ་ཧྲཿཕཊ། ཅེས་ལན་གསུམ་བྱེད་དོ། །ཞེས་པས་བཀའ་བསྒོས་ལ། སྣ་ཚོགས་འོད་ཀྱི་འཕྲོ་འདུ་ལས། །ཕྱོགས་ཀུན་རྡོ་རྗེ་འབར་བའི་གུར། །ཕྱི་རོལ་ཡེ་ཤེས་མི་དཔུང་འབར། །རབ་བརྟན་བསྲུང་བའི་འཁོར་ལོར་གྱུར། །ཨོཾ་བཛྲ་ཙཀྲ་རཀྵ་བྷྲཱུཾ་ཧཱུཾ། ཞེས་པས་ཐུན་མོང་མ་ཡིན་པའི་བསྲུང་འཁོར་བསྒོམས་ལ། གནས་ཁང་དག་པའི་ཞིང་དུ་གསལ་བའི་དབུས་སུ་སེང་


TNT14_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་པདྨ་ཉི་ཟླའི་གདན་ལ་སྤྱན་དྲངས་པ་ནི། སྐྱེས་མཆོག་གཉིས་མེད་ཡེ་ཤེས་སྤྱན་ཅན་རྣམས། །ཆོས་ཀྱི་སྐུ་ལ་གཤེགས་འབྱོན་མི་མངའ་ཡང༌། །གཟུགས་སྐུ་བརྩེ་བ་ཆེན་པོའི་རྣམ་འཕྲུལ་གྱིས། །དད་ལྡན་མཆོད་པའི་ཞིང་དུ་གཤེགས་སུ་གསོལ། །རཏྣ་གུ་རུ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ རྩ་བའི་བླ་མ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་བཟུང་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་དང་དཔེ་བྱད་ཐམས་ཅད་ཡོངས་སུ་རྫོགས་ཤིང༌། རང་ལ་དགྱེས་པའི་ཞལ་འཛུམ་བག་དང་ལྡན་པ། འོད་དང་འོད་ཟེར་གྱི་ཚོགས་མཐའ་ཡས་པ་འཕྲོ་བའི་སྐུ་ཅན། མཐའ་སྐོར་དུ་བརྒྱུད་པའི་བླ་མ་རྣམས་དང༌། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་བྱང་སེམས། འཕགས་པ་ཉན་རང༌། ཆོས་སྐྱོང་བསྲུང་མ་ཐམས་ཅད་བཞུགས་པར་གྱུར། མགོན་པོ་འགྲོ་བའི་དོན་ལ་བྱོན་པ་ལེགས། །བདག་གི་མཆོད་ཡོན་འདི་ཉིད་བཞེས་ནས་ཀྱང༌། །ཇི་སྲིད་མཆོད་པའི་བྱ་བ་མ་རྫོགས་པར། །ཡིད་འོང་གདན་ལ་བདེ་བར་བཞུགས་སུ་གསོལ། །ཨོཾ་པྲ་ཝ་ར་ས་ཀ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་པས་མཆོད་པ་ཕུལ་ལ། ཨོཾ་པདྨ་ཨཱ་ས་ན་སྟྭཾ། ཞེས་པས་གདན་ལ་བཞུགས་པར་བསམ་ལ། ཡོན་ཏན་ཀུན་གྱི་གཏེར་གྱུར་པས། །གང་གི་མཚན་ཙམ་དྲན་པས་ཀྱང༌། །བདག་བློའི་རྒུད་པ་


TNT14_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་མཛད་པ། །དཔལ་ལྡན་བླ་མ་ལ་ཕྱག་འཚལ། །དྲི་མེད་ཡོན་ཏན་རབ་རྒྱས་པས། །འགྲོ་ཀུན་གཙུག་གི་རྒྱན་གྱུར་པའི། །དགོས་འདོད་འབྱུང་བའི་རིན་པོ་ཆེ། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །བླང་དོར་རྟོགས་པའི་སྣང་བ་ཡིས། །འགྲོ་ཀུན་མི་ཤེས་མུན་སེལ་བ། །དྲི་མེད་ཉི་མའི་དཀྱིལ་འཁོར་མཆོག །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །བསོད་ནམས་ཡེ་ཤེས་བསིལ་ཟེར་གྱིས། །ཕན་བདེའི་ཚལ་རབ་རྒྱས་མཛད་པ། །རྣམ་དག་ཟླ་བའི་དཀྱིལ་འཁོར་མཆོག །བླ་མའི་ཞབས་ལ༴ དམ་ཆོས་བདུད་རྩིའི་སྨན་མཆོག་གིས། །ཉོན་མོངས་སྡུག་བསྔལ་ནད་སེལ་བ། །ཐབས་མཁས་འགྲོ་བའི་སྨན་པ་མཆོག །བླ་མའི་ཞབས་ལ༴ ཐབས་དང་ཤེས་རབ་གྲུ་ཆེན་གྱིས། །སྲིད་ཞིའི་རྒྱ་མཚོ་མཐར་སྒྲོལ་པ། །སྟོབས་ལྡན་འགྲོ་བའི་དེད་དཔོན་མཆོག །བླ་མའི་ཞབས་ལ༴ གནོད་པ་ཀུན་ལས་སྐྱོབ་བྱེད་ཅིང༌། །ཕན་པ་དཔག་མེད་སྒྲུབ་མཛད་པའི། །བྱམས་མགོན་འགྲོ་བའི་གཉེན་གཅིག་པོ། བླ་མའི་ཞབས་ལ༴ ཞེས་པས་ཕྱག་འཚལ་ལ། མཆོད་རྫས་རྣམས་དང་ཞིང་རྒྱ་ཆེ་བར་བྱིན་གྱིས་བརླབས་ལ། མདོག་བཟང་དབྱིབས་ལེགས་ཚིམ་པའི་དྲི་བསྲུང་ཅན། །མནྡ་ར་དང་ཨུཏྤལ་ཀུ་མུད་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མེ་ཏོག་ཀུན། །སྐྱབས་མཆོག་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་བཛྲ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རྒྱུ་བཟང་མནམས་ན་


TNT14_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཞིམ་པའི་དྲི་ངད་ཅན། །ཨ་ཀ་རུ་དང་ཙནྡན་སྤྲུལ་སྙིང་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་བདུག་སྤོས་ཀུན། །སྐྱབས་མཆོག༴ བཛྲ་དྷུ་པེ། མུན་སེལ་དངོས་ཀུན་གསལ་བའི་གཟི་བརྗིད་ཅན། །སྒྲོན་མེ་ཉི་ཟླ་ལུས་ཀྱི་འོད་ལ་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་སྣང་གསལ་ཀུན། །སྐྱབས་མཆོག༴ བཛྲ་ཨཱ་ལོ་ཀེ༴ དྲི་ཞིམ་བྱུག་ན་བདེ་བའི་རེག་མཆོག་ཀུན། །ག་བུར་གླ་རྩི་ནོམ་པའི་དྲི་ལ་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་དྲི་མཆོག་ཀུན། །སྐྱབས་མཆོག༴ བཛྲ་གནྡྷེ། མདོག་བཟང་མྱངས་ན་བདེ་བའི་རོ་བཅུད་ཅན། །འབྲས་ཆན་ཀ་ར་རྒྱ་གཏར་ཁུ་བ་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་ཞལ་ཟས་ཀུན། །སྐྱབས་མཆོག༴ བཛྲ་ནཻ་ཝེ་ཏྱ༴ །དོན་ཟབ་ཐོས་ན་སྙན་པའི་སྒྲ་དབྱངས་ཅན། །རྔ་ཆེན་དུང་དང་ཕེག་རྡོབ་རྒྱུད་མང་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་སིལ་སྙན་ཀུན། །སྐྱབས་མཆོག་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །ཤཔྟས་མཆོད་ལ། ། ༈ ཉེས་པའི་སྐྱོན་ཀུན་རབ་སྤངས་ཤིང༌། །ལེགས་པའི་ཡོན་ཏན་ཀུན་ལྡན་པས། །ཕན་བདེ་དཔལ་འབྱོར་ཀུན་འབྱུང་བའི། །དཔལ་ལྡན་བླ་མ་ཁྱེད་ལ་བསྟོད། །གདུལ་བྱ་སྨིན་ཞིང་གྲོལ་བའི་ཕྱིར། །དུས་གསུམ་སངས་རྒྱས་ཐམས་ཅད་ཉིད། །འདྲེན་པའི་ཚུལ་དུ་རྣམ་འཕྲུལ་པའི། །དཔལ་ལྡན་བླ་མ་ལ་ཕྱག་འཚལ། ཁྱེད་སྐུ་ཤ་དང་རུས་བྲལ་ཡང༌། །ཡེ་ཤེས་གཟུགས་སུ་སྣང་བའི་སྐུ། །དད་པའི་མིག་རྐྱེན་མཆོག་གྱུར་པ། །སྐུ་ཡི་དབང་ཕྱུག་ཁྱེད་ལ་འདུད། །བརྗོད་འདོད་རྩོལ་བ་མི་མངའ་ཡང༌། །ཡན་ལག་དྲུག་ཅུའི་གསུང་དབྱངས་


TNT14_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །ཟབ་ཅིང་རྒྱ་ཆེའི་དོན་སྟོན་པ། །གསུང་གི་དབང་ཕྱུག་ཁྱེད་ལ་འདུད། །ཤེས་དང་ཤེས་བྱའི་སྤྲོས་བྲལ་ཡང༌། །ཤེས་བྱའི་དཀྱིལ་འཁོར་གསལ་བའི་ཐུགས། །སྙིང་རྗེའི་གཟུངས་སྤོབས་དུ་མའི་གཏེར། །ཐུགས་ཀྱི་དབང་ཕྱུག་ཁྱེད༴ ཡོན་ཏན་ཆ་ཙམ་འགྲོ་ཀུན་གྱིས། །བསྐལ་པར་བརྗོད་ཀྱང་མི་ཟད་པའི། །སྤྱན་དང་མངོན་ཤེས་རྫུ་འཕྲུལ་སོགས། །ཡོན་ཏན་དབང་ཕྱུག༴ མཐོང་ཐོས་དྲན་པས་དོན་ལྡན་ན། །བསྟེན་ནས་འགྲོ་བ་ཅི་སྨོས་པ། །ལྷུན་གྲུབ་རྒྱུན་ཆད་མི་མངའ་བའི། །འཕྲིན་ལས་དབང་ཕྱུག༴ ཅེས་པས་བསྟོད། །༈ དཔལ་འབྱོར་ཕུན་ཚོགས་དག་པའི་ཞིང་ཁམས་ན། །འཁོར་ཚོགས་ཡོན་ཏན་འཕྲིན་ལས་དཔག་མེད་ཅན། །སངས་རྒྱས་བྱང་སེམས་དུ་མས་རབ་གང་བའི། །ཕུན་ཚོགས་ཞིང་ཁམས་ཀུན་གྱིས་བླ་མ་མཆོད། །རབ་ཡངས་འབྱུང་བཞིའི་དཀྱིལ་འཁོར་བརྟན་པ་ལ། །བཀོད་ལེགས་རི་གླིང་ཁོར་ཡུག་རྒྱ་མཚོ་སྤྲས། །བརྟན་གཡོའི་དཔལ་གྱིས་ཕྱུར་བུར་གཏམས་པ་ཡི། །ཕུན་ཚོགས་འཇིག་རྟེན་ཁམས་ཀྱིས་བླ་མ༴ ཉི་ཟླ་རྒྱུ་སྐར་རྒྱས་པ་དྭངས་པའི་མཁའ། །ན་བུན་འཇའ་ཚོན་སྤྲིན་གྱིས་མཛེས་གྱུར་ཞིང༌། །ནོར་བུའི་མདངས་འཕྲོག་ཀུན་གྱི་གོ་འབྱེད་པའི། །ཕུན་ཚོགས་ནམ་མཁའི་ཁམས་ཀྱིས༴ འདོད་དགུ་འབྱུང་བའི་རིན་ཆེན་རི་བོ་དང༌། །རྩི་སྨན་རྒྱས་པའི་ནགས་རི་གངས་རི་སོགས། །


TNT14_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིབས་ལེགས་ལྷུན་སྟུག་སྐྱེ་བོའི་རྟེན་གྱུར་པ། །ཕུན་ཚོགས་རི་བོ་ཀུན་གྱིས༴ དྲི་མེད་རྦ་རླབས་གཡོ་བའི་ཆུ་ཀླུང་དང༌། །ཡན་ལག་བརྒྱད་ཀྱིས་གང་བའི་མཚོ་རྫིང་སོགས། །ཡིད་འོང་རྙོགས་པ་མེད་ཅིང་གདུང་སེལ་བ། །ཕུན་ཚོགས་ཆུ་བོ་ཀུན་གྱིས༴ གཡའ་མེད་མཚོ་སྨད་ནགས་ཚལ་ཐང་དང་ལྗོངས། །རྭ་བ་འོབས་བཅས་ཕོ་བྲང་ཡུལ་འཁོར་སོགས། །བདེ་ཞིང་ཉམས་དགའི་དཔལ་འབྱོར་གྱིས་གང་བའི། །ཕུན་ཚོགས་བསྟི་གནས་ཀུན་གྱིས༴ མུ་ཏིག་མན་ཤེལ་དུང་དང་གསེར་དངུལ་སོགས། །འདོད་དགུ་འབྱུང་བའི་རིན་ཆེན་ཇི་སྙེད་དང༌། །གུར་གུམ་གི་ཧཾ་ཙནྡན་དཀར་དམར་སོགས།།ནུས་ལྡན་ནད་སེལ་སྨན་མཆོག་ཀུན་གྱིས་མཆོད། །གཞན་ཡང་རོ་བཅུད་ལྡན་པ་འཚོ་བའི་རྐྱེན། །འབྲུ་བཅུད་རྩི་ཐོག་ལོ་ཏོག་ལ་སོགས་དང༌། །མདོར་ན་སྣོད་ཀྱི་དཔལ་འབྱོར་མཆོད་འོས་ཀུན། །བློ་ཡིས་བླངས་ནས་མཉམ་མེད་བླ་མ་མཆོད། ཁམས་གསུམ་དབང་ཕྱུག་ཚངས་པ་བརྒྱ་བྱིན་དང༌། །མི་དབང་འཁོར་ལོས་བསྒྱུར་རྒྱལ་ཀླུ་དབང་སོགས། །བཙུན་མོ་སྲས་སོགས་མངའ་ཐང་རབ་རྒྱས་པའི། །ཡིད་འོང་སྐྱེ་དགུའི་དབང་པོ་ཀུན་གྱིས་མཆོད། །རིགས་བཟང་འབྱོར་ལྡན་བློན་པོ་ཁྱིམ་བདག་དང༌། །ཡིད་འོང་ཀླུ་ལེན་ཁྱེའུ་བུ་མོ་སོགས། །གཟུགས་བཟང་སྙན་ངག་ཡིད་གཞུངས་གོས་རྒྱན་ཅན། །ཡིད་འོང་སྐྱེ་བོ་ཀུན་གྱིས་བླ་མ་མཆོད། །རི་ངོས་འགྱིང་བའི་དུང་སེང་


TNT14_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུ་མཆོག་དང༌། །རི་སུལ་རྒྱུ་བའི་ཀྲྀཥྞ་ཨེ་ནྱ་སོགས། །རྩལ་རྒྱས་མདངས་བཀྲག་ངེས་པའི་གོམ་སྟབས་ཅན། །ཡིད་འོང་རི་དྭགས་ཚོགས་ཀྱིས་བླ་མ་མཆོད། །ནགས་རིར་སྙན་སྒྲོགས་རི་སྐེག་ཁུ་བྱུག་དང༌། །ས་གཞིའི་རྒྱན་གྱུར་བཞད་དང་ཁྲུང་ཁྲུང་སོགས། །སྐད་སྙན་སྤུ་སྡུག་མཛེས་པའི་གར་སྟབས་ཅན། །ཡིད་འོང་བྱ་ཚོགས་ཀུན་གྱིས་བླ་མ་མཆོད། །མདོར་ན་སྣོད་ཀྱི་ས་ཕྱོགས་ཡིད་འོང་ན། །བཅུད་ཀྱི་སེམས་ཅན་མཆོད་པ་གང་གནས་པ། །བདག་པོས་གཟུང་དང་མ་གཟུང་དེ་དག་ཀུན། །བློ་ཡིས་བླངས་ནས་ཆོས་རྗེ་བླ་མ་མཆོད། །འཁོར་འདས་ཕུན་ཚོགས་ཇི་སྙེད་ཀུན། །དམ་པའི་ཆོས་ལས་བྱུང་བ་སྟེ། །དེའང་ཁྱེད་ལས་བྱུང་གྱུར་པ། །ཕན་བདེའི་འབྱུང་གནས་ཁྱེད་ལ་བསྟོད། །ཇི་ལྟ་ཇི་སྙེད་ཀུན་མཁྱེན་གྱིས། །ཉོན་མོངས་ཤེས་བྱའི་སྒྲིབ་སྤངས་པས། །རྐང་གཉིས་རྣམས་ཀྱི་མཆོག་གྱུར་པ། །རྫོགས་པའི་སངས་རྒྱས་ཁྱེད་ལ་བསྟོད། ཁྱེད་ཐུགས་རྟོགས་པའི་དམ་ཆོས་ཏེ། །གསུང་གི་རྒྱུ་མཐུན་ལུང་གི་ཆོས། །རྣམ་གྲོལ་འཇུག་ངོགས་མཆོག་གྱུར་པ། །དམ་ཆོས་རིན་ཆེད་ཁྱེད་ལ་བསྟོད། །རང་བཞིན་འོད་གསལ་མངོན་གྱུར་ཞིང༌། །གཉིས་འཛིན་རྟོག་པ་ལས་གྲོལ་བས། །བསོད་ནམས་ཞིང་རབ་མཆོག་གྱུར་པ། །ཚོགས་མཆོག་གཙོ་བོ་ཁྱེད་ལ་བསྟོད། །འདོད་པའི་འཆིང་བ་ཀུན་སྤངས་


TNT14_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །དྲི་མེད་བསླབ་གསུམ་བརྟུལ་ཞུགས་ཅན། །སྡོམ་བརྩོན་ངུར་སྨྲིག་འཛིན་པའི་གཙོ། །ཤཱཀྱའི་སྲས་མཆོག་ཁྱེད་ལ་བསྟོད། །སྟོང་ཉིད་སྙིང་རྗེའི་སེམས་མཆོག་གིས། །གཅིག་ཏུ་གཞན་ཕན་བརྩོན་པ་ཅན། །རྒྱལ་སྲས་སེམས་དཔའ་རྣམས་ཀྱི་ཡབ། །བརྩེ་ལྡན་དཔའ་བོ་ཁྱོད་ལ་བསྟོད། །སྨིན་གྲོལ་ལམ་ལ་རབ་སྦྱངས་པས། །རིམ་གཉིས་རྣལ་འབྱོར་དབང་ཕྱུག་ཅན། །རིག་པ་འཛིན་པ་ཀུན་གྱི་རྗེ། །རྡོ་རྗེ་འཛིན་རྒྱལ་ཁྱོད་ལ་བསྟོད། ། ༈ དཀོན་མཆོག་མཆོད་དང་སེམས་ཅན་དོན་བསྒྲུབ་ཕྱིར། །བསོད་ནམས་ལོངས་སྤྱོད་བཅས་པ་བདག་གི་ལུས། །སྐྱེས་མཆོག་ཁྱེད་ཀྱི་བྲན་དུ་ལེགས་ཕུལ་ནས། །ཇི་ལྟར་བསྒོ་བའི་དོན་ཀུན་བསྒྲུབ་བགྱིའོ། །དྲི་མེད་བཻཌཱུར་ས་གཞི་ཡངས་པ་ལ། །གསེར་དངུལ་རྩིག་པ་བ་གམ་དྲ་བ་ཅན། །རིན་ཆེན་ཀ་བས་བཏེག་ཅིང་ཁྱོན་ཡངས་པ། །ཡིད་འོང་ཕོ་བྲང་གཞལ་མེད་དམ་པས་མཆོད། །བླ་བྲེ་རྒྱལ་མཚན་གདུགས་སོགས་སྟེང་ནས་མཛེས། །དར་དཔྱངས་ལྷབ་ལྷུབ་ཡོལ་བའི་ལོགས་ནས་བརྒྱན། ཁྲི་དང་གདན་སོགས་འོག་ནས་བརྗིད་གྱུར་པའི། །ཕུན་ཚོགས་ཉེར་མཁོའི་གཟིམས་ཆ་ཀུན་གྱིས་མཆོད། །ཐར་པའི་རྒྱལ་མཚན་ཆོས་གོས་ངུར་སྨྲིག་དང༌། །སྲབ་འཇམ་ཡང་བའི་པཉྩ་ལི་ཀ་དང༌། །རྒྱུ་བཟང་དྲི་ཞིམ་ཀ་ཤིའི་རས་ལ་སོགས། །ཕུན་ཚོགས་ན་བཟའ་ཀུན་གྱིས་བླ་མ་མཆོད། །རིགས་ལྔའི་དབུ་རྒྱན་དར་གྱི་ཅོན་པན་དང༌། །མུ་ཏིག་


TNT14_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

དོ་ཤལ་ནོར་བུའི་ག་ཤ་དང༌། །རིན་ཆེན་འཕྲ་བཀོད་གསེར་གྱི་གདུ་བུ་སོགས། །ཕུན་ཚོགས་རྒྱན་མཆོག་ཀུན་གྱིས༴ བསོད་ནམས་དུ་མའི་དཔལ་ལས་གྲུབ་པའི་རྫས། །འཁོར་ལོ་ནོར་བུ་བཙུན་མོ་བློན་པོ་དང༌། །གླང་པོ་རྟ་མཆོག་དམག་མི་རིན་ཆེན་ཏེ། །རྒྱལ་སྲིད་རིན་ཆེན་ཀུན་གྱིས༴ ཉེ་བར་མཁོ་བའི་འདོད་དགུ་འབྱུང་བའི་རྫས། །ནགས་ཚལ་རལ་གྲི་ཁང་བཟང་མལ་སྟན་དང༌། །ལྷ་ཡི་གོས་དང་སྦྲུལ་གྱི་པགས་པ་ལྷམ། །ཉེ་བའི་སྣ་བདུན་ཀུན་གྱིས༴ སྐྱེ་དགུ་བདེ་ཞིང་དགེ་བར་བྱེད་པའི་རྫས། དཔལ་བེའུ་འཁོར་ལོ་པདྨ་རྒྱལ་མཚན་དང༌། །གདུགས་དང་བུམ་བཟང་དུང་དཀར་གསེར་ཉ་སྟེ། །བཀྲ་ཤིས་རྟགས་བརྒྱད་ཀུན་གྱིས༴ མདོར་ན་འདོད་འཇོའི་བ་དང་དཔག་བསམ་ཤིང༌། །མ་རྨོས་ལོ་ཏོག་ཡིད་བཞིན་ནོར་བུ་དང༌། །འཆི་མེད་བདུད་རྩི་རོ་བརྒྱའི་ཟས་ལ་སོགས། །ལོངས་སྤྱོད་ཕུན་ཚོགས་ཀུན་གྱིས་བླ་མ་མཆོད། ། ༈ སྟོང་ཉིད་སྙིང་རྗེ་ཟུང་འཇུག་པས། །སྲིད་ཞིའི་མཐའ་ལ་མི་གནས་པའི། །མྱ་ངན་འདས་པ་མཆོག་བརྙེས་པ། །སྐྱབས་མཆོག་ཁྱེད་ལ་ཕྱག་འཚལ་བསྟོད། །ཕ་རོལ་ཕྱིན་པ་བཅུ་རྫོགས་ཤིང༌། །ཉེར་བཞིའི་རྩ་རླུང་དབང་འདུས་པས། །ཡན་ལག་བཅུ་གཉིས་རྣམ་འགགས་པས། །ས་བཅུའི་མཐར་སོན་ཁྱོད་ལ་བསྟོད། །ཡོད་མིན་མེད་མིན་གཉིས་ཀ་མིན། །གཉིས་ཀ་མིན་པའང་མ་ཡིན་པ། །རྣམ་དག་ཟག་མེད་ཆོས་ཀྱི་དབྱིངས། །སྤྲོས་བྲལ་ཆོས་སྐུ་ཁྱེད་ལ་བསྟོད། །མཚན་དང་དཔེ་བྱས་དཔལ་འབར་བས། །


TNT14_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་ཞིང་གི་གདུལ་བྱ་ལ། །རྟག་པར་ཐེག་མཆོག་ཆོས་སྟོན་པ། །བདེ་ཆེན་ལོངས་སྐུ་ཁྱེད་ལ་བསྟོད། །སྣ་ཚོགས་གདུལ་བྱའི་བསམ་པ་ལྟར། །སངས་རྒྱས་རྣམ་འཕྲུལ་དཔག་མེད་ཀྱིས། །འགྲོ་ཀུན་ཕན་བདེས་ཚིམ་མཛད་པ། །ཐབས་མཁས་སྤྲུལ་སྐུ་ཁྱེད་ལ་བསྟོད། །གཟུགས་སྐུའི་རྣམ་འཕྲུལ་སྣ་ཚོགས་ཀྱང༌། །དེ་ཡི་རང་བཞིན་འགྱུར་མེད་པ། །ཨེ་མ་ཧོ་བརྗོད་བྲལ་ཟུང་འཇུག་དངོས །ངོ་བོ་ཉིད་སྐུ་ཁྱེད་ལ་བསྟོད། །རྣམ་ཤེས་ཚོགས་བརྒྱད་གནས་གྱུར་ཞིང༌། །ཉོན་མོངས་སྒྲིབ་པ་ཀུན་སྤངས་པས། །ཕུང་པོ་ལྔ་ལས་ཡོངས་གྲོལ་བའི། །ཡེ་ཤེས་ལྔ་བདག་ཁྱེད་ལ་བསྟོད། །སོ་སོ་རིག་བཞིའི་ཐུགས་མངའ་བས། །སྟོབས་བཅུས་བདུད་ཀྱི་དཔུང་བཅོམ་ནས། །མི་འཇིགས་བཞི་ཡིས་ཆོས་སྟོན་པ། །ཡོན་ཏན་མངའ་བདག་ཁྱེད་ལ་བསྟོད། །སྤྱོད་པ་རྟོགས་པ་ཡེ་ཤེས་དང༌། །འཕྲིན་ལས་གཞན་དང་མ་འདྲེས་པའི། །སངས་རྒྱས་ཡོན་ཏན་བཅོ་བརྒྱད་ཅན། །མཚུངས་མེད་དམ་པ་ཁྱེད་ལ་བསྟོད། །ཅེས་པས་ཕྱིའི་མཆོད་བསྟོད་བྱས་ལ། རབ་འབྱམས་ཕྱོགས་བཅུའི་འཇིག་རྟེན་ཇི་སྙེད་ན། ཁ་དོག་དབྱིབས་ཀྱི་གཟུགས་མཆོག་མཆོད་འོས་ཀུན། །རབ་མཛེས་གཟུགས་ཀྱི་ལྷ་མོར་བློས་སྤྲུལ་ནས། །མགོན་པོ་སྒྲིབ་མེད་རྡོ་རྗེའི་སྤྱན་ལ་འབུལ། ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་རཱུ་པ་ཀཱ་མ་གུ་ན་པཱུ་ཛ་ཨཱཿ


TNT14_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། རབ་འབྱམས༴ ཟིན་དང་མ་ཟིན་སྒྲ་མཆོག་མཆོད་འོས་ཀུན། །རབ་མཛེས་སྒྲ་ཡི་ལྷ་མོར་བློས་སྤྲུལ་ནས། །མགོན་པོ་སྒྲིབ་མེད་རྡོ་རྗེའི་སྙན་ལ་འབུལ། །ཤཔྟ་ཀཱ་མ༴ རབ་འབྱམས༴ ལྷན་སྐྱེས་སྦྱར་བའི་དྲི་མཆོག་ཇི་སྙེད་ཀུན། །རབ་མཛེས་དྲི་ཡི་ལྷ་མོར་བློས་སྤྲུལ་ནས། །མགོན་པོ་སྒྲིབ་མེད་རྡོ་རྗེའི་ཤངས་ལ་འབུལ། །བཛྲ་གནྡྷེ༴ རབ་འབྱམས༴ བཟའ་བཅའ་བཏུང་བའི་རོ་མཆོག་མཆོད་འོས་ཀུན། །རབ་མཛེས་རོ་ཡི་ལྷ་མོར་བློས་སྤྲུལ་ནས། །མགོན་པོ་སྒྲིབ་མེད་རྡོ་རྗེའི་ལྗགས་ལ་འབུལ། །ར་ས་ཀཱ་མ༴ རབ་འབྱམས༴ སེམས་ཅན་སེམས་ཅན་མིན་པའི་རེག་མཆོག་ཀུན། །རབ་མཛེས་རིག་བྱའི་ལྷ་མོར་བློས་སྤྲུལ་ནས། །མགོན་པོ་སྒྲིབ་མེད་རྡོ་རྗེའི་སྐུ་ལ་འབུལ། སྤརྴེ་ཀཱ་མ༴ ཟག་མེད་བདེ་བས་མྱོས་བྱེད་མ་ད་ན། །སྟོབས་སྐྱེད་གོ་ཀུ་ལ་སོགས་བཱ་ལ་དང༌། །བཅུད་ལྡན་བི་ར་ཤུ་སོགས་འཆི་མེད་སྟེར། །གསང་བའི་དམ་རྫས་ཀུན་གྱིས་བླ་མ་མཆོད། གུ་ཧྱ་པཱུ་ཛ༴ ཕྱག་རྒྱ་བཞི་དང་མཉམ་པར་སྦྱོར་བ་ལས། །མཆོག་ཏུ་མི་འགྱུར་ལྷན་སྐྱེས་བདེ་བའི་རོ། །ཟག་མེད་ཕུང་ཁམས་སྐྱེ་མཆེད་བརྟས་བྱེད་པའི། །མཆོག་ཏུ་གསང་བའི་མཆོད་པ་ཆེན་པོས་མཆོད། །ཨ་ནུ་རཀྟོ་པཱུ་ཛ་ཨཱཿཧཱུཾ། ༈ བདེ་དང་སྟོང་པ་དབྱེར་མེད་པས། །ཐབས་ཤེས་ཟུང་དུ་འཇུག་པའི་དངོས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །འགྲོ་བའི་དཔལ་མགོན་ཁྱེད་ཕྱག་འཚལ།


TNT14_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་སྐུའི་ཕུང་པོ་རིགས་ལྔ་སྟེ། །འབྱུང་བ་ཡུམ་ལྔའི་ལྷ་མོ་དང༌། །ཟུང་འཇུག་ལྷན་སྐྱེས་རྡོ་རྗེའི་སྐུ། །འགྲོ་བའི་དཔལ་མགོན་ཁྱེད་ཕྱག་འཚལ། །དབང་པོ་རྣམས་ནི་སེམས་དཔའ་སྟེ། །ཡུལ་དྲུག་སེམས་མའི་ཚོགས་རྣམས་དང༌། །ཟུང་འཇུག་ལྷན་སྐྱེས་རྡོ་རྗེའི་སྐུ། །འགྲོ་བའི་དཔལ་མགོན༴ ཡན་ལག་རྣམས་ནི་ཁྲོ་རྒྱལ་ཏེ། །བྱ་བ་རྣམ་བཅུའི་ཁྲོ་མོ་དང༌། །ཟུང་འཇུག༴ འགྲོ་བའི༴ ཁྱེད་སྐུའི་ཁམས་རྣམས་དཔའ་བོ་སྟེ། །རྩ་གནས་དཔའ་མོའི་ཚོགས་རྣམས་དང༌། །ཟུང་འཇུག༴ འགྲོ་བའི༴ རྩ་བའི་རླུང་རྣམས་ཡབ་ལྔ་སྟེ། །འབྱུང་བ་ལྔ་ཡི་ཡུམ་རྣམས་དང༌། །ཟུང་འཇུག་ལྷན་སྐྱེས་རྡོ་རྗེའི་གསུང༌། །འགྲོ་བའི༴ ཁྱེད་ཐུགས་ཡེ་ཤེས་རང་བཞིན་ཏེ། །སྣང་ཡུལ་ཆོས་ཀྱི་དབྱིངས་རྣམས་དང༌། །ཟུང་འཇུག་ལྷན་སྐྱེས་རྡོ་རྗེའི་ཐུགས། །འགྲོ་བའི་དཔལ་མགོན་ཁྱེད་ལ་བསྟོད། ༈ ཡིད་འཕྲོག་མཚན་དཔེས་སྤྲས་པའི་འཇོ་སྒེག་ཅན། །སྐུ་མདོག་སྔོན་མོ་པི་ཝཾ་སྒྲ་སྒྲོགས་མ། །མཛེས་མ་རང་འདྲ་དུ་མའི་ཚོགས་བཅས་པའི། །ཡིད་འོང་མཆོད་པ་དམ་པས་དགེས་པར་མཆོད། །ཨོཾ་བཱི་ནི་བཛྲི་ནི་ཨཱཿཧཱུཾ། ཡིད་འཕྲོག་མཚན༴ སྐུ་མདོག་སེར་མོ་གླིང་བུའི་སྒྲ་སྒྲོགས་མ། །མཛེས་མ༴ ཡིད་འོང་༴ ཝཾ་སེ་བཛྲི་ནི། ཡིད་འཕྲོག༴ སྐུ་མདོག་སྔོན་མོ་རྫ་རྔའི་སྒྲ་སྒྲོགས་མ། །མཛེས་མ༴ ཡིད་འོང་༴ མུརྫི་བཛྲི་ནི།


TNT14_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་འཕྲོག༴ སྐུ་མདོག་དམར་མོ་རྔ་ཟླུམ་སྒྲ་སྒྲོགས་མ། མཛེས་མ༴ ཡིད་འོང་༴ མྲྀ་ཏཾ་གི་བཛྲི། ཡིད་འཕྲོག༴ སྐུ་མདོག་དམར་མོ་བཞད་པའི་ཕྱག་རྒྱ་ཅན། །མཛེས་མ༴ ཡིད་འོང་༴ ཧ་སྱ་བཛྲི་ནི༴ ཡིད་འཕྲོག༴ སྐུ་མདོག་སྔོན་མོ་འགྱིང་བའི་ཕྱག་རྒྱ་མ། །མཛེས་མ༴ ཡིད་འོང༴ ལཱ་སྱ་བཛྲི་ནི། ཡིད་འཕྲོག༴ སྐུ་མདོག་ལྗང་གུ་སྙན་པའི་གླུ་ལེན་མ། །མཛེས་མ༴ ཡིད་འོང་༴ གིརྟི་བཛྲི་ནི་ནཾ༴ ཡིད་འཕྲོག༴ སྐུ་མདོག་སེར་མོ་མཛེས་པའི་གར་སྒྱུར་མ། །མཛེས་མ༴ ཡིད་འོང་༴ ནྲྀ་ཏི་བཛྲི་ནི། ཡིད་འཕྲོག༴ སྐུ་མདོག་དཀར་མོ་མེ་ཏོག་སྣོད་འཛིན་མ། །མཛེས་མ༴ ཡིད་འོང༴ བཛྲ་པུཥྤེ། །ཡིད་འཕྲོག༴ སྐུ་མདོག་སྔོན་མོ་བདུག་སྤོས་སྣོད་འཛིན་མ། །མཛེས་མ༴ ཡིད་འོང་༴ བཛྲ་དྷུ་པེ༴ ཡིད་འཕྲོག༴ སྐུ་མདོག་དམར་མོ་སྣང་གསལ་ལེགས་འཛིན་མ། །མཛེས་མ༴ ཡིང་འོང་༴ ཨཱ་ལོ་ཀ༴ ཡིད་འཕྲོག༴ སྐུ་མདོག་ལྗང་ཁུ་དྲི་ཆབ་སྣོད་འཛིན་མ། །མཛེས་མ༴ ཡིད་འོང་༴ ཨོཾ་བཛྲ་གནྡྷཻ་པཱུ་ཛ་ཨཱཿཧཱུཾ། །བདེ་གཤེགས་སྙིང་པོའི་ས་གཞི་ལེགས་བསྟར་བར། །བྱང་ཆུབ་སེམས་གཉིས་དྲི་མེད་ཡོན་ཆབ་གཏམས། །དཀར་པོ་དགེ་བཅུའི་མེ་ཏོག་སིལ་མར་བཀྲམ། །སྡོམ་གསུམ་རྣམ་དག་སྤོས་སྤྲིན་བསྟིབས་པས་མཆོད། །སྤྱན་དང་མངོན་ཤེས་རིན་ཆེན་སྒྲོན་མེ་དངར། །


TNT14_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པའི་གནས་བཞི་དྲི་མཆོག་ཀུན་ནས་འཁྱིལ། །སྙཽམས་འཇུག་རྣམ་དགུའི་རོ་བརྒྱའི་ཞལ་ཟས་སྤུངས། །འཆད་རྩོད་རྩོམ་པའི་སིལ་སྙན་བསྒྲགས་པས་མཆོད། །ཐར་པའི་རིམ་གཉིས་འབྱུང་བཞིའི་དཀྱིལ་འཁོར་ཏེ། །བྱང་ཕྱོགས་སོ་བདུན་རི་གླིང་རབ་མཛེས་ཤིང༌། །སྟོང་ཉིད་སྙིང་རྗེའི་ཉི་ཟླ་ཆེར་གསལ་བ། །ཚོགས་གཉིས་ཁོར་ཡུག་ཀུན་ནས་བསྐོར་བས་མཆོད། །ཚེ་ལ་དབང་བཅུ་རིན་ཆེན་གཏེར་ཕྱེ་ཞིང༌། །ལམ་ལྔ་ས་བཅུའི་མ་རྨོས་ལོ་ཏོག་རྒྱས། །ཕ་རོལ་ཕྱིན་བཅུའི་དཔག་བསམ་སྟོང་ཆེན་འཁྲིགས། །བསྡུ་དངོས་བཞི་ཡི་འདོད་འཇོའི་བ་མོས་མཆོད། །གཟུངས་སྤོབས་མཚན་དཔེའི་གོས་རྒྱན་ལྷབ་ལྷུབ་དཔྱངས། །ཟག་མེད་ཕུང་པོའི་འདོད་ཡོན་སྣ་ལྔ་བཀྲམ། །འཕགས་པའི་ནོར་བདུན་རྒྱལ་སྲིད་རིན་ཆེན་མཆོག །རྣམ་ཐར་བརྒྱད་ཀྱི་བཀྲ་ཤིས་རྫས་ཀྱིས་མཆོད། །སྐུ་བཞིའི་ཏོག་ལྡན་སྟོབས་བཅུའི་རྒྱལ་མཚན་བསྒྲེངས། །མི་འཇིགས་བཞི་ཡི་རིན་ཆེན་གདུགས་དཀར་འཁྱིལ། །མ་འདྲེས་བཅོ་བརྒྱད་སྣ་ཚོགས་བ་དན་འཕྱར། །ཟད་པར་ཟིལ་གནོན་རྔ་ཡབ་གཡོ་བས་མཆོད། །རིམ་གཉིས་གསང་སྔགས་དཔལ་གྱིས་རབ་བརྗིད་པའི། །དགའ་བ་བཅུ་དྲུག་དཔའ་བོ་གར་བྱེད་ཅིང། །བདེ་སྟོང་རྣམ་འགྱུར་དུ་མ་རབ་ལྡན་པའི། །སྟོང་ཉིད་བཅུ་དྲུག་རིག་མ་མཛེས་པས་མཆོད། །གྲུབ་ཆེན་བརྒྱད་ཀྱི་རྒྱན་གྱིས་རབ་བརྒྱན་ཞིང༌། །དབང་ཕྱུག་བརྒྱད་ཀྱི་དཔལ་ལ་དབང་འབྱོར་བ། །འཕྲིན་ལས་བཞི་ཡི་འཁོར་བཟང་གིས་


TNT14_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བའི། །མཆོག་གི་དངོས་གྲུབ་འཁོར་ལོས་བསྒྱུར་བས་མཆོད། །གཞན་ཡང་ཐེག་གསུམ་གཞི་ལམ་འབྲས་བུ་ཡི། །སྤངས་རྟོགས་ཡོན་ཏན་ཇི་སྙེད་དེ་དག་ཀུན། །དད་འདུན་བློ་ཡིས་བླངས་ཤིང་སྤྲུལ་བྱས་ནས། །ཆོས་ཀྱི་རྒྱལ་པོ་བླ་མ་མཆོད་པར་བགྱིའོ། ༈ ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཤ་དང་རུས་པ་ཁྲག་ཀྱང་མེད། །ནམ་མཁའ་ལ་ནི་འཇའ་ཚོན་ལྟར། ཁྱེད་ཀྱི་སྐུ་ནི་སྟོན་མཛད་འདུད། །སྐུ་ལ་བསྙུན་མེད་མི་གཙང་མེད། །བཀྲེས་དང་སྐོམ་པ་འབྱུང་མེད་ཀྱང༌། ཁྱེད་ནི་འཇིག་རྟེན་རྗེས་འཇུག་ཕྱིར། །འཇིག་རྟེན་བྱ་བ་སྟོན་མཛད་འདུད། །ཆུ་ཟླ་བཞིན་དུ་གཟུང་དུ་མེད། །ཆོས་རྣམས་གང་ལའང་གནས་པ་མེད། །ང་རྒྱལ་མེད་ཅིང་མི་གནས་པ། །དམིགས་མེད་ཁྱེད་ལ་ཕྱག་འཚལ་བསྟོད། །གཤེགས་དང་བཞུགས་དང་དེ་བཞིན་གཟིམས། །སྤྱོད་ལམ་དག་ནི་ཐམས་ཅད་དུ། །རྟག་པར་མཉམ་པར་འཇོག་གྱུར་པའི། །དམིགས་མེད༴ སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །རྫུ་འཕྲུལ་ཆེ་ལ་རྣམ་འཕྲུལ་ཞིང༌། །སྣ་ཆོགས་མིན་ལ་སྙོམས་འཇུག་པའི། །དམིགས་མེད༴ ཁམས་གསུམ་ལས་ནི་རྣམ་གྲོལ་ཞིང༌། །ནམ་མཁའ་དང་ནི་མཉམ་གྱུར་ལ། །འདོད་པ་རྣམས་ཀྱིས་མ་གོས་པའི། །དམིགས་མེད༴ ཕུང་པོ་རྣམས་དང་ཁམས་རྣམས་དང༌། །སྐྱེ་མཆེད་རྣམས་ལ་མི་བརྟེན་ཞིང༌། །ཕྱིན་ཅི་ལོག་ལས་རྣམ་གྲོལ་བའི། །དམིགས༴


TNT14_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྟོག་མེད་ཅིང་ཀུན་རྟོག་མེད། །ཐུགས་ནི་རབ་ཏུ་མི་གནས་ལ། །བསམ་གྱིས་མི་ཁྱབ་པ་ཡི་ཐུགས། །དམིགས༴ ཇི་ལྟར་ནམ་མཁའ་གནས་མེད་ཅིང༌། །སྤྲོས་མེད་གོས་པ་མེད་པ་ལྟར། །མཁའ་དང་མཉམ་པའི་ཐུགས་མངའ་བ། །དམིགས་མེད་ཁྱེད་ལ་ཕྱག་འཚལ་བསྟོད། །ཅེས་པས་ནང་གི་མཆོད་བསྟོད་རྣམས་བྱས་ལ། འགྲོ་བ་ཆུ་ཡི་ཟླ་བ་བཞིན་དུ་ལྟ་བ་དང༌། །ཐོས་པ་བྲག་ཆ་དང་ནི་མཚུངས་པར་ཡང་དག་འཇུག །སེམས་ཀྱང་མྱ་ངན་སྨིག་སྒྱུ་ལྟ་བུར་བལྟ་བྱ་ཞིང༌། །འདི་ལྟར་བཟའ་དང་བཏུང་བ་དག་ནི་ནམ་མཁའ་ལྟ་བུ་སྟེ། །དྲི་ནི་ནམ་མཁའི་མེ་ཏོག་མཚུངས་པར་མནམ་པ་དང༌། །ཡིད་ནི་ཉི་མ་ཟླ་བ་ལྟ་བུར་ཁྱབ་པ་ཉིད། །ཡང་དག་གནས་པ་བདེ་ཡང་རི་བོ་མཆོག་དང་མཚུངས་པ་ཡིན། །གཞོན་ནུ་མ་ཡི་རྨི་ལམ་ཇི་བཞིན་རྨི་བར་བྱ། །ཐ་སྙད་དག་ནི་སྒྱུ་མ་མིག་འཕྲུལ་ལྟ་བུར་བརྗོད། །འདི་ལྟར་ཇི་བཞིན་ལྷན་སྐྱེས་བདེ་འབྱུང་དེ་བཞིན་ཏེ། སྲིད་པའི་རང་བཞིན་བྲལ་བ་བསམ་གྱིས་མི་ཁྱབ་པ་ཡི་ཐུགས། །རྟག་ཏུ་འཆར་བ་བདེ་ལེགས་ལམ་མཆོག་དག་གིས་མཆོད། ༈ ཟབ་ཞི་སྤྲོས་དང་བྲལ་བ་གཉུག་མའི་དོན། །སྣང་དང་སྟོང་པ་གཉིས་དང་གཉིས་མིན་ལ། །ཨེ་མ་ཧོ་འདི་སྙམ་བྲལ་བའི་ལྟ་བ་ཅན། །བདེ་ཆེན་ལྷན་སྐྱེས་རོལ་བ་ཁྱེད་ལ་འདུད། །སྨྲ་བསམ་བརྗོད་དུ་མེད་པའི་རང་བཞིན་ལ། །བདེ་སྟོང་འཛིན་པ་མེད་པ་བདེ་བའི་ཉམས། །ཨེ་མ་ཧོ་རྩོལ་བྲལ་ལྷུག་པའི་སྒོམ་པ་ཅན། །བདེ་


TNT14_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ལྷན་སྐྱེས༴ སྤང་བླང་བྱར་མེད་རང་བཞིན་འོད་གསལ་ལ། །གཟུང་འཛིན་གློ་བུར་དྲི་མ་རྣམ་དག་པ། །ཨེ་མ་ཧོ་རང་བཞིན་ལྷུན་གྲུབ་འབྲས་བུ་ཅན། །བདེ་ཆེན་ལྷན་སྐྱེས་རོལ་བ་ཁྱེད་ལ་འདུད། །ཅེས་དེ་ཁོ་ན་ཉིད་ཀྱི་མཆོད་བསྟོད་བྱས་ལ། ༈ བླ་མ་མཆོག་དང་ཕྱག་འོས་ཐམས་ཅད་ལ། །ཞིང་རྡུལ་གྲངས་དང་མཉམ་པའི་ལུས་བཏུད་ནས། །ཡོན་ཏན་བརྗོད་པའི་ངག་གིས་བསྟོད་བྱེད་ཅིང༌། །ལྷག་བསམ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །བདག་གི་ལུས་དང་ལོངས་སྤྱོད་དགེ་བ་སོགས། །འཇིག་རྟེན་འཇིག་རྟེན་འདས་པའི་དཔལ་འབྱོར་ཀུན། །ཕྱི་ནང་མཆོད་སྤྲིན་རྒྱ་མཚོར་བློས་སྤྲུལ་ནས། །མཆོད་འོས་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །ཐོག་མེད་དུས་ནས་ཉོན་མོངས་དབང་གྱུར་པས། །སྒོ་གསུམ་སྒོ་ནས་རང་བཞིན་བཅས་པའི་སྡིག །བགྱིས་དང་བགྱིད་སྩལ་ཡི་རང་བགྱིས་པ་ཀུན། །གནོང་འགྱོད་སྡོམ་པའི་སེམས་ཀྱིས་མཐོལ་ཞིང་བཤགས། །སྐྱེས་མཆོག་སྲས་དང་བཅས་པའི་རྣམ་ཐར་དང༌། །གཞན་ཡང་འགྲོ་ཀུན་སྒོ་གསུམ་དགེ་བའི་ཚོགས། །བྱས་དང་བྱེད་འགྱུར་ད་ལྟ་མཛད་རྣམས་ལ། །རབ་ཏུ་དགའ་པའི་ཡིད་ཀྱིས་ཡི་རང་ངོ༌། །འགྲོ་ཀུན་ཕན་ཞིང་དགེ་བར་བགྱིད་པའི་སླད། །ཆོས་ཀྱི་རྒྱལ་པོ་སྲས་དང་བཅས་རྣམས་ཀྱིས། །གང་ལ་གང་འདུལ་ཟབ་དང་རྒྱ་ཆེ་བའི། །ཆོས་ཀྱི་འཁོར་ལོ་རྒྱུན་དུ་བསྐོར་དུ་གསོལ། །


TNT14_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་སྐུ་ལ་སྐྱེ་འཇིག་མི་མངའ་ཡང༌། །གཟུགས་སྐུ་ཞིང་གཞན་དོན་ལ་མི་གཤེགས་པར། །མགོན་མེད་སྙིགས་མའི་འགྲོ་ལ་རྗེས་བརྩེ་བས། །མྱ་ངན་མི་འདའ་ཡུན་རིང་བཞུགས་པར་འཚལ། །འགྲོ་ཀུན་བླ་མེད་བྱང་ཆུབ་ཐོབ་དོན་དུ། །སྐྱབས་མཆོག་ཁྱེད་ལ་རྟག་པར་སྐྱབས་མཆི་ཞིང༌། །ཐུན་མོང་ཁྱད་པར་དམ་ཚིག་སྡོམ་པ་རྣམས། །དེང་ནས་བླངས་ཏེ་ཚུལ་བཞིན་བསྒྲུབ་པར་བགྱིའོ། །བདག་གི་དུས་གསུམ་བསགས་པའི་དགེ་བའི་མཐུས། །འགྲོ་ཀུན་སྲིད་པའི་འཆིང་བ་ལས་གྲོལ་ཏེ། །དཔལ་ལྡན་བླ་མ་མཆོག་གིས་རྗེས་བཟུང་ནས། །ཀུན་མཁྱེན་མཆོག་གི་དངོས་གྲུབ་མྱུར་ཐོབ་ཤོག ཅེས་པས་ཡན་ལག་བདུན་པ་དང་སྡོམ་གཟུང་བྱས་ལ། ཡིད་ལ་འདོད་དགུ་འབྱུང་བའི་རིན་པོ་ཆེ། །མགོན་པོ་ཁྱེད་ལ་ཞུ་ཞིང་གསོལ་བ་ནི། །ཕན་བདེའི་འབྱུང་གནས་ཐུབ་བསྟན་དམ་པའི་ཆོས། །ཐོས་བསམ་སྒྲུབ་པས་རྒྱས་པར་མཛད་དུ་གསོལ། །ཐར་པའི་དེད་དཔོན་བསྟན་འཛིན་བཤེས་གཉེན་རྣམས། །སྐུ་ལ་བསྙུན་མེད་འཕྲིན་ལས་རབ་རྒྱས་པའི། །རྟག་ཏུ་སྡུག་བསྔལ་གྱུར་པའི་འགྲོ་བ་རྣམས། །ཐར་པའི་བདེ་ལ་འགོད་པར་མཛད་དུ་གསོལ། །དམ་ཆོས་སྒྲུབ་ལ་བརྩོན་པ་ཐམས་ཅད་ཀྱིས། །ཟབ་ལམ་བླ་མའི་མོས་གུས་མཐར་ཕྱིན་ནས། །སྤངས་རྟོགས་མཐར་སོན་བླ་མའི་ས་ཐོབ་སྟེ། །གཞན་ཕན་ཚད་མེད་འགྲུབ་པར་མཛད་དུ་གསོལ། །


TNT14_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མ་ཐོབ་ཀྱི་གནས་སྐབས་ཐམས་ཅད་དུའང༌། །བླ་མ་མཆོག་གིས་རྟག་ཏུ་རྗེས་འཛིན་ཞིང༌། །ལུས་དང་ལོངས་སྤྱོད་དགེ་བས་མཉེས་བྱས་ཏེ། །བརྩེ་བས་བྱིན་རླབས་འཇུག་པར་མཛད་དུ་གསོལ། །ཅེས་གསོལ་བ་བཏབ་ལ། བདག་ནི་མི་ཤེས་བག་མེད་དབང་གྱུར་པས། །:མ་རིགས་[མ་རིག་]ཉེས་པའི་ཚོགས་རྣམས་གང་བགྱིས་པ། །བརྩེ་ལྡན་ཁྱེད་ཀྱི་སྤྱན་སྔར་བཤགས་པར་བགྱི། །ཐུགས་རྗེའི་རང་བཞིན་ཅན་གྱིས་བཟོད་པར་གསོལ། །སྐྱབས་མཆོག་ཁྱེད་ནི་འགྲོ་བའི་དོན་རབ་མཛད། །ཆོས་ཀྱི་སྐུ་ལ་འགྱུར་བ་མི་མངའ་ཡང༌། །གཟུགས་སྐུ་བདག་གི་ལུས་ལ་རབ་བསྐྱོད་ནས། །བརྩེ་བ་ཆེན་པོས་བྱིན་གྱིས་རླབས་ཏུ་གསོལ། །ཞེས་པས་བླ་མ་རང་ལ་བསྟིམ་མོ། །བདག་བློ་དྲི་མེད་དད་པའི་ས་གཞི་ལ། །མི་ཟད་མཆོད་པའི་གཏེར་འདི་རབ་ཏུ་ཕྱེ། །ཉེས་པ་མཆིས་ན་བརྩེ་བས་བཟོད་པར་གསོལ། །དགེ་བས་འགྲོ་ཀུན་བླ་མེད་རྗེས་འཛིན་ཤོག །དེ་ལྟར་བླ་མ་སྒྲུབ་པའི་ཚུལ་འདི་ནི་དགེ་སློང་རྡོ་རྗེ་འཛིན་པ་ལོ་ཙཱ་བ་བློ་གྲོས་དཔལ་གྱིས་དད་པས་ཀུན་ནས་བླངས་ཏེ་སྦྱར་བའོ། །ཞུས་དག །ཤུ་བྷཾ། །


previousབླ་མ་མཆོད་པའི་ཆོ་ག་མཆོད་པའི་གཏེར།next