Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  collapse section
   
   
   
   
   
   
   
   
   
   
   
སྟོབས་ཆེན་འཆོལ་བའི་སྒྲུབ་ཐབས།
   
   
   
   
   
   
   
   
   
   
   
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section


 
previousསྟོབས་ཆེན་འཆོལ་བའི་སྒྲུབ་ཐབས།next

སྟོབས་ཆེན་འཆོལ་བའི་སྒྲུབ་ཐབས།


TNT15_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། གསང་བདག་དང་ནི་དེའི་སྤྲུལ་པ། །སྟོབས་པོ་ཆེ་ལ་ཕྱག་འཚལ་ནས། །སྟོབས་ཆེན་འཆོལ་བའི་སྒྲུབ་ཐབས་ནི། །ཇོ་བོའི་ལུགས་སུ་གྲགས་པ་བཤད། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་སོང་ནས། རང་གི་སྙིང་གའི་ཧཱུཾ་གི་འོད་ཀྱིས་སྡིག་སྒྲིབ་དང་མ་དག་པའི་སྣང་བ་ཐམས་ཅད་བསྲེགས། སྟོང་པའི་ངང་ལས་རང་ཉིད་ཁྲོ་རྒྱལ་རྨཻ་བརྩེགས་སྐུ་མདོག་ལྗང་ཁུ། ལྗང་སྔོན་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཐུགས་ཀར་སྡིགས་མཛུབ་བསྣོལ་བ། བར་པ་གཉིས་རྡོ་རྗེ་དང་དྲིལ་བུ། ཐ་མ་གཉིས་ལྕགས་ཀྱུ་དང་ཞགས་པ་འཛིན་པ། ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་བས་བགེགས་ཀྱི་ཚོགས་ཐམས་ཅད་གནོན་པར་མཛད་པ། མི་མགོའི་དབུ་རྒྱན་དང་དོ་ཤལ། མི་ལྤགས་གླང་ལྤགས་སྟག་ལྤགས་ལ་སོགས་པ་དཔལ་གྱི་ཆས་ཡོངས་སུ་རྫོགས་པ་མེ་དཔུང་འབར་བའི་


TNT15_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ན་བཞུགས་པའོ། །གནས་གསུམ་བྱིན་རླབས། ཡེ་ཤེས་པ་སྤྱན་འདྲེན། དབང་བསྐུར་རྒྱས་བཏབ་རྣམས་བྱ་ཞིང༌། རིགས་བདག་ནི་དོན་གྲུབ་བོ། །བཟླས་པའི་སྙིང་པོ་ནི་དུད་ཁའི་སྐབས་དང་འདྲ། གྲིབ་སེལ་བའི་སྔགས། ཨི་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ཨི་བི་རཾ་ཤུདྡྷེ་ཤུདྡྷེ། ཨ་ཨ་ཨ་སྭཱཧཱ། ཞེས་པའང་བཏགས་ཏེ་བཟླས། ཐུན་འཇོག་ཁར། ཨརྒྷཾ་ལ་སོགས་པས་མཆོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བཀའ་ཡི་འཕྲིན་ལས་ཀུན་སྒྲུབ་པ། ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ། །གདུལ་དཀའ་འདུལ་མཛད་ཁྱོད་ལ་བསྟོད། །ཅེས་བསྟོད་དོ། །ལྷ་སྐུ་སྟོང་པ་ཉིད་དུ་སྦྱངས་ནས། ཐུན་མཚམས་ལ་འཇུག་གོ །རྗེས་གནང་བྱེད་ཚུལ་ནི། མཎྜལ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་བུམ་པ་སྤྱི་དང་མཐུན་པར་བཤམ། གཏོར་མ་གསུམ་དང༌། མཆོད་པ་ཡང་བཤམ། བདག་བསྐྱེད་གོང་བཞིན་བྱས། མཆོད་པ་བྱིན་རླབས་སྤྱི་དང་མཐུན། མདུན་བསྐྱེད་བུམ་པ་སངས་སྦྱངས། བུམ་པའང་སྤྱི་དང་མཐུན་པར་བསྐྱེད་ནས། བུམ་པའི་ནང་དུ་མངོན་རྟོགས་ལྟར་ལྷ་བསྐྱེད། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། གོང་བཞིན་བསྟོད། གཏོར་མ་རྣམས་འབྲུ་གསུམ་གྱིས་བྱིན་གྱིས་བརླབས། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ་ནས། གཙོ་བོ་ལ་སྙིང་པོའི་མཐར་ཨི་དཾ་བཱ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པས་


TNT15_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། གཏོར་མ་གཉིས་པ་ཕྱོགས་སྐྱོང་བཅུ་དང༌། གསུམ་པ་བགེགས་ལ་ཁ་འབར་མའི་སྔགས་ཀྱིས་གཏོང་བའི་ལག་ལེན་ནམ་ཆ་གསུམ་གྱི་ཆོ་གས་འབུལ། སྤྲོ་ན་གཞི་བདག་གཏོར་མའང་བྱ། བུམ་པ་ལ་དམིགས་ནས་བཟླས་པ་ཅི་འགྲུབ་བྱ་ཞིང༌། མཐར་བུམ་པའི་ལྷ་འོད་དུ་ཞུ། དེ་ནས་སློབ་མ་ཁྲུས་བྱ། མཎྜལ་འབུལ། བགེགས་གཏོར་བཏང༌། ཨ་མྲྀ་ཏས་བསྲུངས། གསོལ་བཏབ་ནི། ཇོ་བོའི་ལུགས་ཀྱི་རྗེས་གནང་གཞན་དང་འདྲ། སྐྱབས་འགྲོ་སེམས་བསྐྱེད་རྒྱུན་བཤགས་བྱ། སློབ་མའི་སྤྱི་བོར་ཧཱུཾ་ལས་ཁྲོ་བོ་བསྐྱེད་རིགས་བདག་རྒྱས་འདེབས་ཀྱི་བར་བྱས་ཏེ། བླ་མའི་ཐུགས་ཀའི་ཧཱུཾ་གི་འོད་ཀྱིས། སློབ་མའི་ལུས་བྱིན་གྱིས་བརླབས་ནས། བཅོམ་ལྡན་འདས་བདག་གི་ལུས་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་བ་བཏབ་པས། ཁྲོ་བོ་འོད་དུ་ཞུ་ནས་སློབ་མ་ཁྲོ་བོའི་སྐུར་གྱུར། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ་སོགས་ཀྱིས་གསོལ་བ་བཏབ་པས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི་སོགས་ཀྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད་ཅིང༌། བུམ་པའི་ཆུས་དབང་བསྐུར། རིགས་བདག་གི་རྒྱས་གདབ་སྟེ་སྐུའི་རྗེས་གནང་ངོ༌། །གསུང་གི་རྗེས་གནང་བཟླས་ལུང་དང་བྱིན་གྱིས་བརླབ་པའི་ལུང་སྤྱི་དང་འདྲ། ཐུགས་ཀྱི་རྗེས་གནང་སློབ་མའི་སྙིང་གའི་སྔགས་འཁོར་ལས་འོད་འཕྲོས། ཁམས་གསུམ་འོད་དུ་ཞུ་བ་ནས་སྙིང་གའི་ཧཱུཾ་གི་


TNT15_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་དའི་བར་དུ་བསྡུས་ཏེ། སྟོང་པ་ལ་མཉམ་པར་བཞགསླར་ཡང་ལྷ་སྐུར་ལྡང་ངོ༌། །རྗེས་གནང་གི་རྗེས་ཀྱི་བྱ་བ་དང༌། མདུན་བསྐྱེད་ཀྱི་རྗེས་ཆོག་ཀྱང་སྤྱི་དང་འདྲ། འདིའི་གྲིབ་སེལ་གྱི་རིམ་པ་ནི། བུམ་པ་སྔ་མ་བཞིན་བསྒྲུབས། མཐེབ་ཀྱུ་ཉེར་གཅིགཆང་བུ་ཉེར་གཅིགདམར་གཏོར་གཅིག་དང་སྲད་བུ་ནག་པོ་རྣམས་བཤམས། དང་པོར་བཀྲུ་བ་དང་བྱབ་པ་གཉིས་བྱ། ཆང་བུ་རེ་དང་མཐེབ་ཀྱུ་རེ་ལ། ན་མཿས་མནྟ་བུདྡྷཱ་ནཱཾ། ན་མཿ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ཞེས་ལན་གསུམ་གསུམ་བཟླ་ཞིང་བསྐོར། གྲིབ་སེལ་བའི་སྔགས་ཀྱང་རེ་རེ་བཏགས། བསྒྲུབ་བྱ་ལ་གུ་གུལ་གྱིས་བདུགདྲག་སྔགས་བཟླ་ཞིང་ཡུངས་ཀར་གྱིས་བྲབས། སྲིན་མཛུབ་བཞི་ལ་སྲད་བུ་ནག་པོ་བཏགས། བྱབས་པའི་ཚུལ་གྱིས་གྲིབ་རྣམས་སྲད་བུ་ལ་བསྟིམ་པར་མོས། དེ་ཉིད་ཁྲོ་བོའི་སྔགས་གྲིབ་སེལ་གྱི་སྔགས་དང་སྦྲགས་པས་བཅད་ནས་གཏོར་མའི་ནང་དུ་བོར། གཏོར་མ་གོང་གི་སྔགས་ཀྱིས་བགེགས་རྣམས་ལ་བསྔོས། བདེན་པ་བདར་ཏེ། ཁྲུས་ཁུ་དང་གཏོར་མ་སོགས་ལམ་གྱི་བཞི་མདོར་བསྐྱལ། དེ་ནས་སྲུང་བ་དང་ཤིས་བརྗོད་བྱའོ། །གཞན་ཡང་ལམ་གཏོར་གྱིས་ཕྱོགས་སེལ་བ། ཆུ་མིག་མཚོ་རྫིང་ཡུལ་ཕྱོགས་སོགས་ཀྱི་གྲིབ་སེལ་བ་དང༌། སྲུང་སྐུད། སྲིའུ་གསོ་བ། སྦྱིན་བསྲེག་ལ་བརྟེན་ནས་ལས་བཞི་སྒྲུབ་པ་སོགས་ཀྱང་བསྙེན་


TNT15_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྔོན་སོང་གི་རྣལ་འབྱོར་པས་ཅི་རིགས་པར་སྒྲུབ་བོ། །འདི་ཡི་གདམས་པ་ངོ་མཚར་ཞེས། །བཀའ་གདམས་པ་ཀུན༵་སྒྲོག་ཅིང་དག༵འ། །ཡིག་རྙིང་རྣམས་ཀྱི་སྙིང༵་པོ༵་ཙམ། འདུས་ལ་གསལ་བར་བཀོད་པ་ཡིན། ཁྲོ་བོ་རྨེ་བརྩེགས་ལྗང་ཁུའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ།


previousསྟོབས་ཆེན་འཆོལ་བའི་སྒྲུབ་ཐབས།next