Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
ཆུ་གཏོར་འཇམ་དཔལ་མ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཆུ་གཏོར་འཇམ་དཔལ་མ།next

ཆུ་གཏོར་འཇམ་དཔལ་མ།


TNT14_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་གཏོར་འཇམ་དཔལ་མ་ཞེས་བྱ་བ་བཞུགས་སོ། །


TNT14_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དུག་རིགས་མེད་པའི་སྨན་རྣམས་དང༌། དཀར་གསུམ་མངར་གསུམ་འབྲུ་སྣ་དང༌། ཆུ་གཙང་མ་བཤམས་ཏེ། སྐྱབས་སེམས་བྱས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཡི་གེ་མཾ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་སླར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་པ་འཇམ་དཔལ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་ཀྱི་ཕྱག་མཐིལ། པུས་མོ་གཡས་ལ་བཀབ་པའི་ཚུལ་གྱི་འགྱིང་བག་དང་བཅས་པ། གཡོན་པ་གདན་ལ་བརྟེན་པས་ཨུཏྤལའི་སྡོང་པོ་སྙན་གྱི་ཐད་ཀར་ཁ་བྱེ་བ་འཛིན་པ། དབུ་སྐྲ་ཟུར་ཕུད་ལྔ་དང་ལྡན་པ། ཞབས་རྒྱལ་པོ་རོལ་བའི་སྟབས་ལས་གཡས་རོལ་གྱིས་བཞུགས་པ། དར་


TNT14_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད། འཕགས་པ་འཇམ་དཔལ་གྱི་རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་ཐིམ། ཡང་སྙིང་གའི་ཧཱུཾ་ལས་འོད་འཕྲོས། དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུངས་ཤིང་དབང་བསྐུར་བས། རྣམ་སྣང་གིས་དབུ་བརྒྱན། ཨོཾ་ཝཱ་གཱི་ཤྭ་རི་མུཾ། སྙིང་པོ་ཅི་རིགས་བཟླས། ཨོཾ་ཨཱརྱ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨརྒྷཾ་སྭཱཧཱ། ནས། ཤཔྟའི་བར་གྱི་


TNT14_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད། གཞོན་ནུ་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་བརྒྱན་ཞིང༌། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་བསྟོད་དོ། །དེ་ནས་གཏོར་མ་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་པ་ནི། ཆོས་ཉིད་རྣམ་དག་གི་ཕྱག་རྒྱ་ནི། ཐལ་མོ་ཁོང་སྟོང་སྙིང་གར་སྦྱར་བ་དང༌། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པས་མ་དག་པ་ཐམས་ཅད་སྦྱངས་ནས། སྟོང་པ་ཉིད་དུ་བསམ་ཞིང༌། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་ནི། ཐལ་མོ་སྦྱར་བ་ལས་ཚིགས་བར་པ་གསུམ་བཅག་པ་དཔྲལ་བ་རུ་དང༌། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། ཞེས་པས་མགྲོན་སོ་སོའི་མོས་པ་དང་མཐུན་པའི་ཡོ་བྱད་རྣམས་ནི་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་བསམ་ཞིང༌། བདུད་རྩི་འཁྱིལ་བའི་ཕྱག་རྒྱ་ནི། ཐལ་མོ་ཕྱིར་བསྐྱེད་མཐེ་བོང་བསྣོལ་ལ་ཁའི་ཐད་དུ་དང༌། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་པས་ཐམས་ཅད་ཀྱང་སྡུག་བསྔལ་མཐའ་དག་ཞི་བར་བྱེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམ་ཞིང༌། རྒྱ་ཆེན་ཤུགས་ལྡན་འོད་ཀྱི་ཕྱག་རྒྱ་ནི། གཡོན་ཁུ་ཚུར་དལ་སྟེང་དུ་བཞག །གཡས་ཁུ་ཚུར་སྡིགས་མཛུབ་བྱས་པས་སྣོད་ལ་བསྟད་པ་དང༌། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། ཞེས་པས་འཕགས་པ་རྣམས་ཀྱི་སྤྱན་སྔར་མཆོད་པའི་སྤྲིན་མཐའ་ཡས་པ་དང༌། སེམས་ཅན་རྣམས་ཀྱི་སྤྱོད་ཡུལ་དུ་འདོད་པའི་ལོངས་སྤྱོད་ཟད་མི་ཤེས་པ་འབྱུང་བར་བསམ་ཞིང༌། ཡེ་ཤེས་སྐར་མདའི་ཕྱག་རྒྱ་ནི། གཡས་ཁུ་ཚུར། གཡོན་


TNT14_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གར་འདེགས་ཚུལ་བྱས་པ་དང༌། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་ཧཱུཾ། ཞེས་པས་ལུས་ཞིང་གི་རྡུལ་ཕྲ་རབ་དང་མཉམ་པ་འཕགས་པ་རྣམས་ལ་ཕུལ་བས་མཉེས་ཤིང༌། སེམས་ཅན་རྣམས་ཀྱང་ཡོ་བྱད་ལ་རྩོད་པ་མེད་ཅིང་མཐུན་པའི་བསམ་པ་དང་ལྡན་པར་བསམ་ཞིང༌། དབང་བསྒྱུར་འཁོར་ལོའི་ཕྱག་རྒྱ་ནི། སོར་མོ་ནང་དུ་བསྣོལ་བ་སྤྱི་བོར་བཞག་པ་དང༌། ན་མཿས་མནྟ་བུདྡྷཱ་ནཱཾ་གྲ་ཧེ་ཤྭ་རི་པྲ་བྷཉྫ་ན་མཧཱ་ས་མ་ཡེ་སྭཱཧཱ། ཞེས་པས་ཐམས་ཅད་ཀྱང་དམ་ཚིག་ལ་གནས་པས་ཕན་པ་དང་བདེ་བའི་འཕྲིན་ལས་འབའ་ཞིག་སྒྲུབ་པར་བསམ་ཞིང༌། ཕྱག་རྒྱ་རྣམས་ཕྱོགས་བཅུར་བསྟན་ཞིང་སྔགས་རྣམས་ལན་གསུམ་ལ་སོགས་པའི་བརྗོད་པར་བྱའོ། །དེ་ནས། ན་མོ་བདེ་གཤེགས་སྙིང་པོ་འགྲོ་ཀུན་ཡོངས་ལ་ཁྱབ། །སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་དེ། །འགྲོ་བ་མ་ལུས་འདི་དག་སངས་རྒྱས་རྒྱུ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ནི། །སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམ། །ཡིད་ཀྱི་སྤྲུལ་ཞིང་བཤམས་པའི་གནས་འདི་རུ། །གཏན་པ་མེད་པའི་མཆོད་སྦྱིན་རྒྱལ་པོ་ལ། །སྤྱན་འདྲེན་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །རྒྱལ་བ་རྒྱལ་སྲས་ཉན་ཐོས་རང་རྒྱལ་དང༌། །ལྷ་སྲིན་སྡེ་བརྒྱད་འགྲོ་དྲུག་སེམས་ཅན་དང༌། །བགེགས་རྣམས་གཏན་པ་མེད་པའི་མཆོད་སྦྱིན་ལ། །སྤྱན་འདྲེན་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཞེས་པས་སྤྱན་


TNT14_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ཏེ། པདྨ་ཀ་མ་ལ་སྟྭཾ་གྱིས་གདན་ཕུལ་ལ། ཨརྒྷཾ་ལ་སོགས་པས་མཆོད། ན་མཿསརྦ་ཏ་ཐཱ་ག་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐད་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིང་ཏ་ཡེ་སྭཱཧཱ། ཞེས་ལན་གསུམ་གྱིས་འཁོར་འདས་ཀྱི་མགྲོན་ཐམས་ཅད་ལ་ཡེ་ཤེས་ཀྱི་བདུད་རྩི་ནམ་མཁའ་དང་མཉམ་པ་རྒྱ་ཆེ་བ་རྒྱུན་མི་འཆད་པ་ཕུལ་བས་དགྱེས་ཤིང་ཚིམས་པར་བསམ། མཆོད་སྦྱིན་གཏོར་མ་དམ་པ་འདིས། །འཕགས་པའི་ཚོགས་རྣམས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་སྐོངས་གྱུར་ཅིག །རིགས་དྲུག་གཏོར་མས་ཚིམ་གྱུར་ཅིག །ཤ་འཁོན་བུ་ལོན་ཁྱེར་བ་དང༌། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཨོཾ་བཛྲ་མུཿ ཞེས་པས་འཕགས་པ་རྣམས་གཤེགས་སུ་གསོལ་ཞིང༌། མཆོད་སྦྱིན་གནས་འདིར་གང་ལྷགས་པའི། །འབྱུང་པོ་ས་འོག་རྒྱུ་བ་དང༌། །གང་ཡང་ས་སྟེང་འཁོད་པ་དང༌།།ས་བླར་འཁོད་པ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐམས་ཅད་འགྲོ་བར་གྱིས། །སརྦ་བྷུ་ཏ་གཙྪ། ཞེས་འབྱུང་པོ་རྣམས་རང་གི་གནས་སུ་བཏང་ལ། རང་གི་གནས་གསུམ་དུ་ཨོཾ་ཨཱཿཧཱུཾ། བཀོད་ལ་བདག་བསྲུང་ཞིང་བསྔོ་བ་དང་སྨོན་ལམ་བཀྲ་ཤིས་བྱའོ།། །།ཆུ་གཏོར་ཇི་ལྟར་བྱ་བའི་ཆོ་ག་ཏཱ་ར་ནཱ་ཐས་སྨྲས་པའོ། །ཞུས་དག། བཀྲ་ཤིས། །


previousཆུ་གཏོར་འཇམ་དཔལ་མ།next