Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


  expand section
  expand section
  expand section
  expand section
  collapse section
   
   
ཕག་མོ་ཞལ་གཉིས་མ་དཔྱལ་ལུགས་སུ་གྲགས་པའི་སྒྲུབ་ཐབས།
   
   
   
   
   
   
   
   
   
   
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section


 
previousཕག་མོ་ཞལ་གཉིས་མ་དཔྱལ་ལུགས་སུ་གྲགས་པའི་སྒྲུབ་ཐབས། next

ཕག་མོ་ཞལ་གཉིས་མ་དཔྱལ་ལུགས་སུ་གྲགས་པའི་སྒྲུབ་ཐབས།


TNT15_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ཡེ་ཤེས་བསྐལ་པའི་མེ་ཡི་གཟི་འོད་འབར། །སྒེག་འཆར་དུ་མས་རྣམ་བརྒྱན་མཚར་སྡུག་སྐུ། །མི་ཕྱེད་སྔགས་ཀྱི་དེ་ཉིད་ལེགས་འཆར་བ། །རྡོ་རྗེ་བཙུན་མོས་བདག་ལ་ཐུགས་བརྩེར་མཛོད། །དཔག་ཡས་སྒྲུབ་པའི་ཐབས་ཚུལ་རྒྱ་མཚོ་ལས། །ནམ་མཁའི་ནོར་བུ་དང་མཚུངས་སྙིང་པོ་ནི། །ཨོ་རྒྱན་ལས་བྱུང་གསང་བའི་མན་ངག་སྟེ། །བདེན་གཉིས་ཞལ་ཅན་སྒྲུབ་པའི་ཐབས་འདི་བརྩམས། དབང་བཞི་ཡོངས་སུ་རྫོགས་ནས། འདི་ཉིད་ཀྱི་བྱིན་རླབས་ཐོབ་པའི་རྣལ་འབྱོར་བས་ཚུལ་འདི་ལ་འཇུག་པར་བྱའོ། །དེ་ལ་སྟོང་པ་ཉིད་དུ་ཤེས་པའི་སྒོ་ནས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྣམས་སྤྱི་དང་མཐུན་པར་བྱ། གདོང་ནུབ་ཏུ་ཕྱོགས་བཞིན་པས་འདི་སྐད་ཅེས་བྱ་སྟེ། བདག་ཉིད་གང་དུ་གནས་པའི་ས་ཕྱོགས་འདི་ཉིད་ཆོས་ཀྱི་དབྱིངས་ཆོས་ཀྱི་འབྱུང་གནས་ཨོ་ཌི་ཡ་ན་རྡོ་རྗེའི་གནས་སུ་གྱུར། རང་གི་སྤྱི་བོར་རྩ་བའི་བླ་མ་ཧེ་རུ་ཀ་དང་གཉིས་སུ་མེད་པ་འཛུམ་བག་དང་བཅས་ཤིང་རུས་པའི་རྒྱན་གྱིས་སྤྲས་པ། སྐྱབས་གནས་ཐམས་ཅད་ཀྱི་ངོ་བོར་བཞུགས། གང་གི་དྲིན་གྱི་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཆང༌། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཞེས་ལན་གསུམ། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་ཀྱང་སྟེང་གི་ནམ་མཁའ་ལ་བཞུགས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་བཛྲ་པཱདྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝེ་ཏེ། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། ཐལ་མོ་སྙིང་གར་སྦྱོར་བཞིན་པས། དཀོན་མཆོག་གསུམ་ལ་


TNT15_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །ཐེག་ཆེན་བདུད་རྩི་རབ་བཤད་པར། །འཁོར་ལོ་བསྐོར་བར་གསོལ་བ་འདེབས། །ཇི་སྲིད་འཁོར་བ་གནས་ཀྱི་བར། །མྱ་ངན་མི་འདའ་གསོལ་བར་འཚལ། །སངས་རྒྱས་ཆོས་དང་ཚོགས་རྣམས་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་བགྱིད་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་མཁའ་འགྲོའི་ཚོགས་དང་བཅས་པ་འོད་དུ་ཞུ་ནས་བདག་ཉིད་ལ་ཐིམ། རང་གི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་བཾ། ཧཾ་ཡོཾ། ཧྲིཾ་མོཾ། ཧྲིཾ་ཧྲིཾ། ཧཱུཾ་ཧཱུཾ། ཕཊ་ཕཊ། ནང་མཆོད་བྱིན་རླབས་རྒྱས་པ་སྐབས་འདིར་བྱས་ཀྱང་རུང་ལ། བསྡུ་ན། སྟོང་པའི་ངང་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་ཡེ་ཤེས་ཀྱི་བདུད་རྩིས་གང་བར་གྱུར། གཡོན་པའི་མཐེབ་སྲིན་གྱིས་མདུན་ནས་བརྩམས་ཏེ་ཆོས་འབྱུང་གཡོན་བསྐོར་དུ་བྲི་ཚུལ་བྱ་ཞིང༌། ཨོཾ་གསུམ་མ་ཚར་གཅིག་བརྗོད། མཐེ་བོང་གི་རྩེར་ཨོཾ། མཐེ་ཆུང་གི་རྩེར་ཨཱཿ འཁྲིག་མའི་ངོས་ལ་ཧཱུཾ། ལམ་མཐིལ་དུ་བཾ། དེ་ཉིད་ཀྱི་གཟུགས་བརྙན་ཤར་བ་ལྟར། ཆོས་འབྱུང་གི་ནང་དུ་ཡི་གེ་བཞི་འཁོད་པར་གྱུར་པ་ལས། འོད་འཕྲོས། ཕྱོགས་བཅུའི་རྒྱལ་བ་ཡབ་ཡུམ་ཐམས་ཅད་ཀྱི་


TNT15_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྒྱུད་བསྐུལ། ཡེ་ཤེས་ཀྱི་བདུད་རྩི་བྱང་ཆུབ་ཀྱི་སེམས་དཀར་དམར་གྱི་རྣམ་པ་ཅན་སྦྱོར་མཚམས་ནས་སྤྱན་དྲངས་ལ། ཐོད་པའི་ནང་གི་བདུད་རྩི་ལ་ཐིམ། ཨོཾ་ཨཱཿཧཱུཾ། ལན་གསུམ་གཡས་པའི་མཐེབ་སྲིན་གྱིས་བདུད་རྩི་བླངས་ལ། གཡོན་པའི་མཐེ་ཆུང་ནས་མཐེ་བོའི་བར་སོར་མོ་ལྔ་དང༌། ཐམས་ཅད་འདུས་པའི་སེན་མོའི་ངོས་ལ་བདུད་རྩིའི་ཐིག་ལེ་བྱ་ཞིང༌། ཨོཾ་བཾ་ནས། ཕཊ་ཕཊ་ཀྱི་བར་བརྗོད། ཡི་གེ་འབྲུ་གསུམ་བརྗོད་ཅིང༌། དེ་རྣམས་ལ་བདུད་རྩི་གཏོར། ཡང་འབྲུ་གསུམ་བརྗོད་ཅིང་ལུས་ཐམས་ཅད་ལ་བྱུགས་པས། གོ་ཆ་དྲུག་པོ་རང་ལུས་ལ་ཐིམ་པར་བསམ། གཡོན་པའི་མཐེབ་སྲིན་གྱིས་གནས་དང༌། རྫས་ལ་ཕྱོགས་ཀུན་ཏུ་གཏོར། ཨོཾ་ཨཱཿཧཱུཾ། ཨོཾ་ཧྲིཿགྷ་གྷ་གྷ་ཏ་ཡ་གྷ་ཏ་ཡ་སརྦ་དུཥྟཾ་ཧཱུཾ་ཕཊ། ལན་གསུམ། བགེགས་ཐམས་ཅད་བསྐྲད། སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་རྡོ་རྗེའི་ས་གཞི། རྭ་བ་དྲྭ་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་དཔུང་འབར་བ་དང་བཅས་པའི་བསྲུང་བའི་འཁོར་ལོར་གྱུར། དེ་ནས་སྒོ་གསུམ་སྦྱངས་ཞིང༌། གཞི་ལམ་འབྲས་གསུམ་རྣམ་པར་དག་པའི་སྟོང་པ་ཉིད་ཀྱི་དོན་དྲན་བཞིན་པས། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་བཛྲ་ཤུདྡྷ་སརྦ་དྷརྨ་བཛྲ་ཤུདྡྷོ྅ཧཾ། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅ཧཾ། ཞེས་པས་དག་པ་གསུམ་གྱི་སྔགས་བརྗོད། སྟོང་པའི་ངང་ལས་རང་ལུས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་བསྲུང་བའི་འཁོར་ལོ་དང་བཅས་པས་ཡོངས་སུ་བསྐོར་བའི་དབུས་སུ། ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ནང་དམར་བ་


TNT15_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་ཕྲ་ཞིང་གདེངས་ཀ་རྒྱས་པའི་སྟེང་རུས་སྦལ་གྱི་རྒྱབ་ལྟར་མཐོ་བ། དེའི་ནང་དུ་ངག་སྔགས་ཀྱི་ཡིག་འབྲུ་དང༌། སེམས་ལྷ་སྐུའི་རྣམ་པར་གྱུར་པ་ནི། པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་མི་རོ་སེར་པོ་མགོ་གཡོན་དུ་བསྟན་པའི་སྙིང་གར་ཨོཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་བཾ་དམར་པོ་ལས་འོད་འཕྲོས། ས་གསུམ་གྱི་དྲི་མ་སྦྱངས། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་བསྡུས་ཤིང་ཐིམ་པ་ལས། བདག་ཉིད་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང་ཡིད་ཙམ་སྨུག་པ་ཉི་མ་བྱེ་བའི་འོད་དང་མཚུངས་པའི་གཟི་བརྗིད་ཅན། རྩལ་ཞལ་ལྷ་མོའི་རྣམ་པ་འཛུམ་ཁྲོ་ཆགས་པའི་ཉམས་ཅན་མཆེ་བ་གཙིགས་ཤིང་བཞད་པ། གཡས་ཞལ་ཕག་གདོང་ཁྲོ་ཞིང་གྱེན་དུ་ཕྱོགས་པས་གཟིགས་པ། ཕྱག་གཡས་རྡོ་རྗེའི་གྲི་གུག་འཕྱར་ཞིང༌། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། མཆན་ཁུང་གཡོན་དུ་རྡོ་རྗེའི་ཁ་ཊྭཱཾ་ག་དཀར་པོ་གྱེན་དུ་བསྒྲེང་པ། དབུ་སྐྲ་ནག་པོ་ཅུང་ཟད་ལི་བ་སིལ་བུར་གྲོལ་ཞིང་ཐུར་དུ་འཕྱང་བ། དམར་ཞིང་བཀྲ་ལ་ཟླུམ་པོར་གཡོ་བའི་སྤྱན་གསུམ་དང་ལྡན་པ། རྡོ་རྗེ་ནག་པོའི་འཕྲེང་བ་ལ་བརྒྱུས་པའི་ཐོད་སྐམ་ལྔའི་འཕྲེང་བ་ཅན། སྒྱུ་མའི་སྦྲེལ་བའི་ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་འཕྱང་བ། འཁོར་ལོ་དང༌། རྣ་ཆ་དང༌། མགུལ་རྒྱན་དང༌། གདུ་བུ་སྟེ་མི་རུས་ཀྱི་ཕྱག་རྒྱ་ལྔས་བརྒྱན་པ། གཅེར་བུ་ལོ་བཅུ་དྲུག་ལོན་པ་ལྟར་ལང་ཚོ་ལ་བབ་ཅིང༌། ནུ་མ་རྒྱས་པ། ཞབས་གཡོན་བརྐྱང་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ་མ་ལུས་པའི་སྤྲུལ་པ་འཆང་བའི་སྐུ་ཅན། བསྐལ་པའི་མེ་ལྟ་བུའི་ཡེ་


TNT15_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་མེ་འབར་བའི་དབུས་ན་སྒེག་ཅིང་རོལ་བའོ། །ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བཾ་དམར་པོ་དེ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་རྡོ་རྗེ་རྣལ་འབྱོར་མ་ལ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཐམས་ཅད་ཀྱིས་བསྐོར་བར་སྤྱན་དྲངས། འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་བཞིན་པས། ཕཻཾ་ཞེས་བརྗོད། ཛཿཧཱུཾ་བཾ་ཧོཿ གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ལྟེ་བར་ཨོཾ་བཾ་དམར་མོ་རྡོ་རྗེ་ཕག་མོ། སྙིང་གར་ཧཾ་ཡོཾ་སྔོན་མོ་གཤིན་རྗེ་མ། ཁར་ཧྲིཾ་མོཾ་དཀར་མོ་རྨོངས་བྱེད་མ། དཔྲལ་བར་ཧྲིཾ་ཧྲིཾ་སེར་མོ་བསྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་ལྗང་ཁུ་སྐྲག་བྱེད་མ། ཚིགས་ཆེན་ཐམས་ཅད་ལ་ཕཊ་ཕཊ་དུད་ཁ་ཙཎྜི་ཀཱའི་ངོ་བོ་རྣམས་སུ་གྱུར། སླར་ཡང་བཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་ཕཻཾ། བདུད་རྩིས་གང་བའི་སྣོད་ཐོགས་ཏེ། མདུན་གྱི་ནམ་མཁར་བཞུག་པ་ལ། བདག་ལ་དབང་བསྐུར་དུ་གསོལ། ཅེས་གསོལ་བ་བཏབ་པས། རང་སྔགས་གསུང་བཞིན་པས་དབང་བསྐུར། སྐུ་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས། མི་བསྐྱོད་པའི་ངོ་བོ་རྡོ་རྗེ་སྔོན་པོ་རྩེ་ལྔ་པས་དབུ་བརྒྱན། དབང་གི་ལྷ་རྣམས་ཀྱང་རང་ལ་ཐིམ། དེ་ནས་དག་པ་དྲན་པ་ནི། ངག་ཏུ་མ་བརྗོད་ཀྱང་རུང་མོད་ཀྱི། དེ་ནི་འདི་ལྟར་དྲན་དགོས་སོ། །པདྨའི་གདན་ནི་ཉོན་མོངས་པའི་མ་གོས་པའོ། །མི་རོའི་གདན་ནི་རྟོགས་པ་ཐམས་ཅད་དང་བྲལ་བའི་སྟོང་ཉིད་དོ། །ཉི་མ་ནི་བདེ་བ་ཆེན་པོའི་སྣང་བ་རྒྱས་པའོ། །སྐུ་མདོག་དམར་མོ་ནི་ཐུགས་རྗེས་སེམས་ཅན་ལ་ཆགས་པའོ། །ཞབས་གཉིས་ནི་བདེན་གཉིས་ཟུང་དུ་འཇུག་པའོ། །


TNT15_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་གུག་ནི་དུག་གསུམ་གཅོད་པའོ། །ཐོད་པ་ནི་བདེ་བ་སྐྱོང་པའོ། །ཐོད་སྐམ་ལྔ་ནི་རིགས་ལྔའོ། །མགོ་རློན་གྱི་འཕྲེང་བ་ནི་ཡི་གེ་ལྔ་བཅུ་དག་པའོ། །ཕྱག་རྒྱ་ལྔ་ནི་ཕ་རོལ་ཏུ་ཕྱིན་པ་ལྔའོ། །ཞབས་གཡས་བསྐུམས་ཤིང་གཡོན་བརྐྱང་བ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །སྐྲ་གྲོལ་བ་ནི་མཚན་མས་མ་བཅིངས་པའོ། ཁ་ཊྭཱཾ་ག་ནི་ཐབས་དང་མ་བྲལ་བའོ། །སྐུ་གཅིག་པུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གཅེར་བུ་ནི་སྒྲིབ་པ་ཐམས་ཅད་དང་བྲལ་བའོ། །མེ་དཔུང་འབར་བ་ནི་ཡེ་ཤེས་ཀྱི་སྣང་བ་སྤྲོ་བའོ། །ཞེས་སོ། །ལྟེ་བའི་བཾ་ཡིག་ལས་སྒོ་མཚམས་མ་བརྒྱད་སྐུ་མདོག་ལྗང་སྔོན་ཅང་ཏེའུ་དང་ཐོད་པ་བདུད་རྩིས་གང་བ་ཐོགས་པ། མཆོད་རྫས་སྣ་ཚོགས་འཛིན་པའི་མཁའ་འགྲོ་མའི་ཚོགས་ཀྱིས་བསྐོར་བ་སྤྲོས་ཏེ། མཆོད་པ་དང་བསྟོད་པའི་ལས་མཛད་པར་གྱུར། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཨོཾ་ཨཱཿཧཱུཾ་གིས་ནང་མཆོད་འབུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོ་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང༌། །འཇིག་རྟེན་བྱ་བར་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་དག་རྡོ་རྗེའི་དབང་ཕྱུག་དང༌། །རྗེས་ཆགས་ཆགས་པ་ཆེ་རྣམས་ཀྱི། །རྡོ་རྗེ་ཕག་མོ་ལ་འདུད་དོ། །རྣམ་པར་རྟོག་མེད་ཡང་དག་རྟོག །ཡིད་ནི་རབ་ཏུ་མི་གནས་ཤིང༌། །ཡིད་ལ་མེད་ཅིང་དྲན་པ་མེད། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། ཁམས་གསུམ་པ་ཡི་ངོ་བོ་ཉིད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །རྡོ་རྗེ་ཕག་མོ་ལ་འདུད་དོ། །ཞེས་པས་སམ་རྐང་པ་བརྒྱད་པས་བསྟོད། ལྷ་མོ་རྣམས་ལྟེ་བའི་བཾ་ལ་ཐིམ།


TNT15_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་འབྲུ་གསུམ་ལན་གསུམ་བརྗོད་ཅིང་བདུད་རྩི་ལན་གསུམ་མྱངས། གསང་གནས་སུ་ཆོས་འབྱུང་ཡི་གེ་བཞི་དང་བཅས་པ། རྩ་སྔགས་འཕྲེང་གསུམ་མམ། མདུན་དུ་བཀོད་ལ། འོད་ཟེར་སྤྲོ་བསྡུའི་དམིགས་པ་བཅས་ཏེ། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝཎ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ཞེས་ངག་བཟླས་དང༌། ཡིད་བཟླས་དང༌། འགོག་པའི་བཟླས་པ་རྣམས་ཅི་རིགས་པར་བྱའོ། །ཐུན་འཇོག་པའི་ཚེ། ལྷ་སྐུ་སྣང་སྟོང་སྒྱུ་མ་ལྟ་བུ་ལ་ཅུང་ཟད་མཉམ་པར་བཞག་སྟེ། སུཾ་བྷའི་སྔགས་ཀྱིས་བསྲུང་བ་བྱས་ལ་དགེ་བ་བསྔོས་ཏེ་འཇུག་གོ །ཐུན་མཚམས་སུ་ཡི་གེ་བརྒྱ་པ་བཟླ་བ་དང༌། མཆོད་པ་དང༌། གཏོར་མ་དང༌། ཕྱག་དང༌། སྐོར་བ་དང༌། སཱཙྪ་གདབ་པ་ལ་སོགས་པ་བྱ་ཞིང༌། ཁ་ཟས་དང༌། སྤྱོད་ལམ་དང༌། ཉལ་བ་དང༌། ལྡང་བའི་རྣལ་འབྱོར་རྣམས་ལ་ཡང་ནན་ཏན་དུ་བྱའོ། །གཏོར་མའི་ཆོ་ག་ནི། ཁ་ཟས་བཟང་དགུ་ལས་བྱས་པའི་གཏོར་མ་ཤ་ཁྲག་མྱོས་བྱེད་ཀྱི་རྒྱུ་ལ་སོགས་པས་བརྒྱན་པའི་མཆོད་པ་དང་བཅས་པ་བཤམས། གཏོར་མ་གཅིག་ཏུ་བསྡུས་ཀྱང་རུང་ལ། གཉིས་སུ་བྱེད་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་གཉིས། གསུམ་དུ་བྱེད་ན། ཡེ་ཤེས་མཁའ་འགྲོ། ལས་ཀྱི་མཁའ་འགྲོ། འཇིག་རྟེན་མཁའ་འགྲོའི་གཏོར་མ་དང་གསུམ་མོ། །གང་ལྟར་ཡང་རུང་སྟེ། སུཾ་བྷ་ནིས་བསངས། སྭ་བྷ་ཝས་སྦྱངས། ཡཾ་ལས་རླུང༌། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཐོད་པ་དཀར་པོ་དུམ་བུ་གསུམ་པ་དེའི་ཤར་དུ་གོ་ལས་བ་ལང་གི་ཤ་བྷྲུཾ་གྱིས་མཚན་པ། བྱང་དུ་ཧ་ལས་གླང་པོ་ཆེའི་ཤ་ཁཾ་གིས་མཚན་པ། ནུབ་ཏུ་ད་ལས་རྟའི་ཤ་ཛྲིཾ་གིས་མཚན་པ། ལྷོ་རུ་ཀུ་ལས་ཁྱིའི་ཤ་ཨཾ་གིས་མཚན་པ། དབུས་སུ་ན་ལས་


TNT15_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

མིའི་ཤ་ཧཱུཾ་གིས་མཚན་པ། ཤར་ལྷོར་བཾ་ལས་དྲི་ཆེན་ལཾ་གྱིས་མཚན་པ། ལྷོ་ནུབ་ཏུ་རཾ་ལས་རཀྟ་མཾ་གྱིས་མཚན་པ། ནུབ་བྱང་དུ་མ་ལས་རྐང་མར་པཾ་གྱིས་མཚན་པ། བྱང་ཤར་དུ་མུ་ལས་དྲི་ཆུ་ཏཾ་གིས་མཚན་པ། དབུས་སུ་ཤུ་ལས་བྱང་སེམས་བཾ་གྱིས་མཚན་པ། དེའི་སྟེང་གི་ནམ་མཁའ་ལ་ཁ་ཊྭཱཾ་ག་དཀར་པོ་མགོ་ཐུར་དུ་བལྟ་བའི་སྟེང་དུ་བཾ་དམར་པོ། དེ་ལས་འོད་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་མཁའ་འགྲོ་མ་ཐམས་ཅད་ཀྱི་བྱིན་རླབས་ཡེ་ཤེས་ཀྱི་བདུད་རྩི་བྱང་སེམས་ཀྱི་རྣམ་པར་སྤྱན་དྲངས་སྟེ་བཾ་ལ་ཐིམ། བཾ་ཡིག་ཁ་ཊྭཱཾ་ག་དང་བཅས་པ་ཞུ་ནས་རྫས་ལ་ཐིམ། རླུང་གི་མེ་སྦར། རྫས་རྣམས་ཞུ་ཞིང་ཁོལ་བས་མང་པོར་སྤེལ་བས་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ་དུ་བརྗོད་ནས། མདུན་བསྐྱེད་དང་འབྲེལ་ན་སྤྱན་འདྲེན་མི་དགོས། མ་འབྲེལ་ན་དགོས་པས། འབར་བའི་ཕྱག་རྒྱ་དང་བཅས་ཕཻཾ། བཛྲ་ཨ་རལླི་ཧོ། ཛཿཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོ། ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱི་གཏོར་མ་གསོལ་བར་གྱུར། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ། ཨི་དཾ་པུཥྤེ། དྷུ་པེ། དཱི་པེ། གནྡྷེ། བ་ལིཾ་གྲྀཧྞ་གྲྀཧྞ་མ་མ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ཞེས་ལན་གསུམ་གྱིས་ཡེ་ཤེས་མཁའ་འགྲོ་ལ་འབུལ། ཨོཾ་ཧྲིཾ་ཧཾ་ཧཾ་ཧེ་ཧེ་ཧ་ཧ་ཧི་ཧི་ཕཻཾ་ཕཻཾ་ཞེས་པ་ལན་གསུམ་ལ་སོགས་པས་ལས་ཀྱི་མཁའ་འགྲོ་དང༌། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་ས་བྷུ་ཏ་པྲེ་ཏ་པི་ཤ་ཙ། ཨུཥྨནྟ་ཨ་པཥྨ་ར་ཌཱ་ཀ་ཌཱ་ཀི་ནྱ་ད་ཡ། ཨི་དཾ་བ་ལིཾ་གྲྀཧྞནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡ་ཙྪནྟུ། ཡ་ཐཻ་བཾ། ཡང་ཐཻ་ཊཾ།


TNT15_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བྷཉྫ་ཐ། པི་པ་ཐ། ཛི་གྷ་ཐ། མ་ཏི་ཀྲ་མ་ཐ། མ་མ་སརྦ་ཀརྟ་ཡ། སུདྶུ་ཁཾ་བི་ཤུདྡྷ་ས་ཧ་ཡི་ཀ་བྷ་ཝནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་ལན་གསུམ་གྱིས་འཇིག་རྟེན་མཁའ་འགྲོའི་ཚོགས་ལ་འབུལ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ཨོཾ་ཨཱཿཧཱུཾ་ལན་གསུམ་གྱིས་ནང་མཆོད་འབུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །སོགས་ཤླཽ་ཀ་གཉིས་ཀྱིས་བསྟོད། ལྷ་ཡིའི་ཚོགས་རྣམས་མ་ལུས་དང༌། །སོགས་ཀྱིས་འདོད་དོན་གསོལ་བ་བཏབ། ལྷ་མོ་ཚད་མ་དམ་ཚིགས་ཚད་མ་དང༌། །སོགས་དང༌། ཡིག་བརྒྱ་ལན་གསུམ། མ་འབྱོར་བ་དང་སོགས། ཨོཾ་བཛྲ་མུཿ ཞེས་གཤེགས་སུ་གསོལ། སྨོན་ལམ་དང་བཀྲ་ཤིས་ཅི་རིགས་པར་བྱ་སྟེ། ཕལ་ཆེར་ནཱ་རོ་མཁའ་སྤྱོད་དང་མཐུན་པར་ཤེས་པར་བྱའོ། །འདིའི་བྱིན་རླབས་བྱ་བར་འདོད་ན། ཡར་ངོ་དང་མར་ངོའི་ཚེས་བཅུ་གང་རུང་ལ་བྱ་སྟེ། སྟེགས་བུའི་སྟེང་དུ་མཎྜལ་པདྨ་དམར་པོ་འདབ་བརྒྱད་ལྟེ་བར་ཆོས་འབྱུང་དམར་པོ་གྲུ་བཅད་ལྗང་ཁུ། ཕྱི་དུར་ཁྲོད་དང་རྡོ་ར་མེ་རིས་བསྐོར་བར་བྱ། དུར་ཁྲོད་མ་བྲིས་ཀྱང་འགལ་བ་མེད། ཤིན་ཏུ་བསྡུ་ན་རྡོ་ར་དང་མེ་རིའང་བོར་རོ། །དེའི་སྟེང་དུ་མཉྫི་ལ་སོགས་པའི་ཁར་ཐོད་པ་བདུད་རྩིས་བཀང་བ་བཞག དེའི་སྟེང་དུ་མེ་ལོང་ལ་ཆང་གིས་བརླན་ཅིང་སིནྡྷུ་ར་སྙོམས་པར་བཀྲམ། གསེར་གྱི་སྙུ་གུ་ལག་པ་གཡོན་པ་མཐེབ་སྲིན་གྱིས་བཟུང་ལ། ཆོས་འབྱུང་གྲུ་གསུམ་ནང་དུ་རྩ་སྔགས་འཕྲེང་གསུམ་མམ་བདུན་མ་དང་ཕྱོགས་བཞིར་དགའ་འཁྱིལ་རེ་དང་བཅས་པ་བྲི། སྟེང་ནས་དར་དམར་པོའི་གུར་ཁང་ཕུབ་སྟེ། སིནྡྷུ་རའི་དཀྱིལ་འཁོར་མི་མཐོང་བར་བྱ། ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་དང༌། གཏོར་མ་ལྔ་བཤམས། ནང་མཆོད། ཅང་ཏེའུ། རྡོ་རྗེ་དྲིལ་བུ། བསྲུང་སྐུད། མིག་དར། མེ་ཏོག་སོགས་འོག་


TNT15_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དགོས་པའི་ཡོ་བྱད་རྣམས་དང༌། ཁྱད་པར་བུམ་པ་མཚན་ཉིད་དང་ལྡན་པ་སྤྱི་དང་མཐུན་པར་བཤམས། སྔོན་འགྲོ་གཏོར་མ་མཁའ་འགྲོ་སྤྱི་གཏོར་བཞིན་བཏང༌། མཆོད་པ་བྱིན་དབབ་ཀྱང་བླ་མེད་སྤྱི་དང་མཐུན། སྐྱབས་འགྲོ་ནས་བཟླས་པའི་བར་བདག་བསྐྱེད་རྫོགས་པར་བྱས། མདུན་བསྐྱེད་ཀྱི་དཀྱིལ་འཁོར། སུམ་བྷས་བསངས། དག་པ་གསུམ་གྱི་སྔགས་བརྗོད། སྟོང་པའི་ངང་ལས་པདྨའི་ལྟེ་བར་ཆོས་འབྱུང་དམར་པོའི་དབུས་སུ། གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་ནས། བསྐོར་བའི་དབུས་སུ། མི་མགོའི་སྒྱེད་པུ་གསུམ་གྱི་སྟེང༌། ཨ་ལས་བྱུང་བའི་ཐོད་པའི་ནང་དུ། ཨོཾ་ཨཱཿཧཱུཾ་བཾ་རྣམས་གནས་པའི་འོད་ཀྱིས། སངས་རྒྱས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་སྤྱན་དྲངས་ལ། བདུད་རྩི་ལ་ཐིམ་པས་ཡེ་ཤེས་རྣམ་པ་ལྔའི་ངོ་བོར་གྱུར། ཨོཾ་ཨཱཿཧཱུཾ་དེའི་ནང་དུ་ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ཞེས་པ་ནས། རྩེ་ལྔ་པས་དབུ་བརྒྱན་གྱི་བར་བདག་བསྐྱེད་དང་འདྲ་བ་ལས། དག་སྔགས་ཀྱི་ཡིག་འབྲུ་དང༌། སེམས་ལྷ་སྐུའི་རྣམ་པར་གྱུར་པ་ནི་ཞེས་པ་བོར། དབང་གི་ལྷ་ཐམས་ཅད་ཀྱང་མདུན་བསྐྱེད་ལ་ཐིམ། ཨརྒྷཾ་ནས་ཤཔྟའི་འབར་དང༌། འབྲུ་གསུམ་གྱིས་མཆོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་སོགས་ཀྱིས་བསྟོད། བཟླས་པའི་དམིགས་པ་གསལ་བཏབ་ལ་བཟླས་པ་བྱ། སླར་ཡང་མཆོད་པ་བྱིན་གྱིས་བརླབས་ཏེ། ཨརྒྷཾ་ནས་ཤབྟའི་བར་གྱིས་མཆོད། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ནས། ཨོཾ་གསུམ་མའི་མཐར་འབྲུ་གསུམ་སྦྱར་བ་བཟླ་ཞིང༌། འཐོར་བའམ། བཟེད་ཞལ་དུ་འབུལ་བ་ལན་བརྒྱ་རྩ་སོགས་ཅི་རིགས་པ་བྱེད་པ་ནི། ཁྱད་པར་གྱི་མཆོད་པ་བདུད་རྩི་འབུལ་བ་ཞེས་


TNT15_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ཡིན་ལ། མཆོད་པའི་ཁྱད་པར་སྣ་ཚོགས་པ་རྣམས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་འབུལ། བསྟོད་པ་ནི། རོལ་མོ་སྣ་ཚོགས་པའི་སྒྲ་དང་བཅས་པའམ། མེད་ན་ཅང་ཏེའུ་འཁྲོལ་བཞིན་དུ། རྐང་པ་བརྒྱད་པས་ཐོག་དྲངས་ནས་བསྟོད་པ་ཅི་ཤེས་པས་བསྟོད་པར་བྱའོ། །གཏོར་མ་གོང་བཞིན་བྱིན་གྱིས་བརླབས་ནས། གཏོར་མ་དང་པོ་གཉིས་གོང་བཞིན་འབུལ་བ་ལས། ཡེ་ཤེས་མཁའ་འགྲོ་ཡི་དམ་གྱི་ཚོགས་ལ་ཐུན་མོང་དུ་འབུལ་ན། ཕཻཾ་བཛྲ་ཨ་རལླི་ཧོ། བཛྲ་ཌཱ་ཀི་ནཱི། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་གྱིས་འབུལ། གཏོར་མ་གསུམ་པ་ནག་པོ་ཆེན་པོ་དང་ཕྱོགས་སྐྱོང་སོགས་ལ་འབུལ། བཞི་པ་གཞི་བདག་དང༌། ལྔ་པ་རིགས་དྲུག་དང༌། བགེགས་ལ་ཁ་འབར་མའི་སྔགས་ཀྱིས་སྦྱིན། གཏོར་མ་ཕྱི་མ་གསུམ་པོ་བསྔོས་ཚར་རིམ་གྱིས་འཕྲལ་དུ་གཏོང༌། བུམ་པ་བསངས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་སྟེང་དུ། བྷྲུཾ་ལས་བྱུང་བའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། སྣ་ཚོགས་པདྨའི་སྟེང་དུ་མི་རོའི་སྙིང་གར་གནས་པའི་ཉི་མའི་གདན་དེའི་སྟེང་དུ་རྡོ་རྗེ་རྣལ་འབྱོར་མ་ཞེས་པ་ནས། ཙཎྜི་ཀཱའི་ངོ་བོ་རྣམས་སུ་གྱུར་གྱི་བར་བདག་བསྐྱེད་བཞིན། རང་གི་སྙིང་ག་ནས་སྔགས་ཀྱི་འཕྲེང་བ་ཕྲེང་མ་ཆད་པར་སྤྲོས། བུམ་བསྐྱེད་ཀྱི་ལྷའི་ཐུགས་རྒྱུད་བསྐུལ། ས་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། བཟླས་པ་ཅི་འགྲུབ་བྱ། ཨརྒྷཾ་ནས་ཤབྟའི་བར་གྱིས་མཆོད། འབྲུ་གསུམ་གྱི་ནང་མཆོད་དང་བསྟོད་པ་བསྡུས་པ་ཙམ་བྱ། བུམ་པའི་ལྷ་བཞུ་བ་དང་། གཤེགས་སུ་གསོལ་བ་སོགས་མི་དགོས། བར་འདིར་ཚོགས་མཆོད་བྱ། འཇིག་


TNT15_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་པའི་གཏོར་མའང་བཏང༌། སློབ་མ་ལ་ཇི་ལྟར་བྱ་བ་ལྟར་བདག་འཇུག་བླངས། དབང་གིས་སྨིན་པའི་སློབ་མ་རྣམས་ཁྲུས་བྱས་གྲལ་དུ་འཁོད་པ་ལ། མེ་ཏོག་བཀྱེ་བསྡུ་དང་ཆོས་བཤད་བྱ། སློབ་མས་མཎྜལ་འབུལ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སོགས་ལན་གསུམ་གྱིས་གསོལ་བ་བཏབ། བགེགས་གཏོར་སློབ་མ་ལ་ཕྱི་བསྐོར་ལ། སརྦ་བིགྷྣཱན་བྷྱཿ ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ལན་གསུམ་གྱིས་བསྔོས། བདེན་པ་བདར་ཞིང་། གཏོར་མ་ཕྱི་རོལ་དུ་དོར་ལ་བགེགས་བསྐྲད། སུཾ་བྷ་དྲག་ཏུ་བཟླའོ། །སློབ་དཔོན་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ལྟེ་བའི་བཾ་ལས་མེ་འོད་བྱུང༌། དབུ་མ་ནས་བརྒྱུད། སྲིན་ལག་གཡོན་གྱི་རྩེ་ནས་ཐོན། སློབ་མའི་སྤྱི་བོ་ནས་ཞུགས། སྲོག་རྩའི་ནང་གང་བས། ནང་གིས་བགེགས་དང་དྲི་མ་ཐམས་ཅད་བསལ་ཞིང་སྦྱངས་པར་གྱུར། སྲིན་ལག་སློབ་མའི་སྤྱི་བོར་བཞག་ལ། ཨོཾ་ཨཱཿབིགྷྣཱནྟཱ་ཀྲྀཏ་ཧཱུཾ། ཞེས་བདུན་བདུན་བརྗོད་ཅིང༌། སྤྱི་བོར་ཕུས་བཏབ། ཚངས་བུག་རྡོ་རྗེ་རྒྱ་གྲམ་གྱིས་བཀག་པར་གྱུར། སློབ་མ་རྣམས་ཀྱི་གནས་རྣམས་སུ་ནས། ངོ་བོ་རྣམས་སུ་གྱུར། ཨོཾ་བཾ་ནས། ཕཊ་ཕཊ་གྱི་བར་བརྗོད་ཅིང༌། གནས་དེ་རྣམས་སུ་རྡོ་རྗེ་རྒྱ་གྲམ་རེག དེ་ནས་འབྲུ་གསུམ་གྱིས་ནང་མཆོད་བླུད་དོ། །དེ་ནས་རྒྱུན་བཤགས་དང༌། སྐྱབས་འགྲོ་སེམས་བསྐྱེད་རྒྱས་པ་བྱེད་པར་སྤྲོ་ན་ཡི་གེ་རྙིང་པ་རྣམས་སུ་ཤེས་པར་བྱའོ། །བསྡུ་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ་གྱིས་ཆོག་གོ །ཨརྒྷཾ་ནས་ཤབྟའི་བར་གྱིས་སློབ་མ་སེམས་བསྐྱེད་པ་ལ་མཆོད། ཨོཾ་ཧྲཱྀ་བི་ཤུདྡྷ་དྷརྨ་སརྦ་པཱ་པཾ་ནི་ཙ་ཨསྱ་ཤོ་དྷ་ཡ་སརྦ་བི་ཀལྤན་


TNT15_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་པ་ན་ཡ་ཧཱུཾ། ཞེས་ཁྱོར་ཆུ་སྦྱིན། སྡོམ་བཟུང་གི་དོན་དུ་སློབ་མས་མཎྜལ་ཕུལ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མའི་སྐུ་ལ་སྐྱབས་སུ་མཆི། །གསུང་དང་ཐུགས་ལའང་དེས་འགྲེ། སངས་རྒྱས་གྲོང་ཁྱེར་ཉམས་དགའ་བར། །རྣལ་འབྱོར་མ་མཆོག་འཁོར་ལོ་ཡི། །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །མགོན་པོས་བདག་ནི་འཇུག་པར་མཛོད། །ལན་གསུམ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ནས། མྱ་ངན་འདས་ལ་འགོད་ཀྱི་བར་ལན་གསུམ་གྱི་རིགས་ལྔའི་སྡོམ་པ་བཟུང༌། སངས་རྒྱས་ཆོས་དང་དགེ་འདུན་ལ་ནས། ཉི་ཤུ་རྩ་གཉིས་ལེགས་པར་བསྲུང་གི་བར་བདེ་མཆོག་གི་ཐུན་མོང་མ་ཡིན་པའི་སྡོམ་བཟུང་བྱ། ཨོཾ་ཙཀྵུ་བནྡྷ་ཝ་རཱ་མ་ན་ཡེ་ཧཱུཾ་གིས་མིག་དར། ཨ་ཁཾ་ཝཱི་ར་ཧཱུཾ་གིས་མེ་ཏོག་བཟུང༌། སློབ་མའི་གནས་གསུམ་དུ་འབྲུ་གསུམ་བཀོད་ལ། རྡོ་རྗེ་དང་བཅས་པའི་ནང་མཆོད་ཀྱིས་ཐིག་ལེ་བྱ། ཟླ་བ་རྡོ་རྗེའི་དམིགས་པ་ཕོག་ལ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡ་མི། བརྗོད་དུ་བཅུག སྙིང་གར་རྡོ་རྗེ་གཏུགས་ཏེ། སུ་ར་ཏ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐ་སུ་ཁཾ་ཞེས་བརྗོད། ཛཿཧཱུཾ་བཾ་ཧོཿ ཞེས་དཀྱིལ་འཁོར་དུ་བཅུག་པར་མོས་ལ། ཡོལ་བ་བསལ། སྤྱི་བོར་རྡོ་རྗེ་བཞག་ལ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང༌། རྡོ་རྗེ་རྣལ་འབྱོར་མས་བྱིན་གྱིས་བརླབས་ཀྱི། དེ་བས་ན་ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དཔལ་ཧེ་རུ་ཀ་དང༌། རྡོ་རྗེ་རྣལ་འབྱོར་མའི་དངོས་གྲུབ་ཀྱང་ཐོབ་པར་གྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་འདི་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱིས་


TNT15_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་སྨྲ་བར་མ་བྱེད་ཅིག སྨྲས་ན་དམ་ཚིག་ཉམས་པ་གྱུར་ཏ་རེ། ཞེས་བརྗོད། སྙིང་གར་གཏུགས་ཏེ། རྣལ་འབྱོར་མ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། ཡང་སྤྱི་བོར་བཞག་ལ། དེང་ཕྱིན་ཆད་བུ་ཁྱོད་ཀྱི་རྡོ་རྗེ་རྣལ་འབྱོར་མ་ནས་འགྱུར་ཏ་རེ། འབྲུ་གསུམ་བརྗོད་ཅིང་བདུད་རྩི་བླུད་ལ། འདི་ནི་ཁྱོད་ཀྱིས་ནས་ཨུ་ད་ཀ་ཋ་ཋ་ཧཱུཾ། ཡེ་ཤེས་དབབ་པ་ནི། སློབ་མ་སྐྱིལ་ཀྲུང་བཅས་ཤིང་རླུང་བཟུང་དུ་བཅུག སློབ་མ་རྣམས་ཀྱི་སྤྱི་བོར་བླ་མ་ཧེ་རུ་ཀའི་རྣམ་པ་ཅན། ལྟེ་བར་ཆོས་འབྱུང་གི་ནང་དུ་རྡོ་རྗེ་ཕག་མོ་མར་མེ་ལྟར་འབར་བ་མཚོན་གང་བ་གར་བསྒྱུར་བ་ཞིག་བཞུགས་པར་གྱུར། སློབ་དཔོན་གྱི་ལྟེ་བའི་བཾ་ལས་འོད་འཕྲོས། སློབ་མའི་ལྟེ་བར་གནས་པའི་རྡོ་རྗེ་ཕག་མོའི་སྐུ་ལ་ཕོག་པས། ཡེ་ཤེས་ཀྱི་མེ་ལྕེའི་ཚོགས་དཔག་ཏུ་མེད་པ་འཕྲོས་ཤིང་འབར་ཏེ། ལུས་ཀྱི་ཕྱི་ནང་ཐམས་ཅད་གང་བས། སྡིག་སྒྲིབ་ཐམས་ཅད་བསྲེག་པར་མོས་མཛོད། ཅེས་བརྗོད་ལ་རོལ་མོའི་སྒྲ་བྱ་ཞིང༌། རྡུལ་གྱི་རས་དང༌། བྱི་ལ་ནག་པོའི་བྲུན་དང༌། གུ་གུལ་སྦྱར་བའི་དུད་པས་བདུག་ཅིང༌། ཨོཾ་བཛྲ་ཝཱ་རཱ་ཧཱི་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཧྲཱི་ཧྲཱི་སྭཱཧཱ། གཉིས་པ་སྤོག་པའི་ཆོ་ག་ནི། སློབ་མ་རྣམས་ལངས་ཏེ་རྐང་པ་གཉིས་གཤིབས་བྲང་བ་ལ་བརྗིད་བསྐུར། ལག་པ་ཐལ་མོ་སྦྱར་བརྐྱང༌། སྣ་རྩེ་ནས་སོར་བརྒྱད་གཞལ་པའི་བར་སྣང་ལ། གཡུང་དྲུང་རིས་དཀར་པོ་མེ་སྟག་འབར་བ་གཅིག་བསམས་ལ། རླུང་ཕྱིར་སོང་བས་གཡུང་དྲུང་རིས་ལ་ཕོག །གཡོན་བསྐོར་དུ་དྲག་ཏུ་འཁོར་


TNT15_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་ཤེས་པ་གཏད་ལ། རླུང་ཕྱིར་ཐུབ་ཚད་ཟུངས་ཤིག སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཡབ་ཡུམ་དཔག་ཏུ་མེད་པ་སྤྱན་དྲངས། སློབ་མའི་སྤྱི་བོར་བྱོན། སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་ཆུ་རྒྱུན་ལྟར་བབས་པས། སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང༌། བདེ་མེར་རེ་རེ་འདུག་པ་ལ་སེམས་གཏོད་ཅིག །རྩ་སྔགས་ཀྱི་མཐར་ཕེཾ་ཕེཾ་ཧྲི་ཧྲི་ཞེས་བཏགས་ཏེ། ལན་བརྒྱ་རྩ་ལ་སོགས་པས་དབབ་པར་བྱའོ། །གལ་ཏེ་ཡེ་ཤེས་ཕེབས་ན། དེའི་ཉམས་མྱོང་སྐྱོང་དུ་བཅུག་ལ། འོག་ནས་འབྱུང་བ་ལྟར། ལྟོས་ཤིག་རང་གི་སེམས་ལ་ལྟོས་སོགས་ཀྱིས་ངོ་སྤྲོད་པ་ཡིན་ལ། མ་ཕེབས་ན་དེ་བརྗོད་མི་དགོས་སོ། །དེ་ནས་ཏིཥྛ་བཛྲ་གྱིས་བརྟན་པར་བྱིན་གྱིས་བརླབས། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པར་བགྱིས། །ལྷའི་རིགས་ཀྱི་རིམ་པ་དང༌། །བསོད་ནམས་རིམ་པའང་དེ་བཞིན་ཤོག །ཅེས་སློབ་དཔོན་གྱིས་ལྷ་ལ་གསོལ་བ་བཏབ་ལ། ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་སློབ་མ་མེ་ཏོག་འབུལ་དུ་བཅུག པྲ་ཏཱི་གྲྀཧྞ་སྟྭཾ་ཨི་མཾ་སཏྭ་མཧཱ་བཱ་ལ། ཞེས་པས་མེ་ཏོག་སློབ་མའི་མགོ་བོར་བཅིངས། མིག་འབྲས་གཉིས་ཨོཾ་འོད་དུ་འབར་བར་གྱུར། རྣལ་འབྱོར་མ་དཔལ་དེང་ཁྱོད་ཀྱི་ནས། བླ་ན་མེད། ཧེ་བཛྲ་པ་ཤྱ། ཞེས་པས་མིག་དར་ཕྱེ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་སྐྱེས། ཁྱོད་ནི་རྣལ་འབྱོར་མ་རིག་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་


TNT15_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས། །འགྲོ་བ་ཕུན་སུམ་དངོས་གྲུབ་ཀུན། ཁྱོད་ལ་མྱུར་དུ་མངོན་དུ་གྱུར། །དམ་ཚིག་ཐམས་ཅད་བསྐྱང་བ་དང༌། །གསང་སྔགས་སྒྲུབ་ལ་བརྩོན་པར་གྱིས། །ཞེས་བལྟ་བར་བསྐུལ། དཀྱིལ་འཁོར་གྱི་རྣམ་པ་བསྟན་ལ། རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ཆོས་འབྱུང་ནི་དུས་གསུམ་གྱི་ཆོས་ཉིད། བདུད་རྩིའི་ནང་གི་ཆོས་འབྱུང་ནི་ཁམས་གསུམ་གྱི་དེ་བཞིན་ཉིད། མེ་ལོང་གི་ཆོས་འབྱུང་ནི་སྐུ་གསུམ་གྱི་ཡེ་ཤེས་མཚོན་ནོ། །གཡུང་དྲུང་རིས་ནི་ཆོས་ཉིད་མི་འགྱུར་བ། བཞི་ནི་དགའ་བ་བཞི། ཡིག་འབྲུ་རྣམས་སུ་སྐུ་གསུང་ཐུགས་གཅིག་ཏུ་འདུས་པ། ཟུར་གསུམ་ནི་རྣམ་ཐར་གསུམ། ནང་སྟོང་པ་ཉིད་སྤྲོས་བྲལ། དམར་བ་ནི་སྙིང་རྗེ། རྩ་བ་ཕྲ་བ་ནི་ཉོན་མོངས་སྤངས་པ། གདེངས་མཆེ་བ་ནི་ཡེ་ཤེས་དང༌། ཡོན་ཏན་རྒྱས་པ་མཚོན་ནོ། །ཞེས་པ་ཙམ་མམ་རྒྱས་པར་སྤྲོ་ནའང་རྒྱས་པར་བརྗོད། སློབ་དཔོན་རྡོ་རྗེ་ཕག་མོར་བསྒོམས་ལ་མོས་གུས་དུང་བ་བྱོས་ཤིག ཅེས་དང༌། མདུན་བསྐྱེད་ཀྱི་ལྷའི་རྣམ་པ་མངོན་རྟོགས་ལྟར་བཤད་ལ། ཕག་ཞལ་དོན་དམ་རྟོག་མེད་མཚོན། གྲི་གུག་ཤེས་རབ་སྟོང་ཉིད། ཐོད་པ་ཐབས་བདེ་ཆེན། ཞབས་གཡོན་བརྐྱང་བ། སྙིང་རྗེ་མྱང་འདས་ལ་མི་གནས་པ། གཡས་བསྐུམ་པ་ཤེས་པས་འཁོར་བ་ལ་མི་གནས་པ་སྟེ། མདོར་ན་ཐམས་ཅད་ཀྱང་ཟུང་དུ་འཇུག་པའི་བདག་ཉིད་ཡིན་ནོ། །ཞེས་བཤད་དེ། དཀྱིལ་འཁོར་དང་བླ་མ་དང༌། ལྷའི་དེ་ཁོ་ན་ཉིད་བསྟན་པའོ། །དེ་ནས་དབང་གི་དངོས་གཞིའི་དོན་དུ་མཎྜལ་ཕུལ་ལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །


TNT15_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལན་གསུམ་གྱིས་གསོལ་བ་བཏབ། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་དབྱེར་མ་མཆིས་པས་བུམ་པའི་ཆུས་དབང་བསྐུར་བར་མོས་ཤིག དབང་བསྐུར་རྡོ་རྗེ་ཆེན་པོ་ནས། སྦྱིན་པར་བྱ། ཨོཾ་གསུམ་མའི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་བརྗོད་ལ་བུམ་པ་སྤྱི་བོར་བཞག བུམ་ཆུ་བླུད། བུམ་པའི་ལྷ་སློབ་མ་ལ་ཐིམ་པར་གྱུར། ཡེ་ཤེས་ཀྱི་ཆུས་སློབ་མའི་ལུས་ཐམས་ཅད་གང༌། སྤྱི་བོར་ལུད་པ་ལས་རྒྱལ་བ་རིགས་ལྔས་དབུ་བརྒྱན་པར་གྱུར། དབང་བསྐུར་རྡོ་རྗེ་སོགས་དང༌། ཨོཾ་གསུམ་མའི་མཐར། ཨོཾ་རཏྣ་མུ་ཀ་ཊ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད་ཅིང༌། དབུ་རྒྱན་དར་དཔྱངས་དང་བཅས་པ་བཅིང་ངོ༌། །བུམ་དབང་ངོ༌། །ཡང་མཎྜལ་ཕུལ་ལ། ཁྱོད་ཞབས་པདྨོ་སྤངས་ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །ངག་གི་དྲི་མ་སྦྱོང་མཛད་པའི། །གསང་བའི་དབང་བསྐུར་བདག་ལ་སྩོལ། །ཞེས་གསོལ་གསུམ་གདབ། མེ་ལོང་གི་འོག་གི་ཐོད་པ་ནས་བདུད་རྩི་བླངས་ལ། ཨོཾ་གསུམ་མ་བཟླས་བཞིན་དུ་སློབ་མ་ལ་སྦྱིན། དེ་ལྟར་བདུད་རྩི་མྱངས་པས་རྩ་ཐམས་ཅད་བདུད་རྩིས་གང༌། དུག་གསུམ་གྱི་རྣམ་རྟོག་འགགས། བདེ་བའི་ཡེ་ཤེས་སྐྱེས་པར་མོས་ཤིག ཅེས་བརྗོད་དེ་གསང་དབང་ངོ༌། །ཡང་མཎྜལ་ཕུལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། དཔལ་ལྡན་ཆོས་ཀྱི་རྡོ་རྗེ་ལ། །གསང་བའི་དེ་ཉིད་བསྟན་པ་ལྟར། དབང་བསྐུར་བ་ནི་བདག་ལ་སྩོལ། ཞེས་གསོལ་གསུམ་གདབ། སིནྡྷུ་རའི་ཡིག་འབྲུའམ། དགའ་


TNT15_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱིལ་ལས་སློབ་དཔོན་གྱི་སྲིན་ལག་གིས་བླངས་ནས། སློབ་མའི་ལྟེ་བར་བྱུགས་པས་སིནྡྷུ་རའི་དཀྱིལ་འཁོར་གྱི་ཡེ་ཤེས་པ་ལས་ཡེ་ཤེས་པ་གཉིས་པ་ཞིག་རྒྱང་གིས་ཆད་དེ། སློབ་མའི་ལྟེ་བའི་བཾ་ལ་ཐིམ་པས་དེ་ཉིད་རྡོ་རྗེ་རྣལ་འབྱོར་མའི་སྐུར་ཁྲོང་གིས་གྱུར་པར་བསམ། ད་ཕྱིན་ཆད་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་ཡི་དམ་ལྷ་རྡོ་རྗེ་རྣལ་འབྱོར་མ་སྒོམ་པ་དང་མ་འབྲལ་བར་གྱིས་ཤིག ཅེས་བརྗོད་ལ་སྤྱི་བོར་བྱུགས་ཤིང༌། སྤྱི་བོར་རྡོ་རྗེ་སློབ་དཔོན་བསྒོམ་པ་དང་མ་བྲལ་བར་གྱིས་ཤིག ཅེས་དང༌། དཔྲལ་མགྲིན་སྙིང་ག་གསུམ་དུ་རེག་ལ། ལུས་ངག་ཡིད་གསུམ་བདེ་སྟོང་ཟུང་འཇུག་ཏུ་སྒོམས་ཤིག ཅེས་བརྗོད། དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌། །ཡིག་རྙིང་ཕལ་ཆེ་བ་ན་འོག་ནས་འབྱུང་བའི་རྗེས་གནང་དྲུག་གི་དབང་བཞི་པའི་དོད་ཐུབ་པར་བཞེད་ཀྱང༌། འགའ་ཞིག་ལས་བཞི་པ་ལོགས་སུ་བྱེད་པ་ཉིད་ལེགས་པས། ཡང་མཎྜལ་ཕུལ་ཏེ། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས། །གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང༌། །བདག་ལ་བཀའ་དྲིན་སྐྱོབ་ཏུ་གསོལ། །ཞེས་གསོལ་གསུམ་གདབ། དེ་ནས་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་དེ། ལྟོས་ཤིག་རང་གི་སེམས་ལ་ལྟོས། །སེམས་ཉིད་ཅིར་ཡང་གྲུབ་པ་མེད། །གྲུབ་པ་མེད་པའི་སེམས་ཉིད་ལ། །སྣ་ཚོགས་སྣང་བ་ངོ་མཚར་ཆེ། །སྣང་ཙམ་ཉིད་ཀྱང་སེམས་སུ་འདུག །སྣང་བ་སེམས་ཀྱི་དེ་ཉིད་ནི། །བདེ་བ་ཆེན་པོའི་ཡེ་ཤེས་ཡིན། །རྣམ་པར་མི་རྟོག་བསམ་མི་ཁྱབ། །གསལ་བ་དེ་ཡི་ངོ་བོར་སྣང༌། །མོས་པ་དུ་མའི་སེམས་ཅན་


TNT15_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཐབས་རྣམས་སྣ་ཚོགས་ཀུན་ཏུ་སྟོན། །སྣ་ཚོགས་སྒྱུ་མའི་སྦྱོར་བ་ཡིས། །དཔའ་བོ་སེང་གེ་བཞིན་དུ་སྤྱོད། །བསམ་གྱིས་མི་ཁྱབ་གོ་འཕང་ཐོབ། །འདི་ནི་རྗེ་བཙུན་བྱིན་རླབས་ཏེ། །སྣ་ཚོགས་ནོར་བུ་ཇི་བཞིན་དུ། །སྐལ་ལྡན་རྣམས་ཀྱིས་སྤྱོད་ཡུལ་ཡིན། །ཅེས་བརྗོད་ཅིང་དེའི་དོན་བཤད། ཚིག་འདི་ནི་གྲུབ་ཐོབ་བརྒྱུད་པའི་གསུང་རྒྱུན་ཡིན་གྱི། རྒྱུད་ཚིག་མིན་པས་མཐའ་གཅིག་ཏུ་འདི་ཁོ་ན་བརྗོད་དགོས་པའི་ངེས་པ་མེད་དེ། དབང་བཞི་པའི་དོན་སྟོན་པའི་རྡོ་རྗེའི་ཚིག་གང་ཡང་རུང་བ་ཞིག་བརྗོད་ནའང་ལེགས་པ་ཡིན་ནོ། །དེ་ལྟར་ན་དབང་བཞི་པའོ། །དེས་བྱིན་རླབས་ཀྱི་དངོས་གཞི་སོང་ནས། རྗེས་ལ་རྗེས་སུ་གནང་བ་དྲུག་ལས། དང་པོ་སྐུའི་རྗེས་གནང་ནི། ཨོཾ་སྭ་བྷཱ་ཝ་ནས། རྩེ་ལྔ་པས་དབུ་རྒྱན་གྱི་བར་མངོན་རྟོགས་བཞིན་དམིགས་པ་ཕོག དེས་ལྷ་བསྒོམས་པའི་ལུང་ཐོབ་པ་ཡིན་པས་ཐུན་བཞིར་སྒོམས་ཤིག གཉིས་པ་གསུང་བཟླས་པའི་རྗེས་གནང་ནི། སློབ་དཔོན་གྱི་ཐུགས་ཀར་ཆོས་འབྱུང་སྔགས་འཕྲེང་དང་བཅས་པ་དང༌། སློབ་མའི་སྙིང་གར་ཆོས་འབྱུང་ཙམ་གསལ་བཏབ་ལ། སློབ་དཔོན་ལ་མོས་གུས་བྱས་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀའི་སྔགས་འཕྲེང་ལས་སྔགས་འཕྲེང་གཉིས་པ་ཞིག་ཆད། ཞལ་ནས་ཐོན། སློབ་མའི་ཁ་སྒོ་ནས་ཞུགས། སྙིང་གའི་ཆོས་འབྱུང་དུ་སྤར་བཏབ་པ་བཞིན་བྱུང་བར་མོས་ལ། ཨོཾ་གསུམ་མ་ལན་གསུམ་རྗེས་ཟློས་བྱ། བཅོམ་ལྡན་བདག་ལ་རྩལ་ལགས་ཏེ། །སོགས་ལན་གསུམ། མེ་ཏོག་འཐོར་བཞིན་དུ། རྗེས་ཟློས་བྱས་པ་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །སོགས་བརྗོད་ཅིང༌། སློབ་


TNT15_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སྤྱི་བོར་མེ་ཏོག་གཏོར། དེང་ཕྱིན་སྔགས་བཟླས་པ་ལ་བརྩོན་པར་གྱིས་ཤིག གསུམ་པ་ལྷ་མཆོད་པའི་རྗེས་གནང་ནི། སློབ་མས། སློབ་དཔོན་དཀྱིལ་འཁོར་དང་བཅས་པ་ལ་མཆོད་པ་སྣ་ལྔ་སྔགས་དང་ཕྱག་རྒྱས་འབུལ་དུ་བཅུག་ལ། བདག་ཉིད་དཔའ་བོ་ཀུན་གྱི་དངོས། །བདག་ཉིད་ལྷ་མོ་ཀུན་གྱི་གནས། །དེ་ཕྱིར་བདག་གིས་ཐམས་ཅད་བྱ། །བདག་ཉིད་རྣལ་འབྱོར་མ་དཔལ་མཆོད། །དེང་ཕྱིན་ཆད་ལྷ་དང་བླ་མ་མཆོད་པ་ལ་བརྩོན་པར་གྱིས་ཤིག བཞི་པ་སྤྱོད་པའི་རྗེས་གནང་ནི། དེ་ཉིད་རིག་པའི་རྣལ་འབྱོར་པས། མི་བྱ་བ་ནི་ཅི་ཡང་མེད། །དེ་ཉིད་ཤེས་ནས་དེ་ནས་ནི། །དཔའ་བོ་འདོད་པ་ལྔ་སྤྱོད་དོ། །དེང་ཁྱོད་ཀྱི་ལས་དང་པོ་པའི་སྤྱོད་པ་དང༌། བརྟན་པ་ཐོབ་པའི་སྤྱོད་པ་དང༌། བརྟན་པ་ཆེར་ཐོབ་པའི་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་རྣམས་སོ་སོའི་དུས་དང་འཚམས་པར་མ་འཁྲུལ་པའི་སྤྱོད་པ་གྱིས་ཤིག ལྔ་པ་ཆོས་བཤད་པ་ལ་སོགས་པ་གཞན་དོན་གྱི་རྗེས་གནང་ནི། རྟེན་ཅིང་འབྲེལ་བར་འབྱུང་བཅས་ཤིང༌། །སེམས་ཅན་སྒྱུ་མའི་རང་བཞིན་ནོ། ཁམས་གསུམ་དེ་ལྟར་ཤེས་ནས་ནི། །འགྲོ་བའི་དོན་ནི་མཉམ་མེད་བྱོས། །དེང་ཕྱིན་ཆད་རང་གི་ནུས་པ་དང་འཚམས་པར་སྐལ་བར་ལྡན་པ་གཞན་དག་ལ་འགྲོ་བའི་དོན་ཅི་ནུས་པར་སྒྲུབས་ཤིག དྲུག་པ་བསྲུང་བའི་རྗེས་གནང་ནི། གོང་བཞིན་སློབ་མའི་ལུས་ལ་གོ་ཆ་བཀོད་ནས། རྡོ་རྗེས་རེག་པར་བྱ། གོ་ཆའི་སྔགས་བརྗོད། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ལ། ཨོཾ་གསུམ་མ་དང༌། སུམྦྷ། ཚར་གཅིག་བརྗོད། མན་ངག་ལས་འབྱུང་བ་བཞིན་བསྲུང་བའི་འཁོར་ལོ་ཡོད་ན་གདགས་ཤིང་


TNT15_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ན་བསྲུང་སྐུད་དམར་པོ་གཡོན་པར་སྤྱི་དང་མཐུན་པར་བཅིངས། བསྲུང་བའི་སྔགས་བཟླ་ཞིང༌། བསྲུང་བར་བྱའོ། །འདིའི་གཞན་དོན་རྗེས་གནང་གི་སྐབས་སུ་འཁོར་ལོ་དུང་པོ་ཏི་རྣམས་གཏད་ཅིང༌། ཆོས་བཤད་ཀྱི་རྗེས་གནང་སྤྱི་དང་མཐུན་པ་ལྟར་བྱེད་པའི་ལུགས་ཀྱང་ཡོད་པས་སྤྲོ་ན་དེ་ལྟར་བྱའོ། །དེ་ནས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །སོགས་དང༌། མཎྜལ་དང༌། དེང་ནས་བརྩམས་ཏེ་བདག་བྲན་དུ། །སོགས་བྱ་སྟེ། སྤྱི་དང་མཐུན་ནོ། །གོང་དུ་ཚོགས་མཆོད་མ་བཏང་ན། སྐབས་འདིར་བཏང་ངོ༌། །རྗེས་ཀྱི་བྱ་བ་ནི། མཆོད་པ་ཁ་གསོས། བྱིན་གྱིས་རླབས། མཆོད་བསྟོད་གསོལ་བཏབ་ཡིག་བརྒྱ་བཟོད་གསོལ་གཤེགས་གསོལ། བདག་བསྲུང་ཚམ་རྔམ་སྨོན་ལམ་བཀྲ་ཤིས་རྣམས་བྱ་སྟེ། རྗེ་བཙུན་མའི་ཆོས་སྐོར་སྤྱི་དང་མཐུན་པ་ཡིན་ནོ། །དེའི་མཆོད་འཕྲེང་ལ་སོགས་པ་རྒྱས་པ་སྤྲོ་ན་དཔལ་འཁོར་ལོ་སྡོམ་པའི་ཆོ་ག་བཞིན་བྱའོ། །དེ་ལྟར་ན་ཞལ་གཉིས་མའི་སྒྲུབ་ཐབས་བྱིན་རླབས་དང་བཅས་པ་ལེགས་པར་བཤད་ཟིན་ཏོ། །དབུ་བཅད་མ་དང་དོན་གྲུབ་ཀྱི་བྱིན་རླབས་ཀྱི་ཆོ་ག་ལ། འདི་ན་མི་འདྲ་བའི་ཁྱད་པར་ནི། དབུ་བཅད་མ་ལ། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་སྣ་ཚོགས་པདྨ་བྲི། མེ་ལོང་ལ་ལྷ་མོ་གསུམ་གྱི་སྔགས་བརྩེགས་ནས་འབྲི་བ་དང༌། ལྷག་མ་ལྷ་སྔགས་ས་བོན་སོགས་ཀྱི་སྐབས་སོ་སོའི་མངོན་རྟོགས་བཞིན་འདོན་པ་བསྒྱུར་བའི་ཆོག ལྷའི་དེ་ཉིད་བསྟན་པའི་སྐབས། དབུ་བཅད་མའི་རྩ་གསུམ་བཅད་དེ་དུག་གསུམ་བཅད་པ་མཚོན། ལྷ་གསུམ་ནི་སྐུ་གསུམ་མཚོན་པ་ཡིན་ནོ། །ཞེས་བརྗོད། དོན་གྲུབ་མ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་སྣ་ཚོགས་པདྨ་འདབ་བཞི་བྲི། མེ་ལོང་ལ་ཆོས་འབྱུང་གི་དབུས་སུ་སྔགས་


TNT15_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པུ་དང་དགའ་འཁྱིལ་གྱི་ཚབ་ལ་སྣ་ཚོགས་རྡོ་རྗེ་བྲི། མདུན་བསྐྱེད་དང༌། བྱིན་རླབས་ཀྱི་སྐབས་འདོན་པ་སྤོ། ཁྱད་པར་དཀྱིལ་འཁོར་གྱི་དེ་ཉིད་བསྟན་པའི་སྐབས། རྡོ་རྗེ་རྒྱ་གྲམ་བཞི་ནི་འཕྲིན་ལས་རྣམ་པར་བཞིས་སེམས་ཅན་གྱི་དོན་མཛད་པ་མཚོན་ཞེས་པ་དང༌། ལྷའི་དེ་ཉིད་ཀྱི་སྐབས། ཕག་ཞལ་ནི། རྟོག་མེད་དེ་བཞིན་ཉིད་དུ་ཆོས་ཐམས་ཅད་རོ་གཅིག་པ་དང༌། ཕྱག་བཞི་ལས་བཞི་སྒྲུབ་ཅིང༌། སྐུ་བཞི་འགྲུབ་པར་མཚོན་ཞེས་འདོན་པ་སྤོ། བླ་མ་དཔྱལ་པ་རྣམས་ཀྱི་ཕྱག་ལེན་ལ། ཞལ་གཉིས་མའི་བྱིན་རླབས་མ་ཐོབ་པ་ལ་དབུ་བཅད་མ་དང༌། དོན་གྲུབ་མའི་བྱིན་རླབས་མི་མཛད་མོད། བླ་མེད་ཀྱི་དབང་བཞི་རྫོགས་པར་ཐོབ་ཕྱིན་ཆད། ཞལ་གཉིས་མའི་བྱིན་རླབས་སྔོན་དུ་མ་སོང་ཀྱང༌། དེ་དག་བྱིན་དུ་རུང་བ་ཁོ་ནའོ། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཆོས་སྐོར་ལ། གྲུབ་ཐོབ་ཀྱི་གཞུང་གི་ཁུངས་དང༌། བླ་མ་དམ་པའི་མན་ངག་དང་མཁས་པ་པཎྜི་ཏའི་ལེགས་བཤད་དང༌། བྱིན་རླབས་ཀྱི་བཀའ་མ་ཉམས་པ་དང༌། རྫོགས་རིམ་དང༌། ལས་ཚོགས་སུ་འཛོམས་པ་སོགས་སྒོ་ཐམས་ཅད་ནས། གཞལ་ན་འདི་ཉིད་ཁོ་ན་བཟང་བ་ཡིན་ནོ། །དབུ་བཅད་མ་དང༌། དོན་གྲུབ་མའི་སྒྲུབ་ཐབས་ནི་ལོགས་སུ་ཤེས་པར་བྱའོ། །མཆོག་གྱུར་སྒྲུབ་ཐབས་མཆོག་འདི་བཤད་པ་ལས། །མཁའ་སྤྱོད་ཆེན་པོ་མཁའ་ཁམས་ཆོས་ཀྱི་དབྱིངས། །བདེ་ཆེན་དཀྱིལ་འཁོར་བདེ་བའི་ལམ་གྱིས་ཐོབ། །བླ་མེད་བྱང་ཆུབ་བླ་མའི་དྲིན་ཐོབ་ཤོག །ཀུན༵་ལས་ངོ་མཚར་ཆེ་བས་ཆོས། །ལྷན་ཅིག་སྐྱེས་དག༵འ་འབྱུང་གནས་འདི། །སྙིང༵་པོ༵་དོན་གཉེར་བདག་འདྲས་བླངས། །སྐལ་བཟང་ཡོད་ན་ད་དུང་ལོང༌། །ཕག་མོ་ཞལ་གཉིས་མ་དཔྱལ་ལུགས་སུ་གྲགས་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། །


previousཕག་མོ་ཞལ་གཉིས་མ་དཔྱལ་ལུགས་སུ་གྲགས་པའི་སྒྲུབ་ཐབས། next