Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
ཀླུ་གཏོར་ཇི་ལྟར་བྱ་བའི་ཆོ་ག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀླུ་གཏོར་ཇི་ལྟར་བྱ་བའི་ཆོ་གnext

ཀླུ་གཏོར་ཇི་ལྟར་བྱ་བའི་ཆོ་ག


TNT14_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ཀླུ་གཏོར་གཏོང་བར་འདོད་པས། རིན་པོ་ཆེའི་སྣོད་དུ་ཆུ་གཙང་མ་འོ་མ་དང་བཅས་པ་ལ་ཀླུ་སྨན་དང་དར་ཟབ་སྣ་ཚོགས་རིན་པོ་ཆེ་སྣ་ལྔ་འབྲུ་སྣ་ལྔ་སོགས་བཏབ་པ་བཤམས་ཏེ། སྐྱབས་སེམས་སྔོན་དུ་བཏང་ནས། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། བདག་དང་སྣང་བ་ཐམས་ཅད་སྟོང་པར་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་སེམས་ཉིད་ཧྲཱིཿཡིག་དཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ཧྲཱིཿལ་ཐིམ། དེ་ཡོངས་སུ་གྱུར་པ་ལ་རང་ཉིད་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས་པ། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང༌། གཡོན་མེ་ཏོག་པདྨ་དཀར་པོའི་རྩ་བ་ཐུགས་ཀར་བཟུང་ནས་སྙན་གྱི་ཐད་ཀར་ཁ་བྱེ་བ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། རས་བཟང་པོའི་ཤམ་ཐབས་དང༌། རི་དྭགས་ཀྱི་པགས་པའི་ནུ་མ་བཀབ་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། རི་བོ་པོ་ཏ་ལ་ནས་རྗེ་བཙུན་སྤྱན་རས་གཟིགས་


TNT14_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ལ། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཨཱརྱ་ལོ་ཀི་ཤྭ་ར་ཡ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་བཅས་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཨཱཿཧཱུཾ། བདུད་རྩིའི་ཆུས་དབང་བསྐུར་སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། དབང་གི་ལྷ་རྣམས་རང་ལ་ཐིམ་པས། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་གི་མཐར་ཡི་གེ་དྲུག་མས་བསྐོར་བར་བསམ། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་ཅི་རིགས་བཟླས། སླར་ཡང་གོང་བཞིན་མཆོད་ལ། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། ཡི་དམ་གྱི་ང་རྒྱལ་བརྟན་པར་བྱའོ། །དེ་ནས། ཨོཾ་ཨཱཿཧཱུཾ་ཧོཿཞུ་བ་ལས། གནས་ཡིད་དུ་འོང་བ་རིན་པོ་ཆེའི་བྲག་བྱ་སྐྱིབས་ཅན་མཁའ་ལྡིང་གི་གནོད་པ་མི་འབྱུང་བ་དང༌། མཚོ་དང་རྫིང་བུ་དང་ནེའུ་སིང་དང༌། ཕོ་བྲང་དང་སྐྱེད་མོས་ཚལ་ལ་སོགས་པ་


TNT14_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སུ། ལྷ་ཀླུའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང༌། ཀླུ་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་བདུད་རྩིས་ཡོངས་སུ་གང་བར་གྱུར། དཀར་གསུམ་མངར་གསུམ་ཡིད་འོང་མཚོ། །མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པ། །ཀླུའི་ཕོ་བྲང་ཡིད་འོང་བར། །དབུས་སུ་པད་སྡོང་འདབ་མ་བརྒྱད། །ཕུཿདགུ་ཡོངས་སུ་གྱུར་པ་ལས། །དབུས་ཀྱི་གདན་གྱི་སྟེང་དུ་ནི། །ཀླུ་རྒྱལ་ཆུ་ལྷ་དཀར་པོ་ནི། །སྦྲུལ་མགོ་བདུན་གྱི་གདེངས་ཀས་མཛེས། །ཕྱག་གཉིས་ཐལ་སྦྱར་འཛུམ་བག་ཅན། །ལྷ་ལུས་རིན་ཆེན་རྒྱན་གྱིས་སྤྲས། །སྐུ་སྨད་སྦྲུལ་མཇུག་འཁྱིལ་བའོ། །ཤར་དུ་མཐའ་ཡས་སྔོན་པོ་དང༌། །ལྷོ་རུ་པདྨ་སེར་པོ་དང༌། །ནུབ་ཏུ་འཇོག་པོ་དམར་པོ་དང༌། །བྱང་དུ་ནོར་རྒྱས་ལྗང་ཁུ་དང༌། །མེ་རུ་དུང་སྐྱོང་དུང་མདོག་དང༌། །བདེན་བྲལ་ཀརྐོ་ཊ་ལྗང་དང༌། །རླུང་དུ་རིགས་ལྡན་སྔོན་པོ་དང༌། །དབང་ལྡན་པད་ཆེན་སེར་པོ་སོགས། །ཐམས་ཅད་སྦྲུལ་མགོའི་གདེངས་ཀས་མཛེས། །ཞལ་གཅིག་ཕྱག་གཉིས་ཐལ་མོ་སྦྱར། །ལྷ་ལུས་རིན་ཆེན་རྒྱན་གྱིས་སྤྲས། །སྐུ་སྨད་སྦྲུལ་མཇུག་འཁྱིལ་བའོ། །འཁོར་དུ་ཀླུ་རིགས་ཀུན་གྱིས་བསྐོར། །རང་གི་ཐུགས་ཀའི་ཧྲཱིཿཡིག་དང༌། །དེ་རྣམས་སྐུ་ལས་འོད་ཟེར་འཕྲོས། །ཀླུ་ཆེན་འཁོར་བཅས་སྤྱན་དྲངས་སོ། །


TNT14_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། །ས་འོག་མུན་པའི་ཚོགས་རྣམས་རབ་འཇོམས་ཤིང༌། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །གཞན་ཡང་ཀླུ་དང་ས་བདག་སོགས། །ཞ་བོ་དང་ནི་འཐེང་པོ་དང༌།།རྒུར་པོ་ཡན་ལག་མཛེ་ཅན་དང༌། །སྟོང་གསུམ་གླིང་གསུམ་འཛམ་གླིང་དང༌། །མ་དྲོས་གཙང་པོ་ཁྲོན་པ་དང༌། །རྩི་ཤིང་ནགས་ཚལ་སྐྱེད་མོས་ཚལ། །གཡའ་རི་གངས་རི་རྫ་རི་དང༌། །སྤང་རི་ནཻ་གསེང་ལ་སོགས་པའི། །རང་རང་གནས་ནས་སྤྱན་འདྲེན་གྱིས། །དུག་གསུམ་གདུག་པའི་སེམས་བོར་ལ། །དགའ་དང་གུས་པའི་བསམ་པ་ཡིས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། པདྨ་ཀ་མ་ལ་ཡེ་སྟྭཾ། ཁྱད་པར་བདག་དང་སྦྱིན་བདག་ལ། །གནོད་ཅིང་འཚེ་བར་བྱེད་པ་ཡི། །ཀླུ་དང་ས་བདག་མ་ལུས་པ། །པདྨའི་གདན་ལ་འཁོད་པར་གྱུར། །ཀླུ་རྣམས་མཐའ་འོད་ཀྱི་ལྕགས་རིས་བསྐོར་བར་གྱུར་ཞེས་བརྗོད། དེས་གཏོར་མ་བསྔོ་མ་ཟིན་གྱི་བར་ལ་ཕྱི་ལ་ཡན་འགྲོ་ས་མེད་པར་བསམ། ཨོཾ་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། མཆོག་སྦྱིན་གྱི་ཕྱག་རྒྱ་བཅས་ལ། ཕྱག་གཡས་མཆོག་སྦྱིན་མཐིལ་དུ་ནི། །ཨ་ལས་ཟླ་བའི་དཀྱིལ་འཁོར་སྟེང༌། །ཧྲཱིཿལས་བདུད་རྩིའི་


TNT14_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་བབས་པས། །གཏོར་སྣོད་ཁེངས་ཤིང་ཕྱིར་ལུད་པས། །ས་བདག་ཀླུ་གཉན་ཚོགས་རྣམས་ཀྱིས། །འཐུང་ཞིང་ལེགས་པར་ཁྲུས་བྱས་པས། །ལུས་དང་ཡན་ལག་ཉམས་པ་རྣམས། །གསོས་ཤིང་ལྷ་ལུས་ཐོབ་པར་གྱུར། ཨོཾ་བཱ་སུ་ཀེ་མཾ་སྭཱཧཱ། བརྒྱ་རྩ་སོགས་ཅི་རིགས་བཟླས་ཤིང༌། ཨོཾ་ཧི་ལི་ཧི་ལི་མཧཱ་ཧི་ལི་ཕྲུཾ་ཕུཿསྭཱཧཱ། གསུམ། ཨོཾ་བྷཀྵ་ཡ་བྷཀྵ་ཡ་ས་མ་ཏིཥྛ་ཛུཾ་ཕྲུཾ་ཕུཿཧཱུཾ་སྭཱཧཱ། ལན་བདུན་སོགས་ཀྱིས་ཕུལ་ན་ལེགས། ཨོཾ་སརྦ་ནཱ་ག་རཱ་ཛ་བྷྱཿཨ་ཀཱ་རོ་བཏགས། ཨོཾ་སརྦ་ནཱ་ག་ར་ཛྙི་བྷྱཿ ཨོཾ་ཨཱ་ཀཱ་རོ། ཨོཾ་སརྦ་ནཱ་ག་ཀུ་མཱ་རེ་བྷྱཿཨོཾ་ཨ་ཀ་རོ་ནས། ཨོཾ་སརྦ་ན་ག་ཀུ་མཱ་རི་བྷྱཿཨོཾ་ཨ་ཀཱ་རོ༴ ཨོཾ་སརྦ་ནཱ་ག་པྲིདྡྷེ་བྷྱཿཨོཾ་ཨ་ཀཱ་རོ༴ ཨོཾ་སརྦ་ནཱ་ག་པྲིདྡྷི་བྷྱཿཨོཾ་ཨ་ཀཱ་རོ༴ ཨོཾ་སརྦ་ནཱ་ག་ཀུ་ལི་བྷྱཿཨོཾ་ཨ་ཀཱ་རོ༴ ཨོཾ་སརྦ་ནཱ་ག་ཀུ་ལི་བྷྱཿ ཨོཾ་ཨ་ཀཱ་རོ༴ བཏགས་ཏེ་ཕུལ། ཨོཾ་ཀླུ་རྒྱལ་མཐའ་ཡས་ནོར་རྒྱས་བུ། །འཇོག་པོ་དང་ནི་སྟོབས་ཀྱི་རྒྱུ། །པདྨ་པདྨ་ཆེན་མོ་དང༌། །དུང་སྐྱོང་དང་ནི་རིགས་ལྡན་དང༌། །ལྷ་མོ་ལྷ་མོ་ཆེན་པོ་དང༌། །ཟླ་བའི་སྤྱི་གཙུག་སྤྱི་གཙུག་ཆེ། །དབྱུག་འཛིན་དབྱུག་འཛིན་ཆེན་པོ་དང༌། །སོག་མ་མེད་དང་ཧུ་ལུཎྜ། །དགའ་བོ་དང་ནི་ཉེ་དགའ་བོ། །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང༌། །ཚ་བ་ཚ་བ་ཆེན་པོ་དང༌། །དཔལ་གྱི་འོད་དང་འོད་པོ་ཆེ། །རིན་ཆེན་འོད་དང་


TNT14_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་མཛེས་དང༌། །གཟུགས་མཛེས་ཆེན་པོ་སྦྲུལ་བཟང་དང༌། །ལྟོ་འཕྱེ་ཆེན་པོ་ཤཱི་ལི་དང༌། །ཤི་ལི་ཆེན་པོ་རྣམས་དང་ནི། །ཀླུ་ཆེན་འཁོར་བཅས་གཏོར་མ་བཞེས། །མཛེས་པའི་དཀར་གསུམ་གཏོར་མ་འདི། །མངར་གསུམ་འོ་མའི་རྒྱ་མཚོ་ཆེ། །རིན་ཆེན་ཕྲེང་བའི་ཐེམ་སྐས་ཅན། །ཀླུའི་གནོད་པ་སྐྱོབ་བྱེད་པ། །མཐུན་པའི་རྫས་སུ་འདི་གྱུར་ཅིག །བདག་དང་ཡོན་བདག་འཁོར་བཅས་ལ། །ཀླུ་ལས་གྱུར་པའི་གནོད་པ་ནི། །མཐོང་བའི་དུག་དང་རེག་པའི་དུག །བསམ་ངན་དུག་དང་ཁ་རླངས་དུག །དེ་ལ་སོགས་པའི་དུག་རྣམས་ཀུན། །ཡུད་ཙམ་གྱིས་ནི་ཞི་གྱུར་ཅིག། བདག་ལས་གཅེས་པའི་རྫས་ཁྱེར་ལ། །བདག་ལ་གནོད་པ་མ་བྱེད་པར། །གནོད་པའི་བསམ་པ་ཞི་བ་དང༌། །ཕ་མ་ལྟ་བུའི་སེམས་ཀྱིས་ལྟོས། །དེ་ནས། ཆོས་རྣམས་གང་དག་རྒྱུ་ལས་བྱུང༌། ནས། རིགས་སུ་སྐྱེས་ཀྱི་བར་གྱི་ཆོས་སྦྱིན་བྱིན། ཀླུ་རྣམས་ཀྱི་སྒྲིབ་པ་སྦྱོང་བའི་ཆེད་དུ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀཱ་ནི་ཀཱཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲ་ས་ནི་ཏྲ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་ར་ཎི་མེ་སརྦ་སཏྭ་ནཉྩ་སྭཱཧཱ། ཅི་ནུས་བཟླས། ས་བདག་ཀླུ་གཉན་ཐམས་ཅད་ཀྱི། །ལུས་ཀྱི་ན་ཚ་གསོས་གྱུར་ཅིག །སེམས་ཀྱི་སྡུག་བསྔལ་ཞི་གྱུར་ཅིག །ཡན་ལག་ཉམས་དང་ཉིང་ལག་ཉམས། །


TNT14_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པའི་ལུས་རྣམས་གསོས་གྱུར་ཅིག །མཁའ་ལས་བྱེ་ཚན་འབབ་པ་དང༌། །ཤ་ཁྲག་བུ་ཆུང་གཅེར་བུས་འཇིགས། །གནོད་པ་དེ་རྣམས་ཞི་གྱུར་ཅིག །སྡུག་བསྔལ་ནད་ཀྱིས་ཟིན་པ་ལ། །སྨན་གྱི་མཆོག་ཏུ་འདི་གྱུར་ཅིག །འཇིགས་ཤིང་སྐྲག་པས་དངངས་པ་ལ། །མགོན་སྐྱབས་མཆོག་ཏུ་འདི༴ དབུལ་ཞིང་ཕོངས་པས་མནར་བ་ལ། །འདོད་དགུའི་དཔལ་དུ་འདི༴ བཀྲེས་ཤིང་སྐོམ་པས་གདུངས་པ་ལ། །བཟའ་བཏུང་མཆོག་ཏུ་འདི༴ འགྲོ་དུས་ལམ་ངན་རྙེད་པ་ལ། །ལམ་མཁན་མཆོག་ཏུ་འདི༴ མ་རིག་མུན་པས་འཐིབས་པ་ལ། །སྣང་གསལ་མཆོག་ཏུ་འདི༴ གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །འཆི་མེད་མཆོག་ཏུ་འདི་གྱུར་ཅིག །མདོར་ན་གང་ལ་གང་དགོས་པ། །རྒྱུན་ཆད་མེད་པར་འབྱུང་བར་ཤོག འདི་ཡན་བྱེད་ན། ཀླུ་ཡི་རིགས་ནི་ཁྱེད་རྣམས་ཀུན། ནས། གཙྪ་ཡན་ནོ། །རྒྱས་པར་བྱེད་པ་དང་གཤེགས་པ་བསྟུན་ནོ། །ཀླུ་གཉན་ས་བདག་ཁྱེད་རྣམས་ཀྱི། །གནས་དང་ཕོ་བྲང་བཤིག་པ་དང༌། །ས་གཉན་རྐོས་དང་རྡོ་གཉན་བསྒུལ། །ཤིང་གཉན་བཅད་དང་བྲག་གཉན་གཤགས། །ནེའུ་གསིང་བྲུས་དང་ཆུ་མིག་བསུབས། །ཉ་སྦལ་བསད་དང་གྲོག་ཚང་བཤིག །ཡན་ལག་བྲེག་དང་རྭ་རྨིག་གནད། །མི་གཙང་དྲི་མ་ཕོག་པ་སོགས། །ཉེས་པའི་སྐྱོན་གྱི་ཁྱེད་


TNT14_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ། །ནད་དང་སྡུག་བསྔལ་ཅི་མཆིས་པ། །མཆོད་སྦྱིན་གཏོར་མ་རྒྱ་མཚོ་ཡི། །བདུད་རྩིའི་སྨན་འདིས་གསོས་གྱུར་ཅིག ཁྱེད་ཀྱི་གནས་ཁང་ཉམས་པ་ན། །རིན་ཆེན་སྣ་ལྔའི་བདུད་རྩི་ཡིས། །གནས་ཁང་ཉམས་པ་གསོས་གྱུར་ཅིག །གནས་ཁང་ཉམས་པ་གསོས་ནས་ཀྱང༌། །ཀླུ་རྣམས་མདངས་དང་ལྡན་པ་དང༌། །ནད་མེད་དཔལ་འབྱོར་རྒྱས་པར་ཤོག །ཅེས་པ་རིགས་པས་སྦྱར་བའང་བསྡུས་ཀྱང་རུང་ངོ༌། །འོ་མ་རྒྱ་མཚོའི་བདུད་རྩི་ཡིས། །ཆུ་མིག་ཉམས་པ་གསོས་གྱུར་ཅིག།སྙུག་མ་སེར་པོའི་བདུད་རྩི་ཡིས། །ཤིང་རྣམས་ཉམས་པ་གསོས་གྱུར་ཅིག །ནཱ་ག་པུས་པའི་བདུད་རྩི་ཡིས། །དབུ་སྐྲ་ཉམས་པ༴ རྒྱ་མཚོ་ལྦུ་བའི་བདུད་རྩི་ཡིས། །ཀླད་པ་ཉམས་པ་གསོས་གྱུར་ཅིག །ཨུཏྤལ་སྔོན་པོའི༴ མིག་གི་དབང་པོ༴ གུར་གུམ་པྲི་ཡང་ཀུ་ཡིས་ནི། །སྣ་དང་རྣ་བ༴ ཨུཏྤལ་དམར་པོའི༴ ལྕེ་ཡི་དབང་༴ མགྲོན་བུ་དཀར་པོའི་བདུད་རྩི་ཡིས། །སོ་ཡི་ནད་རྣམས་ཞི་གྱུར་ཅིག །ཐལ་ཀར་རྡོ་རྗེའི༴ པགས་པ་ཉམས་པ་གསོས་གྱུར་ཅིག །དབང་པོ་ལག་པའི་བདུད་རྩི་ཡིས། ཡན་ལག་ཉམས་པ༴ ཆུ་སྲིན་སྡེར་མོའི༴ ཉིང་ལག་ཉམས་པ༴ པུ་ཤེལ་རྩེའི༴ རྩ་རྒྱུས་ཉམས་པ༴ དུང་དཀར་གཡས་འཁྱིལ༴ རུས་པ་ཉམས་པ༴ མཚལ་དཀར་ད་ཆུའི་བདུད་རྩི༴ ཤ་ཁྲག་ཉམས་པ༴ སྙིང་


TNT14_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཞོ་ཤའི་བདུད་རྩི༴ སྙིང་གི་ནད་རྣམས༴ མཁལ་མ་ཞོ་ཤའི་བདུད་རྩི༴ མཁལ་མའི་ནད་རྣམས་ཞི་གྱུར་ཅིག །ལི་ཁྲི་དམར་པོའི་བདུད༴ མཆིན་པའི་ནད་རྣམས་ཞི་གྱུར་ཅིག །འོམ་བུ་བཙོད་ཀྱི་བདུད་རྩི་ཡིས། །རྒྱུ་མ་ཉམས་པ་གསོས༴ གླ་གོར་ཞོ་ཤའི༴ མཚེར་བ་ཉམས་པ༴ ཅུ་གང་དཀར་པོའི་བདུད་རྩི་ཡིས༴ གློ་བ་ཉམས་པ༴ གཡུ་སྒོང་འབར་བའི༴ ལྒང་བའི་ནད་རྣམས་ཞི་གྱུར་ཅིག །གི་ཧཾ་སེར་པོའི༴ ཚད་པའི་ནད་རྣམས་ཞི༴ ཛ་ཏི་ཕ་ལའི༴ རླུང་གི་ནད་རྣམས་ཞི༴ དྲི་ཞིམ་སྤོས་ཀྱི་བདུད་རྩི༴ མི་གཙང་དྲི་མ་དག་གྱུར་ཅིག །སྙིང་པོ་ལྔ་ཡི་བདུད་རྩི་ཡིས། །བཀྲེས་སྐོམ་སྡུག་བསྔལ་ཞི༴ སྨན་སྣ་ལྔ་ཡིས༴ ཉོན་མོངས་དུག་ལྔ་ཞི༴ འབྲུ་སྣ་ལྔ་ཡི༴ ལོངས་སྤྱོད་ཕུན་སུམ་ཚོགས་གྱུར་ཅིག །དར་ཚོན་སྣ་ལྔའི༴ གོས་སོགས་སྐྱབས་དང་ལྡན་གྱུར་ཅིག །ས་བདག་ཀླུ་གཉན་ཁྱེད་རྣམས་ལ། །བསད་ཅིང་གནད་ནས་རྒོལ་བ་དང༌། །འཁོན་ཞིང་འགྲས་པ་ཅི་མཆིས་པ། །དེ་རིང་འཁོན་སེལ་འགྲས་པ་སྡུམ། །མཆོད་སྦྱིན་འདི་ཡིས་ཚིམ་གྱིས་ལ། །ཀླུ་ཡི་རིགས་ནི་ཁྱེད་རྣམས་ཀུན། །སེམས་དང་ཤེས་པ་གསལ་གྱུར་ཅིག །དྲིན་ལན་དམ་ཚིག་དྲན་གྱིས་ལ། །


TNT14_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་དང་དམ་ལས་མ་འདའ་བར། །ཤིན་ཏུ་ཁྲོས་པ་ཞི་གྱུར་ཅིག །དབང་པོ་རྣམས་ཀྱི་སྤྱོད་ཡུལ་དུ། །མཁོ་དགུའི་ལོངས་སྤྱོད་ཐམས་ཅད་ལྡན། །ཉམས་པའི་ལུས་རྣམས་གསོས་ཤིང་རྒྱས། །ཡན་ལག་ཐམས་ཅད་བདེ་གྱུར་ཅིག །ངན་སོང་གསུམ་ལས་ཐར་ནས་ཀྱང༌། །ཚངས་བའི་བདེ་དང་ལྡན་གྱུར་ཅིག །ཆོས་སྤྱོད་དབང་པོ་ཕུལ་ནས་ཀྱང༌། །ཕྱག་ན་རྡོ་རྗེའི་ཞལ་མཐོང་ཤོག །སྔགས་དང་སྨན་སོགས་བྱིན་རླབས་ཀྱིས། །ནད་དང་ཉེར་འཚེ་ཀུན་སྤངས་ནས། །དྲིན་ལན་དམ་ཚིག་དྲན་གྱིས་ལ། །ཀླུ་རྣམས་རང་རང་གནས་སུ་གཤེགས། །བྱང་ཆུབ་སེམས་དང་ལྡན་པར་གཤེགས། །སྐབས་འདིར་འོད་ཀྱི་ལྕགས་རི་མི་དམིགས་པར་སྒོམ། རྒྱལ་རིགས་དཀར་པོ་ཤར་དུ་གཤེགས། །རྗེ་རིགས་སེར་པོ་ལྷོ་རུ༴ དམངས་རིགས་དམར་པོ་ནུབ་ཏུ༴ བྲམ་ཟེ་སྔོན་པོ་བྱང་དུ༴ གདོལ་པ་ནག་པོ་མཚམས་བཞིར༴ ས་ཡི་བདག་པོ་ས་ལ༴ ཆུ་ཡི་བདག་པོ་ཆུ་ལ༴ ཨོཾ་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་གཙྪ། གཞན་ཡང་ལས་ལ་གྲུབ་པ་ཡི། །བཀའ་དང་དམ་ལས་མ་ཐོགས་པའི། །གདུག་པ་ཅན་གྱི་ཀླུ་རྣམས་ཀུན། །རང་རང་སོ་སོའི་གནས་སུ་དེངས། །བྱ་ཁྱུང་གི་ཕྱག་རྒྱ་དང༌། ཨོཾ་ག་རུ་ཊ་ཧཾ་ས་ཧེ་ཙ་ལེ་ཙ་ལེ་སྭཱཧཱ། ཞེས་པས་དཀར་ཕྱོགས་ཀྱི་ཀླུ་རྣམས་གཤེགས་སུ་གསོལ། ནག་ཕྱོགས་ཀྱི་ཀླུ་རྣམས་བསྐྲད་ནས། གཏོར་


TNT14_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

མ་ས་གཙང་སར་དོར་བར་བྱའོ། །དུག་གསུམ་ཀླུའི་སྡུག་བསྔལ་དང༌། །དུག་གསུམ་ཀླུའི་ནད་ཞི་ནས། །བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །སྐུ་གསུམ་རྡོ་རྗེ་འཛིན་ཐོབ་ཤོག །ཅེས་སྨོན་ལམ་བཀྲ་ཤིས་ཅི་རིགས་བྱའོ།། །།ཀླུ་གཏོར་ཇི་ལྟར་བྱ་བའི་ཆོ་ག་ཏཱ་ར་ནཱ་ཐས་སྨྲས་པའོ། །མངྒ་ལཾ། གཅིག་ཞུས། །


previousཀླུ་གཏོར་ཇི་ལྟར་བྱ་བའི་ཆོ་གnext