Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་དྲག་གཏོར་ཤིན་ཏུ་ཟབ་པ་རྟགས་མངོན་གྱུར་ཅན།
   
   
   
   


 
previousརྒྱལ་ཆེན་རྣམ་ཐོས་སྲས་ཀྱི་དྲག་གཏོར་ཤིན་ཏུ་ཟབ་པ་རྟགས་མངོན་གྱུར་ཅན།next

རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་དྲག་གཏོར་ཤིན་ཏུ་ཟབ་པ་རྟགས་མངོན་གྱུར་ཅན།


TNT14_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་དྲག་གཏོར་ཤིན་ཏུ་ཟབ་པ་རྟགས་མངོན་གྱུར་ཅན་བཞུགས་སོ། །གཙོ་བོ་དང་ལས་མཁན་གྱི་དྲག་སྔགས་མ་སྦས་པར་བྲིས་ཡོད་པས་བཀའ་རྒྱ་དམ་པ་གལ་ཆེའོ། །དམར་ནག་གང་ལ་སྦྱར་ཀྱང་འདྲ། །


TNT14_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་དྷ་རཱ་ཡ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་དྲག་པོའི་གཏོར་མའི་ལས་བྱ་བར་འདོད་པས། གནས་དབེན་པར་བགེགས་བསྐྲད་པ་དང་བྱུར་བསལ་བ་སོགས་བྱས་ལ། ཨ་མྲྀ་ཏའི་སྔགས་བཟླས་པས་ས་གཞི་ལ་གཏོར། དེར་དཀྱིལ་འཁོར་འབྲི་དགོས་པ་ལས། དམར་པོ་རྟ་སྔོན་ཅན་ནང་སྒྲུབ་ཏུ་གྲགས་པ་ལྟར་ན། འཁོར་ལོ་པདྨ་ཟླུམ་སྐོར་རིམ་པ་གཉིས་དང་ལྡན་པ་འབྲི་དགོས་ལ། གསང་བ་མ་མོ་ལྟར་སྒྲུབ་པ་འདི་དང༌། གཤིན་རྗེ་བཞི་སྐོར་ལྟ་བུའི་སྒྲུབ་པ་དངོས་ལ། འཁོར་ལོ་རྩིབས་བཞི་ཁོ་ནས་ཆོག་པ་ཞིག་དང༌། རྩིབས་བཞི་ཉིས་རིམ་བྱེད་པའང་ཡོད། གཞན་ཡང་སྒྲུབ་པ་མི་འདྲ་བ་ལ་དཀྱིལ་འཁོར་རྒྱས་བསྡུས་ཅི་རིགས་འདུག་ཀྱང༌། འདིར་ཀུན་བསྡུས་སྤྱི་དྲིལ་གྱི་དབང་དུ་བྱས་ན། གཏོར་བཟློག་སོགས་ཀྱི་ལས་རིམ་ལ་སྟོབས་ཆེ་བར་གྲགས་པས། དེ་ལྟར་བཤད་ན། དབུས་སུ་གྲུ་གསུམ་མཐིང་ནག་མེ་རི་འབར་བ་ལ་འཁོར་ལོ་སྔོན་པོའམ། པདྨ་སྔོན་པོ་དང་ཉི་མའི་སྟེང་དུ། ཕྱག་མཚན་རལ་གྲིའམ། ས་བོན་བཻ་ནག་


TNT14_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

པོའམ། དེ་དག་མ་འགྲུབ་ན་ཚོམ་བུ་ནག་པོ་ཞིག་འགོད་དོ། །དེའི་ཕྱི་རོལ་ཟླུམ་པོར་བསྐོར། གྲུ་ཆད་དམར་པོ་བྱ། ཟླུམ་སྐོར་གྱི་སྣམ་བུུ་ལ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་སྔོ་བའི་ཕྱོགས་མདོག་ཅན་ལ་ཆུ་རིས་འབྲི། དེའི་ཕྱི་རོལ་འཁོར་ལོ་སྔོན་མོ་རྩིབས་བརྒྱད་ལ། སྲས་བཞི་དང༌། བློན་པོ་བཞིའི་ཚོམ་བུ་སྐུ་མདོག་དང་མཐུན་པར་འགོད། དེའི་ཕྱི་ཟླུམ་སྐོར་སྔོན་པོའམ་ལྗང་ཁུ་ལ་རྒྱལ་ཆེན་བཞིའི་ཚོམ་བུ་ནི་ངེས་པར་འགོད་ཅིང༌། སྤྲོ་ན་གཤིན་རྗེ་བཞི་དང༌། སྲིན་པོ་བཞི་དང༌། མཆོད་ལྷ་བཞི་ཡང་འགོད་དོ། །མཐའ་རྡོ་རྭ་མེ་རིས་བསྐོར། དེར་མཉྫིའི་སྟེང་དུ་གཏོར་མ་ཆེན་པོ་ཁ་ཟས་བཟང་རྒུ་དང་ཤ་ཁྲག་སྣ་ཚོགས་ཀྱིས་བརྒྱན་པ་ཟུར་གསུམ་ཞིག་བཤམ། དཀྱིལ་འཁོར་གྱི་ཕྱོགས་བཞིར་གཏོར་མ་ཆུང་བ་གྲུ་གསུམ་རེ་བཤམ་སྟེ། རིམ་པས་ར་ཁྱི་མི་རྟ་རྣམས་ཀྱི་ཤ་ཁྲག་གིས་བརྒྱན་པར་བྱེད་དགོས་པ་ལས། མ་འབྱོར་ན་སོ་སོའི་གཟུགས་བརྙན་བཙུགས་ཏེ། ཤ་ཁྲག་ཅི་འབྱོར་གྱིས་བརྒྱན་པ་དང༌། གཞན་ཡང་བཤོས་བུ་གྲུ་བཞི་རྒྱ་ཕིབས་ཅན་དང་བསེ་ཞལ་དུ་ཆང་ཕུད་མ་ཉམས་


TNT14_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། མདའ་བྱ་རྒོད་མ་ལ་དར་ལེབ་རྒན་བཏགས་པ་དང༌། ཞོ་ཆ་དང༌། བྲེ་སྲང་སོགས་བཤམ། འཕེན་གཏོར་ཐོག་གཟུགས་མེ་རི་ཅན་དང༌། དེའི་མདུན་དུ་ལས་མཁན་གྱི་གཏོར་མ། ཟན་གྲུ་གསུམ་གྱི་སྟེང་དུ་སྙིང་གཟུགས་དང་བཅས་པ་བཤམ། ཀླུ་གཏོར་ཡང་བཤམ། མཐའ་མཆོད་པས་བསྐོར། རྟེན་བཤམ་ཞིང་རྒྱན་དགྲམ་པར་བྱའོ། །དེ་ནས་སྔོན་འགྲོ་གཏོར་མ་དང་གནས་ཡོ་བྱིན་རླབས་སྔོན་དུ་བཏང་ནས། ཡི་དམ་གྱི་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། ཡི་དམ་ནི་སྤྱིར་སྒྲུབ་པ་ཙམ་ཡིན་ན་ཞི་ཁྲོ་གང་གིས་ཀྱང་རུང༌། གཏོར་བཟློག་སོགས་དྲག་པོ་དང་འབྲེལ་ན་ཡང༌། ཡེ་ཤེས་ཁྲོ་བོ་གང་གིས་ཀྱང་རུང་མོད། དྲེགས་པ་སྤྱིའི་གཉེན་པོའམ། གནོད་སྦྱིན་འདུལ་བའི་དབང་དུ་བྱས་ན། བཅོམ་ལྡན་འདས་གསང་བདག་ཉིད་དམ་རྡོ་རྗེ་རྣམ་འཇོམས་སོགས་བསྔགས་པར་བྱེད། མ་མོ་གཤིན་རྗེའི་ལས་ཚོགས་དང་འབྲེལ་བའི་དབང་དུ་བྱས་ནས། གཤིན་རྗེ་གཤེད་ཉིད་བསྔགས་པར་ཡང་གྲགས། ཡིག་རྙིང་ལ་ལ་ན་རྟ་མགྲིན་བསྔགས་པར་བྱས་པའང་གདའ། ཀུན་གྱི་གཉེན་པོ་མཐར་ཐུག་ནི། ཁམས་གསུམ་རྣམ་རྒྱལ་ལམ་དཔལ་ཧེ་རུ་ཀ་ཡིན་པས་དེ་ལྟར་ཡང་ལེགས་སོ། །དེ་ནས་མདུན་བསྐྱེད་ཇི་ལྟར་འོས་པའི་ཡི་དམ་གྱི་གཏོར་ཆོག་ཀྱང་གྲུབ་པར་བྱའོ། །དེ་དག་ནི་ངེས་པར་དགོས་ལ། དེ་རྗེས་རྩ་བའི་སྒྲུབ་ཐབས་ཀྱང་ཡིན། སྤྲུལ་གཞི་ཡང་ཡིན་པས། རྒྱལ་ཆེན་ཞི་བ་བདེ་བྱེད་མའི་གཏོར་ཆོག་བསྐང་བསྟོད་ཡན་ཆད་ཀྱང་འགྲུབ་པར་བྱས་ན་ཤིན་ཏུ་ལེགས་མོད། ཡང་དྲག་གཏོར་གྱི་ཆོ་གའི་ཡན་ལག་ཏུ་ནི་ངེས་ཅན་དགོས་པ་རང་ཡང་མ་ཡིན་པས། མ་གྲུབ་ཀྱང་འགལ་བ་མེད་དོ། །དེ་ལས་གཞན་པ་དཔལ་ཡེ་ཤེས་ཀྱི་མགོན་པོ་གང་ཡང་རུང་བའི་བསྐང་བ་སོགས་གྲུབ་ན་རྒྱབ་དཔུང་དུ་ལེགས་པར་འགྱུར་བའང་ཡིན་ལ། སྒྲུབ་པ་པོའི་བློའི་ཁྱད་པར་གྱིས་


TNT14_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

རེས་འགའ་ཕན་མེད་གནོད་མེད་དང༌། ཕན་གནོད་གཉིས་ཀར་ཡོད་པར་འགྱུར་བའང་ཡོད་མོད། དྲག་ལས་ཆོས་སྐྱོང་རིགས་མི་གཅིག་པ་ཧ་ཅང་མང་བ་དུས་གཅིག་ཏུ་བྱེད་པ་ནི་མི་བཟང་སྟེ། མཆོད་ཡུལ་གྱི་སྒོ་ནས་ཁྱད་མེད་ཀྱང༌། སྒྲུབ་པ་པོ་རང་གི་དམིགས་པ་སོགས་གནད་ལ་མི་འགྲིལ་བར། བློ་མང་དུ་འགྲོ་བའི་ཕྱིར་རོ། །ད་ནི་འདིར་དྲག་གཏོར་གྱི་ཆོ་ག་ལ། ཞི་དྲག་གཉིས་ཀྱི་ཆོ་ག་སྤེལ་ནས་བྱེད་པའི་སྲོལ་ཞིག་ཀྱང་བྱུང་འདུག་མོད་ཀྱི། བསྐང་གསོ་ཙམ་ལ་དེ་ལྟར་མི་འགལ་ཡང༌། དྲག་ལས་སྒྲུབ་ན་དེ་ལྟར་བྱེད་མི་བདེ་ཞིང་འཁྱམས་པའི་རྒྱུ་ཡིན་པས། འདིར་དྲག་གཏོར་གྱི་ཆོ་ག་སྒོས་སུ་བྱེད་དོ། །དེ་ཡང་འདི་ལྟར། ༈ ཧཱུཾ་ཡང་དག་གསང་བའི་དཀྱིལ་འཁོར་འདིར། །སྤྱན་དྲངས་གཤེགས་སུ་གསོལ་བ་དང༌། །དབང་བསྐུར་ཡང་དག་ཐོབ་པ་ལས། །སུ་ཡང་འདའ་བར་མ་བྱེད་ཅིག །ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ། རྡོ་རྗེ་གསོར་ཞིང་ཕུར་པའི་དཔལ་གྱེན་ལ་བསྟན་ཏོ། །མཚམས་གཅོད་དོ། །ཧཱུཾ་བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །གསང་སྔགས་ཚུལ་བཞིན་སྒྲུབ་སྔོ་མ་ཐོགས་ཏེ། །རྩ་བ་ཡན་ལག་དམ་ཚིག་ཉམས་གྱུར་པ། །བླ་མ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་བཤགས། །ཡི་དམ་ལྷ་ཚོགས་སྤྱན་སྔར་མཐོལ་ལོ་བཤགས། །ཕྱི་ནང་མཁའ་འགྲོའི་སྤྱན་སྔར་མཐོལ་ལོ་བཤགས། །གཙང་རིས་མགོན་པོའི་སྤྱན་སྔར་མཐོལ་ལོ་བཤགས། །ཆོས་སྐྱོང་ལྕམ་དྲལ་སྤྱན་སྔར་མཐོལ་ལོ་བཤགས། །ལྷ་སྲིན་སྡེ་བརྒྱད་སྤྱན་སྔར་མཐོལ་ལོ་བཤགས། །མཐོལ་བཤགས་ཕུལ་ནས་ཚངས་པར་མཛད་དུ་གསོལ། །ཚར་གསུམ། བཤགས་པའོ། །


TNT14_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་པ་རྒྱས་པ་ལ་དགའ་ན་ཡིག་རྙིང་དུ་བལྟའོ། །སྨན་རག་གཏོར་གསུམ་སྔར་ཡི་དམ་གྱི་གཏོར་མ་དང་ལྷན་ཅིག་བྱིན་གྱིས་བརླབས་པ་དེ། གསོས་བཏབ་པའི་ཚུལ་གྱིས། ཨོཾ་ཨཱཿཧཱུཾ་མཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཧྲཱིཿཋ། ཨོཾ་ཨཱཿཧཱུཾ་རཾ་རཀྟ་ཛ་ལ་ས་མུ་དྲ་ཡ་ཧཱུཾ་ཧྲཱིཿཋ། ཨོཾ་མཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་གུ་ཧྱ་ས་མ་ཡ་ཧཱུཾ་སྭཱཧཱ། ལན་བདུན་བདུན་གྱིས་བྱིན་གྱིས་བརླབས། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་འོད་ཟེར་འཕྲོས་པས་གནམ་ལྕགས་འབར་བའི་ཚ་ཚ་འཁྲུག་པའི་ས་གཞིའི་སྟེང་དུ། རྡོ་རྗེའི་རྭ་གུར་རབ་ཏུ་ཡངས་པའི་བསྲུང་འཁོར་དུ་གྱུར་པའི་ནང་དུ། སྤྲིན་ནག་འཁྲུགས་པའི་དཀྱིལ་འཁོར་གྱི་གཞི་ལ་མི་མགོ་སྐམ་རློན་རིད་གསུམ་བརྩིགས་པའི་གཞལ་མེད་ཁང༌། གྲུ་བཞི་སྒོ་བཞི་འཇིགས་སུ་རུང་ཞིང་མི་སྡུག་པའི་རྒྱན་དང་རྟ་བབས་ཀྱིས་བརྒྱན་པ། ཕྱི་རོལ་དུ་དུར་ཁྲོད་ཀྱིས་ཡོངས་སུ་བསྐོར་བ། ནང་གི་ལྷ་སྣམ་ཕྱོགས་ཀྱི་མདོག་ཅན་གྱི་དབུས་སུ། བྷྲཱུཾ་ལས་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པ། མུ་ཁྱུད་ལ་རལ་གྲིའི་འཕྲེང་བས་བསྐོར་བ། དེའི་དབུས་སུ་མ་མོའི་གནས་རྒྱ་མཚོ་ཁ་དོག་བཞི་ལས་ཁོར་ཡུག་ཏུ་བསྐོར་བ། དེའི་དབུས་སུ་གྲུ་གསུམ་མཐིང་ནག་འབར་བའི་ནང་དུ། འཁོར་ལོ་སྔོན་པོ་རྩིབས་བརྒྱད་པའི་ལྟེ་བར། རུ་ཏྲ་ཕོ་མོ་སྒྲལ་བའི་གདན་སྟེང་དུ་ཧཱུཾ་མཐིང་ནག་དེ་ལས་འོད་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་གཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས། ཆོས་སྐྱོང་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་མཐིང་ནག་ཞལ་


TNT14_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཕྱག་གཉིས་དམར་ལ་ཟླུམ་པའི་སྤྱན་གཉིས་དགྲ་བགེགས་ལ་སྡང་མིག་ཏུ་བལྟ་བ། མཆེ་བ་གཙིགས་ཤིང་ཁྲོ་གཉེར་བསྡུས་པ། ཕྱག་གཡས་རལ་གྲི་མེ་འབར་བ་འཕྱར་བས་གནོད་བྱེད་དགྲ་བགེགས་བྱད་མ་ཐམས་ཅད་ཀྱི་མགོ་ལུས་:འགྲེལ་[བྲེག]པ། གཡོན་པས་མདའ་དར་ལེབ་རྒན་ཕྲག་པར་བརྟེན་ཞིང་གཡོབ་པས། སྡེ་བརྒྱད་མ་ལུས་པའི་དམག་དཔུང་བསྡུ་བ། སྐུ་ལ་དར་ནག་གི་བེར་ཆེན་བསེ་ཁྲབ་སྨུག་པོ་དང་བཅས་པ་གསོལ་བ། དབུ་ལ་ལྕགས་ཀྱི་རྨོག་ཞུ་གསེར་གྱི་ཐིག་ལེ་ཅན་བསྣམས་པ། ཞབས་ལ་སག་ཏིའི་ལྷམ་གཡུ་རིས་ཅན་གསོལ་བ། བཻ་ཌཱུརྱའི་མདོག་ཅན་གྱི་རྟ་མཆོག་ལུས་ཉམས་རྩལ་དང་ལྡན་པ། གསེར་གྱི་སྒ་དང༌། འཕྲ་མེན་གྱི་ཡོབ་ཅན་ལ་ཆིབས་པ། སྦྲུལ་དང་མི་མགོའི་རྒྱན་ཅན། ཤིན་ཏུ་འཇིགས་སུ་རུང་བ་སྲིན་པོའི་ཆ་ལུགས་ཅན་མེ་རླུང་འཚུབ་མའི་དབུས་ན་བཞུགས་ཤིང༌། སྲིན་པོ་དང་གཤིན་རྗེ་དང་བྱ་གཅན་གདུག་པའི་ཚོགས་རྣམས་སྐུ་ལས་སྤྲོ་བ། འཁོར་གནོད་སྦྱིན་བྱེ་བས་བསྐོར་བའོ། །ཡང་ན་རྟ་ནག་རྐྱང་དང༌། ཕྱག་གཡོན་མདུང་དམར་བ་དན་ཅན་བྱེད་པའང་ཡོད། དེའི་ཐུགས་ཀར་ཡང་ཉི་མ་ལ་གནས་པའི་བཻ་ཡིག་མཐིང་ནག་གོ །ཕྱི་རོལ་རྒྱ་མཚོ་བཞི་ལ་ཤར་དུ་ཏྲཀ་ལས་བདུད་མོ་གཤེན་རྗེ་མགོ་དགུ་མ། སྐུ་མདོག་སྨུག་ནག་གམ་དཀར་མོ། ཕྱག་གཡས་དུང་གི་སྤུ་གྲི་དང་གཡོན་ཐོད་ཁྲག་འཛིན་པ། ཐོད་སྐམ་གྱི་དབུ་བརྒྱན་དང་རིན་པོ་ཆེའི་རྒྱན་ཅན།


TNT14_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

དར་དཀར་ནག་སྤེལ་བའི་ན་བཟའ་ཅན། བ་མེན་རུ་ཡོན་ལ་ཆིབས་ཤིང༌། གཏི་མུག་ཀླད་པའི་མཚོ་ལ་རོལ་བའོ། །ལྷོ་རུ་རཀ་ལས་བདུད་མོ་གཤིན་རྗེ་ལག་རིང་མ་ནག་མོ། ལག་པ་སྟོང་གཡས་ལྔ་བརྒྱས་རལ་གྲི་དང༌། གཡོན་ལྔ་བརྒྱས་ཞགས་པ་འཛིན་པ། མི་ལྤགས་ཀྱི་སྟོད་གཡོགས་དང༌། སྟགས་ལྤགས་ཀྱི་སྨད་དཀྲིས་ཅན། མ་ཧེ་ནག་པོ་ལ་ཆིབས་ཤིང༌། ང་རྒྱལ་རྐང་དང་ཞག་གི་མཚོ་ལ་རོལ་བའོ། །ནུབ་ཏུ་ཤ་ཡིག་ལས་བདུད་མོ་གཤིན་རྗེ་ཕུང་ཁྲོལ་མ་དམར་ནག །གཡས་ལྕགས་ཀྱུའམ་དགྲ་ཟོར་གཡོན་དགྲ་སྙིང་འཛིན་པ། ཞལ་ནས་ཁྲག་ཟོར་འཕེན་པ། མི་ལྤགས་ཀྱི་གཡང་གཞི་དང༌། རུས་འཕྲེང་གི་ཐོད་བྱས་པ། གཡག་རྒོད་ནག་པོ་ཆིབས་ཤིང༌། འདོད་ཆགས་ཁྲག་གི་རྒྱ་མཚོར་རོལ་བའོ། །བྱང་དུ་བྷྱོཿལས་བདུད་མོ་གཤིན་རྗེ་གསོད་བྱེད་མ་ལྗང་ནག་ལག་པ་བརྒྱ་པ། གཡས་ལྔ་བཅུ་ཁྲམ་ཤིང་དང༌། གཡོན་ལྔ་བཅུ་བདུད་ཞགས་དང༌། དགྲ་བོའི་གློ་སྙིང་སྦྲགས་ཏེ་འཛིན་པ་དྲེད་ལྤགས་ཀྱི་སྨད་གཡོགས་ཅན། རྐྱང་བུ་ཁ་དཀར་རམ་རྔ་མོང་ལ་ཆིབས་ཤིང༌། ཕྲག་དོག་འཁྲིས་པའི་རྒྱ་མཚོར་རོལ་བའོ། །ཐམས་ཅད་ཀྱང་མི་མགོའི་དོ་ཤལ་ཅན། རང་མདོག་དང་མཚུངས་པའི་བུད་མེད་དྲག་ཤུལ་ཅན་འབུམ་འབུམ་གྱིས་བསྐོར་བའོ། །ཕྱི་རོལ་ཀྱི་འཁོར་ལོའི་རྩིབས་བརྒྱད་ལ། ཤར་དུ་ཤ་ཡིག་ལས་གཟའ་བདུད་ཆེན་པོ་རཱ་ཧུ་ལ།


TNT14_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོར་ར་ཡིག་ལས་གནོད་སྦྱིན་དྷ་ན། ནུབ་ཏུ་མ་ཡིག་ལས་གནོད་སྦྱིན་ཀ་ལ། བྱང་དུ་ན་ཡིག་ལས་གནོད་སྦྱིན་ཀུ་བེ་ར་སྟེ་སྲས་བཞི་དང༌། ཤར་ལྷོར་ཡེ་ལས་གནོད་སྦྱིན་བུམ་རྣ། ལྷོ་ནུབ་ཏུ་ས་ལས་གནོད་སྦྱིན་དུང་རྣ། ནུབ་བྱང་དུ་ཧ་ལས་གནོད་སྦྱིན་དྲིལ་བུའི་རྣ་བའམ་རྣ་གསུམ། བྱང་ཤར་དུ་ཨཾ་ལས་གནོད་སྦྱིན་རྣ་བོ་ཆེ་སྟེ་བློན་པོ་བཞི་དང༌། ལྷ་རྣམས་ཀྱི་ཕྱོགས་བཞིར། ཤར་དུ་བྷྲྀ་ལས་རྒྱལ་ཆེན་ཡུལ་འཁོར་སྲུང་དཀར་པོ་མདའ་གཞུ་དང་པི་ཝཾ་འཛིན་པ། གླང་པོ་ཆེ་ལ་ཞོན་པ། ལྷོར་བེ་ལས་འཕགས་སྐྱེས་པོ་སྔོན་པོ་རལ་གྲི་འཛིན་པ། མ་ཧེ་ལ་ཞོན་པ། ནུབ་བྱང་དུ་བི་ལས་སྤྱན་མི་བཟང་དམར་པོ་སྐུ་གདུང་དང་སྦྲུལ་ཞགས་འཛིན་པ། ཆུ་སྲིན་ལ་ཞོན་པ། བྱང་དུ་བཻ་ལས། ལས་མཁན་ངལ་གསོས་པོ་ལྗང་ནག་དབྱུག་ཏོ་འཛིན་པ། ཐམས་ཅད་ཀྱང་གོ་ཆ་བགོས་ཤིང༌། སྲིན་པོ་ལྟར་ཆེས་ཁྲོས་པའོ། །སྒོ་བཞིར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ་བཞི་དང༌། གྲ་བཞིར་མཆོད་པའི་ལྷ་མོ་བཞི་དང༌། གཞན་ཡང་གཤིན་རྗེའི་རྒྱལ་པོ་བཞི་དང༌། སྲིན་པོའི་དེད་དཔོན་བཞི་ལ་སོགས་པ། ཕོ་ཉ་དྲག་གཏུམ་གྱི་ཚོགས་དང་སྡེ་བརྒྱད་གྲངས་མེད་པས་བསྐོར་དེ་བཞུགས་པའོ། །རང་གི་སྙིང་ག་ནས་འོད་འཕྲོས་ཏེ། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཧཱུཾ་རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ནས། །ལྕང་ལོ་ཅན་གྱི་ཕོ་བྲང་ནས། །


TNT14_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །ཆོས་སྐྱོང་རྒྱལ་པོ་རྣམ་ཐོས་སྲས། །མངོན་པར་རྫོགས་པར་སངས་རྒྱས་ཀྱང༌། །འགྲོ་བའི་དོན་དུ་སྐུ་སྤྲུལ་པ། །ཆིབས་སུ་རྫུ་འཕྲུལ་རྟ་ལ་ཆིབས། །སྐུ་མདོག་ནག་པོ་བསེ་ཁྲབ་གསོལ། །གསེར་གྱི་རྨོག་ཞུ་གྱེན་དུ་བརྫེས། །གཡས་ཀྱི་རལ་གྲིས་དགྲ་བགེགས་སྒྲོལ། །གཡོན་པ་མདའ་དར་དམག་དཔུང་གཡོབ། ཁྱོད་ནི་དམག་དཔོན་ཆེན་པོ་སྟེ། །གནོད་སྦྱིན་བྱེ་བའི་དམག་དང་བཅས། །མ་མོ་གནོད་སྦྱིན་གཤིན་རྗེའི་ཚོགས། །དགྲ་བགེགས་འདུལ་བའི་དོན་སླད་དུ། །འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཧཱུཾ་བཻ་ཏྲག་རཀ་ཤ་བྷྱོཿས་མ་ཡ་ཛཿ ཛཿཧཱུཾ་བཾ་ཧོཿ དཔལ་ལྡན་མགོན་པོ་རྣམ་ཐོས་སྲས། །ཐུགས་རྗེས་འཕོངས་པ་ལས་སྒྲོལ་བ། །འཕྲིན་ལས་རྫོགས་མཛད་དཔའ་བོ་ཆེ། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ཧཱུཾ་བཻ་ཏྲཀ་རཀྴ་བྷྱོཿ ཨ་ཏི་བྷུ་ཧོ། པྲ་ཏི་བྷུ་ཧོ། ཡབ་ཅིག་རྒྱལ་པོ་རྣམ་ཐོས་བུ། །མ་མོ་ལ་སོགས་འཁོར་གྱིས་བསྐོར། །ཀུན་གྱི་ཡབ་གཅིག་དཔལ་འབར་བ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཧཱུཾ་བཻ་ཏྲཀ་རཀྴ་བྷྱོཿས་མ་ཡ་ཏིཥྠ་ལྷན། ཧཱུ་ཆོས་སྐྱོང་སོགས་ལ་མཆོད་པ་འབུལ་བ་ནི། །ཡོན་ཆབ་མེ་ཏོག་སྤོས་དང་མར་མེ་དང༌། །དྲི་མཆོག་ཞལ་ཟས་སྤྱན་གཟིགས་སྣ་ཚོགས་པ། །ཆོས་སྐྱོང་འཁོར་བཅས་རྣམས་ཀྱིས་བཞེས་སུ་གསོལ། །གཟུགས་ལེགས་སྒྲ་སྙན་


TNT14_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

པི་ཝཾ་གླིང་བུ་དང༌། །དུང་དང་རྫ་རྔ་ཅང་ཏེ་ཌཱ་མ་རུ། །དྲི་ཞིམ་སྤོས་མཆོག་ན་བཟའ་བཞེས་སུ་གསོལ། །ཧཱུཾ་བཻ་ཏྲཀ་རཀྴ་བྷྱོཿས་མ་ཡ་ཧོཿ གཞན་ཡང་ཁྱད་པར་རྨད་དུ་བྱུང་བ་ཡི། །ཤ་ལྔ་བདུད་རྩི་ལྔ་སྦྱར་དམ་ཚིག་རྫས། །ཤ་ཁྲག་དམར་གྱི་གཏོར་མ་ཆང་དང་བཅས། །རུ་ཏྲ་སྒྲལ་བའི་ཙིཏྟ་མཆོད་པར་བཞེས། །ཧཱུཾ་བཻ་ཏྲཀ་རཀྴ་བྷྱོཿཔཉྩ་ཨ་མྲྀ་ཏ་ཁཱ་ཧི། དགྲ་བགེགས་ཀྱི་ཙིཏྟ་ལ་ཁཱ་རཾ་ཁཱ་ཧི། ཧཱུ་རིན་ཆེན་མགོན་པོ་བཅོམ་ལྡན་འདས། །སངས་རྒྱས་ཀུན་ནས་སྔར་སངས་རྒྱས། །འགྲོ་བའི་བསམ་པ་རྫོགས་མཛད་པ། །ངལ་གསོས་པོ་ལ་ཕྱག་འཚལ་བསྟོད། །འོག་མིན་བླ་མེད་གནས་མཆོག་ནས། །བྱང་ཆུབ་སེམས་དཔའ་རིན་ཆེན་མང༌། །འགྲོ་བའི་རེ་འདོད་སྐོང་མཛད་པ། །ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད། །དྲང་སྲོང་རྣམ་མང་ཐོས་པ་དང༌། །ལྷ་མོ་དཔལ་ཚུལ་བཟང་མོ་ཡི། །སྲས་སུ་སྨོན་ལམ་རྫོགས་མཛད་པ། །རྣམ་ཐོས་སྲས་ལ་ཕྱག་འཚལ་ལོ། །ལྕང་ལོ་ཅན་གྱི་ཕོ་བྲང་ན། །བཟང་པོའི་ཁྲི་ལ་བཞུགས་ནས་ནི། །གཏེར་ཆེན་བཞི་ལ་མངའ་མཛད་པ། །ཛཾ་བྷ་ལ་ལ་ཕྱག་འཚལ་ལོ། །ལྷ་ཆེན་ཁྱོད་ནི་ཁྲོས་པའི་ཚེ། །སྤྱན་རྩ་དམར་པོ་བཟློག་པ་ཡིས། །དགྲ་ལ་མི་ནད་ཕྱུགས་ནད་གཏོང༌། །ལུས་ངན་པོ་ལ་ཕྱག་འཚལ་བསྟོད། །གཤིན་རྗེ་ཡ་མཱན་ཏ་ཀ་ཡིས། །གདོང་དམར་འདུལ་བར་དབང་བསྐུར་བ། །གཤིན་རྗེ་དམར་པོ་སྲོག་གི་བདག །


TNT14_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

མ་རུ་རྩེ་ལ་ཕྱག་འཚལ་ལོ། །རྒྱ་གར་རྡོ་རྗེ་གདན་དྲུང་དུ། །རྒྱལ་བ་ཤཱཀྱ་ཐུབ་པ་ཡིས། །ཆོས་འཁོར་སྲུང་མར་དབང་བསྐུར་བ། །བསྒོ་བ་ཆེ་ལ་ཕྱག་འཚལ༴ །གྲུ་གུའི་ཡུལ་དུ་གཤེགས་པ་ན། །གྲུ་གུ་རྟ་དམག་རྒྱལ་པོ་ཡིས། །སྲུང་མ་ཆེན་པོར་དབང་བསྐུར་བ། །ཀུ་བེ་ར་ལ༴ རྒྱ་ནག་ཡུལ་དུ་གཤེགས་པའི་ཚེ། །རྒྱ་ཆེན་དར་བཙན་དམར་པོ་ཡིས། །ཏེ་ཏེའི་སྲུང་མར་མངའ་གསོལ་བ། །མདུང་དམར་ཅན་ལ་ཕྱག་འཚལ་ལོ། །བོད་ཡུལ་དབུས་ཀྱི་བསམ་ཡས་སུ། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །སྲུང་མ་ཆེན་པོར་དབང་བསྐུར་བ། །ཆོས་ཀྱི་རྒྱལ་པོར་ཕྱག་འཚལ་ལོ། །ཆོས་སྐྱོང་རྒྱལ་པོ་རྫུ་འཕྲུལ་ཅན། ཁྱོད་ཀྱི་མཐུ་སྟོབས་བསམ་མི་ཁྱབ། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །ད་ལྟ་བདག་གི་མགོན་མཛོད་ཅིག །ཤར་ཕྱོགས་རྒྱ་མཚོའི་ཀློང་དཀྱིལ་ནས། །གཤིན་རྗེ་ཁྲོས་པའི་མཐུ་མོ་ཆེ། །འཇིགས་པའི་བུད་མེད་དཀར་ལ་འཚེར། །བདུད་མོ་མགོ་དགུ་མ་ལ་བསྟོད། །དེས་འགྲེ། ལྷོ་ཕྱོགས་རྒྱ་མཚོའི༴ གཤིན་རྗེ༴ འཇིགས་པའི་བུད་མེད་ནག་ལ་རྔམ། །གཤིན་རྗེ་ལག་རིང་མ་ལ་བསྟོད། །ནུབ་ཕྱོགས་རྒྱ་མཚོའི༴ གཤིན་རྗེ༴ འཇིགས་པའི་བུད་མེད་དམར་ལ་འབར། །སྲིན་མོ་ཕུང་ཁྲོལ་མ་ལ་བསྟོད། །བྱང་ཕྱོགས་རྒྱ་མཚོའི༴ གཤིན་རྗེ༴ འཇིགས་པའི་བུད་མེད་ལྗང་ནག་འཐིབས། །མ་མོ་ལག་བརྒྱ་མ་ལ་འདུད། །སྲས་


TNT14_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དམ་པ་རཱ་ཧུ་ལ། །མགོ་དགུ་སྲིན་པོའི་ཆ་ལུགས་ཅན། །ཆུ་སྲིན་རྒྱལ་མཚན་སྦྲུལ་ཞགས་འཛིན། །གདུག་པ་འདུལ་མཛད་ཁྱོད་ལ་བསྟོད། །གནོད་སྦྱིན་དྷ་ན་སྐུ་མདོག་སེར། །ཞལ་གཅིག་ཕྱག་གཉིས་ཞབས་གཉིས་པ། །རྩེ་གསུམ་ཐོད་ཁྲག་འབར་བ་འཛིན། །གདུག་པ་འདུལ་མཛད་ཁྱོད་ལ་བསྟོད། །གནོད་སྦྱིན་ཀ་ལ་འཇིགས་གཟུགས་སྨུག །ཞལ་གཅིག་ཕྱག་གཉིས་ཞབས་གཉིས་པ། །བེ་ཅོན་ཐོད་ཁྲག་འབར་བ་འཛིན། །གདུག་པ་འདུལ་མཛད་ཁྱོད་ལ་བསྟོད། །ཀུ་བེ་ར་ནི་སྐུ་མདོག་ལྗང༌། །ཞལ་གཅིག༴ དབྱུགས་ཐོ་འབར་བ་ཐོད་ཁྲག་འཛིན། །གདུག་པ་འདུལ་མཛད༴ །དྲེགས་པ་བུམ་རྣ་དམར་ལྗང་ལ། །ཞལ་གཅིག༴ །རྒྱལ་མཚན་དང་ནི་ནེའུ་ལེ་འཛིན། །གདུག་པ༴ དྲེགས་པ་དུང་རྣ་སེར་ལྗང་ལ། ཞལ་གཅིག༴། མདུང་དམར་དང་ནི་ནེའུ་ལེ་འཛིན། །གདུག་པ༴ དྲེགས་པ་རྣ་གསུམ་ལྗགས་ནག་ལ། །ཞལ་གཅིག༴ རྩེ་གསུམ་དང་ནི་ནེའུ་ལེ་འཛིན། །གདུག་པ༴ དྲེགས་པ་རྣ་ཆེན་དཀར་ལྗང་ལ། ཞལ་གཅིག༴ དབྱུག་པ་འབར་བ་ནེའུ་ལེ་འཛིན། །གདུག་པ་འདུལ་མཛད་ཁྱོད་ལ་བསྟོད། །ཤར་ཕྱོགས་ན་ནི་ཡུལ་འཁོར་སྲུང༌། །ཤར་གྱི་དགྲ་བགེགས་འདུལ་མཛད་ཅིང༌། །ཤར་ཕྱོགས་བསྟན་པ་སྐྱོང་བ་པོ། །དྲི་ཟའི་རྒྱལ་པོ་ཕྱག་འཚལ་བསྟོད། །ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ། །


TNT14_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་ཡི་དགྲ༴ ལྷོ་ཕྱོགས་བསྟན་པ༴ གྲུལ་བུམ༴ ནུབ་ཕྱོགས་ན་ནི་སྤྱན་མི་བཟང༌། །ནུབ་ཀྱི༴ ནུབ་ཕྱོགས༴ ཀླུ་འབྲུག་རྒྱལ་པོ༴ བྱང་ཕྱོགས་ལས་མཁན་རྣམ་ཐོས་བུ། །བྱང་གི༴ བྱང་ཕྱོགས༴ གནོད་སྦྱིན་རྒྱལ་པོ༴ ཤར་ཕྱོགས་སྒོ་སྲུངས་ཆེན་མོ་ན༴ དཀར་མོ་ཞལ་གཅིག་ཕྱག་གཉིས་མ། ཁྲོ་རྒོད་བརྐྱང་བསྐུམ་གར་གྱིས་རོལ། །ལྕགས་ཀྱུ་འཛིན་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་སྒོ༴ སེར་མོ་ཞལ༴ ཁྲོ་རྒོད༴ ཞགས་པ་འཛིན་པ༴ ནུབ་ཕྱོགས༴ དམར་མོ༴ ཁྲོ་རྒོད༴ ལྕགས་སྒྲོག༴ བྱང་ཕྱོགས༴ ལྗང་ནག༴ ཁྲོ་རྒོད༴ དྲིལ་བུ་འཛིན༴ གཞན་ཡང་མཆོད་པའི་ལྷ་རྣམས་དང༌། །གྱིང་ཕོ་གྱིང་མོ་ཕོ་ཉ་བྲན། །ལྷ་སྲིན་སྡེ་བརྒྱད་མཐུ་བོ་ཆེ། །དེ་དག་ཀུན་ལའང་ཕྱག་འཚལ་བསྟོད། །ཛཿཧཱུཾ་བཾ་ཧོཿ དམ་ཚིག་འཁོར་ལོ་དང་གཉིས་སུ་མེད་པར་ཐིམ། ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཾ། མི་བསྐྱོད་པས་དབུ་ལ་བརྒྱན་པར་གྱུར། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། བསྙེན་པའི་སྐབས་ཡིན་ན། ཨོཾ་བཻ་ཤྲཱ་མ་ཎ་ཡ་ཧཱུཾ་སྭཱཧཱ། ཏྲཀ་རཀྴ་བྷྱོཿ ཞེས་བཟླ་བ་མན་ངག་ཞལ་གདམས་ཀྱི་ཡིག་ཆུང་ན་ཡོད། རྒྱུན་བཟླས་ལ། ཨོཾ་བཻ་ཤྲཱ་བ་ཎ་ཡ་ཧྲཱིཿཥྟཱྀ་བི་ཀྲི་སརྦ་ཤ་ཏྲུན་ཧཱུཾ་དྲུཾ། གཤིན་རྗེ་ལྟར་སྒྲུབ་པའི་སྔགས་སོ། །ཧཱུཾ་བཻ་ཏྲཀ་རཀྴ་བྷྱོཿ རྒྱུན་བཟླས་ཀྱི་སྙིང་པོ་འབྲུ་དྲུག་པ་སྟེ་མ་མོ་ལྟར་སྒྲུབ་པའི་སྙིང་པོའོ། །དེ་ལ་རཀ་མོ་རུ་ཏྲྀ་རཾ་བཾ་རི་ལི་ལི་མཱ་ར་ཡ་སྙིང་ལ་ཁྲག་ཁྲཾ། མཱ་ར་དུ་ཡ་སོད་རྦད་སུ་རྦད་


TNT14_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

བུ་བྷྱོཿ ཆེ་གེ་མོ་མཱ་ར་ཡ་རྦད། ཅེས་བཏགས་པ་ནི་རྦད་སྔགས་སོ། །དེ་ལྟར་བཟླས་པ་ཅི་འགྲུབ་བྱ། དུན་དུན་རྨུགས་རྨུགས་པ་ཤང་ཙ་ལ་ཙ་ལ། པ་ཙ་པ་ཙ། ཧི་མ་ཧི་མ། རྦད་ན་རྦད་ན། རྦད་ཏུ་ལིང་རྦད་མེ་ཤ་ཡ་ཆེ་གེ་མོ་ལ་མཱ་ར་ཡ་རྦད་རྦད། རྦད་བསད་སྦྲགས་པའོ། །དེ་དག་ཅི་རིགས་པར་བཟླའོ། །བཟླས་པ་གྲོལ་ནས། འདིར་གཏོར་བསྔོ་བྱེད་ན། གཏོར་མ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང༌། རཾ་ལས་མེ། ཨ་ལས་མི་མགོའི་སྒྱེད་པུ་གསུམ། དེའི་སྟེང་དུ་ཨོཾ་ལས་ཐོད་པའི་ནང་དུ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨ། མུཾ་ལཾ་མཾ་པཾ་ཏཾ་ལས་ཤ་ལྔ་བདུད་རྩི་ལྔ། དེ་རྣམས་ཞུ་བ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། གནོད་བྱེད་གདུག་པ་ཅན་ཐམས་ཅད་བཀུག་སྟེ་བསྒྲལ་བའི་ཤ་ཁྲག་གི་ཕུང་པོ་ཆེན་པོ་དང་གཏོར་མ་གཅིག་ཏུ་འདྲེས་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ། ཨ་ཀཱ་རོ་སོགས། ཨོཾ་རུ་རུ་སྤུ་རུ་སོགས། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས། གསུམ་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་བཻ་ཤྲཱ་བ་ཎ་ཡ་ཧཱུཾ་ཕཊ། ཨེ་དམ་བ་ལིཾ་གྲིཧྞནྟུ། ས་མ་ཡ་རཀྵནྟུ་མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪ་མ་མ་སརྦ་ཀརྨ་སཱ་དྷ་ཡ་ཨ་མོ་གྷ་ཡ་སྭཱཧཱ། ཞེས་ལན་བདུན་གྱིས་ཕུལ། བཻ་ཏྲཀ་རཀྴ་བྷྱོཿ མཧཱ་ཡཀྵ་རཀྵ་ས་དུ་ཏ་གིང་ཀ་ར། དྷྲི་བོ་བི་བཻ་ས་པཱ་རི་ཝཱ་རེ་བྷྱཿ ཨོཾ་ཨ་ཀཱ་རོ་སོགས་


TNT14_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ་གྱིས་འཁོར་ལ་འབུལ། ཨརྒྷཾ་སོགས་བསྟོད་ཐུང་གཅིག་འདོན། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས། འཕྲིན་ལས་གཞོལ། བར་འདིར་ཀླུ་གཏོར་གཏོང་ངོ༌། །འདི་དག་གསར་མའི་ལུགས་ཀྱི་གཏོར་ཆོག་ཡིན་ཀྱང༌། ངེས་པར་ཕྱག་ལེན་དུ་བྱེད་ཀྱིན་འདུག །རྒྱུན་གྱི་གཏོར་བསྔོ་ལ་ཤིན་ཏུ་མཁོ་བར་ཡང་སྣང་ངོ༌། །དེ་ནས་སྐབས་འདིར་རྫུ་འཕྲུལ་བསྟོད་བསྐང་བྱ་སྟེ། ཆོས་སྐྱོང་རྒྱལ་པོ་རྫུ་འཕྲུལ་ཅན། ཁྱོད་ཀྱི་མཐུ་སྟོབས་བསམ་མི་ཁྱབ། །སྡེ་བོ་ཆེ་ལ་སྟོབས་པོ་ཆེ། །འཇིག་རྟེན་སྐྱོང་བ་གྲགས་དང་ལྡན། །ལྷ་ཡི་གཙོ་བོ་མཛད་པའི་ཚེ། །ལྷ་ཆེན་བརྒྱད་ཀྱི་འཁོར་གྱིས་བསྐོར། །ལྷ་དམག་འབུམ་གྱི་ཚོགས་དང་བཅས། །འདོད་ཡོན་རྣམ་ལྔས་ཐུགས་དམ་བསྐང༌། །ཀླུ་ཡི་གཙོ་བོ༴ ཀླུ་ཆེན་བརྒྱད༴ ཀླུ་དམག་འབུམ༴ དུག་ཆེན་གཏོར་མས་ཐུགས་དམ་བསྐང༌། །གནོད་སྦྱིན་གཙོ་བོ༴ གནོད་སྦྱིན་བརྒྱད་ཀྱི༴ གནོད་སྦྱིན་འབུམ༴ རྫུ་འཕྲུལ་རྟ་ཡི་ཐུགས་དམ་བསྐང༌། །གཤིན་རྗེའི་གཙོ་བོ༴ མ་རུ་སྡེ་བཞིའི༴ གཤིན་རྗེ་འབུམ༴ ཙ་ར་དམར་པོས་ཐུགས་དམ་བསྐང༌། །མ་མོའི་གཙོ་བོ༴ བདུད་མོ་བཞིའི༴ མ་མོ་འབུམ༴ ཤ་ཁྲག་དམར་གྱིས་ཐུགས་དམ་བསྐང༌། །ཐེ་རང་གཙོ་བོ༴ ཐེ་རང་བརྒྱད་ཀྱི༴ ཐེ་རང་འབུམ༴ སྣ་ཚོགས་རྫས་ཀྱི་ཐུགས་དམ་བསྐང༌། །འགོང་པོའི་གཙོ་བོ༴ ཁུ་ལེ་ལག་དགུ་མཆེད་བཞིས་བསྐོར། །ཕུད་བྱེད་འབུམ༴ དགྲ་བགེགས་སྲོག་གིས་ཐུགས་


TNT14_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བསྐངས། །ཕྱི་ཡི་རྟེན་རྫས་ཡིན་པའི་ཕྱིར། །རྟ་མཆོག་སྔོན་པོ་རྒྱན་ལྡན་འདི། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། ཁྱེད་ཀྱི་ཐུགས་དམ་སྐོང་གྱུར་ཅིག །ནང་གི་རྟེན་རྫས་ཡིན་པའི་ཕྱིར། །འཁོར་བཅས་བྲིས་སྐུ་མཚན་ལྡན་འདི། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། ཁྱེད་ཀྱི་ཐུགས་དམ་སྐོང་གྱུར་ཅིག །གསང་བའི་རྟེན་རྫས་ཡིན་པའི་ཕྱིར། །གྲི་སྙིང་འཁོར་ལོ་སྔགས་བཅས་འདི། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། ཁྱེད་ཀྱི་ཐུགས་དམ༴ ཁམས་གསུམ་དབང་དུ་བསྡུ་བའི་ཕྱིར། །མདུང་དམར་དར་གྱིས་བརྒྱན་པ་འདི། རྒྱལ་ཆེན༴ ཁྱེད་ཀྱི་ཐུགས༴ འབོད་པའི་དམ་རྫས་ཡིན་པའི་ཕྱིར༴ མདའ་དར་དམར་པོ་སྔགས་ཅན་འདི། །རྒྱལ་ཆེན༴ ཁྱེད་ཀྱི༴ རྟག་ཏུ་མི་འབྲལ་འགྲོགས་པའི་ཕྱིར། །འདོད་དགུ་འབྱུང་བའི་རྟག་གཏོར་འདི། །རྒྱལ་ཆེན༴ །ཁྱེད་ཀྱི་རྒྱུན་དུ་འཕྲིན་ལས་བཅོལ་བའི་ཕྱིར། །དམར་ནག་བཤོས་བུ་ཟུར་གསུམ་འདི། །རྒྱལ་ཆེན༴ ཁྱེད་ཀྱི༴། །དགྱེས་པའི་དམ་རྫས་ཡིན་པའི་ཕྱིར། །ཛ་གད་ཕུད་ཀྱི་མཆོད་པ་འདི། །རྒྱལ་ཆེན༴ ཁྱེད་ཀྱི༴ སྔོན་གྱི་ཐུགས་དམ་བསྐུལ་བའི་ཕྱིར། །བདུད་རྩི་སྨན་གྱི་རྒྱ་མཚོ་འདི། །རྒྱལ་ཆེན༴ ཁྱེད་ཀྱི༴ དགྲ་བགེགས་རྩད་ནས་གཅོད་པའི་ཕྱིར། །རཀྟ་དམར་གྱི་ཨརྒྷཾ་འདི། །རྒྱལ་ཆེན༴ ཁྱེད་ཀྱི༴ རྟག་ཏུ་དྲི་ལ་དགྱེས་པའི་ཕྱིར། །དྲི་ཞིམ་སྤོས་ཀྱི་དུད་པ་འདི། །རྒྱལ་ཆེན༴ ཁྱེད་ཀྱི༴ གནོད་སྦྱིན་དགྱེས་པའི་དམ་རྫས་ནི། །སྣ་ཚོགས་ཤིང་འབྲས་དམ་པ་འདི། རྒྱལ་ཆེན༴ ཁྱེད་ཀྱི་ཐུགས་


TNT14_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

དམ༴ གཞན་ཡང་མཆོད་རྫས་ནོར་སྣ་རྣམས། །མོ་བཙུན་གཡོག་འཁོར་རྐང་འགྲོས་སོགས། །སྲིད་པ་གསུམ་ན་ཡོད་རྒུ་ཅོག །གཟུང་རྒྱུ་ཐམས་ཅད་འབུལ་གྱི་བཞེས། །ཆོས་སྐྱོང་མགོན་པོའི༴ དེ་རིང་བདག་གི་མགོན་ལ་བྱོན། །རྒྱན་གྱི་གཏོར་མ་འདི་བཞེས་ལ། དམ་ཉམས་དགྲ་བགེགས་རྡུལ་དུ་རློགས། །ཤིན་ཏུ་གདུང་བས་ཁྱོད་བསྐུལ་ན། །མ་ཡེངས་ཆོས་སྐྱོང་ཐུགས་དམ་ཅན། །སྔོན་གྱི་དམ་ཚིག་རྗེས་དགོངས་ལ། རྫུ་འཕྲུལ་མཐུ་ཡི་དངོས་གྲུབ་སྩོལ། །ཅེས་བསྐང་ངོ༌། །དེ་ནས་དགྲ་ཆོས་སམ་འཕྲིན་ལས་བསྐུལ་བ་ནི། གོང་བཞིན། ཧཱུཾ་རི་རྒྱལ་ལྷུན་པོ་ཞེས་པ་ནས། བྱེ་བའི་དམག་དང་བཅས། །དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར། །ཐུ་བ་བརྫེས་ལ་ཕྲག་པ་ཕུད། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །རྣལ་འབྱོར་བདག་ལ་དགྲ་བྱུང་ན། །ཆོས་གཅིག་རྒྱལ་པོ་དགྲ་ལ་ཆོས། །ཆོས་གཅིག་ལྷ་ཆེན་དམག་ལ་ཆོས། །རྟགས་དང་མཚན་མ་ཁྱེར་ལ་ཤོག །འབྲུ་དྲུག་པ་ལ་དབྱངས་ལན་གསུམ་བྱས་ནས། གཏོར་མ་དབུས་མ་ལ་སྨན་དང་རཀྟ་བྲན་ནོ། །བྷྱོཿ མཐིང་ནག་གྲུ་གསུམ་འབར་བའི་ཤར་ཕྱོགས་ནས། །བདུད་མོ་གཤིན་རྗེ་མགོ་དགུ་མ། །ཆིབས་སུ་མཛོ་མོ་རུ་ཡོན་ཆིབས། །གཤིན་རྗེ་ཁྲོས་པའི་མཐུ་མོ་ཆེ། །ན་བཟའ་དཀར་ནག་འབར་བ་ལ། །ཕྱག་ན་དུང་གི་སྤུ་གྲི་ཐོགས། །དགྲ་བོའི་བཤན་མོ་བདུད་ཀྱི་མ། །


TNT14_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་མོ་གཤིན་རྗེ་མགོ་དགུ་ལས། །མགོ་གཅིག་བང་གི་ལྷ་ལ་རྒྱུག །མགོ་གཅིག་ཕུགས་ཀྱི་ནོར་ལ་རྒྱུག །མགོ་གཅིག་འཆན་གྱི་བུ་ལ་རྒྱུག །མགོ་གཅིག་སྟེང་གི་ཕོ་ལ་རྒྱུག །མགོ་གཅིག་འོག་གི་མོ་ལ་རྒྱུག །མགོ་གཅིག་ར་བའི་ཕྱུགས་ལ་རྒྱུག །མགོ་གཅིག་སྒོ་ཡི་ཁྱི་ལ་རྒྱུག །མགོ་གཅིག་ཕྱི་ཡི་ཞིང་ལ་རྒྱུག །མགོ་གཅིག་སྲོག་གི་གཤེད་མ་གྱིས། །གཤེད་མས་འགུགས་ཤིང་ཆོ་ངེས་ཐོབ། །བདུད་མོ་གཤིན་རྗེ་མགོ་དགུ་མ། །རྣལ་འབྱོར་བདག་ལ་དགྲ་བྱུང་གི །ཆོས་གཅིག་སྲིང་མོ་དགྲ་ལ་ཆོས། །ཆོས་གཅིག་དམ་ཅན་དགྲ་ལ་ཆོས། །བདུད་མོ་གཤིན་རྗེ་མགོ་དགུ་མས། །དམ་ཉམས་དགྲ་བོའི་ཙིཏྟ་ལ་མཱ་ར་ཡ་ན་ཛ་ཛཿབྷྱོཿབྷྱོཿ ཤར་གྱི་གཏོར་མ་ལ་སྨན་རཀ་བྲན་ནོ། །བྷྱོཿ མཐིང་ནག་གྲུ་གསུམ་འབར་བའི་ལྷོ་ཕྱོགས་ནས། །བདུད་མོ་གཤིན་རྗེ་ལག་རིང་མ། །ཆིབས་སུ་མ་ཧེ་བརྗིད་པ་ཆིབས། །རཀ་ཤ་ཁྲོས་པའི་སྙིང་ཟན་མ། །སྐུ་སྟོད་ཟངས་ཀྱི་གྱིམ་འབག་ལ། །སྐུ་སྨད་ལྕགས་ཀྱི་ཤམ་ཐབས་ཅན། །ལག་སྟོང་བར་སྣང་ཉུལ་མཛད་མ། །ལག་པ་ལྔ་བརྒྱས་དགྲ་བོ་འཛིན། །ལག་པ་ལྔ་བརྒྱས་དགྲ་བོ་གསོད། །དྲོངས་ཤིག་དགྲ་བོའི་མགུལ་


TNT14_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དྲོངས། །བདུད་མོ་གཤིན་རྗེ་ལག་རིང་མ། །རྣལ་འབྱོར་བདག་ལ་སོགས་འདིའི་སྔ་མ་དང་འདྲ། བྷྱོཿ གྲུ་གསུམ་མཐིང་ནག་འབར་བའི་ནུབ་ཕྱོགས་ནས། །བདུད་མོ་གཤིན་རྗེ་ཕུང་ཁྲོལ་མ། །ཆིབས་སུ་གཡག་གུ་ཚ་བ་ཆིབས། །ཤུ་ལ་ར་ཛ་དགྲ་བོའི་གཤེད། །མི་ལྤགས་རློན་པ་གོས་སུ་གྱོན། །རྒྱུ་མའི་འཕྲེང་བ་ཐོད་དུ་བཅིངས། །དབུ་ལས་སྤྲུལ་པའི་གཤིན་རྗེ་ཁྲམ་ཐོགས་འགྱེད། །གཡས་པ་ལྕགས་ཀྱི་ཟོར་བ་བསྣམས། །བསྟན་པ་བསྣུབ་པའི་མགོ་ལུས་ཁྲོལ། །གཡོན་པ་ཟངས་ཀྱི་སྡེ་མོ་འབར། །དགྲ་བོའི་གློ་སྙིང་སྤར་གྱིས་འདེབས། །བདུད་མོ་གཤིན་རྗེ་ཕུང་ཁྲོལ་མ། །རྣལ་འབྱོར་སོགས་གོང་བཞིན། བདུད་མོ་གཤིན་རྗེ་ཕུང་ཁྲོལ་མས། །དམ་ཉམས་དགྲ་བོ་ཆེ་གེ་མོ། །བཾ་རིལ་རིལ་མཱ་ར་ཛ། གཏོར་མ་ནུབ་མ་ལ་སྨན་རཀ་བྲན་ནོ། །བྷྱོཿ གྲུ་གསུམ་མཐིང་ནག་འབར་བའི་བྱང་ཕྱོགས་ནས། །བདུད་མོ་གཤིན་རྗེ་ལག་བརྒྱ་མ། །ཆིབས་སུ་རྐྱང་བུ་ཁ་དཀར་ཆིབས། །སྐུ་ལ་དར་ནག་འཇོལ་བེར་གསོལ། །དམ་ཉམས་དགྲ་བོའི་སྙིང་འབྱིན་མ། །ཡཀྴ་སེན་ཤ་མཐུ་མོ་ཆེ། །གཡས་པ་ལྔ་བཅུ་ཞགས་པ་ཐོགས། །གཡོན་པ་ལྔ་བཅུ་ཁྲམ་ཤིང་ཐོགས། ཁྱོད་ནི་ཀླུ་ཡི་སྲིང་མོ་སྟེ། །དགྲ་བོ་ཀླུ་དང་གཉན་ལ་གཏོད། །བདུད་མོ་གཤིན་རྗེ་གསོད་བྱེད་མ། །རྣལ་འབྱོར་བདག་ལ་སོགས་གོང་བཞིན། བདུད་མོ་ལག་བརྒྱ་མས་དམ་ཉམས་དགྲ་བོ་ཚལ་པ་ཚལ་པ། སྙིང་ཁྲག་ལ་མཱ་ར་ཡ་རྦད་ཛ་ཛཿ འདི་མངོན་རྟོགས་དབང་བཙན་པར་བྱས་ཀྱི། དཔེ་རྙིང་མང་པོ་ན་ནུབ་དང་བྱང་གོ་བརྗེས་པར་ཡང་འཇུག་གོ །ཧཱུཾ་རི་རྒྱལ་ལྷུན་


TNT14_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཤར་ཕྱོགས་ན། །ཕོ་བྲང་ཆེན་པོ་སྤོས་ངད་ལྡན། །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང༌། །སྐུ་མདོག་དཀར་པོ་བསེ་ཁྲབ་གསོལ། །གསེར་གྱི་རྨོག་ཞུ་གྱེན་དུ་བརྫེས། །ཕྱག་ན་གཽའུ་རྒྱུད་མང་བསྣམས། ཁྱོད་ནི་དམག་དཔོན་ཆེན་པོ་སྟེ། །དྲི་ཟ་འབུམ་གྱི་དམག་དང་བཅས། །དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར། །ཐུ་བ་བརྫེས་ལ་ཕྲག་པ་ཕུད། །དགྲ་བོའི་ཡུལ་དུ་ནས། ལྷ་ཆེན་དམག་ལ་ཆོས་ཀྱི་བར་གོང་གཙོ་བོའི་སྐབས་བཞིན། རི་རྒྱལ་ལྷུན་པོའི་ལྷོ་ཕྱོགས་ན། །ཕོ་བྲང་ཆེན་པོ་ཆོས་ཀྱི་འཕགས། །རྒྱལ་པོ་ཆེན་པོའི་འཕགས་སྐྱེས་པོ། །མ་ཧེ་བརྗིད་པའི༴ སྐུ་མདོག་སྔོན་པོ་བསེ་ཁྲབ་གསོལ། །གསེར་གྱི༴ ཕྱག་ན་རལ་གྲི་འབར་བ་བསྣམས། ཁྱོད་ནི་དམག་དཔོན༴ གཤིན་རྗེ་འབུམ་གྱི༴ དམག་དཔུང་བསྐྱེད་ལ༴ སོགས་གོང་བཞིན། རི་རྒྱལ་ལྷུན་པོའི་ནུབ་ཕྱོགས་ན། །ཕོ་བྲང་ཆེན་པོ་རྒྱ་མཚོ་གླིང༌། །རྒྱལ་པོ་ཆེན་པོ་སྤྱན་མི་བཟང༌། །ཆུ་སྲིན་བསྣོལ་བའི༴ སྐུ་མདོག་དམར་པོ༴ གསེར་གྱི༴ ཕྱག་ན་སྐུ་གདུང་འོད་འབར་བསྣམས། ཁྱོད་ནི༴ ཀླུ་བདུད་འབུམ༴ དམག་དཔུང་བསྐྱེད་སོགས་གོང་བཞིན། རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ན། །ཕོ་བྲང་ཆེན་པོ་ལྕང་ལོ་ཅན། །ལས་བྱེད་རྒྱལ་ཆེན་རྣམ་ཐོས་སྲས། །སྐུ་མདོག་ལྗང་ནག༴ སེང་གེ་བརྗིད༴ གསེར་གྱི༴ ཕྱག་ན་དགྲ་འཇོམས་དབྱུག་ཏོ་བསྣམས། ཁྱོད་ནི༴


TNT14_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་འབུམ༴དམག་དཔུང་སོགས་གོང་བཞིན། ཨོཾ་བྷྲི་ཏ་རཥྟ་ཡཱ་སྭཱཧཱ། ཨོཾ་བཻ་རུ་ཌྷ་ཀ་ཡ་སྭཱཧཱ། ཨོཾ་བཻ་རུ་པཀྵ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲཱ་བ་ཎ་ཡ་སྭཱཧཱ། ཞེས་ཕྱོགས་བཞིའི་གཏོར་མ་ལ་སྔར་བཞིན་སྨན་རཀ་སྒྲེང་ངོ༌། །སྲས་མཆོག་དམ་པའི་རཱ་ཧུ་ལ། །འཇིག་རྟེན་དྲེགས་པའི་མཆེ་བ་ཅན། །གསོད་པའི་ལས་ལ་རབ་ཏུ་བརྩོན། །ཕྱོགས་མཚམས་སྐྱིན་ཐང་འཁོར་ལོ་ཅན། །བདག་གོ་དགྲ་བོ་དབང་དུ་བསྡུས། །དམ་ཉམས་རྣམས་ལ་ཅོག་འགྱེལ་ཐོང༌། །བཅོལ་བའི་ལས་ལ་མཐུ་མ་ཆུང༌། །གནོད་སྦྱིན་དྷ་ན་སྲོག་གི་གཤེད། །དྲེགས་པ་ཆེན་པོ་རྩ་རྒྱུད་འདྲེན། །སྐུ་མདོག་གསེར་ནག་འབར་བ་ལ། །ལག་ན་མཚོན་ཆའི་ཆར་པ་འབེབས། །གང་ནས་གང་དུ་རྦད་ཙམ་ན། །དགྲ་བོའི་སྲོག་རྩ་དྲོངས་ལས་ཤོག །བཅོལ་བའི༴ གནོད་སྦྱིན་ཀ་ལ་སྲོག་གི་གཤེད། །བདུད་འདུལ་ནག་པོ་མཆེ་བ་ཅན། །ལག་ན་བེ་ཅོན་མེ་འབར་ཐོགས། །དགྲ་བོའི་སྲོག་རྩ་ཆོད་ལས་ཤོག །བཅོལ་བའི༴ བདུད་འདུལ་ཆེན་པོ་ཀུ་བེ་ར། །ལག་ན་རལ་གྲི་ཕུར་བུ་ཐོགས། །འདུལ་ནི་བསྟན་པ་འཇིག་པ་འདུལ། །དགྲ་བོའི་མི་ཕྱུགས་ཕྱགས་མས་ཐོབ། །བཅོལ་བའི༴ དེ་ཡི་བཀའ་དཔུང་གཤེད་དོ་བཞི། །དྲེགས་པ་བུམ་རྣ་བ་དན་འཕྱར། །བསྟན་པ་འཇིག་པའི་སྙིང་ནས་དྲོངས། །དྲེགས་པ་དུང་རྣ་རྩེ་གསུམ་ཐོགས། །བསྟན་པ་བཤིག་པའི་སྙིང་ལ་རྒྱོབ། །དྲེགས་པ་དྲིལ་རྣ་དབྱུག་ཐོ་འཛིན། །བསྟན་པ་བཤིགས་པའི་མགོ་


TNT14_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཆོམ། །གནོད་བྱེད་ཁ་ཕུང་ཐལ་བར་རློག །དྲེགས་པ་དྲག་འདུལ་རྣ་བོ་ཆེ། །ལག་ན་མདུང་དམར་ཟངས་སེ་ཟངས༌། །བསྟན་པ་འཇིག་པའི་དམག་ཚོགས་ཆོམ། །དྲེགས་པ་ཁ་བགྲད་དགྲ་བགེགས་འདུལ། །བདག་གི་དགྲ་བོ་རྡུལ་དུ་རློགས། །དུན་དུན་རྨུགས་སོགས་ཀྱི་དྲག་སྔགས་བརྗོད་དོ། །ཧཱུཾ་སྲིན་པོ་ཡ་མ་རཱ་ཛའི་སྐུ། །སྨུག་ནག་བེ་ཅོན་འཁོར་ལོ་བསྣམས། །དམ་ཉམས་དགྲ་བོའི་གཤེད་མ་མཛོད། །སྨྱོས་ཤིག་ཡ་མ་མེ་དཀྵེ། །གཤིན་རྗེ་མྱོས་བྱེད་འབར་བའི་སྐུ། །སེར་ནག་བེ་ཅོན་འཁོར་ལོ་བསྣམས། །དམ་ཉམས༴ དཀྲུགས་ཤིག༴ བདུད་པོ་ཨརྱ་དམར་པོའི་སྐུ། །དམར་ནག༴ དམ་ཉམས༴ རྡུངས་ཤིག༴ གནོད་སྦྱིན་རལ་པ་ཚར་དགུ་ནི། །ལྗང་ནག༴ དམ་ཉམས༴ སོང་ཞིག༴ དགྲ་བོ་མཱ་ར་ཡ་ཧཱུཾ་ཕཊ། ཉི་ཟླ་སྤ་ར་ཡ། དམག་དཔོན་ཆེན་པོ་ཤ་ཏ་ཡ། །བིཥྟ་རཱ་ཛ་བཻ་མཱ་ར་ཐང་ཐང་བྷྱོཿ དགྲ་བོ་མཱ་ར་ཡ་རྦད་ཅེས་དྲག་ཏུ་བཟླས། གཞན་ཡང་བཀའ་ཉན་ཕོ་ཉའི་ཚོགས། །ཤར་གྱི་ཕྱོགས་ནས་བསྐུལ་བ་ནི། །སོག་པོ་ལྕགས་ཀྱི་སྨ་ར་ཅན། །ཆིབས་སུ་ཆུ་རྟ་སྔོན་པོ་ཆིབས། །ཕྱག་ན་གཅོད་བྱེད་རལ་གྲི་བསྣམས། །དམ་ཉམས་སྒྲོལ་བའི་དུས་ལ་བབ། །ལྷོ་ཡི་ཕྱོགས་ནས་བསྐུལ་བ་ནི། །གནོད་སྦྱིན་ཟངས་མའི་འབེ་སློག་ཅན། །ཆིབས་སུ་བཙན་རྟ་དམར་པོ་ཆིབས། །རབ་ཏུ་ཁྲོས་ནས་མདའ་གཞུ་འགེངས། །དམ་ཉམས༴


TNT14_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཀྱི་ཕྱོགས་ནས་བསྐུལ་བ་ནི། །བདུད་པོ་དར་ནག་གཡང་གཞི་ཅན། །ཆིབས་སུ་བདུད་རྟ་ནག་པོ་ཆིབས། །ཕྱག་ན་དར་ནག་རུ་མཚོན་འཕྱར། །དམ་ཉམས༴ བྱང་གི་ཕྱོགས་ནས་བསྐུལ་བ་ནི། །སྐྱེས་བུ་འོབ་ཀྱི་འགྱིང་གཞུ་ཅན། །ཆིབས་སུ་རྒྱལ་རྟ་དཀར་པོ་ཆིབས། །ཕྱག་ན་དར་དཀར་གཡབ་མོ་འདེབས། །དམ་ཉམས་དགྲ་བོ་སྒྲོལ་ལ་ཤོག །ཨོཾ་བཻ་ཤྲཱ་མ་ཎ་ཏྲི་ས་ར་པྲ་ཡ་ཧཱུཾ་འབོར་བ་འབོར་བ་ཧཱུཾ་ཧཱུཾ་ཕཊ། དགྲ་བོའི་སྲོག་ལ་བྷྱོ་བྷྱོཿ དྲག་ཏུ་བསྐུལ། ཕྱག་རྒྱ་བདུད་འདུལ་བཀའ་ཉན་ནི། །དམ་ཅན་ཕྱོགས་བཞིའི་དགྲ་འདུལ་མ། །ལྕགས་ཀྱུ་འབར་བས་སྙིང་ནས་དྲོངས། །ཞགས་པ་འབར་བས་གནས་ནས་ཁུག །ལྕགས་སྒྲོག་འབར་བས་ཡན་ལག་སྡོམས། །དྲིལ་བུ་འབར་བས་རྡུལ་དུ་རློགས། །གཞན་ཡང་ཕོ་ཉ་དམ་ཅན་ནི། །སྡེ་བརྒྱད་ནམ་མཁའ་གང་བ་རྣམས། །གནོད་སྦྱྀན་རྒྱལ་པོའི་བཀའ་བྱུང་གི །བདག་གིས་བཅོལ་བའི་ལས་མཛོད་ཅིག །ཅེས་བསྐུལ་ལོ། །དེ་ནས་ཚོགས་ཀྱི་བྱ་བ་ནི། གསང་སྔགས་རྙིང་མའི་ལུགས་ནི། ཚོགས་དང་པོ་མཆོད་པ། གཉིས་པ་བཤགས་པ། གསུམ་པ་སྒྲལ་མཆོད་དེ། ཚོགས་ཕུད་རིམ་པ་གསུམ་གྱི་ཆོ་ག་ཡིག་རྙིང་རྣམས་ལས་མང་དུ་འབྱུང་མོད་ཀྱི། རེ་ཞིག་བཞག་ལ། ཕུད་མདོར་བསྡུས་དོན་ཚང་ཙམ་དུ་བྱས་ན། ཕུད་བཤམས། བསངས་སྦྱངས། ཧཱུཾ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །ཆོས་ཀུན་སྒྱུ་མར་རིག་པས་ན། །རཾ་ལས་ཡེ་ཤེས་མེ་སྤྲོས་ཏེ། །དངོས་དང་དངོས་མེད་བག་ཆགས་


TNT14_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེགས། རཾ་གཞན་དང་འདྲ་བ་ལས། ཡཾ་ལས་ཡེ་ཤེས་རླུང༌། བག་ཆགས་གཏོར། ཡཾ། བཾ་ལས་ཡེ་ཤེས་ཆུ། བག་ཆགས་བཀྲུས། བཾ། ཨོཾ་མཧཱ་བ་ལིཾ་སོགས་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གསུམ་གྱིས་བྱིན་གྱིས་བརླབས། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་གསང་བའི་མཆོད་པར་བཞེས་སུ་གསོལ། །ན་མཿསརྦ་བཛྲ་པཱུ་ཛ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཟླ་བ་ལ་སོགས་སྙིང་པོ་ཅན། །མངར་བ་ལ་སོགས་རོ་མཆོག་གསོལ། །མེ་ཏོག་ལ་སོགས་ཙན་དན་དྲི། །བཟང་དགུ་འབུལ་ལོ་བཞེས་སུ་གསོལ། །མི་མོ་ལ་སོགས་རེག་བྱའི་མཆོག །བྱིན་གྱིས་རློབས་ཤིག་རྣལ་འབྱོར་མ། །སྒྲུབ་པའི་རྫས་འདི་ཐམས་ཅད་ལ། །ཧཱུཾ་དང་ཕཊ་ཀྱིས་ལྡན་པར་མཛོད། །ཨོཾ་རུ་པ། ཤཔྟ། གནྡྷ། ར་ས། སྤརྴ། རཀྟ། ཨ་མྲྀ་ཏ་ག་ཎ་པཱུ་ཛ་ས་མ་ཡ་སྭཱཧཱ། ཚེ་རབས་ཐོག་མ་མེད་པ་ཚུན་ཆད་ནས། །ད་ལྟ་ཚེ་ལུས་འདི་བསྐྱེད་ཕན་ཆད་དུ། །ལུས་ངག་ཡིད་ཀྱི་ཉེས་ལྟུང་སྡིག་པའི་ཚོགས། །ནོངས་ཤིང་འགལ་འཁྲུལ་ཐམས་ཅད་བཟོད་པར་གསོལ། །སྐུའི་ཉམས་ཆགས་ཚོགས་ཀྱིས་བསྐང༌། །གསུང་གི་ཉམས་ཆགས་ཚོགས་ཀྱིས་བསྐང༌། །ཐུགས་ཀྱི་ཉམས་ཆགས་ཚོགས་ཀྱིས་བསྐང༌། །སྐོང་གྱུར་དབང་དང་དངོས་གྲུབ་སྩོལ། །ཚོགས་ཆ་གསུམ་པ་བསྒྲུབ་བྱའི་གཟུགས་སུ་བྱ་བའམ་


TNT14_Page_0882
[མ་དཔེ་གཟིགས་ན་འདིར་གནོན།]

མོས་ཏེ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། གནོད་བྱེད་དགྲ་བགེགས་ལོག་འདྲེན་ཐམས་ཅད་སྐད་ཅིག་ཉིད་ལ་གནས་འདིར་བཀུག་སྟེ་ཚོགས་གཏོར་ལ་ཐིམ་པར་གྱུར། ཧཱུཾ་བཻ་ཏྲཀ་རཀྴ་བྷྱོཿགནོད་བྱེད་དགྲ་བགེགས་ཐམས་ཅད་ཧྲཱིཿཨ་ཀརྵ་ཡ་ཛཿ ལན་མང་དུ་བརྗོད། ཨོཾ་བཻ་ཏྲཀ་རཀྴ་བྷྱོཿ བྱང་གི་ཕྱོགས་ནས་བསྐུལ་བ་ནི། །དཔལ་ལྡན་རྒྱལ་པོ་རྣམ་ཐོས་སྲས། །གནོད་སྦྱིན་དྲག་པོ་སྤྲུལ་པར་འགྱེད། །དྲག་པོའི་འཕྲིན་ལས་མཛད་པའི་ཕྱིར། །དགྲ་བགེགས་ཁུག་ལ་སྒྲོལ་བར་མཛོད། །དེ་ཡི་བཀའ་ཉན་ཕོ་ཉ་ནི། །གནོད་སྦྱིན་འབྱུང་པོ་ཁ་ཊྭཱཾ་ཁ། །དེ་ཡི་ཡང་སྤྲུལ་ཕོ་ཉ་ནི། །གནོད་སྦྱིན་ལྕགས་ཀྱི་སྡེ་ཀུ་ཅན། །ལས་ངན་དགྲ་བགེགས་འདུལ་བའི་ཕྱིར། །བྱང་གི་ཕྱོགས་ནས་ལས་མཛོད་ཅིག །ཧཱུཾ་བཻ་ཏྲཀ་རཀྴ་བྷྱོཿསརྦ་བིགྷྣཱན་ཤཱ་ཏྲུན་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། ལན་གསུམ་གྱིས་བསྒྲལ་བར་བསམ། ཤཱ་ཏྲུན་མཱ་ར་ཡ་ཧཱུཾ་ཕཊ། ཅེས་དུམ་བུར་གཏུབས་ཏེ་སྤུངས། ན་མོ་དུས་གསུམ་བདེ་གཤེགས་ཞལ་དུ་བསྟབ་པོ་ཁ་རཾ་ཁཱ་ཧི། དེ་བཞིན་དུ། བཅོམ་ལྡན་ཕྱག་ན་རྡོ་རྗེའི་ཞལ་དུ༴ ཡེ་ཤེས་དཀྱིལ་འཁོར་ལྷ་ཚོགས་ཞལ་དུ༴ །ཆོས་སྐྱོང་རྒྱལ་པོ་རྣམ་ཐོས་སྲས་ཀྱི་ཞལ་དུ༴ སྲིང་མོ་གསོད་བྱེད་བཞིའི་ཞལ་དུ༴ ཐུགས་སྤྲུལ་རྒྱལ་པོ་བཞིའི་ཞལ་དུ༴ གནོད་སྦྱིན་གཤིན་རྗེ་སྲིན་པོའི་ཞལ་དུ༴ ཕྱོགས་སྐྱོང་ལྷ་སྲིན་སྡེ་བརྒྱད་ཞལ་དུ༴ སྙིང་པོ་གཉིས་ཀྱི་མཐར། ཨེ་དཾ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ


TNT14_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། མཧཱ་རཀྟ་ལ་ཁཱ་ཧི། མཧཱ་མཾ་ས་ལ་ཁཱ་ཧི། མཧཱ་གོ་རོ་ཙ་ན་ལ་ཁཱ་ཧི། སརྦ་པཱུ་ཛ་ས་མ་ཡེ་ཧཱུཾ། ཞེས་ལན་བདུན་གྱིས་ཚོགས་གཏོར་ལྷན་ཅིག་ཏུ་བསྔོ། ཨ་ཀཱ་རོ་ལན་གསུམ་མམ་བདུན་སོགས་ཀྱིས་ཀྱང་གཙོ་འཁོར་ཐམས་ཅད་ལ་འཕུལ། ཨརྒྷཾ་སོགས་ཀྱིས་མཆོད། རྣལ་འབྱོར་བདག་ཅག་འཁོར་བཅས་ལ་སོགས་ཀྱིས་འདོད་དོན་གསོལ་བ་བཏབ། བཟླས་པ་ཅུང་ཟད་བྱའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ལས་བྱེད་གནོད་སྦྱིན་མདུང་དམར་ཅན་སྐུ་མདོག་དམར་པོ། ཕོ་ཉ་དྲག་གཏུམ་གྱི་གཟུགས་གོ་ཆས་ཅན། མདུང་དམར་དང་སྐུ་གདུང་བསྣམས་པ། འཁོར་ལས་བྱེད་བཤན་པའི་ཚོགས་དང་བཅས་པ་བཛྲ་ས་མཱ་ཛཿ ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། སྲོག་དང་དབུགས་ལ་དབང་བྱེད་པ། །གཤིན་རྗེའི་རྒྱལ་པོ་མ་རུ་ཙེ། །ཕྱག་ན་རྡོ་རྗེའི་བཀའ་ཉན་མཆོག། མཐུ་སྟོབས་བསམ་མི་ཁྱབ་ལ་བསྟོད། །སྒྲོལ་གྱིང་ཤཾ་ཤཾ་རྩེད་རྩེད་ཤ་ཤ་ར་ཛ་མ་ནི་གྱིང་ཀ་ར་ཀྲིཾ་ཀྲིཾ་ཡཾ་ཡཾ་ཤོག་ཤོག་བསྡུས་བསྡུས་ཁྱེར་ཐུང་ཁྱེར་ཐུང་གྱིང་རཱ་ཛ་མ་ནི་བྷྱོཿ ཞེས་སྲོག་སྔགས་མང་དུ་བཟླས་ལ། སྔགས་དེ་ཉིད་ཀྱི་མཐར། ཨེ་དཾ་བ་ལིཾ་ཏ་སོགས་གོང་བཞིན་སྦྱར་ལ་གཏོར་མ་ཕུལ། གཏུམ་པོ་ཡཾ་ཡཾ་སྒྲོལ་གྱིང་ཡཾ་ཡཾ་མ་རུ་ཙེ་ལས་ལ་ཡཾ་ཡཾ། ཞེས་པའི་རྦད་སྔགས་ཅུང་ཟད་བཟླས་ལ། རཀ་ཕུད་ཀྱིས་གཏོར་ཞིང༌། ཧཱུཾ་བར་སྣང་ཁམས་ཀྱི་གྱིང་རྒོད་ཀུ་བེ་ར། །སྐུ་མདོག་དམར་ནག་ཁྲག་རུལ་བཾ་གྱི་མདོག །བ་སྤུ་སེར་ནག་ཚ་ཚ་


TNT14_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

སྔོ་དམར་འཁྱུག ཁ་རླངས་སྔོ་དམར་ནད་ཀྱི་རླངས་པ་འཐོལ། །ཀེང་རུས་མཆེ་གཙིགས་ཁྲག་གི་ཁ་ཕྲུ་འདེབས། །དུག་སྦྲུལ་ནག་པོས་རལ་པ་ཐོད་དུ་བཅིངས། །རུས་སྦལ་ནག་པོའི་གཡང་གཞི་ཞྭ་རུ་གསོལ། །ཐོད་འཕྲེང་བདུད་ཀྱི་གཡང་གཞི་ཕྲག་ལ་བཀལ། །གཡས་ན་མི་མགོའི་རྔ་བརྡུང་དི་རི་རི། །གཡོན་ན་མི་རྐང་གླིང་བུ་ཀྱུ་རུ་རུ། །སེང་གེ་ཆིབས་ནས་དམ་ཉམས་ཁྲག་རྗེས་གཅོད། །ཉམས་པའི་ལུས་སྲོག་ཕྲོལ་ཅིག་མཱ་ར་ཡ། །གྱིང་རྒོད་ཀུ་བེ་ར་ཡི་དུས་ལ་བབ། །རྡོ་རྗེ་རྣམ་ཐོས་སྲས་ཀྱི་དུས་ལ་བབ། །ཅེས་བརྗོད། ཏྲིང་ཏྲིང་ར་ཛ་མ་ནི་སྙིང་ཤད་ཤད་ཧང་ཧང་མཱ་ར་ཡ་ནི་དུ་ཛ་དགྲ་བོའི་སྲོག་རྩ་ལ་མཱ་ར་ཡ་དུ་ཛཿ ཞེས་དྲག་ཏུ་བསྐུལ་ལོ། །འདིའི་དྲག་གཏོར་གྱི་ཆོ་གའི་ཡན་ལག་ཏུ། ཚོགས་ཕུད་ཀྱི་བསྒྲལ་མཆོད་མ་གཏོགས། ལིང་སྒྲོལ་གྱི་གསལ་ཁ་མེད་པས། ཆོ་གའི་ཡན་ལག་ཏུ་མེད་མི་རུང་མ་ཡིན་ལ། སྤྲོས་པ་ལ་དགའ་ན་སྐབས་འདིར་བྱེད་ལ། དེ་བཞིན་དུ་གསེར་སྐྱེམས་དང༌། སྒོ་དབྱེ་འཕྲང་སོལ་སོགས་སྤྲོས་པ་བྱེད་ནའང་འདིར་བྱེད། སྤྱི་དང་འདྲའོ། །དེ་ནས་དྲག་གཏོར་གཉིས་དགྲ་ཕྱོགས་སུ་སྤགས་ཏེ། བྷྱོཿ སྲིད་པའི་ལྷ་འདྲེས་དཔང་མཛོད་ཅིག །ངས་ནི་མ་ཉེས་མ་ཡོའོ། །ལས་ངན་སྲིད་པའི་དགྲ་བོ་འདི། །ཆོས་ལ་བར་གཅོད་བྱེད་དུ་བྱུང༌། །བདུད་མོ་མིང་སྲིང་རྒྱལ་མོ་བཞི། ཁྲོས་པས་སྤྲུལ་པའི་ཚོགས་དང་བཅས། །བཞེངས་ཤིག་ཕོ་ཉ་དབྱིངས་ནས་བཞེངས། །སྐྱོད་ཅིག་ཆིབས་ལ་མྱུར་དུ་སྐྱོད། །སྲོག་ཟན་ཆེན་པོ་ད་སྐྱོད་ཅིག །ཤར་ནས་


TNT14_Page_0885
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་མོའི་ཚོགས་རྣམས་སྐྱོད། །ལྷོ་ནས་སེར་མོའི་ཚོགས་རྣམས་སྐྱོད། །ནུབ་ནས་དམར་མོའི་ཚོགས་རྣམས་སྐྱོད། །བྱང་ནས་ལྗང་མོའི་ཚོགས་རྣམས་སྐྱོད། །སྤྲུལ་པ་ནག་མོའི་ཚོགས་རྣམས་སྐྱོད། །ཡང་སྤྲུལ་མི་བཟད་ཚོགས་རྣམས་སྐྱོད། །མ་ཐོགས་མྱུར་དུ་ལས་མཛོད་ཅིག །བདག་གི་དགྲ་བོ་ལས་ངན་འདིའི། །ཙིཏྟ་ཕྱུང་ལ་ཁྱེར་ལས་ཤོག །བྱམས་སྡུག་གཉེན་དང་མྱུར་དུ་ཕྲོལ། །རྟེན་པ་རྒྱ་མཚོའི་མཐའ་ལ་སྐྱོད། །ཡུལ་ས་བསྐོར་ནས་འགངས་སུ་ཆོད། །སྨྱོ་འབོག་ཐོང་ཞིག་ཙིཏྟ་དཀྲུགས། །འོ་དོད་མཆི་བཤལ་བྲང་ལག་རྡོབས། །ལྟས་ངན་ནད་ཡམས་དགྲ་ལ་ཐོང༌། །མི་ནད་ཕྱུགས་ནད་རིམ་ནད་ཐོང༌། །དགྲ་བགེགས་མུན་ནག་སྲོས་དུས་ལ། །ཐུགས་ཆེན་བླ་འབོད་འཁྱམས་སུ་ཆུག །མཚོན་ཆ་དུག་དང་ཚ་བའི་ནད། །རང་གིས་རང་ལ་སྐུད་དུ་ཆུག །རྦད་པའི་ལས་ཆེན་ད་མཛོད་ཅིག །དུས་ལ་བབ་པོ་ས་མཱ་ཡ། ཧཱུཾ་བཻ་ཏྲཀ་རཀྴ་བྷྱོཿ དགྲ་བོ་ཆེ་གེ་མོ་ལ་བྷྱོཿབྷྱོཿ ཞེས་པའི་མཐར། ལས་མཁན་མདུང་དམར་ཅན་གྱི་སྔགས་གསུམ་སྦྲེལ་ནས་བཟླ་བཞིན་དུ། ལས་མཁན་གྱི་དྲག་གཏོར་འཕངས། དེའི་རྗེས་སུ་རྒྱལ་ཆེན་གྱི་དྲག་གཏོར་འཕེན། དེ་དག་གི་མཐར། ཟོར་སྣ་ཚོགས་པ་འཕེན་རྒྱུ་ཡོད་ན་ཡང་འཕེན་ལ། ཧཱུཾ་བཻ་ཏྲཀ་རཀྴ་བྷྱོཿ པྲིག་པྲིག་ཆུམ་ཆུམ་ཧེར་ཧེར་རཀ་མོ་སྙིང་རྩ་ལ་བྲེང་བྲེང་དུང་དུང་བྷྱོཿབྷྱོཿརཀ་ཤ་བྷྱོཿབྷྱོཿ ཞེས་གཡང་གཞི་གདབ་ཅིང་རལ་པ་སྤྲུག །དེ་ནས་སློབ་དཔོན་གྱིས་རྟིང་མནན་ཏེ་འོངས་ལ། ནང་དུ་མཆོད་བསྟོད་རྒྱས་པར་


TNT14_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཞིང་ཚོགས་ལ་ལོངས་སྤྱད། རྗེས་ཀྱི་ཆོ་ག་ནི་སྤྱི་དང་འདྲའོ། །བསྟོད་པ་བསྡུས་པ་བྱེད་ན། ལྷ་ཚོགས་དབུགས་འབྱིན་ལྷ་མིན་འཇོམས་ལ་དཔའ། །མི་བཟད་བདུད་འདུལ་ཆ་ལུགས་བསྟན་པ་སྐྱོང༌། །བྱང་ཕྱོགས་རྒྱལ་པོ་བདུད་རྒྱལ་རྣམ་ཐོས་སྲས། །འཁོར་བཅས་སྤྲུལ་པ་ཡང་སྤྲུལ་ཚོགས་ལ་བསྟོད། །ནང་སྒྲུབ་ལ། བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས། ཁམས་གསུམ་དབང་དུ་བྱེད་པའི་ལྷ། །གསོད་བྱེད་གཤིན་རྗེའི་ཆ་བྱད་ཅན། །མདུང་དམར་འཛིན་ལ་ཕྱག་འཚལ་བསྟོད། །ཅེས་བྱ་ཞིང་གཞན་ལའང་འདོན་པ་སྤོས་པས་རུང་ངོ༌། །འདིར་སྤྲོས་པ་ལ་དགའ་ན་ཟོར་འཕེན་པའི་གནས་སུ་ཡང༌། གོང་དུ་བཤད་པའི་ལས་ལ་བསྐུལ་བ་དེ་དག་ཅི་རིགས་པ་སྔོན་དུ་བཏང་ནས། སྲིད་པའི་ལྷ་འདྲེ་དཔང་མཛོད་ཅིག་སོགས་ཀྱིས་བཏང་ངོ༌། །གཏོར་མའི་ལག་ལེན་ཅུང་ཟད་ཙམ། ཡི་གེར་བྲིས་པའི་དགེ་བ་ལས། ཉོན་མོངས་དགྲ་ཚོགས་ཀུན་བཅོམ་ནས། །ཐར་པའི་དགའ་སྟོན་འབྱེད་པར་ཤོག །དེ་ལྟར་ན་འདི་ནི་དྲག་ལས་སྤྱི་དྲིལ་དུ་བྱས་པ་ཡིན་ལ། གཙོ་བོ་ནང་སྒྲུབ་ལ་མོས་ན་དཀྱུས་ལ། སྐུ་མདོག་དམར་པོ་མདུང་དང་ནེའུ་ལེ་འཛིན་པ་ཡིན་ཀྱང༌། དྲག་ལས་འབའ་ཞིག་ལ་མཆོད་རྟེན་ནག་པོ་འཛིན་པར་བྱེད། འཁོར་ལོ་རྩིབས་བཞི་ནང་དུ་བྱས་ནས་སྲས་བཞི་འགོད། ཕྱི་མ་རྩིབས་བརྒྱད་ལ་ཕྱོགས་བཞིར་བདུད་མོ་བཞི་དང༌། མཚམས་བཞིར་བློན་པོ་བཞི་བཀོད་ན་རུང༌། དྲག་ལས་ཁོ་ན་ལ་བློན་པོ་བཞིའི་ཕྱག་མཚན་ནེའུ་ལེ་རྣམས་ནད་རྐྱལ་དུ་བསྒྱུར་བ་ཡིན་ནོ། །ཆོ་ག་གཞན་གོང་བཞིན་མངོན་རྟོགས་དང༌། རི་རྒྱལ་ལྷུན་པོ་མ་ལ་འདོན་པ་བསྒྱུར། དགྲ་ཆོས་ཀྱི་སྔོན་ལ་བསྟོད་པ་དམག་ཆས་མ་འདི་གྱེར་རོ། །ཧཱུཾ། རྒྱལ་ཆེན་རྣམ་སྲས་


TNT14_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

མདུང་དམར་ཅན། །ཆིབས་སུ་སྔོན་པོ་རྒབ་ནག་ཆིབས། །རོལ་དུ་ངང་པ་ཕུམ་དམར་རོལ། །སེང་གེ་རྔམ་པ་ཕོ་ཉར་འགྱེད། །སྔ་ལོང་གཡས་ནས་སྲས་ཀྱི་ཚོགས་རྣམས་གཤེགས། །ཕྱི་ལོང་གཡོན་ནས་བཙུན་མོའི་ཚོགས་རྣམས་གཤེགས། །དབུས་ནས་རྒྱལ་ཆེན་གཙོ་བོ་བཞེངས་པ་ནི། །རིན་ཆེན་རྒྱན་དང་བསེ་ཁྲབ་ཁྲ་བོ་གསོལ། །ཕྱག་ན་བསེ་མདུང་དམར་པོ་བསྣམས། །དབུ་ལ་བསེ་ཡི་རྨོག་ཞུ་གསོལ། །ཞབས་ལ་བསེ་ཡི་གོ་ཁྲབ་མནབས། །བསེ་ཡི་རྨོག་ཞུ་ཆེན་པོ་ལ། །རྒོད་ཀྱི་དང་རུ་ལྡེམས་སེ་ལྡེམས། །དར་དམར་ཅོད་པན་པུ་རུ་རུ། །བསེ་ཁྲབ་དེ་ནི་སིལ་ལི་ལི། །གཡུ་མཐུར་དེ་ནི་ཁྱུགས་སེ་ཁྱུགས། །རྟ་དམག་ཚོགས་ཀྱིས་ས་གཞི་གང༌། །གནོད་སྦྱིན་ཚོགས་ཀྱིས་བར་སྣང་གང༌། །རུ་མཚོན་དམར་པོས་ནམ་མཁའ་གང༌། །མགོན་པོ་དམག་ལ་ཆས་ཙམ་ན། །ས་གཞི་རི་རབ་འདར་ཞིང་གཡོ། །དགྲ་བོའི་ཡུལ་མཁར་རྨངས་ནས་ཞིག །འདིར་གཤེགས་རྒྱན་གྱིས་གཏོར་མ་བཞེས། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་མཛོད། །ཅེས་པའོ། །རྣམ་ཐོས་སྲས་བཀའ་གཏེར་གྱི་ཆོས་སྐོར་རྣམས། གཡེར་བོ་ཇོ་སྟོན་ལས་བརྒྱུད་ནས་རིམ་པས་སོ་སོར་གྱེས་པའི་ལུགས་སྲོལ་མང་པོ་བྱུང་བ་ལས། ཁྲོ་ལོ་ནས་བརྒྱུད་པ་དང༌། སྦལ་ཏི་དགྲ་བཅོམ་པས་བརྒྱུད་པ་གཉིས་པོ་འདི་ངོ་མཚར་ཆེ་བར་བྱེད། གཉིས་ཀ་ལ་བཀའ་གཏེར་གྱི་མན་ངག་ཐམས་ཅད་བཞུགས་མོད་ཀྱང༌། མངོན་སྤྱོད་དྲག་པོའི་སྐབས་ཁྲོ་ལོ་ཕྱོགས་རྣམས་གསར་མ་དྲག་བྱེད་ལ་


TNT14_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོར་མཛད། སྦལ་ཏི་ཕྱོགས་རྣམས་གསང་སྒྲུབ་རྙིང་མ་འདི་ཁོ་ན་ལ་གཙོ་བོར་མཛད་པ་འདུག །ཡང་ཁ་སྐད་དུ། རྣམ་སྲས་ལ་ཞི་བ་གསར་མ་ཟབ། དྲག་པོ་རྙིང་མ་ཟབ་ཀྱང་ཟེར་བ་ལྟར། དྲག་བྱེད་ལས་རྟ་སྔོན་ཅན་འདི་ལས་མྱུར་བར་གྲགས། གསང་སྒྲུབ་འདི་ལའང་གཤིན་རྗེ་ཁྲམ་ཐོགས་ཀྱི་རྒྱུད་སོགས་སྣུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་སྐབས་སུ་བྱུང་བའི་བཀའ་མ་ལ། སྐུ་མདོག་ནག་པོ་འདི་བྱུང་བ་ཡིན། གཉལ་བ་ཉི་ཤེའི་གཏོར་མ་ལ་གཞན་འདྲ་བ་ལས་སྐུ་མདོག་དམར་པོར་བྱེད་དེ། སྤྱིར་གཉལ་བའི་གཏེར་མའི་སྐོར་ལ། ཕྱི་ལྷ་ལྟར་སྒྲུབ་པ། ནང་མ་མོ་ལྟར་སྒྲུབ་པ། གསང་བ་གཤིན་རྗེ་ལྟར་སྒྲུབ་པ། ཡང་གསང་མཁའ་འགྲོ་ལྟར་སྒྲུབ་པ་ཞེས་ཁ་སྐད་དུ་གྲགས་འདུག དང་པོ་ནི་སེར་ཆེན་སྤྲིན་གསེབ་མའི་སྐོར་ཡིན། གཉིས་པ་དམར་པོ་བདུད་མོ་བཞི་སྐོར་ལ་ངོས་འཛིན། གསུམ་པ་མདུང་དམར་ཅན་གྱི་རྩ་བའི་སྒྲུབ་པ་རྟ་སྔོན་མ་ཡིན་ཟེར། བཞི་པ་ནི་ཕྱག་མཚན་བཞི་པར་གྲགས་པར་ཡིན་ཞེས་འདོད། འོན་ཀྱང་མདུང་དམར་རྟ་སྔོན་ཅན་ནང་སྒྲུབ་དང༌། གཤིན་རྗེ་མོ་བཞི་སྐོར་འདི་གསང་སྒྲུབ་ཡིན་པར་ངེས་ཤིང༌། རྩ་བའི་སྒྲུབ་པ་ལ་གཤིན་རྗེ་ལྟར་སྒྲུབ་པ་ཟེར་བ་ནི་ཁ་སྐད་བླ་ཐབས་སུ་བསྣན་པ་ཙམ་ཡིན། གཤིན་རྗེ་ལྟར་སྒྲུབ་པ་དངོས་དེ་རང་མྱོས་བྱེད་འབར་བ་སོགས་གཤེད་པོ་བཞི་སྐོར་རང་ལ་ཟེར་བ་ཡིན། སྤྱི་དྲིལ་དུ་མི་བྱེད་པར་རྐྱང་པའི་ལུགས་སུ་སྒྲུབ་ན། རྩ་སྒྲུབ་ལ་སྲས་བཞི། བློན་པོ་བཞི། སྒོ་མ་བཞི་སྟེ་གཙོ་འཁོར་བཅུ་གསུམ་དང༌། གསང་སྒྲུབ་མ་མོ་བཞི་སྐོར་འདི་ལ། མ་མོ་བཞི་དང༌། རྒྱལ་ཆེན་བཞིས་ཆོག །གཤིན་རྗེ་བཞི་སྐོར་དང༌། སྲིན་པོ་བཞི་སྐོར་ཡང༌། སྒྲུབ་ཐབས་ལོགས་སུ་ཡོད་པ་བཞིན་ལྷ་ལྔ་པ་ཁོ་ན་ཡིན་ནོ། །ལས་མཁན་མདུང་དམར་ནི། སེར་ཆེན་གྱི་ལས་མཁན་དུ་བཤད་


previousརྒྱལ་ཆེན་རྣམ་ཐོས་སྲས་ཀྱི་དྲག་གཏོར་ཤིན་ཏུ་ཟབ་པ་རྟགས་མངོན་གྱུར་ཅན།next