Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
དཀྱིལ་འཁོར་ཆེན་པོའི་རྡུལ་ཚོན་ཀླུ་ལ་གཏོད་པའི་ལག་ལེན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཀྱིལ་འཁོར་ཆེན་པོའི་རྡུལ་ཚོན་ཀླུ་ལ་གཏོད་པའི་ལག་ལེན།next

དཀྱིལ་འཁོར་ཆེན་པོའི་རྡུལ་ཚོན་ཀླུ་ལ་གཏོད་པའི་ལག་ལེན།


TNT14_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཆེན་པོའི་རྡུལ་ཚོན་ཀླུ་ལ་གཏོད་པའི་ལག་ལེན་བཞུགས་སོ། །


TNT14_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཀྱིལ་འཁོར་ཆེན་པོའི་རྡུལ་ཚོན་ཀླུ་ལ་གཏོང་པའི་ལག་ལེན་ནི། མཆོད་པའི་ཡོ་བྱད་སོགས་ཚོགས་པར་བྱས་ནས། རྡུལ་ཚོན་བཀུར་སྟི་དང་བཅས་ཏེ། ཆུ་རྒྱུན་རྒྱ་མཚོར་འབབ་པའི་ཆུ་བོའམ། མཚོ་སོགས་གཏིང་ཟབ་ཅིང་སྐམ་པར་མི་འགྱུར་བའི་ཆུ་འགྲམ་དུ་རྡོ་ལེབ་བམ་མཎྜལ་ལ་རྡུལ་ཚོན་གྱིས་པདྨ་དཀར་པོ་འདབ་བརྒྱད་ལེགས་པར་འབྲི་བའམ་སྤར་བཏབ་ཀྱང་རུང་སྟེ། ལྟེ་བ་དང་འདབ་མ་ལ་རྡུལ་ཚོན་ནམ་མེ་ཏོག་གི་ཚོམ་བུ་བཀོད། དེའི་མདུན་དུ་མཆོད་ཡོན་ལ་སོགས་པའི་ཆུ་དང༌། གཡས་སུ་ཉེར་སྤྱོད་ལྔ། མདུན་ནས་འགོ་བརྩམས་ཏེ་རྒྱབ་ཀྱི་བར་དུ་བཤམ། གཡོན་དུ་དཀར་གཏོར་འོ་མས་བྲན་པ་དང༌། སྣོད་གཅིག་ཏུ་འོ་ཐུག་གམ། མ་འབྱོར་ན་འོ་མ་ཕལ་པ་བླུག །དེའི་མདུན་རྒྱབ་གཡས་གཡོན་གང་བདེ་བ་ཞིག་ཏུ་ཅུང་ཟད་སྟེགས་བུ་མཐོ་བར་བུམ་པ་ལ་སོགས་པའི་སྣོད་བཟང་པོར་རྡུལ་ཚོན་བཞུགས་སུ་གསོལ། གླ་རྩི་སོགས་ཀླུ་ལ་གནོད་


TNT14_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་བ་སྤངས་པའི་བདུག་སྤོས་བརྟུལ་ཞིང༌། ལས་བུམ་གྱི་ལྷའི་སྔགས་བདུན་ཙམ་བཟླས་ལ། མཆོད་པ་སོགས། ཨ་མྲྀ་ཏའམ་སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞེས་པ་ནས། རོལ་མོ་གཟུགས་སྒྲ་དྲི་རོ་རེག་བྱ་འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་བཅས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ་ནས། ཤཔྟ་ཨཱཿཧཱུཾ། ཡང་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་སྲུང་འཁོར་གྱི་དབུས་སུ། པཾ་ལས་བྱུང་བའི་རྒྱ་མཚོ་ཁ་དོག་དཀར་པོ་རིན་པོ་ཆེ་དང༌། མེ་ཏོག་གིས་གང་བ། རླབས་འཕྲེང་དང་བཅས་པའི་དབུས་སུ་པཾ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བ་


TNT14_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཧཱུཾ་ལས་རྡོ་རྗེ་དཀར་པོ་ཧཱུཾ་གིས་མཚན་པ་ལས། རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། རང་སྣང་གི་ཡུམ་གྱིས་འཁྱུད་པའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རྒྱ་མཚོ་ཆེན་པོ་ནས་ཀླུ་ཆེན་པོ་བརྒྱད་ལ་སོགས་པ་ཀླུའི་ཚོགས་དཔག་ཏུ་མེད་པ་ཨོཾ་བཛྲ་ས་མཱ་ཛཿ སུམྦྷའམ་ཨ་མྲྀ་ཏས་བསངས། ཛཿཧཱུཾ་བཾ་ཧོཿགདན་ལ་འཁོད་པར་གྱུར་པ་ནི་འདབ་མ་བརྒྱད་ལ། ཤར་དུ་མཐའ་ཡས། ལྷོར་ནི་པདྨ་དང༌། ནུབ་ཏུ་འཇོག་པོ། བྱང་དུ་ནོར་རྒྱས་དང༌། མེ་རུ་དུང་སྐྱོང་བདེན་བྲལ་ཀརྐོ་ཊ། རླུང་དུ་རིགས་ལྡན་དབང་ལྡན་པདྨ་ཆེ། ཐམས་ཅད་ཀྱང་ལྷའི་ལུས་ཅན་སྐུ་མདོག་དཀར་པོ་སྦྲུལ་མགོའི་གདེངས་ཀ་བདུན་དང་ལྡན་པ། སྦྲུལ་མཇུག་འཁྱིལ་ཞིང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཕྱག་ཐལ་མོ་སྦྱར་ཞིང་རང་རང་གི་རིག་མའི་ཚོགས་དང་བཅས་པ། མཐའ་སྐོར་དུ་ཀླུའི་རིགས་ཐམས་ཅད་ཀྱིས་བསྐོར་ཏེ་བཞུགས་པར་གྱུར། ཨོཾ་སརྦ་ནཱ་ག་ཨ་དྷི་པ་ཏི་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ་ནས། ཤཔྟའི་བར་གྱིས་མཆོད། གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། །ས་འོག་མུན་པའི་ཚོགས་རྣམས་རབ་འཇོམས་ཤིང༌། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་


TNT14_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད། །ལག་པ་གཡོན་པ་གདེངས་ཀའི་ཚུལ་དང༌། གཡས་པ་མཆོག་སྦྱིན་གྱི་ཕྱག་རྒྱ་བྱས་ལ། ཨོཾ་ཀླུ་རྒྱལ་མཐའ་ཡས་ནོར་རྒྱས་བུ། །འཇོག་པོ་དང་ནི་སྟོབས་ཀྱི་རྒྱུ། །པདྨ་པདྨ་ཆེན་པོ་དང༌། །དུང་སྐྱོང་དང་ནི་རིགས་ལྡན་དང༌། །ལྷ་མོ་ལྷ་མོ་ཆེན་པོ་དང༌། །ཟླ་བའི་སྤྱི་གཙུག་སྤྱི་གཙུག་ཆེ། །དབྱུག་འཛིན་དབྱུག་འཛིན་ཆེན་པོ་དང༌། །སོག་མ་མེད་དང་ཧུ་ལུཎྜ། །དགའ་བོ་དང་ནི་ཉེ་དགའ་འོ། །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང༌། །ཚ་བ་ཚ་བ་ཆེན་པོ་དང༌། །དཔལ་གྱི་འོད་དང་འོད་པོ་ཆེ། །རིན་ཆེན་འོད་དང་གཟུགས་མཛེས་དང༌། །གཟུགས་མཛེས་ཆེན་པོ་སྦྲུལ་བཟང་དང༌། །ལྟོ་འཕྱེ་ཆེན་པོ་ཤཱི་ལི་དང༌། །ཤཱི་ལི་ཆེན་པོ་རྣམ་དག་གོ །ཨོཾ་བྷཀྵ་བྷཀྵ་ཨ་གཙྪ་ཨཱ་གཙྪ་མཧཱ་ནཱ་ག་ཨ་དྷི་པ་ཏི་སརྦ་བྷུརྦྷུ་ཝ་ཕྲུཾ་ཕྲུཾ་སྭཱཧཱ། ཞེས་པ་ལན་གསུམ་མམ་ལྔའམ། ལན་བདུན་གྱིས་གཏོར་མ་ཕུལ། གོང་བཞིན་མཆོད་བསྟོད་བྱ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཀླུའི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ཀྱིས། དེང་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་རྡུལ་ཚོན་རིན་པོ་ཆེ་འདི་རྣམས་བདག་གིར་མཛད་ནས། ཡང་དག་པར་མཆོད་པ་བྱེད་པ་སོགས་མདོར་ན་ས་ཕྱོགས་འདི་ཉིད་ནས་བརྩམས་ཏེ།


TNT14_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ་ཆེན་པོའི་གཏིང་མཐར་ཐུག་པའི་བར་དུ་གནས་པའི་སེམས་ཅན་རྣམས་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་མཛད་དུ་གསོལ། གཞན་ཡང་སངས་རྒྱས་ཀྱི་བསྟན་པ་དར་བ་དང༌། སེམས་ཅན་ལ་བདེ་སྐྱིད་འབྱུང་བ་དང༌། ས་ཕྱོགས་འདི་སྐོར་དུ་ལོ་ལེགས་ཤིང་ནད་མེད་པ་ལ་སོགས་པ། དགེ་ཞིང་བཀྲ་ཤིས་པར་མཛད་དུ་གསོལ། བདག་ཅག་དཔོན་སློབ་ཡོན་མཆོད་རྣམས་ཀྱི་ཞེས་པའམ། གཙུག་ལག་ཁང་ན་གནས་པའི་དགེ་འདུན་རྣམས་ཀྱི། ཞེས་སོགས་ཇི་ལྟར་སྐབས་སུ་བབ་པའི་ཚིག་སྦྱར་ལ། ཆོས་སྤྱོད་འཕེལ་བ་དང༌། བར་ཆད་ཞི་བ་དང༌། བསྟན་པ་རྒྱས་པ་དང༌། ཡིད་ལ་བསམ་པའི་དོན་ཐམས་ཅད་གེགས་མེད་དུ་འགྲུབ་པར་མཛད་དུ་གསོལ། ཨོཾ་ཕུན་སུམ་ཚོགས་པ་མངའ་བ་སོགས་ཀྱི་བཀྲ་ཤིས་བརྗོད། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པ། །གང་གི་ལམ་གྱིས་གྲོལ་གྱུར་པ། །དེ་ཡིས་སངས་རྒྱས་མྱུར་ཐོབ་ཤོག །མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །རྣལ་འབྱོར་གཙུག་ལག་བསྟན་བཅོས་ལ། །ད་ལྟ་ཉིད་དུ་གནས་པར་ཤོག །ཡིག་བརྒྱའི་མཐར། གཙོ་བོ་ནུས་པ་མ་མཆིས་པས་སོགས་དང༌། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། སོགས་ཀྱི་མཐར། གཙྪ་


TNT14_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གཙྪ་སྭསྠཱ་ནཱཾ། ཨོཾ་ཨཱཿཧཱུཾ་མུཿ ཞེས་རོལ་མོའི་སྒྲ་དང་བཅས་ཀླུ་རྣམས་གཤེགས་པར་མོས། ཛཿཧཱུཾ་བཾ་ཧོཿ ཞེས་རྡོ་རྗེ་སེམས་དཔའ་རང་ལ་བསྡུ་བའམ་མི་དམིགས་པར་སྦྱངས། ཐོག་མར་རྡུལ་ཚོན་ཆུ་བོར་བླུག །མཆོད་པ་ཡང་ཞལ་ཟས་ནས་མཆོད་ཡོན་གྱི་བར་རིམ་གྱིས་བསྡུས་ནས་ཆུ་བོར་དོར། དེ་མ་ཐག་ཀླུ་བརྒྱད་ཀྱི་དཀྱིལ་འཁོར་ཉིད་ཀྱང་ཆུ་ལ་དོར། གཞི་མ་མཎྜལ་ཡོད་ན་དེར་འཁྲུ་ཞིང༌། རྡུལ་ཚོན་གྱི་སྣོད་བུམ་པའང་ལེགས་པར་བཀྲུས་ནས་ཆུ་གཙང་མས་དགང་སྟེ། ཨོཾ་རུ་རུ་སྥུ་རུ་སོགས་སངས་རྒྱས་སྤྱན་མའི་སྔགས་བཟླ་བཞིན་དུ་དཀྱིལ་འཁོར་ཁང་པར་འོང་བར་བྱའོ། །འདི་ལ་ཀླུ་བརྒྱད་པོ་རང་རང་གི་ཁ་དོག་སོ་སོར་བྱེད་པའང་ཡོད་དེ། མཐའ་ཡས་སྔོ་ལ་པདྨ་དཀར། །འཇོག་པོ་ནོར་རྒྱས་དམར་དང་ལྗང༌། །དུང་སྐྱོང་དུང་མདོག་སྟོབས་རྒྱུའང་ལྗང༌། །རིགས་ལྡན་སྔོ་ལ་པད་ཆེན་སེར། །ཞེས་འདོད་པ་ལྟར་བྱས་ཀྱང་རུང༌། གསང་འདུས་སྐོར་དང་གཤིན་རྗེ་གཤེད་སྐོར་ནས་ཁྲོ་བོའི་རྒྱན་གྱི་སྐབས་སུ་བཤད་པ་ལྟར་ཡང་རུང༌། ཕྱོགས་དང་སྐུ་མདོག་རྣམས་དུར་ཁྲོད་ཀྱི་སྐབས་འབྱུང་བ་ལྟར་བྱས་ནའང་འགལ་བ་མེད། གཞན་ཡང་རྡོ་རྗེ་གུར་ལས་གཏོར་མའི་སྐབས་སུ་གསུངས་པ་ལྟ་བུ་ལ་སོགས་པ་ཇི་ལྟར་འོས་པར་སྦྱར་ཡང་རུང་ངོ༌། །ཕྱོགས་གཡོན་སྐོར་དུ་བྱེད་ན། དབང་པོར་མཐའ་ཡས་བྱང་ཕྱོགས་ནོར་རྒྱས་


TNT14_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །ཆུ་བདག་འཇོག་པོ་གཤིན་རྗེར་པདྨའོ། །ཞེས་འདོན་པ་བསྒྱུར། གཞན་ཡང་མཚམས་ཀྱི་སྐོར་ལུགས་དབང་ལྡན་ཐོག་མར་བྱེད་པའང་ཡོད་པས། ཇི་ལྟར་འོས་པ་རིག་པས་དཔྱད་དོ། །དབུས་སུ་རྡོ་རྗེ་སེམས་དཔའ་མི་བྱེད་པར། ཆུ་ལྷ་དཀར་པོ་སྦྲུལ་ཞགས་དང་ཨུཏྤལ་འཛིན་པ། རིག་མ་དང་བཅས་པ་སྒོམ་པའང་ཡོད་ཅིང༌། ཕུཿཡིག་བརྒྱད་ལས་ཀླུ་བརྒྱད་བསྐྱེད་པ་སོགས་སྣ་ཚོགས་ཡོད་དེ། དེ་དག་ཇི་ལྟར་འོས་པ་སྐབས་སུ་གང་བབ་ཏུ་སྦྱོར་ཤེས་ན་སོ་སོར་སྦྱར་བར་བྱ་ལ། མིན་ན་ཡང་གོང་དཀྱུས་སུ་བཤད་པ་ཉིད་གསང་བ་སྤྱིའི་ཆོ་ག་ཡིན་པས་རྣལ་འབྱོར་བླ་ན་མེད་པའི་དཀྱིལ་འཁོར་གང་ལ་ཡང་སྦྱོར་དུ་རུང་བར་ཤེས་པར་བྱའོ། །ཞེས་པའང་དོན་གཉེར་འགའ་ཞིག་གིས་བསྐུལ་པའི་ངོར། ཏཱ་ར་ནཱ་ཐས་སྨྲས་པའོ། །


previousདཀྱིལ་འཁོར་ཆེན་པོའི་རྡུལ་ཚོན་ཀླུ་ལ་གཏོད་པའི་ལག་ལེན།next