Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་མགོན་ཏྲཀྴད་ཀྱི་བསྐང་གསོའི་ཆོ་ག་ལས་བཞི་རྣམ་རོལ།
   
   
   
   
   
   
   
   
   
   


 
previousདཔལ་མགོན་ཏྲཀྴད་ཀྱི་བསྐང་གསོའི་ཆོ་ག་ལས་བཞི་རྣམ་རོལ།next

དཔལ་མགོན་ཏྲཀྴད་ཀྱི་བསྐང་གསོའི་ཆོ་ག་ལས་བཞི་རྣམ་རོལ།


TNT14_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་ཏྲཀྴད་ཀྱི་བསྐང་གསོའི་ཆོ་ག་ལས་བཞི་རྣམ་རོལ་བཞུགས་སོ། །


TNT14_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། བླ་མ་སངས་རྒྱས་ནག་པོ་ཆེན་པོ་དང་བཅས་པ་ལ་ཕྱག་འཚལ་ལོ། །རབ་བརྗིད་བཟོད་དཀའ་གདུག་པ་འདུལ་བའི་སྐུ། །མ་རུངས་བདུད་ཀྱི་ཀླད་འགེམས་དྲག་པོའི་དབྱངས། །དམིགས་མེད་ཐུགས་རྗེ་མཁའ་ལྟར་ཁྱབ་པའི་ཐུགས། །སློབ་དཔོན་མཆོག་དང་མགོན་པོ་དབྱེར་མེད་ལ། །གུས་པས་བཏུད་ནས་མཆོད་པའི་ཆོ་ག་ནི། །རྒྱས་བསྡུས་སྐྱོན་བྲལ་འཇུག་བདེ་རྣམས་གསལ་བ། །གོང་མའི་གསུང་ལས་གཞན་དུ་མ་འགྱུར་བར། །མཆོག་ཏུ་བརྩེ་བའི་སེམས་ཀྱིས་བྲི་བར་བྱ། །འདི་ལ་སྦྱོར་དངོས་རྗེས་གསུམ་གྱི། སྦྱོར་བ་ལ་ལྔ་ཡོད་པ་ལས། དང་པོ་རྫས་ཚོགས་པར་བྱ་བ་ནི། འདི་སྐད་ཅེས། བཤོས་ནག་ཟུར་གསུམ་ཁྲུ་གང་དང༌། །ནམ་རྒྱང་ནག་པོ་མདའ་ཚད་གཉིས། །རྟ་ལུག་གཡག་ཁྱི་དོམ་སྤྱང་འཕར། །དེ་རྣམས་གང་འགྲུབ་མཐའ་ནས་བསྐོར། །བྱ་ནག་རྨ་བྱའི་རྒྱལ་མཚན་གཟུགས། །མི་རྐང་གཡང་གཞི་གྲི་སྙིང་རྣམས། །ཡོད་ན་དངོས་བཤམས་མེད་ན་དབྱིབས། །བྱ་ལུག་སྨུག་ནག་ལ་སོགས་བཤམས། །མཆོད་རྫས་གཏོར་མ་བདུད་རྩི་དང༌། ཁྲག་


TNT14_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཆང་ཕུད་སྤོས་ཆེན་དང༌། །དཀྱིལ་འཁོར་དམ་རྫས་ཚང་བ་བཤམས། །གུ་གུལ་མཾ་སའི་དུད་པས་བདུག །ཅེས་སོ། །གཉིས་པ་སྔོན་འགྲོའི་ཆོས་གཉིས་ནི། ཡི་དམ་གང་བྱེད་པ་དེའི་ལུགས་ཀྱི་སྔོན་འགྲོ་གཏོར་མ་དང༌། གནས་ཡོ་བྱིན་རླབས་སོ། །གསུམ་པ་ནི། སྐྱབས་འགྲོ་སེམས་བསྐྱེད་དོ། །བཞི་པ་ནི་ཡིག་བརྒྱའི་སྒོམ་བཟླས་སོ། །ལྔ་པ་ཚོགས་བསག་སྔོན་དུ་འགྲོ་བས་མཚམས་བཅད་པ་ནི། བསྲུང་འཁོར་ཡན་ཆད་སོ་སོའི་གཞུང་ལྟར་བྱའོ། །ལྟ་བ་མཁའ་ལྟར་དག་པའི་ངང་ཉིད་ལས། །ཞེས་སོགས་གྱེར་ནི་རྙིང་མའི་བདག་བསྐྱེད་དང་འབྲེལ་ན་བྱ་ལ། གཞན་མ་བྱས་ཀྱང་རུང་ངོ༌། །གཉིས་པ་དངོས་གཞི་ལ་བཅོ་བརྒྱད་ལས། དང་པོ་བདག་བསྐྱེད་དཀྱིལ་འཁོར་སྒོམ་བཟླས་དང༌། གཉིས་པ་མདུན་བསྐྱེད་ཡི་དམ་གྱི་གཏོར་མ་ནི་གཞུང་ལྟར་བྱའོ། །གསུམ་པ་རྟེན་བསྐྱེད་པ་ནི། གཏོར་ཆོག་ལྟར་གྱི་མགོན་པོ་གཞལ་ཡས་ཁང་བསྐྱེད་ལ་གྱེར་རོ། །ཧཱུཾ་ནམ་མཁའི་མཐའ་དང་མཉམ་པའི་གཞལ་ཡས་ནས། །བཞེངས་ཤིག་བཞེངས་


TNT14_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །བསྐུལ་ལོ་བསྐུལ་ལོ་སེམས་ཅན་དོན་ལ་བསྐུལ། །བསྟེན་ནོ་བསྟེན་ནོ་ཡེ་ཤེས་ལྷ་བསྟེན་ནོ། །སྒྲུབ་བོ་སྒྲུབ་བོ་ཡེ་ཤེས་ལྷ་སྒྲུབ་བོ། །ཡེ་ཤེས་གཞལ་ཡས་ཁང་བསྐྱེད་རྒྱ་མ་ཆུང༌། །སེང་གེ་གླང་ཆེན་ཁྲི་བཤམས་དཔངས་མ་དམའ། །ཉི་མ་ཟླ་བའི་གདན་བཤམས་འོད་མ་ཞན། །རུ་ཏྲ་ཕོ་མོའི་གདན་བཤམས་བརྗིད་མ་ཆུང༌། །དམ་རྫས་བདུད་རྩི་སྒྲུབ་པོ་བཅུད་མ་ཞན། །མགྱོགས་པའི་ཕོ་ཉ་མངག་གོ་བང་མ་བུལ། །བདུད་ཕོ་བདུད་མོ་བསྐུལ་ལོ་རོ་མ་གྱོང༌། །དབང་ཕྱུག་རྩ་བརྒྱད་ཚོགས་རྣམས་འཁོར་མ་ཞན། །བརྟན་མ་བྲན་དུ་འཁོལ་ལོ་རུ་མ་ང༌། །ཞེས་སོ། །འོན་ཀྱང་བསྡུས་པའི་སྐབས་གྱེར་འདི་མ་གྲུབ་ཀྱང་འགལ་བ་མེད་དོ། །བཞི་པ་ལྷ་བསྐྱེད་པ་གཞུང་ལྟར་བྱ། ལྔ་པ་སྤྱན་འདྲེན་པ་ནི། གཏོར་ཆོག་ལྟར་རམ། ཡང་ན་འདི་སྐད་ཅེས། ཧཱུཾ་ཐུགས་རྗེ་ཆེན་པོ་མི་གཡོ་གཙུག་ཏོར་ཅན། །མཆོད་སྦྱིན་སྐྱབས་མཛད་ཕྱག་རྒྱ་ཉིད་ལས་ནི། །བདུད་འདུལ་དཔའ་བོ་ཆེན་པོའི་སྐུར་སྟོན་ཞིང༌། །བྱང་ཤར་མཚམས་ན་གནས་བཅས་ཤིན་ཏུ་བདེ། །བར་སྣང་སྤྲིན་རུམ་ལྟ་བུའི་དཀྱིལ་འཁོར་ནས། །སྐུ་མདོག་སྔོ་ནག་མི་བཟད་དུག་གི་མདོག །ཤིན་ཏུ་ཁྲོས་ཤིང་གཏུམ་བག་ལྡན་པ་སྟེ། །ནམ་མཁའི་ཁམས་ཀུན་མ་ལུས་ཁྱབ་པར་སྟོན། །བརྗིད་མནན་སྟབས་སུ་བཞུགས་པ་སྟེ། །མ་མོའི་ཚོགས་དང་བཅས་པའི་ལྷ། །ནག་པོ་ཆེན་པོ་སྤྱན་འདྲེན་ན། །ལྷ་ཆེན་དཔལ་འབར་གཤེགས་སུ་གསོལ། །ཡེ་ཤེས་ཉི་ཟེར་སྟོང་ཁམས་རྒྱས་པའི་སྐུ། །གསུང་གི་དབྱངས་


TNT14_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་པདྨ་ཀུན་དུ་རྒྱས། །ཐུགས་ཀྱི་ཐུགས་མཆོག་གསང་བའི་དབྱིངས་དང་མཉམ། །མཆོག་གསུམ་རྣམ་དག་མངའ་བ་གཤེགས་སུ་གསོལ། །ཕྱག་ན་རྩེ་གསུམ་མི་མགོས་བརྒྱན་པ་བསྣམས། ཁྲོས་པའི་ཚུལ་གྱིས་ཕྱག་མཚན་དྲུག་ལ་སྤྱོད། །ཐོད་རློན་དང་ནི་ཙིཏྟའི་ཕྱག་རྒྱ་ཅན། །སྤྱན་གསུམ་འཇིག་རྟེན་དབང་ཕྱུག་གཤེགས་སུ་གསོལ། །དབྱིངས་ཀྱི་མ་མོ་ཐུགས་ལས་སྤྲུལ་པ་སྟེ། །དུར་ཁྲོད་བདག་མོ་དབང་བྱེད་མ་མོ་བདུན། །སྤྲུལ་པ་མོན་མོ་ཡང་སྤྲུལ་ཁྱི་མོར་བཅས། །སྡང་བའི་དགྲ་བོ་འདུལ་ཞིང་བསྟན་པ་བསྲུང༌། །དུར་ཁྲོད་མ་མོ་འཁོར་བཅས་གཤེགས་སུ་གསོལ།།ནག་མོ་འཁོར་དང་བཅས་པའི་ལྷ་ཚོགས་དང༌། །ནག་པོ་འཁོར་དང་བཅས་པ་སྤྱན་འདྲེན་ན། །ལྷ་ཆེན་དཔལ་འབར་འཁོར་བཅས་གཤེགས་སུ་གསོལ། །བྷྱོཿ ནམ་མཁའ་སྟོང་ལ་རོལ་པའི་རྣལ་འབྱོར་མ། །དཔལ་ལྡན་ལྷ་མོ་ནག་མོ་སྲིད་གསུམ་བདག །དུས་གསུམ་སྤྱོད་པའི་མངའ་བདག་རེ་མ་ཏཱི། །དགྲ་འདུལ་ཆེན་མོ་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་མཧཱ་ཀཱ་ལ་ག་ན་པ་ཏི་མཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ། ས་མ་ཡ་སྟྭཾ་ཧཱུཾ་ཛ་ཛཿ ནག་མོ་སྟྭཾ་ལཾ་ཡ་དུན་བྷྱོ་ཛཿཧཱུཾ་བཾ་ཧོཿ དྲུག་པ་དམ་ཡེ་བསྲེ་ཞིང་རྒྱས་གདབ་པའང་གཞུང་ལྟར་བྱའོ། །བདུན་པ་བཞུགས་སུ་གསོལ་བ་ནི། ཧཱུཾ་གཙུག་ལག་ཁང་དང་དཀྱིལ་འཁོར་གནས་འདི་རུ། །རྡོ་རྗེ་བྲག་ཆེན་རབ་ཏུ་གཏམས་པའི་སྟེང༌། །རིན་ཆེན་གདན་ཁྲི་ཉི་ཟླ་བག་ཚེར་ལྡན། །མི་རོ་རྟ་རོ་མང་པོའི་བཅལ་


TNT14_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ། །དུག་གི་མེ་ཏོག་སྔོན་པོ་བཅལ་བཀྲམ་ནས། །མི་ལྤགས་རྟ་ལྤགས་བརྩེགས་པའི་གདན་སྟེང་དུ། །རབ་བརྗིད་དཔའ་བོ་ཆེན་པོ་བཞུགས་སུ་གསོལ། །ལྷ་མིན་གདུག་པ་གཡུལ་ལས་བཟློག་པའི་ཕྱིར། །དེད་དཔོན་དཔའ་བོ་ཆེན་པོ་བཞུགས་སུ་གསོལ། །དམ་ཉམས་དགྲ་བོ་གཏན་ནས་བརླག་མཛད་པ། །མོན་པ་དུག་གི་སྐྱེས་བུ་བཞུགས་སུ་གསོལ། །དུག་གསུམ་རྟག་ཏུ་འཇོམས་པའི་དཔའ་མཚན་ནི། །རྩེ་གསུམ་མགུལ་བར་ཐོད་པའི་རྒྱལ་མཚན་བསྣམས། །རྒྱལ་མཚན་ཁ་ཊྭཱཾ་འཛིན་ཞིང་བཞུགས་སུ་གསོལ། །དགྲ་ཁྲག་དགྲ་སྙིང་གསོལ་ཞིང་རུ་ཏྲ་འདུལ། །ཕྱག་ན་ཐོད་པ་སྙིང་བཅས་བཞུགས་སུ་གསོལ། །སྲོག་ལ་མངའ་མཛད་ཉམས་པའི་བདུད་མཛད་པ། །སྲོག་བདག་ཆེན་པོ་གནས་འདིར་བཞུགས་སུ་གསོལ། །ཐབས་དང་ཤེས་རབ་གཉིས་མེད་ལྡན་པའི་ཕྱིར། །ཡཀྴ་བེ་ཏ་ལཱི་དང་ཐབས་གཅིག་ཏུ། །བདག་གིས་མཆོད་པ་བཤམས་པའི་གནས་འདི་རུ། །བདག་གིས་བཅོལ་བའི་འབྲས་བུ་མཆིས་པ་དང༌། །ཆོས་ཀྱི་བསྟན་པ་གཉན་པོ་བསྲུང་བའི་ཕྱིར། །འཁོར་དང་བཅས་ཏེ་བརྟན་པར་བཞུགས་སུ་གསོལ། །ཨོཾ་ཤྲཱི་མཧཱ་ཀཱ་ལ་ཏྲཀ་ཤད་མཧཱ་ཀཱ་ལ་སིདྡྷི་ཏྲི་ཡཾ་དུ་ཛཿཛཿ ཏིཥྛ་ལྷན། བྷྱོཿ སྲིད་གསུམ་དབང་བསྡུད་ནག་མོ་རེ་མ་ཏཱི། །མཐིང་ནག་རལ་པ་སྤྲིན་དཔུང་འཐིབས་པ་འདྲ། །ཏི་རའི་གནས་ནས་བྱིས་པའི་དུར་བྱེད་མ། །མི་དུར་གཅོད་བྱེད་ནག་མོ་བཞུགས་སུ་གསོལ། །མ་མོ་ནག་མོ་རཀྴ་མའི་སྐུ་ལ་ས་མ་ཡ་ཏིཥྛ་ལྷན། །བརྒྱད་པ་མཆོད་ཚོགས་


TNT14_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་བ་ལ་གཉིས་ལས། སྔ་མ་མཆོད་ཚོགས་བཤམ་པ་ནི། ཧཱུཾ་བཅོམ་ལྡན་རྡོ་རྗེ་ལས་བྱུང་བ། །སྲིད་པའི་གྲོང་ཁྱེར་སུམ་བརྩེགས་འཇིག །སྲིད་པའི་མ་མོའི་ཚོགས་དང་བཅས། །དཔལ་ལྡན་མགོན་པོ་མཐུ་ཆེན་ཁྱོད། །ཡོན་ཏན་བྱིན་གྱིས་བརླབས་པོ་ཆེ། །འཕགས་པའི་ས་ཀུན་བརྙེས་གྱུར་ཀྱང༌། །དུས་ངན་སེམས་ཅན་འདུལ་སླད་དུ། །དཀོན་མཆོག་གསུམ་གྱི་བཀའ་ཡང་བསྲུང༌། །སྐྱེ་འགྲོ་འཕོངས་པའི་སྐྱབས་ཀྱང་མཛད། །ཕྱག་ན་མདུང་དང་བིང་ཆེན་བསྣམས། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། ཁྱོད་ལ་མཆོད་པ་འབུལ་བ་ནི། །གྲི་སྙིང་ལ་སོགས་སྙིང་སྣའི་ཚོགས། །མི་ཤ་རྟ་ཤ་ལ་སོགས་ཤ་སྣའི་ཚོགས། མེ་ཏོག་ཕྲེང་བ་ལ་སོགས་རིན་ཆེན་དབྱིག །ལ་དུ་ལ་ཕུག་ལ་སོགས་ཡིད་བཞིན་འབྲས་བུའི་ཟས། །ཕྱོགས་བཅུའི་ཆུ་སྐྱེས་ཐང་སྐྱེས་ལ་སོགས་ལོངས་སྤྱོད་རྐྱེན། །རིས་སུ་མ་ཆད་ལོངས་སྤྱོད་རྒྱས་པར་འབུལ། །དཀྱིལ་འཁོར་འཁོར་ལོ་མཛེས་པར་བཀྲ་བ་དང༌། །བཤོས་གཙང་མར་མེ་ལྷ་བཤོས་སྣ་ཚོགས་དང༌། །རྒུན་ཆང་ལ་སོགས་བཏུང་བའི་མཆོག །སྦྲང་རྩི་ལ་སོགས་མངར་བའི་རོ། །ཞོ་ཕྲུཾ་ལ་སོགས་དཀར་གསུམ་ཟས། །སྣ་ཚོགས་མཆོད་པ་མང་པོ་རྣམས། །སྲོག་བདུད་འཁོར་དང་བཅས་ལ་འབུལ། །ཡུན་གྱི་མགོན་པོར་ཁྱོད་མཆོད་ཀྱི། །རྟག་ཏུ་ཕྱག་འཚལ་མཆོད་པ་འབུལ། །མཆོད་པ་དམ་པ་བཞེས་ནས་ཀྱང༌། །ཐུགས་རྗེས་གདུང་བའི་ཞིང་ལ་དགོངས། །བདག་ཅག་


TNT14_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

རེ་སྐོང་སྨོན་ལམ་རྣམས། །འཕགས་པའི་མགོན་པོ་ཁྱོད་ཀྱིས་གྲུབ་པར་མཛོད། །ཨོཾ་ཤྲཱི་མཧཱ་ཀཱ་ལ་ག་ན་པ་ཏི། ཨ་ཧ་ར་ཡཀྴ་དུ། ཁ་ཁ་ཁཱ་ཧི་ཁཱ་ཧི། པྲ་ཏཱིཙྪ་ཧོ། མཧཱ་ཡཀྴ་བེ་ཏ་ལི་ཁཱ་ཧི་ཁཱ་ཧི། ཕྱི་མ་མཆོད་ཚོགས་འབུལ་བ་ནི། ཧཱུཾ་བཅོམ་ལྡན་རྡོ་རྗེ་ལས་བྱུང་བ། །སྲིད་པའི་གྲོང་ཁྱེར་སུམ་བརྩེགས་འཇིག །སྲིད་པའི་མ་མོའི་ཚོགས་དང་བཅས། །དཔལ་ལྡན་མགོན་པོ་མཐུ་ཆེན་ཁྱོད། །ཡོན་ཏན་བྱིན་གྱིས་བརླབས་པོ་ཆཻ། །འཕགས་པའི་ས་ཀུན་བརྙེས་གྱུར་ཀྱང༌། །དུས་ངན་སེམས་ཅན་འདུལ་སླད་དུ། །དཀོན་མཆོག་གསུམ་གྱི་བཀའ་ཡང་བསྲུང༌། །སྐྱེ་འགྲོ་འཕོངས་པའི་སྐྱབས་ཀྱང་མཛད། །ཕྱག་ན་བདུད་འདུལ་ཁ་ཊྭཱཾ་ཀ །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །ཡུན་གྱི་མགོན་པོར་ཁྱོད་བསྟེན་གྱི། །རྟག་ཏུ་ཕྱག་འཚལ་མཆོད་པ་འབུལ། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རྟ་མཆོག་ལ་སོགས་ཤ་ལྔ་དང༌། །སྤྱང་ཁུ་ར་དང་མཁའ་ལྡིང་ཤ །གཞན་ཡང་སྣ་ཚོགས་པ་ཡི་ཤ །བཙོས་པའི་ཤ་དང་ཁུ་བའི་ཁྲག །བསྲེགས་པའི་བསུར་དང་རློན་པའི་ཤ །གློ་སྙིང་ནང་ཁྲོལ་མཁལ་མར་བཅས། །འབྲས་བུ་ལྔ་བསྒྲལ་བདུད་རྩི་ནི། །མི་དབང་གོ་རོ་ཙ་ན་དང༌། །ཐལ་ཆེན་མཧཱ་མཾ་ས་དང༌། །རྐང་དང་ཞག་དང་ཚིལ་བུར་བཅས། །ཉ་ཤ་སྒོག་བཙོང་ལ་ཕུག་དང༌། །ཆན་ཐུག་འཁུར་བ་འབྲུ་སྣ་དང༌། །རྩི་ཐོག་ཁ་ཟས་སྨན་ལ་སོགས། །བཟའ་བཏུང་བྲོ་བའི་རོ་མཆོག་རྣམས། །ཐ་དད་རྟོག་པ་ཀུན་སྤངས་ནས། །དྲི་ཞིམ་རོ་མཆོག་བརྒྱ་ལྡན་པའི། །བདུད་རྩི་མཆོག་


TNT14_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

གི་གཏོར་མ་འབུལ། །མཆོད་པ་དམ་པ་བཞེས་ནས་ཀྱང༌། །ཨརྒྷཾ་མེ་ཏོག་བདུག་སྤོས་དང༌། །མར་མེ་དྲི་དང་ཞལ་ཟས་དང༌། །རོལ་མོ་སིལ་སྙན་འཕན་གདུགས་དང༌། །བླ་བྲེ་རྒྱལ་མཚན་ལ་སོགས་པ། །ཡིད་འོང་མཆོད་སྤྲིན་སྣ་ཚོགས་འབུལ། །མཆོད་པ་དམ་པ་བཞེས་ནས་ཀྱང༌། །ཐུགས་རྗེས་དགོངས་ཏེ་བདག་ལ་གཟིགས། །བདག་གི་བསམ་པའི་སྨོན་ལམ་རྣམས། །འཕགས་པའི་མགོན་པོ་ཁྱེད་ཀྱིས་གྲུབ་པར་མཛོད། །ཨོཾ་ཤྲཱི་མཧཱ་ཀཱ་ལ་ག་ན་པ་ཏི། ཨ་ཧ་ར་ཡཀྵཱན་ཏུ། ཁ་ཁ་ཁཱ་ཧི་ཁཱ་ཧི། པྲ་ཏཱིཙྪ་ཧོཿ མཧཱ་ཡཀྴ་བེ་ཏ་ལཱི། ཁ་ཁ་ཁཱ་ཧི་ཁཱ་ཧི། བཛྲ་པུཥྤེ་པུ། བཛྲ་དྷཱུ་པེ་དྷཱུ། བཛྲ་ཨཱ་ལོ་ཀེ་ཧྲཱིཿ བཛྲ་གན་དྷེ་གན། བཛྲ་ནཻ་ཝེ་ཏེ་ཧྲཱིཿ བཛྲ་མཧཱ་ཀཱ་ལ། ཐར་ལ་ལུཀ ཀཱ་ཡ་བཛྲ་མཧཱ་ཀཱ་ལ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། བཞེས་ཤིག་རོལ་ཞིག་དགོངས་ཤིག ཁ་རཾ་ཁཱ་ཧི། །དགུ་པ་ལྷ་མོའི་སྒོས་མཆོད་ནི། བྷྱོཿ རིན་ཆེན་ཕོ་བྲང་ཐོད་མཁར་དགུ་བརྩེགས་ན། །རླུང་ནག་ཁྲོས་པ་འཚུབ་མའི་དཀྱིལ་འཁོར་དུ། ཁྲག་གི་རྒྱ་མཚོར་ཀེང་རུས་རི་རབ་སྤུངས། །དམར་ནག་གྲུ་གསུམ་འབར་བའི་གནས་མཆོག་ཏུ། །སྲིན་མོ་ནག་མོ་ཁྱོད་ལ་མཆོད་པ་འབུལ། །གཟུགས་སྣང་གཟུགས་སུ་འབུལ་ལོ་བཞེས་སུ་གསོལ། །སྒྲ་གྲགས་དབྱིངས་སུ་འབུལ་ལོ་བཞེས་སུ་གསོལ། །རྣམ་རྟོག་ཡིད་ཀྱི་ཚོགས་རྣམས་བཞེས་སུ་གསོལ། ཁྱོད་ལ་མཆོད་པ་དམིགས་སུ་འབུལ་བ་ནི། །མི་དབང་འབྲས་བུ་སྙིང་གཞོན་བཅུད་ཁྲག་དང༌། །ཀེང་ཀའི་ཚལ་ཐོག་ཤིང་ལོ་རླུང་ཁྱེར་སོགས།


TNT14_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་ལ་དམིགས་སུ་འབུལ་གྱི་འདི་བཞེས་ལ། །བཅོལ་བའི་ལས་འདི་འཆར་བར་མི་བཏང་འཚལ། །མ་མོ་ནག་མོ་ས་ར་ཏ་ཀུ་ལུ་ཀུ་ལུ་ཧ་ཧ་ཧ་མཾ་ས་ཁཱ་ཧི། རཀྟ་ཁཱ་ཧི། ཞེས་བརྗོད་དོ། །བཅུ་པ་སྨན་ཕུད་འབུལ་བ་ནི། ཨོཾ་ཨཱཿཧཱུཾ། སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཐ། ཧཱུཾ། བྷནྡྷ་སྣོད་བཟང་ཡངས་པ་རུ། །རང་བྱུང་གདོན་ནས་དག་པ་སྟེ། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །དུག་ལྔ་སེལ་བའི་བདུད་རྩི་འདི། །རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་ཞིང༌། །རྒྱལ་བ་རྒྱ་མཚོ་རྣམས་ཀྱིས་གསོལ། །ཐུགས་དམ་དབྱིངས་ཉིད་བསྐུལ་བའི་མཆོག །དཔལ་ལྡན་མགོན་པོ་འཁོར་དང་བཅས། །མཆོད་པ་དམ་པ་འབུལ་གྱི་བཞེས། །མཆོད་བཞེས་ལས་ཀྱི་དངོས་གྲུབ་སྩོལ། །བཅུ་གཅིག་པ་རཀྟའི་མཆོད་པ་ནི། ཨོཾ་ཨཱཿཧཱུཾ་མཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུཾ་ཧྲཱིཿཐ། མཧཱ་རཀྟ་བསྒྲལ་བའི་ཁྲག །མཱུ་ལ་ཏན་ཏྲ་རྩ་བའི་ཁྲག །པདྨ་རཀྟ་སྦྱོར་བའི་ཁྲག།ཆུ་དང་མ་འདྲེས་དྭངས་མའི་ཁྲག །ཤ་སྣ་བརྒྱ་དང་ཁྲག་སྣ་སྟོང༌། །འབུལ་ནི་ནག་པོ་ཆཻ་ལ་འབུལ། །མཆོད་ནི་ཡི་དམ་ཆོས་སྐྱོང་ལས་མཁན་མཆོད། །སྐོང་ནི་སྣང་སྲིད་མ་མོ་ཐུགས་དམ་བསྐང༌། །བསྐོངས་གྱུར་དབང་དང་དངོས་གྲུབ་ཞུ། །མཧཱ་རཀྟ་ཁཱ་ཧི། གོ་རོ་ཙ་ན་ཁཱ་ཧི། རཀྟའི་རྒྱ་མཚོ་ཆེན་པོ་ལ། །ཞིང་ཆུང་ཉ་འཕྱོ་ཚིལ་ཆེན་འཕྱར། །བསུར་ཕུད་བདུད་རྩི་རཀྟའི་གཏོར་མ་འབུལ། །སློབ་དཔོན་ལ་ནི་སྡང་བ་དང༌། །རྡོ་རྗེ་སྤུན་ལ་ཁྲོ་བ་དང༌། །


TNT14_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་བདག་ལ་གནོད་པ་དག །དེ་དག་ནག་པོ་ཆེན་པོས་སྒྲོལ། །ཡན་ལག་ཀུན་གྱི་ཤ་ཆོད་ལ། །རྟག་ཏུ་མགོན་པོ་ནག་པོས་གསོལ། ཁྲག་གི་རྒྱུན་ཡང་བཏུང་བར་གྱིས། །དེ་ཡི་ཚེ་སྲོག་དབང་དུ་བསྡུས། །བདག་ཅག་འཁོར་དང་བཅས་པ་ཡི། །རྐྱེན་དང་ནད་རྣམས་ཐམས་ཅད་བཟློག ཨོཾ་ཙན་ད་མཧཱ་ཀཱ་ལ་དྷི་ལེ་ན་ཏ། བ་ལིཾ་ཏ་ཁཱ་ཧི། མཧཱ་ཀཱ་ལ་མ་མཱ་ཤ་ཏྲཱུཾ། ཨ་མུ་ཀཾ་མཾ་ས་མེ་ད། བྷ་ས་མེ་ཙ་རུ་ཏི། ཛི་བཾ། པྲི་ཡཾ། བ་ཀ་ཤ་ནི། ཨི་དཾ་བ་ལིཾ་ཏ་གྷྀཧྞ་ཁཱ་ཧི་ཁཱ་ཧི། བྷུ་ཛ་ཧོ། ས་མཱ་ཡཾ། ཨ་ཏི་ཀྲ་མ་ཧཱུཾ་ཕཊ། །བཅུ་གཉིས་པ་གཏོར་མ་འབུལ་བ་ནི། ཨོཾ་ཨཱཿཧཱུཾ་མཧཱ་བཱ་ལིཾ་ཏ་ཏེ་ཛོ་བཱ་ལིཾ་ཏ་བཱ་ལ་བ་ཏེ་གུ་ཧྱ་སིདྡྷི་ས་མ་ཡ་ཧཱུཾ་ཧྲཱིཿཐ། ཧཱུཾ་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ། །བཅུད་ཀྱི་སེམས་ཅན་གཏོར་མར་བཤམས། །ཤ་སྣ་བརྒྱ་དང་སྙིང་སྣ་སྟོང༌། །འབུལ་ནི་ལེགས་ལྡན་ཁྱེད་ལ་འབུལ། །མཆོད་ནི་ཞིང་བཅུའི་ཁྲོ་རྒྱལ་མཆོད། །སྐོང་ནི་སྣང་སྲིད་ལྷ་སྲིན་བསྐོངས། །བསྐོངས་གྱུར་དབང་དང་དངོས་གྲུབ་ཞུ། །བཞེས་ཤིག་རོལ་ཞིག་ཁ་རཾ་ཁཱ་ཧི། །ཞེས་གྱེར་ལ། དེ་རྗེས་གཏོར་ཆོག་ནས་འབྱུང་བ་གཏོར་མ་བྱིན་རླབས་དང༌། གཏོར་མ་འབུལ་བ་དང༌། ཞལ་དུ་བསྟབས་པ་རྣམས་བྱའོ། །བཅུ་གསུམ་པ་སྐང་རྫས་བྱིན་གྱིས་བརླབ་པ་ནི། རང་རྒྱལ་བ་ཤཱཀྱ་སེང་གེར་གྱུར། །གཏོར་ནང་ཟླ་སྟེང་ཨ་དཀར་པོ། །ཐལ་མོ་ཁོང་སྟོང་དུ་སྙིང་གར་སྦྱར། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། རང་ནམ་མཁའ་མཛོད་སྔོན་པོ་རིན་ཆེན་སྒྲོམ་བུ་འཛིན་པ། ཟླ་སྟེང་སྭ་སེར་པོ།


TNT14_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

དཔྲལ་བར་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང༌། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། བདུད་རྩི་ཐལ་སྦྱོར་དམར་པོ་མཉམ་གཞག་ཅན། ཟླ་སྟེང་རཾ་དམར་པོ། ཐལ་མོ་ཕྱིར་བསྐྱེད་མཐེ་བོང་བསྣོལ་བ་ཁའི་ཐད་དུ་བཞག ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། རྒྱ་ཆེན་ཤུགས་ལྡན་འོད་ལྗང་ཁུ་རལ་གྲི་འཛིན་པ་ཟླ་སྟེང་ཧ་ལྗང་ཁུ། གཡོན་ཁུ་ཚུར་གཡས་སྙིང་གར་སྡིགས་མཛུབ་བྱས་པ་སྣོད་ལ་བཏང༌། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ཡེ་ཤེས་སྐར་མདའ་དཀར་པོ་རྡོར་དྲིལ་ཅན་ཟླ་སྟེང་ཧཱུཾ་སྔོན་པོ། གཡས་ཁུ་ཚུར་གཡོན་སྙིང་གར་སྣོད་འདེགས་ཚུལ་བྱ། ཨོཾ་ཛྙཱ་ན་ཨཱ་ཝ་ལོ་ཀི་ཏེ་ས་མནྟ་སྥཱ་ར་ཎ་རསྨི་བྷ་བ་ས་མ་ཡ་མཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་ཧཱུཾ། དབང་བསྒྱུར་འཁོར་ལོ་དམར་པོ་འཁོར་ལོ་འཛིན་པ། ཟླ་སྟེང་ཛ་དམར་པོ་སོར་མོ་ནང་དུ་བསྣོལ་བ་སྤྱི་བོར་བཞག ན་མཿས་མནྟ་བུདྡྷ་ནཱཾ་གྲ་ཧེ་ཤྭ་རི་པྲ་བྷཉྫ་ན་མཧཱ་ས་མ་ཡེ་སྭཱཧཱ། ཞེས་སོ། །བཅུ་བཞི་པ་ཐུགས་དམ་བསྐང་བ་ལ། ཡབ་གཙོ་བོར་གྱུར་པའི་ཐུགས་དམ་བསྐང་བ་དང༌། ཡུམ་གཙོ་བོར་གྱུར་པའི་ཐུགས་དམ་བསྐང་བའོ། །དང་པོ་ནི། ཧཱུཾ་བདག་ནི་རིག་འཛིན་སྒྲུབ་པ་པོ། །བདག་ནི་རྣལ་འབྱོར་དམ་ཚིག་ཅན། །དམ་ལ་གནས་ཤིང་ལྷ་ལ་འཕྲེང༌། ཁྱེད་ནི་སྲུང་མ་མཐུ་རྩལ་ཅན། །སྔོན་ཚེ་དཔལ་གྱི་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་པ། ཁྱེད་ཀྱི་དམ་བཅའ་གཉེན་པོ་དེ། །ད་ལྟ་རྣལ་འབྱོར་བདག་བསྐུལ་ན། །བསྒྲུབ་ཕྱིར་བསྐུལ་ཕྱིར་གཤེགས་སུ་གསོལ། །མཧཱ་ཀཱ་ལ་གནས་འདིར་སྤྱོན། །ནག་པོ་ཆེན་པོ་གནས༴ རིག་


TNT14_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་སྲུང་མ༴ ལེགས་ལྡན་ནག་པོ༴ བོས་སོ་བདུད་རྒྱལ་སྙན་མ་སྲ། །གཡབས་སོ་བདུད་རྒྱལ་སྤྱན་མ་རྟུལ། །བསྟེན་ནོ་བདུད་རྒྱལ་རྒྱང་མ་རིང༌། །སྒྲུབ་པོ་མགོན་པོ་གོང་མ་གཡེལ། །སྐུལ་ལོ་བདུད་རྒྱལ་ཕྲག་མ་དོག །རྦད་དོ་ལེགས་ལྡན་མཐུ་མ་ཆུང༌། །ཐུགས་དམ་སྐོང་ལ་གནས་འདིར་བྱོན། །དོ་ནུབ་ཆད་དང་ཁྲིམས་ལ་སྤྱོན། །དོ་ནུབ་མནའ་དང་མཐོ་ལ་སྤྱོན། །དོ་ནུབ་མཐུ་དང་དཔུང་ལ་སྤྱོན། །གྲོགས་པོར་བྱས་སོ་གཞུང་མ་ངན། །མཛའ་བོར་བྱས་སོ་ངོ་མ་ཆུང༌། །མནའ་མཐོར་བྱས་སོ་ཁྲེལ་མ་ཤོར། །རྗེ་བོར་བསྟེན་ནོ་དབང་མ་ཆེ། །བྲན་ལྟར་བསྒྲུབས་སོ་རྒྱུད་མ་ངན། ཁྱེད་དམ་ཚིག་གཉན་ལ་མི་སེམས་སམ། །དང་པོའི་ཆད་སོ་འདི་མིན་ནམ། །དམ་ཚིག་འདའ་བར་མ་ཆད་དོ། །བསྟན་པ་བསྲུང་བར་མ་ཆད་དམ། །དམ་བཅས་མ་གཡེལ་ད་ཚུར་སྤྱོན། །བཅོལ་བའི་ལས་འདི་མ་བྱས་ན། །བདེ་གཤེགས་རྒྱལ་བའི་བཀའ་ཡང་བསླུས། །དང་པོའི་ཆད་སོ་མ་གསོས་ན། །དམ་ཚིག་གཉན་གྱི་ཆད་པ་འོང༌། །བཀའ་ཡི་དམོད་པས་སྡིགས་པར་མཆིའོ། །དེ་བས་དམ་ལ་མ་འདའ་ཞིག །ཐུགས་དམ་གཉན་པོ་བདག་སྐོང་ངོ༌། །བདག་ཀྱང་དམ་ལས་མི་འདའ་ཡི། །ཆད་པའི་གཞུང་ལས་མི་ལྡོག་གོ །གཉིས་ཀ་དམ་ལས་མི་འདའ་འཚལ། །དེ་ཙམ་མཚང་ལ་མ་བརྒལ་ན། །མི་ཤེས་སྙོམས་ལས་བྱེད་པར་མཆིའོ། །ཀྱེ། ཉོན་དང་མགོན་པོ་ཐོད་ཕྲེང་ཅན། །རྒྱལ་


TNT14_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བཀའ་ལ་མི་སེམས་མེད། །ཟབ་མོའི་དོན་ལ་མི་སེམས་མེད། །མནའ་དང་ཁྲིམས་ལ་མི་བརྟེན་མེད། །ཟས་དང་སྐོམ་ལ་མི་ཆགས་མེད། །དོ་ནུབ་ཁྱོད་ཀྱི་ཐུགས་དམ་བསྐང༌། །དོ་ནུབ་ཉམ་ཆག་མ་ལུས་བསྐང༌། །དོ་ནུབ་ཞིག་རལ་མ་ལུས་གསོ། །དོ་ནུབ་ལྷ་ལ་བཤགས་པ་བྱེད། །དོ་ནུབ་ལྷ་ལ་སེམས་འཁོན་སྦྱོང༌། །དོ་ནུབ་ཉེས་པར་ཁས་ཀྱང་ལེན། །དོ་ནུབ་མཉེས་པའི་ཟས་ཤིག་འདྲེན། །དོ་ནུབ་མཛའ་བའི་གཞུང་ཞིག་སྲོང༌། །དོ་ནུབ་བྱམས་པའི་ལན་ཞིག་ལྡཽན། །དོ་ནུབ་སྔ་མའི་གཏང་རག་གཏོང༌། །དོ་ནུབ་ཕྱི་མའི་ཞུ་སྐྱེམས་འབུལ། །དོ་ནུབ་ཁྱེད་རྣམས་དགོངས་སུ་གསོལ། །ཕྱག་བརྙན་རྒྱ་ནག་དགོངས་སུ་གསོལ། །ཕོ་ཉ་ལྕགས་སྤྱང་༴ ཚོགས་ཀྱི་བདག་པོ༴ ཡུམ་ཆེན་པེ་ཏ༴ བཀའ་སྡོད་མགོན་པོ༴ མ་བདུན་སྲིང་བཞི༴ ཀླུ་མོ་མཆེད་བཞིའི༴ ཕྱོགས་སྐྱོང་མགོན་པོ༴ བསྐང་ངོ་སྐལ་བའི་ཐུགས་དམ་བསྐང༌། །བརྟེན་པའི་དམ་རྫས་ཡིན་པའི་ཕྱིར། །སྐྱུང་ཀའི་རྒྱལ་མཚན་གྱིས་ཐུགས་དམ་བསྐང༌། །དམ་ཚིག་གཉན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱིས༴ ལྗགས་ཀྱི་དབང་པོ་ཚིམ་བྱེད་ཕྱིར། །བཤོས་བུ་ནག་པོས༴ རཀྟ་སྐོམ་དུ་འཐུང་བའི་ཕྱིར། །དམར་ཆེན་ཨརྒྷས༴ རྟག་ཏུ་འཕྲིན་ལས་འཆོལ་བའི་ཕྱིར། །རྒྱུན་གྱི་གཏོར་མས༴ ཐུགས་དམ་གཉན་པོ་བསྐངས་པ་ཡིས། །ཚོགས་བདག་ཆེན་པོའི་ཐུགས་དམ་བསྐང༌། །ཡུམ་ཆེན་པེ་ཏའི༴ བཀའ་སྡོད་མགོན་


TNT14_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

པོའི༴ ཀང་ཀ་ཏ་རའི༴ རིགས་བཞི་མགོན་པོའི༴ མ་བདུན་སྲིང་བཞིའི༴ ཀླུ་མོ་མཆེད་བཞིའི༴ ཕྱོགས་སྐྱོང་མགོན་པོའི༴ བདུད་ཁ་དགྲ་ལ་བསྒྱུར་བའི་ཕྱིར། །རྒྱ་གར་ནག་པོའི༴ དགྲ་བགེགས་གནས་ནས་འགུགས་པའི་ཕྱིར། །ལྕགས་སྤྱང་སྔོན་པོའི༴ དམག་དཔོན་རུ་མཚོན་འགྱེད་པའི་ཕྱིར། །ཡང་སྤྲུལ་འབུམ་གྱི་ཐུགས་དམ་བསྐང༌། །བསྐང་ངོ་སྐལ་བའི་ཐུགས་དམ་བསྐང༌། །དོ་ནུབ་ལྷ་ལ་འཁོན་སྤངས་པ། །ཉེས་པ་མཆིས་ན་ཁྱེད་ལ་བཤགས །ཕྱིན་ཆད་ཉེས་པ་མི་བགྱིད་དོ། ཁྱོད་ཀྱང་རིང་དུ་མ་མཛད་ཅིག །བདག་གིས་ཚོར་བ་མ་ནོངས་ཀྱང༌། །བདུད་ཀྱི་ཐུགས་ནུར་སྲིད་པས་སུ། །བསྐང་ངོ་བཤགས་སོ་བྱས་ལགས་སོ། །ཐུགས་དམ་བསྐང་བ་དེ་ལགས་སོ། །སྒྲུབ་ལ་བར་ཆད་གྱུར་པ་དང༌། །དམ་རྫས་ཚང་བར་མ་བསོགས་དང༌། །ཐུགས་དམ་དུས་སུ་མ་བསྐོངས་དང༌། །རྩ་བའི་དམ་ཚིག་འཆོལ་བ་རྣམས། །དོ་ནུབ་བསྐང་ཞིང་བཤགས་པར་བགྱི། ཁྱེད་ཀྱང་དམ་ལས་མ་འདའ་བར། །སྐུལ་ན་རིངས་བའི་ལས་འདི་མཛོད། །ང་ཡང་དམ་ལས་མི་འདའ་སྟེ། ཁྱོད་ཀྱང་རྟག་ཏུ་བསྒྲུབ་ཅིང་མཆོད། །འོ་སྐོལ་གཉིས་ཀྱི་དམ་བཅའ་འདི། །སྲོག་ལ་བབ་ཀྱང་གཞུང་བསྲང་འཚལ། །བདག་ལ་སྡང་བའི་དགྲ་བྱུང་ན། །ཕ་ཁུར་འདུག་ཀྱང་སོད་ལ་ཤོག ཁྱེད་ལ་མཆོད་པའི་དམ་རྫས་འདི། །རྒྱ་མཚོའི་གཏིང་ན་འདུག་ཀྱང་རུང༌། །ཅི་ལའང་བསྡོས་ནས་ཐུགས་དམ་བསྐང༌། །


TNT14_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

ཇེ་ཉེ་ཇེ་གདུང་གཉིས་ཀས་བགྱིའོ། །ཀྱེ། གྲོགས་ལ་གཞུང་མེད་མི་སྲིད་ཀྱི། །རྣལ་འབྱོར་དམ་མེད་མི་སྲིད་ཀྱི། །ཆད་འདི་མྀ་འགྲུབ་མི་སྲིད་ཀྱི། །མགུ་བའི་ཟས་ཤིག་ངེས་ཀྱང་འདྲེན། །ཟས་ཀྱི་ངོ་ཡང་ཁྱེད་ཀྱིས་གྱིས། །ཆད་པའི་གཞུང་འདི་ང་ཡང་སྲོང༌། །སྨྲས་པའི་ཚིག་འདི་ཁྱེད་ཀྱང་ཉོན། །བསྐུལ་བའི་གཉེར་འདི་ང་ལ་ཡོད། །བཅོལ་བའི་ལས་འདི་ཁྱོད་ཀྱིས་གྱིས། །གཉིས་ཀ་ཆད་པའི་གཞུང་བསྲང་འཚལ། །གཉིས་ཀ་ལས་ཀྱི་གཉེར་བསྐུལ་འཚལ། །སྨྲའོ་ཆད་དོ་ཐུགས་དམ་ཅན། །གསོལ་ལོ་མཆོད་དོ་སྲུང་མའི་ཚོགས། །སོད་ཅིང་ཆོད་ཅིག་དགྲ་དང་བགེགས། །ལྟོས་སོ་གཉེར་རོ་ཐུགས་དམ་ཅན། ཁྱེད་དང་རྣལ་འབྱོར་བདག་ཅག་གཉིས། །བསྐལ་པ་ཞིག་ཀྱང་མི་འབྲལ་ལོ། །ལྟེམས་སེ་རྒྱངས་སེ་མ་མཛད་པར། །བརྩེ་གདུང་སེམས་ལ་ཅེ་ཆེར་མཛོད། །མཐུ་སྟོབས་ཅི་ཡོད་ལྟ་ཡང་ལྟ། །སྐུ་ཤུགས་ཕྱུང་ལ་ལས་འདི་མཛོད། །རྣལ་འབྱོར་གཉེན་པོའི་སྲུང་མ་མཛོད། །ནོར་རྣམས་བསྲུང་བའི་སྲུང་མ་མཛོད། །ཐུགས་དམ་གཉན་པོ་བསྐངས་བ་ཡིས། །ལྷ་དང་མི་འབྲལ་གྲིབ་ལྟར་འགྲོགས། །ཟས་དག་ཕུད་ཀྱིས་ཁྱེད་མཆོད་དོ། །རྟག་ཏུ་དྲག་པོའི་ཕྲིན་ལས་མཛོད། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། གཉིས་པ་ནི། བྷྱོཿ དཔལ་ལྡན་ལྷ་མོ་ནག་མོ་ནི། །གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ། །སྲིང་གཅིག་ལྷ་མོ་དགོངས་སུ་གསོལ། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ། །ནད་དང་རིམས་ཀྱི་བདག་མོ་ཁྱོད། །


TNT14_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་བསྐང་ཕྱིར་གཤེགས་སུ་གསོལ། །ཉམས་ཆགས་གསོ་ཡིས་གནས་འདིར་སྤྱོན། །བསྐང་ངོ་བསྐལ་བའི་ཐུགས་དམ་བསྐང༌། །བོད་པའི་དམ་རྫས་ཡིན་པའི་ཕྱིར། །ཞིང་ཆེན་གཡང་གཞིས་ཐུགས་དམ་བསྐང༌། །བརྟེན་པའི་དམ་རྫས་ཡིན་པའི་ཕྱིར༌། །མི་དབང་སྙིང་གིས༴ རང་བཞིན་གནས་ནས་སྤྱན་དྲངས་ཕྱིར། །མི་རྐང་གླིང་བུས༴ དམ་ཚིག་གཉན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱིས༴ འདོད་པའི་གཙོ་མོ་ཡིན་པའི་ཕྱིར། །རྨ་བྱའི་རྒྱལ་མཚན་གྱིས༴ ཤངས་ཀྱི་དབང་པོ་ཚིམ་བྱའི་ཕྱིར། །ཤ་ཆེན་དུད་པས༴ མགུར་གྱི་གསང་ནས་དྲངས་བའི་ཕྱིར། །དམར་ཆེན་རཀྟས༴ ཉམས་ཆགས་མ་ལུས་བསྐང་བའི་ཕྱིར། །བྱ་ལུག་སྨུག་ནག་གིས༴ ནག་མོ་འབུམ་སྡེའི་ཐུགས་དམ་བསྐང༌། །དཀར་མོ་འབུམ་སྡེའི༴ སེར་མོ་འབུམ་སྡེའི༴ དམར་པོ་འབུམ་སྡེའི༴ མཐིང་ནག་འབུམ་སྡེའི༴ ལྗང་མོ་འབུམ་སྡེའི༴ སྨུག་མོ་འབུམ་སྡེའི༴ མོན་མོ་ནག་མོའི༴ འདོད་ཁམས་བརྟན་མའི༴ ཁྱེད་ཀྱང་དམ་ལས་མ་འདའ་ཅིག །ད་ཡང་དམ་ལས་མི་འདའ་འོ། །ཐུགས་དམ་གཉན་པོ་འདིས་སྐོངས་ནས། །ཉམས་ཆགས་མཆིས་པ་བཟོད་པར་གསོལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །འཕྲིན་ལས་དྲག་ཤུལ་མ་ཆུང་ཅིག །བཅོམ་བའི་འཕྲིན་ལས་གྲུབ་པར་མཛོད། །བཅོ་ལྔ་པ་བསྟོད་པ་ནི། གཏོར་ཆོག་ལྟར་རམ། ཡང་ན། འོད་ཕུང་བསྐལ་པའི་མེ་ལྟར་འབར་བའི་འོད། །


TNT14_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་གཉིས་འཁྲིགས་པའི་ཁྲོ་གཉེར་བཞད་པའི་ཞལ། །རབ་བཞད་འཛུམ་དང་མཆེ་བ་གཙིགས་པ་པོ། །ཡེ་ཤེས་སྤྱན་གསུམ་ཉི་ཟླ་ཤར་བའི་འོད། །སྟོན་པ་བླ་མེད་ཆོས་རྗེའི་བཀའ་བཞིན་དུ། །དམ་ཚིག་འཁོར་ལོའི་རྒྱུད་རྣམས་སྲུང་མཛད་ཅིང༌། །ཀླུ་ཡི་ཅོད་པན་བརྗིད་པས་འགྱིངས་པ་ནི། །ངེས་པར་ཆེ་བཙན་རྒྱལ་པོའི་བདག་པོ་ལགས། །དགོན་པའི་ནགས་འདབས་དུར་ཁྲོད་ཆེན་པོ་ན། །རབ་འཇིགས་མ་མོའི་ཚོགས་ཀྱིས་ཡོངས་བསྐོར་ཞིང༌། །ཞི་གནས་ལྷག་མཐོང་ཉི་ཟླའི་རྒྱན་ཐོགས་པ། ཁྱོད་ནི་རྣལ་འབྱོར་གྲུབ་པའི་དབང་ཕྱུག་ཡིན། །ནད་གཏོང་གཤིན་རྗེའི་ཚོགས་རྣམས་ཀུན་བཅོམ་སྟེ། །མདངས་འཕྲོག་སྲིན་པོ་ཀུན་ཀྱང་ཕྱག་འཚལ་བསྟོད། །ལོག་འདྲཻན་བགེགས་རྣམས་ཤིན་ཏུ་འདུལ་མཛད་པ། །སེང་གེ་གླང་ཆེན་པགས་པ་གོས་སུ་གྱོན། །ལྷ་ཡུལ་གྲོང་ཁྱེར་ནགས་འདབས་ཐམས་ཅད་དུ། །ལྷ་དམག་དཀར་པོ་འབུམ་གྱི་དབུགས་འབྱིན་པ། །ཉོན་མོངས་གཡུལ་ལས་ལྷ་ཆེན་རྒྱལ་བའི་རྟགས། ཁ་ཊྭཱཾ་མི་མགོས་རྒྱན་པ་ཕྱག་ན་བསྣམས། །བནྡྷ་ཐོད་པ་སྙིང་བཅས་སྙིང་ཞགས་ཅན། །དུག་སྡོང་ཧ་ལ་འབར་བ་བསྣམས་པ་ནི། །ཐོད་པའི་ཁར་འཇོག་སྤྱན་སྔ་བརྩོན་པ་ཡིས། །གནོད་སྦྱིན་གཟི་བརྗིད་མདངས་ཀུན་འཕྲོག་པར་མཛད། །ཞེ་སྡང་རོ་ལངས་རྣམ་པར་འཇོམས་མཛད་ཅིང༌། །ལྷ་མིན་བདུད་དཔུང་གཡུལ་གྱི་མཚམས་བཅད་ནས། །ལོག་འདྲེན་སྲིན་པོ་མཐའ་ཡས་དགྲ་གནོན་པ། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །


TNT14_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡི་ལྷ་ཁྱོད་མེ་ལྷ་ཚོགས་བདག་སོགས། །དྲག་པོ་ལ་སོགས་ལྷ་ཆེན་ཀུན་གྱིས་མཆོད། །ཕྱོགས་རྣམས་ཀུན་དང་གཞན་དུ་རྣམ་པར་གྲགས། །སྨོན་ལམ་ཁྱད་པར་མང་པོས་ཐུགས་སྦྱངས་ནས། །སྒྱུ་མ་ལྟ་བུའི་རྣམ་པ་ཅིར་ཡང་སྟོན། །ཕན་མཛད་སྨན་སྡོང་ལྗོན་པ་ཁྱོད་དྲུང་དུ། །སྡུག་བསྔལ་ཚ་བས་གདུངས་པ་བདག་ལ་སོགས། །མགོན་དང་གཉེན་འཚལ་སྐྱབས་སུ་བྱོན་ནས་ཀྱང༌། །འཇིགས་མེད་རྒྱ་ཆེན་དངོས་གྲུབ་སྩལ་དུ་གསོལ། བྷྱོཿ ཁམས་གསུམ་དབང་སྡུད་ནག་མོ་རེ་མ་ཏཱི། །སྨན་མོ་བརྗིད་པས་སྲིད་གསུམ་ཟིལ་གྱིས་གནོན། །སྐྱེ་འགྲོ་སྒྲོལ་མཛད་ཡུམ་ཆེན་ཀུན་གྱི་ངང༌། །ནག་མོ་གཙོ་མོ་ཁྱོད་ལ་བསྟོད་པ་འབུལ། །སྟོང་གསུམ་དབང་སྡུད་བྷྱོཿཡི་སྒྲ་སྒྲོག་མ། །ལྕགས་ཀྱི་རལ་པ་མང་པོ་སྤྲུལ་པར་སྤྲོ། །ལེབ་གན་ནད་ཀྱི་མཚོན་སྤྲིན་སྐུ་ལ་གསོལ། །དགྲ་འདུལ་གཡུལ་ཟློག་མ་ལ་བསྟོད་པར་བགྱི། །དུས་བཞི་དབང་བྱེད་ནམ་ཟླའི་སྟངས་འཛིན་མ། །ཟ་བྱེད་སྲོག་ལ་རོལ་པའི་མཆེ་བ་ཅན། །སེམས་ཅན་རྒྱལ་མོ་བཞི་ཞོན་འཇིགས་པའི་གཟུགས། །ནམ་ཟླའི་དབང་བྱེད་མ་ཁྱོད་གུས་པས་བསྟོད། །རང་བཞིན་དབྱིངས་ལས་སྤྲུལ་པ་དཔག་མེད་སྟོན། །སྲིད་གསུམ་བདག་མོ་འཁོར་དང་བཅས་པ་རྣམས། །འདིར་སྤྱོན་རྒྱན་གྱི་གཏོར་མ་འདི་བཞེས་ལ། །མིང་པོས་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །བཅུ་དྲུག་པ་བཤགས་པ་ཆེན་པོ་ནི། རྡོ་རྗེ་འཆང་དབང་ཕྱག་ན་རྡོ་རྗེ་དང༌། །བྲམ་ཟེ་མཆོག་སྲེད་མཁའ་འགྲོ་བདེ་སྟེར་མ། །བཱ་ལིང་


TNT14_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཙར་གཉོས་ལོ་ཡོན་ཏན་གྲགས། །རྡོ་རྗེ་བླ་མ་དཔལ་སེང་གྲགས་པ་དཔལ། །སངས་རྒྱས་རས་ཆེན་རིན་ཆེན་དབང་རྒྱལ་དང༌། །མཁན་ཆེན་བྱང་དར་འཇམ་དབྱངས་གཟི་བརྗིད་རྒྱལ། །གཉན་སྟོན་ཀུན་རིན་མཚུངས་མེད་ནམ་མཁའ་དཔལ། །འཁྲུལ་ཞིག་ཀུན་རིན་འཇམ་དབྱངས་རྡོ་རྗེའི་མཚན། །བསོད་ནམས་གྲུབ་རྒྱལ་གྲགས་པ་འོད་ཟེར་དང༌། །གྲགས་པ་དབང་ཕྱུག་བསྟན་པའི་རྒྱལ་མཚན་དང༌། །འཇམ་མགོན་གྲུབ་པའི་དཔའ་བོ་དམ་པ་རྗེ། །ཐུགས་སྲས་རྣམ་གསུམ་རྩ་བའི་བླ་མ་དང༌། །བྱང་ཆུབ་དར་དང་བསོད་ནམས་རྒྱལ་པོ་དང༌། །ཀུན་མཁྱེན་སཾ་གྷ་གྲུབ་ཆེན་བློ་གྲོས་བརྟན། །ཡོན་ཏན་རྒྱ་མཚོ་ཡོན་ཏན་སྙིང་པོ་དང༌། །བསོད་ནམས་རིན་ཆེན་བསོད་ནམས་རྒྱལ་མཚན་དང༌། །འཇམ་དབྱངས་ཀུན་དགའ་རྒྱལ་མཚན་ལ་སོགས་པ། །རྩ་བརྒྱུད་བླ་མ་ཐམས་ཅད་དགོངས་སུ་གསོལ། །བདག་ཅག་མི་ཤེས་མ་གུས་བག་མེད་དང༌། །ཉོན་མོངས་དབང་གིས་རྩ་བ་ཡན་ལག་དང༌། །སྐུ་གསུང་ཐུགས་ཀྱི་དམ་ཚིག་འགལ་འཁྲུལ་སོགས། །ཐམས་ཅད་ཆོས་དབྱིངས་ངང་དུ་མཐོལ་ལོ་བཤགས། །རང་བཞིན་སྟོང་ཉིད་ངང་དུ་རྣམ་དག་སྟེ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་འགྲུབ་པར། །རྩ་བརྒྱུད་བླ་མས་བྱིན་གྱིས་བརླབས་ནས་ཀྱང༌། །བཤགས་པ་མཆོག་འདིས་སྡིག་སྒྲིབ་དག་གྱུར་ཅིག །ཧཱུཾ། དམ་ལ་འབོད་ཅིང་དམ་ཚིག་བཤགས། །མགོན་པོ་ནག་པོ་མཐུ་བོ་ཆེ། །མཧཱ་ཀཱ་ལ་སྲོག་གི་བདུད། །བར་སྣང་ཁམས་ན་རྒྱུ་བ་ན། །དབང་བསྐུར་མིང་བཏགས་དམ་ཚིག་བྱིན། །ནག་པོ་དབང་


TNT14_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཅེས་ཀྱང་བཏགས། །ཚོགས་བདག་ཆེན་པོར་བསྐོས་པ་སྟེ། །མཧཱ་ཀཱ་ལ་མཐུ་བོ་ཆེ། །ཆགས་བྱེད་རྡོ་རྗེའི་ཕྲེང་བ་ཅན །ལྷ་མོ་ནག་མོ་མཐུ་ཆེ་དང༌། །བཀའ་ཉན་འཁོར་དང་བཅས་པ་རྣམས། །བདག་གིས་བསྟེན་ཞིང་མཆོད་པ་ལས། །གཞུང་དང་འགལ་བ་བཟོད་པར་གསོལ། །རྒྱུ་ཆུང་ཕུད་ཉམས་འབྱོར་པ་ཆུང་བ་བཤགས། །སྒོམ་སྒྲུབ་མི་བརྩོན་བསྙེན་སྒྲུབ་གཡེལ་བ༴ བཟླས་བརྗོད་ཟུར་ཆག་ཏིང་འཛིན་གཡེལ་བ༴ སྒོ་གསུམ་རྒྱུས་འཚོ་ལེ་ལོར་ཤོར་བ༴ འཛིན་ཆགས་སེར་སྣའི་དབང་གྱུར་འཁྲུལ་བ༴ དགོན་པ་ནགས་འདབས་དུར་ཁྲོད་ཆེན་པོ་རུ། །སྔོན་ཆད་ཇི་ལྟར་བསྐང་བ་མ་གྲུབ་མཐོལ་ལོ་བཤགས། །རྫས་དང་མཆོད་པ་ཚུལ་བཞིན་མ་བཤམས་དང༌། །ལྷ་དང་བླ་མར་མ་གུས་ཡིད་གཉིས་སོགས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་འགལ་འཁྲུལ་ཀུན། ཁྱེད་ཐུགས་ཆོས་དབྱིངས་ངང་དུ་བཟོད་པར་གསོལ། །སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི །དམ་ཚིག་འགལ་བ་མ་ལུས་སོ་སོར་བཤགས། །མཐོལ་བཤགས་ཕུལ་ནས་ཚངས་པར་མཛད་དུ་གསོལ། །བཅུ་བདུན་པ་དྲག་པོའི་ལས་ལ་བསྐུལ་བ་ནི། དང་པོ་མགོན་པོའི་བསྐུལ་བྱ་སྟེ། ཧཱུཾ་དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་སྲོག་བདུད་མ་རུངས་པ། །རྡོ་རྗེ་འཆང་གི་སྤྲུལ་པ་སྟེ། །མངོན་ཤེས་རྫུ་འཕྲུལ་


TNT14_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་ཀྱིས། །བདུད་པོ་ལེགས་ལྡན་མཐུ་རྩལ་ཅན། །བྱང་ཤར་མཚམས་ན་བཞུགས་པ་ནི། །ཐོད་པ་འབར་བའི་སྐུ་མཁར་ཏེ །ཞེ་སྡང་བདུད་ཀྱི་རྒྱལ་པོའི་མཁར། །ལོགས་གཅིག་མི་ཡི་ཐོད་པས་བརྩིགས། །ལོགས་གཅིག་རྟ་ཡི་ཐོད་པས་བརྩིགས། །ལོགས་གཅིག་སྤྲེའུའི་ཐོད་པས་བརྩིགས། །ལོགས་གཅིག་ལུག་གི་ཐོད་པས་བརྩིགས། །རིན་ཆེན་གསེར་གྱི་སྒོ་བཙུགས་ཏེ། །མཐིང་ཟངས་གཡུ་ཡི་སྐས་ཀྱང་བཙུགས། །ཟུར་བཞི་རིན་ཆེན་ལྕགས་ལས་བྱས། །ཟངས་ལྕགས་སྒོ་ལ་ཁྲག་གི་བང༌། །མི་རོ་རྟ་རོ་བཅལ་དུ་བཀྲམ། །མི་ཁྲག་རྟ་ཁྲག་མཚོ་རུ་བསྐྱིལ། །མི་ལྤགས་རྟ་ལྤགས་ཡོལ་བས་བྲེས། །མི་རྟའི་བསུར་ཆེན་ཐུལ་ལུ་ལུ། །མི་ཐོད་གད་མོ་ཡལ་ལ་ལ། །རྟ་ཐོད་རྟ་སྐད་ཙེ་རེ་རེ། །མི་རྐང་གླིང་བུ་ཅོངས་སེ་ཅོང༌། །སྐུ་མཁར་དེ་ཡི་ནང་ཤེད་ན། །བདུད་ཀྱི་རྒྱལ་པོ་བཞུགས་པ་ནི། །རྔམ་པའི་ཞལ་ལ་གཏུམ་པའི་སྐུ། །སྐུ་ལ་དར་ནག་རལ་ཀ་གསོལ། །ཕྱག་གཡས་དུག་སྡོང་བདུད་ཞགས་བསྣམས། །དགྲ་བོའི་སྙིང་དང་སྐེ་ལ་འདེབས། །གཡོན་པ་དམ་ཉམས་ཐོད་སྙིང་དང༌། །བདུད་ཀྱི་ཁྲམ་བམ་ནག་པོ་འཛིན། །རལ་པ་ཁམ་ནག་གྱེན་དུ་བརྫིས། །སྤྲུལ་དང་ཉི་ཟླ་ཐོད་པས་བརྒྱན། །སྤྱན་ཟློག་ལྗགས་འགྲིལ་མཆེ་བ་གཙིགས། །ཞལ་ནས་མེ་འབར་ལྷབས་སེ་ལྷབ། །ཤངས་ནས་དྲག་པོའི་རླུང་ནག་འཚུབ། །བྲ་ནག་རྟིང་དཀར་ཆིབས་སུ་ཆིབས། །ལྷ་མོ་གཉན་དང་གཉིས་མེད་རོལ། །གསེར་སྐ་རིན་ཆེན་སྐེད་ལ་


TNT14_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

བཅིངས། །སག་ཏི་ཡུ་རིང་ཞབས་ལ་གསོལ། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །དུག་གི་ངག་སྐྱུགས་དགྲ་ལ་གཏོང༌། །ཚེ་དང་སྲོག་ལ་མངའ་མཛད་པ། །རྒྱུ་མ་མི་མགོའི་དོ་ཤལ་ཅན། །དམ་ཚིག་ཅན་གྱི་གདོང་གྲོགས་མཛོད། །དམ་ཉམས་ཀུན་གྱི་རྩ་རྒྱུད་ཆོད། །མནའ་ཟན་ཀུན་གྱི་སྲོག་དབུགས་ལེན། །སྲོག་བདུད་ཆེན་པོ་མ་རུངས་པ། །ལན་འགའ་དྲག་ཏུ་བསྐུལ་བའི་ཚེ། །སྲིན་པོའི་དམག་ཚོགས་ཉེར་རེ་རེ། །ཡུན་གྱི་མགོན་དུ་ཁྱོད་བརྟེན་ན། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །སྔོན་གྱི་དམ་ཚིག་རྗེས་དགོངས་ཏེ། །ཡིད་ལ་རེ་བ་སྐོང་བ་དང༌། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །དེ་ནས་དཔལ་ལྷ་མོ་སྐུལ་བ་ནི། ཧཱུཾ་ལྷ་མོ་གཉན་དང་གཉིས་མེད་པའི། །བྱང་ཤར་མཚམས་ཀྱི་དཔལ་ལྷ་མོ། །འདོད་ཁམས་ཀུན་གྱི་དབང་ཕྱུག་མ། །ནད་ཀྱི་བདག་ལ་རིམས་ཀྱི་རྐྱེན། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ། །རྒྱ་མཚོའི་ཀློང་ན་མེ་འབར་མ། །མཚོ་རྣམས་སྐེམ་པར་ནུས་མ་སྟེ། །བུད་མེད་ཐམས་ཅད་ཞི་མཛད་ཕྱིར། །ལྷ་ཆེན་སྐུ་ལ་འཚིམ་པར་བཞུགས། མཧཱ་ཀཱ་ལའི་སྐུ་ལ་འཁྲིལ། །བཀའ་བློན་ཆེན་མོ་དགྲ་འདུལ་མ། །མཁའ་འགྲོ་འབུམ་གྱི་བདག་མོ་སྟེ། །མ་མོ་འབུམ་གྱི་གཙོ་མོ་ཁྱོད། །ཤ་ཟ་འབུམ་གྱི་བདག་མོ་ལགས། །གླིང་བཞི་འབུམ་གྱི་ཤ་ཟ་མོ། །སྲིན་མོ་འབུམ་གྱི་ཁྲག་འཐུང་མ། །སེམས་ཅན་འབུམ་གྱི་སྲོག་གཅོད་མ། །དམ་ཉམས་ཀུན་གྱི་བཤན་པ་


TNT14_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །མནའ་ཟན་རྣམས་ཀྱི་གཤེད་མ་ལགས། །སྡིག་ཅན་རྣམས་ཀྱི་སྲོག་གཅོད་མ། །ཟས་སུ་ཤ་དང་ཁྲག་ལ་དགའ། །ལས་སུ་གསོད་དང་གཅོད་ལ་མཁས། །བང་ནི་གློག་གིས་བསྐྱོད་དུ་མེད། ལག་ན་ནད་ཀྱི་རྐྱལ་པ་ཐོགས། །ལན་འགའ་དྲག་ཏུ་བསྐུལ་བ་ན། །མཁའ་འགྲོ་མང་པོའི་སྣ་ལ་འགྲོ། །ཟས་སུ་མི་ཤ་རྟ་ཤ་ཟ། །སྐོམ་དུ་མི་ཁྲག་རྟ་ཁྲག་འཐུང༌། ཁྱོད་ཀྱི་ལོངས་སྤྱོད་དེར་བསྐོས་སོ། །དགྲ་བོའི་སྲོག་ཆོད་སྙིང་རྩ་གཏུབས། །སྔགས་འཆང་བདག་གིས་ཕུལ་བ་ཡི། །ཤ་ཁྲག་དམར་གྱི་གཏོར་མ་དང༌། །དམ་རྫས་བདུད་རྩི་འདི་བཞེས་ལ། །དགྲ་བོའི་རིགས་བརྒྱུད་རྩད་ནས་ཆོད། །བཅོལ་བའི་ལས་རྣམས་མཐུ་མ་ཆུང༌། །དེ་ནས་འཁོར་མོན་མོ་རྣམས་བསྐུལ་ཏེ། བྷྱོཿ ལྷ་ཆེན་མཧཱ་ཀཱ་ལ་དང༌། །ལྷ་མོ་ཉིད་ཀྱིས་བྱིན་བརླབས་ལས། །བཀའ་ཉན་མོན་མོ་ནག་མོ་བདུན། །དགྲ་སྲོག་ཆམ་ལ་དབབ་པའི་དུས་ལ་བབ། །མོན་མོ་ནག་མོ་རྐང་འཆའ་མ། །དགྲ་རྐང་ཟ་བའི་མཐུ་མོ་ཆེ། །ཡན་ལག་འཆའ་བའི་དུས་ལ་བབ། །སྒྲོལ་ཅིག་མྱུར་དུ་དགྲ་དཔུང་ཆོམ། །མོན་མོ་ནག་མོ་ཤ་ཟ་མ། །མཾ་ས་ཟ་བའི་མཐུ་མོ་ཆེ། །དགྲ་ཤ་ཟ་བའི་དུས་ལ་བབ། །སྒྲོལ་ཅིག་མྱུར་དུ་དགྲ་ཤ་གཏུབས། །མོན་མོ་ནག་མོ་ཁྲག་འཐུང་མ། །མི་ཁྲག་འཐུང་བའི་མཐུ་མོ་ཆེ། །སྙིང་ཁྲག་འཐུང་བའི་དུས་ལ་བབ། སྒྲོལ་ཅིག་མྱུར་དུ་དགྲ་ཁྲག་འཐུང༌། མོན་མོ་ནག་མོ་སྙིང་འབྱིན་མ། དགྲ་སྙིང་འབྱིན་པའི་མཐུ་མོ་ཆེ། ཙིཏྟ་


TNT14_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་པའི་དུས་ལ་བབ། །སྒྲོལ་ཅིག་མྱུར་དུ་དགྲ་སྙིང་ཐོན། །མོན་མོ་ནག་མོ་དབུགས་འཕྲོག་མ། །སྲོག་དབུགས་འཕྲོག་པའི་མཐུ་མོ་ཆེ། །ལུས་སྲོག་འཕྲོལ་བའི་དུས་ལ་བབ། །སྒྲོལ་ཅིག་མྱུར་དུ་སྲོག་དབུགས་ཕྲོལ། །མོན་མོ་ནག་མོ་བླ་ལེན་མ། །ཚེ་སྲོག་ཕྲོལ་བའི་མཐུ་མོ་ཆེ། །དགྲ་ཆོས་འགུགས་པའི་དུས་ལ་བབ། །སྒྲོལ་ཅིག་མྱུར་དུ་བླ་ཚེ་ཕྲོལ། །མོན་མོ་ནག་མོ་སྲོག་གཅོད་མ། །སྲོག་རྩ་གཅོད་པའི་མཐུ་མོ་ཆེ། །དགྲ་སྲོག་གཅོད་པའི་དུས་ལ་བབ། །སྒྲོལ་ཅིག་མྱུར་དུ་དགྲ་སྲོག་ཆོད། །བརྡ་ནི་མི་འཕྲོད་ལྷོ་བལ་མོན། །མོན་ཆས་མང་པོ་ཝ་ལ་ལ། །མོན་མོ་རྣ་ཆ་ཝངས་སེ་ཝང༌། །མོན་མོ་སྒྲ་འགག་དི་རི་རི། །དྲི་ནི་མོན་དུགས་ཆིལ་ལི་ལི། །བཅོལ་བའི་ལས་རྣམས་རྟགས་ཕྱུང་ཤིག །དེ་ནས་སྤྲུལ་པ་ཁྱི་མོ་བདུན་སྐུལ་བ་ནི། བྷྱོཿ ཁྱི་མོ་ནག་མོ་གསེར་མིག་མ། །མཁའ་ལ་རྒྱུག་པའི་རྩལ་མོ་ཆེ། མྱུར་དུ་རྒྱུག་ལ་བླ་ཚེ་ཁུག།མྱོས་སུ་ཆུག་ལ་དགྲ་སྙིང་ཕྱུང༌། ཁྱི་མོ་ནག་མོ་གཡུ་མིག་མ། །བར་སྣང་རྒྱུག་པའི་རྩལ་མོ་ཆེ། །མྱུར་དུ་རྒྱུག་ལ་བླ་ཚེ་ཕྲོལ། །ལྷ་རྣམས་སྐུ་ལ་བོག་ཏུ་ཆུག ཁྱི་མོ་ནག་མོ་མཆོང་མིག་མ། །ས་ལ་རྒྱུག་པའི་རྩལ་མོ་ཆེ། །མྱུར་དུ་རྒྱུག་ལ་བླ་ཚེ་སྦོས། །ཀླུ་རྣམས་སྐུ་ལ་གྲུག་ལྟར་སྒོངས། ཁྱི་མོ་ནག་མོ་ཟངས་མིག་མ། །དུར་ཁྲོད་རྒྱུག་པའི་རྩལ་མོ་ཆེ། །མྱུར་དུ་རྒྱུག་ལ་བླ་ཚེ་ཟུང༌། །སྲོག་གཤེད་སྐུལ་ལ་གསོད་དུ་ཆུག ཁྱི་མོ་ནག་


TNT14_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དུང་མིག་མ། །རྩིབས་ལ་རྒྱུག་པའི་མཐུ་མོ་ཆེ། །མྱུར་དུ་རྒྱུག་ལ་བླ་ཚེ་ཆིངས། །སྣང་སྲིད་སྐུལ་ལ་དབང་པོ་སྡོམས། ཁྱི་མོ་ནག་མོ་མཁར་མིག་མ། །ཆུ་ལ་རྒྱུག་པའི་མཐུ་མོ་ཆེ། མྱུར་དུ་རྒྱུག་ལ་བླ་ཚེ་གཟིར། །ཆུ་སྲིན་སྐུལ་ལ་སུབ་ཏུ་ཆུག ཁྱི་མོ་ནག་མོ་ལྕགས་མིག་མ། །རླུང་ལ་རྒྱུག་པའི་རྩལ་མོ་ཆེ། །མྱུར་དུ་རྒྱུག་ལ་བླ་ཚེ་སྒྲོལ། །སྙིང་ཕྱུང་སྲོག་ཆོད་དབུགས་ཀྱང་ཕྲོལ། །གནམ་གྱི་འཇུ་ཐག་སྟེང་ནས་ཆོད། །སའི་ལྟེ་ཕུར་འོག་ནས་ཐོན། །ཞེ་སྡང་ཚང་བའི་དོན་སྙིང་ཕྱུང༌། །དཀོན་པའི་ཚེ་སྲོག་གཉིས་དང་ཕྲོལ། །ལྷ་ཆེན་ཡབ་ཡུམ་འཁོར་བཅས་ཀྱིས། །དགྲ་བོའི་བདུན་བརྒྱུད་རྩད་ནས་ཆོས། །བཅོལ་བའི་ལས་རྣམས་མཐུ་མ་ཆུང༌། །དེ་ནས་མོན་པོ་རྣམས་སྐུལ་བ་ནི། ཧཱུཾ་གཞན་ཡང་བཀའ་ཉན་ཕོ་ཉའི་ཚོགས། །མོན་པ་ནག་པོ་རྫུ་འཕྲུལ་ཅན། །བྱི་ལ་ཞོན་ནས་དུར་ཁྲོད་ཉུལ། །ཞལ་ནས་མེ་འབར་དགྲ་སྙིང་སྲེག།སྤྱན་ནས་ཁྲག་འཛག་ཟུལ་ལུ་ལུ། །ཕྱག་ན་དུང་གི་བེ་ཅོན་བསྣམས། །ལྷ་བདུད་མོན་པའི་དུས་ལ་བབ། །མོན་པ་ནག་པོ་སྦྲུལ་ལ་ཞོན། །ཕྱག་ན་བདུད་ཀྱི་བེ་ཅོན་བསྣམས། །དམ་ཉམས་དགྲ་བོ་རྡུལ་དུ་བཟློག །ཞལ་ནས་མེ་འབར་སྙིང་ལ་རྔུབ། །མིག་ནི་གསེར་མིག་ལམས་སེ་ལམས། །ཀླུ་བདུད་མོན་པའི་དུས་ལ་བབ། །མོན་པ་ནག་པོ་ཁྱུང་ལ་ཞོན། །ཕྱག་གཡས་དུག་གི་སྤུ་གྲི་བསྣམས། །དམ་ཉམས་དགྲ་བོའི་སྲོག་རྩ་གཅོད། །ཞལ་ནས་མེ་འབར་རྒྱ་མཚོ་


TNT14_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

སྐེམ། །སྤྱན་ནས་ཁྲག་འབབ་ཟུལ་ལུ་ལུ། །གང་ལ་དམིགས་པ་རྡུལ་དུ་བཟློག །བདུད་ཀྱི་མོན་པའི་དུས་ལ་བབ། །མོན་པ་ནག་པོ་འབྲུག་ལ་ཞོན། །ཕྱག་གཡས་རལ་གྲི་གློག་ལྟར་འདེབས། །དམ་ཉམས་སྲོག་རྩ་གཏིང་ནས་ལེན། །འབྲུག་སྒྲ་ཤངས་ནས་ཐོག་འབེབ་ཤིང༌། ཁྲག་དང་སེར་བའི་མཆི་མ་འབབ། །གང་ལ་དམིགས་པ་རྡུལ་དུ་བཟློག །གནོད་སྦྱིན་མོན་པའི་དུས་ལ་བབ། །མོན་པ་ནག་པོ་རླུང་ལ་ཞོན། །ལྕགས་མདའ་དགྲ་བགེགས་སྙིང་ལ་གཟེར། །ཞལ་ནས་མི་ཁྲག་རྟ་ཁྲག་འཛག །མིག་ནི་ཉི་ཟླའི་ཟེར་བས་འཚེར། །གང་ལ་དམིགས་པ་རྡུལ་དུ་བརློག།གཤིན་རྗེ་མོན་པའི་དུས་ལ་བབ། །མོན་པ་ནག་པོ་སྟག་ལ་ཞོན། །རལ་གྲི་འདེབས་ཤིང་ནགས་ཚལ་རྒྱུ། །ཞལ་ནས་ནད་ཀྱི་རླངས་པ་གཏོང༌། ཁྲག་གི་མཆི་མ་ཤ་ར་ར། །དམ་ཉམས་དགྲ་བོའི་སྲོག་རྩ་གཅོད། །སྲིན་པོ་མོན་པའི་དུས་ལ་བབ། །མོན་པ་ནག་པོ་རྟ་ནག་ཞོན། །ཕྱག་ན་ཙན་དན་བིང་ཆེན་བསྣམས། །དམ་ཉམས་དགྲ་བོ་སྒྲོལ་ལ་བརྩོན། །སྡིག་ཅན་འདུལ་བའི་མཐུ་བོ་ཆེ། །མགོན་པོ་མོན་པའི་དུས་ལ་བབ། །ཡང་ན་མོན་མོ་བདུན་ལ་སྐུལ་འདི་ལྟར་བྱས་ཀྱང་རུང་ངོ༌། བྷྱོཿ ཤེལ་མིག་མཐིང་གི་ལན་ཕྲན་ཅན། །གསེར་གྱི་དྲ་བ་ཝངས་སེ་ཝང༌། ཁྲག་གི་བེ་ཅོན་ཙེརརེ་རེ། །ཕྱག་ན་དུང་གི་ཕུར་པ་སྒྲིལ། །ལྷ་བདུད་མོན་མོའི་དུས་ལ་བབ། །མོན་མོ་ནག་མོ་གསེར་མིག་མ། །གནས་ནི་སྲིད་པ་གསུམ་ན་


TNT14_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

གནས། །དགོངས་པ་བར་སྣང་ཁམས་ལ་མཛད། །བཞུགས་ནི་རྒྱ་མཚོའི་གཏིང་ན་བཞུགས། །དབུ་ལ་ཅོད་པན་མཐིང་ནག་བཅིངས། །ཕྱག་གཡས་རྡོ་རྗེ་ནད་རྐྱལ་གཡོན། །ཀླུ་བདུད་མོན་མོའི་དུས་ལ་བབ། །མོན་མོ་ནག་མོ་ཟངས་མིག་མ། སྦྲུལ་ནག་རལ་པ་ཤིགས་སེ་ཤིག། ལྕགས་ཀྱི་རྣ་ཆ་ཁྲལ་ལ་ལ། །ཕྱག་ན་གསེར་གྱི་ཕུར་པ་སྒྲིལ། །བདུད་ཀྱི་མོན་མོའི་དུས་ལ་བབ། །མོན་མོ་ནག་མོ་གཡུ་མིག་མ། ཁྲག་གི་རལ་པ་ཤ་ར་ར། །བསེ་ཡི་སྙན་ཆ་ཁྲ་ལ་ལ། །ཕྱག་ན་བསེ་ཡི་ཕུར་པ་སྒྲིལ། །གནོད་སྦྱིན་མོན་མོའི་དུས་ལ་བབ། །མོན་མོ་ནག་མོ་དུང་མིག་མ། ཁྲག་གི་རལ་པ་ཤར་ར་ར། །བྱི་རུའི་རྣ་ཆ་ཁྲལ་ལ་ལ། །ཕྱག་ན་བྱི་རུའི་ཕུར་པ་སྒྲིལ། །གཤིན་རྗེ་མོན་མོའི་དུས་ལ་བབ། །མོན་མོའི་ནག་མོ་བསེ་མིག་མ། །ཟངས་ཀྱི་ལན་ཕྲན་ཤ་ར་ར། །ཟངས་ཀྱི་རྣ་ཆ་ཁྲལ་ལ་ལ། །ཕྱག་ན་ཟངས་ཀྱི་ཕུར་པ་སྒྲིལ། །སྲིན་མོ་མོན་མོའི་དུས་ལ་བབ། །མོན་མོ་ནག་མོ་ཁྲག་མིག་མ། །མཐིང་གི་ལན་ཕྲན་ཤར་ར་ར། །མཆོང་གི་ཅོད་པན་ཁྲ་ལ་ལ། ཁྲག་གི་རྦ་རླབས་ཆིལ་ལི་ལི། །ནད་ཀྱི་ཁ་རླངས་ཐུལ་ལུ་ལུ། །ཕྱག་ན་བདུད་ཀྱི་ཁྲམ་ཤིང་བསྣམས། །རེ་མ་ཏཱི་ཡི་དུས་ལ་བབ། །ཧཱུཾ་བྷྱོཿ ཏྲག་ཤད་ཡབ་ཡུམ་དྲག་ཤུལ་ཅན། །ལྷ་སྲིན་ཀུན་གྱི་རྒྱལ་པོ་སྟེ། །མོན་པ་ཕོ་མོ་ཁྱེད་རྣམས་ཀྱང༌། །དབུ་སྐྲ་གྱེན་བརྫེས་ཐོད་པས་བརྒྱན། །ཞལ་གདང་སྤྱན་བཟློག་མཆེ་བ་གཙིགས། །རྔམ་པའི་ཞལ་ནས་འཇིགས་སྒྲ་སྒྲོག །སྐུ་ལ་དར་ནག་


TNT14_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལྤགས་གསོལ། །མེ་རླུང་འཚུབ་མའི་ཀློང་དཀྱིལ་ནས། །ཕྱག་མཚན་མཚོན་ཆས་དགྲ་བགེགས་འདུལ། །བསྟན་པ་གཉན་སྲུང་མཐུ་བོ་ཆེ། །སྔོན་གྱི་དམ་ལས་མ་འདའ་བར། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །དགྲ་བགེགས་སྒྲོལ་བའི་དུས་ལ་བབ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །གཞན་ཡང་སྤྲུལ་པ་ཡང་སྤྲུལ་སོགས་ཀྱང་བྱའོ། །བསྡུ་ན་གཙོ་བོ་ཡབ་ཡུམ་ལ་བསྟོད་པ་ལས་གཞན་པའི་སྐུལ་མི་དགོས། དུས་ལ་བབ་ཞེས་པ་རྣམས་ལ་ཕྱག་འཚལ་བསྟོད་ཅེས་པའམ། ཐུགས་དམ་བསྐང་ཞེས་པར་འདོན་པ་སྤོ་བའི་སྲོལ་ཡང་ཡོད་ལ། ཡང་ན་འཁོར་ལ་གཏོར་ཆོག་ཏུ་བཤད་པ་དེ་ཙམ་གྱིས་ཀྱང་ཆོག་གོ །བཅོ་བརྒྱད་པ་མངའ་གསོལ་བ་ནི། ཧཱུཾ་དུར་ཁྲོད་གསང་བའི་གནས་ཆེན་འདིར། །མགོན་པོ་ཡབ་ཡུམ་མཆོད་པའི་རྫས། །དམ་རྫས་གཏོར་མི་རི་ལྟར་སྤུངས། །སྨན་རག་བདུད་རྩི་རྒྱ་མཚོར་བསྐྱིལ། །སྣ་ཚོགས་རོལ་མོ་འབྲུག་ལྟར་ལྡིར། །རྒྱ་སྤོས་གསུར་ཆེན་དྲི་ངད་ལྡན། །ཞུན་ཆེན་མར་མེ་སྐར་ལྟར་བཀྲམ། །དར་ནག་རུ་མཚོན་བ་དན་འཕྱར། །དམ་རྫས་སྙིང་སྣ་རྫ་ལྟར་ལྷགས། །ཤ་རུས་མང་པོ་རི་ལྟར་སྤུངས། །བྱ་ནག་མང་པོ་ཕུར་ཞིང་ལྡིང༌། །མི་ནག་གིང་པོ་རྔམ་པའི་གཟུགས། །རྟ་ནག་རྟིང་དཀར་རླུང་ལྟར་འཕྱོ། །གཡག་ནག་ཞོལ་ཆེན་སྤྲིན་ལྟར་གཏིབས། །ལུག་ནག་ལྕགས་རུ་རྒྱན་དང་ལྡན། ཁྱི་ནག་སྙིང་དཀར་དོམ་ལྟར་ཉེར། །ཙ་ར་རོག་པོ་བརྗིད་པ་དང༌། །གཅན་གཟན་མང་པོ་འདུར་ཞིང་རྒྱུག །འདོད་ཡོན་སྤྲིན་


TNT14_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གཏིབས་པ་འདིས། །ཧཱུཾ་དཔལ་ལྡན་མགོན་པོ་མངའ་གསོལ་ལོ། །མཧཱ་ཀཱ་ལ༴ ལེགས་ལྡན་ནག་པོ༴ ལྷ་ཆེན་དཔལ་འབར༴ སྲོག་བདུད་ཆེན་པོ༴ ནག་པོ་ཆེན་པོ༴ བཤན་པ་ཆེན་པོ༴ ལིངས་པ་ཆེན་པོ༴ བདུད་རྒྱལ་ཐོད་ཕྲེང་༴ ཏྲཀ་ཤད་ནག་པོ༴ རྣལ་འབྱོར་དགྲ་ལྷ༴ དམ་ཉམས་སྲོག་གཅོད༴ དཔལ་ལྡན་ལྷ་མོ༴ འདོད་ཁམས་གཙོ་མོ༴ བདུད་ཀྱི་ཡུམ་གཅིག༴ གཤིན་རྗེའི་ལྕམ་གཅིག༴ མོན་པ་ཕོ་བདུན༴ མོན་པ་མོ་བདུན༴ ཕྱག་བརྙན་སྤྲུལ་པ༴ ཕོ་ཉ་ལས་མཁན༴ བདུད་དམག་བྱེ་བ༴ བདུད་མགོན་འཁོར་བཅས༴ ཆོས་སྐྱོང་འཁོར་བཅས་མངའ་གསོལ་ལོ། །དེ་ལྟར་གསོལ་བའི་བྱིན་རླབས་ཀྱིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ཕྱི་ནང་བར་ཆད་ཞི་བ་དང༌། །ཚེ་དང་བསོད་ནམས་རྒྱས་པར་སྤེལ། །ལྷ་འདྲེ་མི་གསུམ་དབང་དུ་བསྡུས། །བསྟན་པ་བཤིག་པའི་དགྲ་བོ་སྒྲོལ། །རྣལ་འབྱོར་བསམ་པ་ཡིད་བཞིན་སྒྲུབས། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཅེས་བསྐང་རྫས་མཆོད་པས་མངའ་གསོལ་ལོ། །དེ་རྗེས་མདོས་ཀྱི་བསྐང་བ་རྒྱས་བསྡུས་གང་བྱེད་འདོད་ཀྱང་བྱ་སྟེ། ལོགས་སུ་ཤེས་པར་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་ལྔ་ལས། དང་པོ་དངོས་གྲུབ་བླང་བ་ནི། ཐུན་མོང་མ་ཡིན་ཁྱད་པར་ཆེ་བས་ན། རྡོ་རྗེ་ཁྲག་འཐུང་ཐུགས་ཀྱི་དཔལ་བེའུ་ནས། །བདུད་འདུལ་མཐུ་ཆེན་ནག་པོ་ཆེན་པོའི་སྐུ། །འཕྲིན་ལས་རྣམ་བཞིའི་གཟི་བརྗིད་འོད་འཕྲོ་བས། །སྐལ་ལྡན་བདག་ལ་


TNT14_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་རྩལ་དུ་གསོལ། །རབ་རྒྱས་སྤྲུལ་པའི་དངོས་གྲུབ་སྩལ་དུ་གསོལ། །དཔལ་ཆེན་ཁྲག་འཐུང་མཧཱ་ཀཱ་ལར་བཅས། །འཁོར་བཅས་མཆོད་པའི་ཆོ་ག་ཚང་ལགས་ཀྱི། །མགོན་པོ་ཐུགས་རྗེས་བྱོན་པ་ན། །སྔོན་གྱི་ཐུགས་དམ་གསོ་བ་ཡིས། །འགྲོ་བ་མ་ལུས་བསྒྲལ་སླད་དུ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །སྐྱ་རེངས་དང་པོ་ཤར་བ་དང༌། །རི་རབ་རྩེ་ལ་གདུགས་དར་ཚེ། །སྒྲུབ་པོ་གཏོར་མ་དེར་གཏོང་ན། །ད་ལྟ་དངོས་གྲུབ་སྩལ་དུ་གསོལ། ཁྲོ་རྒྱལ་འདུས་པའི་དངོས་གྲུབ་བདག་ལ་སྩོལ། ཁྲོ་རྒྱལ་ཐུགས་ཀྱི་དངོས་གྲུབ༴ ཁྲོ་རྒྱལ་གསུང་གི༴ ཁྲོ་རྒྱལ་སྐུ་ཡི༴ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །རྡོ་རྗེའི་ཚེ་མཆོག་དངོས་གྲུབ་སྩལ་དུ་གསོལ། །ཕོ་ཉ་རྐང་མགྱོགས་དངོས་གྲུབ་སྩལ་དུ་གསོལ། །རྫུ་འཕྲུལ་མངོན་ཤེས་དངོས་གྲུབ་སྩལ་དུ་གསོལ། །མཐུ་དང་གྲགས་པའི་དངོས་གྲུབ་སྩལ་དུ་གསོལ། །ཡིད་བཞིན་ལྷུན་གྲུབ་དངོས་གྲུབ་སྩལ་དུ་གསོལ། །ཅེས་བརྗོད་དོ། །གཉིས་པ་གཏོར་མ་གཏོང་བ་ནི། དེ་ནས་གཏོར་མ་གཏོར་སྟེགས་སམ། ཁང་སྟེང་དུ་ཁྱེར་ལ། སྤྱི་བཏབ་རྒྱས་བསྡུས་གང་ཡང་རུང་བས་འབུལ། མདོས་འབུལ་ནའང་སྐབས་འདིར་འབུལ་དགོས་སོ། །བསྟན་སྐྱོང་རྒྱས་བསྡུས་གང་རུང་རེ་བྱེད་པ་ཕྱག་ལེན་དུ་གནང་ཞིང༌། མ་བྱས་ནའང་ཆོ་ག་ཆད་པའི་སྐྱོན་མེད་མོད་ཀྱི། བོད་ཀྱི་ཕྱོགས་འདིར་སྒྲུབ་པ་པོའི་མཐུན་རྐྱེན་སྒྲུབ་པ་སོགས་ཀྱི་ཕྱིར་འགྲུབ་ན་ཤིན་ཏུ་ལེགས་པ་ཡིན་ནོ། །དེ་ནས་བདེ་ལེགས་སུ་བྱེད་པའི་འཕྲིན་བཅོལ་གང་འོས་ཤིག་བྱ་ལ། ཕྱིས་ཀྱི་ལག་ལེན་ལ་


TNT14_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

ནི། གཞན་གྱི་ལག་ལེན་དང་བསྟུན་ཏེ། སྲིད་བཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང༌། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་ཀུན། །དཔལ་འབྱོར་གྱིས་བརྒྱན་ཡུན་རིང་ཞབས་བརྟན་ཤོག །བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ། །ཚེ་རིང་ནད་མེད་ལོངས་སྤྱོད་ཕུན་སུམ་ཚོགས། །བསམ་པ་ཐམས་ཅད་ཡིད་བཞིན་འགྲུབ་པ་དང༌། །འགྲོ་བའི་དོན་ལ་མཐུ་དང་ལྡན་པར་ཤོག །ཅེས་པ་འདི་བྱེད་ཀྱིན་སྣང་ངོ༌། །སྐབས་འདིར་གཏོར་མནན་ལ་སོགས་པ་བྱེད་པའང་ལོང་སྐབས་དང་བསྟུན་ནས་བྱས་ཀྱང་ལེགས་མོད། ངེས་པར་དགོས་པ་ནི་མ་ཡིན་ནོ། །གསུམ་པ་མཆོད་པ་ནི། ནང་དུ་ཡི་དམ་ལ་མཆོད་བསྟོད་བྱ་བའོ། །བཞི་པ་ཚེ་ཆོག་ནི། ཧཱུཾ། ཕྱོགས་བཅུ་རྣམས་ནས་ཚེ་འགུགས་པ། །དཔལ་ཆེན་ཁྲག་མཐུང་ཡབ་ཡུམ་དང༌། །རྡོ་རྗེ་མ་ཧཱ་ཀཱ་ལའི་ཚོགས། །འཁོར་བཅས་ཀུན་གྱི་མཐུ་སྟོབས་ཀྱིས། །ཚངས་པའི་གནས་ནས་ཚེ་ཁུག་ཅིག །རི་རབ་རྩེ་ནས་ཚེ་ཁུག་ཅིག །ཕྱག་མཚན་གྲི་གུག་ལ་སོགས་པས། །སྟེང་གི་འཇིག་རྟེན་ཁམས་དྲོལ་ལ། །བགེགས་ཀྱི་ལག་ནས་ཚེ་དྲོངས་ཤིག །ཚེ་རྟེན་འདི་ལ་ཚེ་སྟིམས་ཤིག །ཕྱག་མཚན་རྩེ་གསུམ་ལ་སོགས་པས། །འོག་གི་འཇིག་རྟེན་ཁམས་དྲོལ་ལ། །བགེགས་ཀྱི་ལག་ནས་ཚེ་དྲོངས་ཤིག །ཚེ་རྟེན་འདི་ལ་ཚེ་སྟིམས་ཤིག །ཕྱག་མཚན་བེང་ཆེན་ལ་སོགས་པས། །ཕྱོགས་མཚམས་འཇིག་རྟེན་ཁམས་དྲོལ་ལ། །བགེགས་ཀྱི་ལག་ནས་ཚེ་དྲོངས་ཤིག །ཚེ་རྟེན་འདི་ལ་ཚེ་སྟིམས་ཤིག །ཅེས་བརྗོད་ནས།


TNT14_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་ཆོས་སྐྱོང་གི་སྔགས་ཀྱི་མཐར་ཚེ་སྒྲུབ་ཀྱི་སྔགས་གཤམ་བུར་བཏགས་ལ་ཅི་རིགས་པར་བཟླའོ། །ལྔ་པ་རྗེས་བསྡུ་ཤིས་བརྗོད་དང་བཅས་པ་ནི། དེ་ནས་ཡི་གེ་བརྒྱ་པ་བཟླ་པ་དང༌། བཟོད་པར་གསོལ་བ་ལན་མང་དུ་བྱས་ལ། རྟེན་རྣམས་ལ་བརྟན་བཞུགས་དང༌། མགྲོན་རྣམས་གཤེགས་སུ་གསོལ་བ་དང༌། བདག་བསྲུང་བ་རྣམས་བྱས་པའི་མཐར་སྨོན་ལམ་དངབཀྲ་ཤིས་ཅི་འགྲུབ་ཏུ་བྱའོ། །སངས་རྒྱས་ཀུན་གྱི་ཕྲིན་ལས་དངོས། །འཕྲིན་ལས་མགོན་པོར་སྐུ་སྤྲུལ་པ། །སྤྲུལ་པའི་ཁྲོ་རྒྱལ་འཁོར་བཅས་རྣམས། །མཆོད་པའི་ཆོ་ག་མདོ་ཙམ་སྟེ། །འདི་སྒྲུབས་པ་ལས་བྱུང་བ་ཡི། །བསོད་ནམས་ཅུང་ཟད་གང་བསགས་པ། །དེ་ལས་བྱང་ཆུབ་མྱུར་འགྲུབ་ནས། །འཕྲིན་ལས་རྣམ་བཞིས་དོན་བྱེད་ཤོག །དཔལ་ཡེ་ཤེས་ཀྱི་མགོན་པོ་ཏྲཀྴད་མཆོད་པའི་ཆོ་ག་ལས་བཞི་རྣམ་པར་རོལ་བ་ཞེས་བྱ་བ་འདི་ནི། དོན་གཉེར་འགའ་ཞིག་གིས་བསྐུལ་བའི་ངོར། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་རྟོག་དང་སྦྱར་བའི་ཚིག་ལེགས་ལེགས་སུ་བསྒྲིགས་པ་དག་སྤངས་ཏེ། རིག་འཛིན་གོང་མ་རྣམས་ཀྱི་གསུང་ལ་བཅོས་བསླད་མ་བྱས་པར། ཡིག་རྙིང་ཡི་གེ་མང་བ་དང༌། འཐོར་བའི་ཚུལ་ཅན་དུ་ཡོད་པ་རྣམས་འདུས་ཤིང་གོ་བདེ་བར་བསྒྲིགས་པ་སྟེ། རང་ལོ་ཉེར་དགུ་པ་དབྱར་ཟླ་འབྲིང་པོའི་མཁའ་འགྲོ་འདུ་བའི་ཚེས་བཟང་པོ་ལ། དཔལ་བཟང་ལྡན་གྱི་ཆོས་གྲྭར་སྦྱར་བའོ། །སྔགས་རྣམས་ལས་རྒྱ་སྐད་དུ་མངོན་པ་རྣམས་ལ་ཐ་སྙད་ཀྱི་གཙུག་ལག་དང་མཐུན་པའི་ཞུས་དག་བྱས་ན། རིག་གནས་སྦྱངས་པ་རྣམས་ཀྱི་བློ་ངོར་འཕྲལ་དུ་འབབ་ཅིང༌། ལེགས་ལེགས་འདྲ་བ་ཡོང་བ་འདུག་ནའང༌། བྱིན་རླབས་ལ་གནོད་པའི་ལྟས་མཐོང་བས། ཡིག་རྙིང་མང་པོ་ཞལ་མཐུན་དུ་ཡོད་པའི་ཞུས་དག་ཙམ་ལས་གཞན་མ་བཅོས་པ་ལགས་སོ། །མངྒལཾ། དར་རྒྱས་འཕེལ། །ཞུས་དག །


previousདཔལ་མགོན་ཏྲཀྴད་ཀྱི་བསྐང་གསོའི་ཆོ་ག་ལས་བཞི་རྣམ་རོལ།next