Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section


 
previousཐུབ་པ་གནས་བརྟན་བཅུ་དྲུག་དང་བཅས་པའི་སྒྲུབ་ཐབས།next

ཐུབ་པ་གནས་བརྟན་བཅུ་དྲུག་དང་བཅས་པའི་སྒྲུབ་ཐབས།


TNT15_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། སྟོན་པ་གཽ་ཏམ་ལྷག་པའི་ལྷ། །འཁོར་དང་བཅས་པ་ལ་བཏུད་ནས། །སངས་རྒྱས་བསྟན་པ་སྤེལ་བྱེད་ཀྱི། །ཐབས་མཆོག་སྒྲུབ་ཐབས་བྲི་བར་བྱ། །སྒོམ་དོན་དང་མཐུན་པའི་དཀྱིལ་འཁོར་རམ། དྲི་བཟང་གི་མཎྜལ་ཚོམ་བུ་ཅན་བཀོད་ཀྱང་རུང་སྟེ། མཆོད་པ་རྣམས་སྤྱི་དང་མཐུན་པར་བྱིན་གྱིས་བརླབས་པའམ། མཆོད་པའི་སྤྲིན་གྱི་གཟུངས་ཀྱིས་བྱིན་གྱིས་བརླབས། བདག་བསྐྱེད་ཡི་དམ་གང་ཡང་རུང་བ་ཞིག་གི་རྣལ་འབྱོར་ལ་གནས་པའམ། འདིའི་རང་ལུགས་ལ་བདག་བསྐྱེད་མེད་ཀྱང་ཆོག་སྟེ། མདུན་བསྐྱེད་ཀྱི་གཞི་སྟོང་པའི་ངང་ལས། ཞིང་ཁམས་རྣམ་པར་དག་པ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། དབུས་སུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་


TNT15_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་བཞི་སྒོ་བཞི་པ། རིན་པོ་ཆེ་སྣ་ཚོགས་པའི་ཁམས་ལས་གྲུབ་ཅིང༌། ཡོ་བྱད་སྣ་ཚོགས་པས་ཡོངས་སུ་གང་བ། དེའི་དབུས་སུ་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་དང་བཅས་པ། མཐའ་སྐོར་དུ་པདྨའི་གདན་བཅུ་དྲུག །ཤར་སྒོའི་ནང་དང་སྒོ་བཞིར་རིན་པོ་ཆེའི་གདན་དང་བཅས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བ་དང་མཚུངས་པའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ་དང་བཅས་པ་འབྱུང་བར་གྱུར་ཅིགཅེས་ལན་གསུམ་བརྗོད། སྤོས་བཏུལ་ཤིང༌། རོལ་མོས་སྒྲ་དང་བཅས་ཏེ། མ་ལུས་སེམས་ཅན་སོགས་ཀྱི་མཐར། འགྲོ་བའི་མགོན་པོ་ཤཱཀྱ་སེངྒེ་ཡིས། །སངས་རྒྱས་བསྟན་པ་གང་གི་ཕྱག་ཏུ་བཞག །གསུང་རབ་རིན་ཆེན་སྒྲོམ་གྱི་ཁ་འབྱེད་པ། །ཆོས་སྐྱོང་དགྲ་བཅོམ་ཆེན་པོ་བཞུགས་སུ་འཚལ། །དམ་ཆོས་སྤེལ་བའི་སླད་དུ་སྤྱན་འདྲེན་གྱི། །འགྲོ་བའི་དོན་དུ་མཆོད་ཕྱིར་གཤེགས་སུ་གསོལ། །སྤངས་དང་ཡེ་ཤེས་ཕུན་ཚོགས་སངས་རྒྱས་ཏེ། །གདུལ་བྱའི་དབང་གིས་ཉན་ཐོས་ཚུལ་འཛིན་ཞིང༌། ཁྱད་པར་ཅན་གྱི་འཕྲིན་ལས་ཆོས་སྐྱོང་བའི། །གནས་བརྟན་བཅུ་དྲུག་འདིར་བྱོན་གདན་ལ་བཞུགས། །ཞེས་བརྗོད་པས་རང་བཞིན་གྱི་གནས་ནས། ཐུབ་པ་གནས་བརྟན་ཆེན་པོ་བཅུ་དྲུག་གི་འཁོར་དང་བཅས་པ་ཕྱི་བཞིན་འབྲང་བ་དགེ་བསྙེན་དྷརྨཱ་པཱ་ལ། རྒྱལ་པོ་ཆེན་པོ་སྡེ་བཞིའི་ཚོགས་དང་བཅས་པ་རང་རང་གི་གདན་ལ་བཞུགས་པར་གྱུར། དབུས་སུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་གསེར་མདོག་གཡས་ས་གནོན་དང༌། གཡོན་


TNT15_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་བཞག་གི་ཕྱག་རྒྱ་མཛད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱི་བསྐོར་གྱི་པདྨ་རྣམས་ལ་ཤར་ནས་རིམ་པ་བཞིན་དུ་གཡས་སྐོར་གྱིས། ཡན་ལག་འབྱུང་སྤོས་ཕོར་དང་རྔ་ཡབ། མ་ཕམ་པ་མཉམ་བཞག །ནགས་ན་གནས་སྡིགས་མཛུབ་དང་རྔ་ཡབ། དུས་ལྡན་གསེར་གྱི་རྣ་བསྐོར། རྡོ་རྗེ་མོའི་བུ་སྡིགས་མཛུབ་དང་རྔ་ཡབ། བཟང་པོ་ཆོས་འཆད་མཉམ་བཞགགསེར་བེའུ་རིན་པོ་ཆེའི་ཞགས་པ། བྷ་ར་དྷྭ་ཛ་གསེར་ཅན་མཉམ་བཞགབ་ཀུ་ལ་ནེའུ་ལེ། སྒྲ་གཅན་འཛིན་རིན་པོ་ཆེའི་དཔྲོག་ཞུ། ལམ་ཕྲན་བརྟན་མཉམ་བཞགབྷ་ར་དྷྭ་ཛ་བསོད་སྙོམས་ལེན་གླེགས་བམ་ལྷུང་བཟེད། ལམ་བརྟན་ཆོས་འཆད་གླེགས་བམ། ཀླུའི་སྡེ་བུམ་པ་མཁར་བསིལ། སྦེད་བྱེད་གླེགས་བམ། མི་ཕྱེད་པ་བྱང་ཆུབ་མཆོད་རྟེན་འཛིན་པ་རྣམས་དགྲ་བཅོམ་གནས་བརྟན་དབང་པོ་དུལ་བའི་ཆ་ལུགས་ཅན། ཤར་སྒོའི་ནང་དུ་དགེ་བསྙེན་ཆེན་པོ་ཆོས་ཉིད་རྔ་ཡབ་དང་བུམ་པ་འཛིན་ཞིང༌། དབུ་སྐྲ་ཐོར་ཅོག་ཅན། གླེགས་བམ་གྱི་ཁུར་པོ་བསྣམས་པ། སངས་རྒྱས་སྣང་བ་མཐའ་ཡས་ལ་གཟིགས་ཤིང༌། པུས་མོ་གཡས་པ་ལས་སྟག་སྤྲུལ་བ། ཤར་སྒོར་ཡུལ་འཁོར་སྲུང་དཀར་པོ་པི་ཝང་འཛིན་པ། ལྷོ་སྒོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི་འཛིན་པ། ནུབ་སྒོར་མིག་མི་བཟང་དམར་པོ་སྦྲུལ་ཞགས་དང་མཆོད་རྟེན་འཛིན་པ། བྱང་སྒོར་རྣམ་ཐོས་སྲས་སེར་པོ་ཡིད་བཞིན་གྱི་རྒྱལ་མཚན་དང་ནེའུ་ལེ་འཛིན་པ་རྣམས་རང་རང་གི་འཁོར་བསམ་གྱིས་མི་ཁྱབ་པ་དང༌། བཅས་ཏེ་


TNT15_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པར་གྱུར། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། མཚུངས་མེད་ལྟ་བས་མི་ངོམས་ཞིང༌། །ཞེས་སོགས་ཀྱི་བསྟོད་པས་བསྟོད། ཨོཾ་མུ་ནེ་མུ་ནེ་མཧཱ་མུ་ན་ཡེ་སྭཱཧཱ། ཞེས་ཅི་ནུས་སུ་བཟླ། སྤྲོ་ན་རེ་རེ་ཞིང་མཆོད་པ་དང་བསྟོད་པ་དང༌། ཚིག་ལྷུག་པའི་གསོལ་འདེབས་བྱ་ཞིང༌། གཙོ་བོའི་སྔགས་ཉིད་བཟླ་བ་ཡིན་ནོ། །ཐུན་གྱི་མཐར། རྒྱལ་ཆེན་བཞི་ལ་གཏོར་མ་སྤྱི་དང་མཐུན་པར་བསྔོ། ཆ་གསུམ་དང་གཞི་བདག་གཏོར་མ་ཡང་སྤྲོ་ན་བྱ། རྒྱས་པ་ལ་མོས་ཤིང་ཤེས་ན། གནས་བརྟན་སྒྲུབ་ཡིག་ལས་འབྱུང་བའི་ཡན་ལག་བདུན་པ་རྒྱས་པ་རྣམས་ཀྱང་བྱ་ཞིང༌། བསྡུ་ན་བཟང་སྤྱོད་ཀྱི་ཡན་ལག་བདུན་པ་ཉིད་ཚར་གསུམ་ལ་སོགས་པ་བྱའོ། །འདིར་རིག་གཏད་བྱེད་པར་འདོད་པས་གཏོར་འབུལ་ཡན་ཆད་སོང་བའི་མཚམས་སུ་སློབ་མས་མཎྜལ་ཕུལ། ཐུབ་པ་མཆོག་དང་འཕགས་པའི་ཚོགས། །འགྲོ་བའི་མུན་སེལ་དགྲ་བཅོམ་གྱི། །ཚོགས་ལའང་བདག་ནི་སྐྱབས་སུ་མཆི། །རྗེས་སུ་གནང་བ་སྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ། མདུན་བསྐྱེད་གསལ་བཏབ་ལ་བཟང་སྤྱོད་ཀྱི་ཡན་ལག་བདུན་པ་ཚར་གསུམ་བྱ། སྐྱབས་སེམས་རྒྱས་བསྡུས་གང་རུང་དང༌། གསོལ་འདེབས་ཚིག་ལྷུག་པས་གསོལ་བ་འདེབས་སུ་བཅུགསློབ་མ་ཐུབ་པའི་དབང་པོར་སྐད་ཅིག་གིས་བསྐྱེད་ལ། ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀ་ནས་སྔགས་འཕྲེང་སྤྲོ་བའི་བཟླས་ལུང་སྤྱི་དང་མཐུན་པར་སྦྱིན། དེ་ཙམ་གྱིས་དོན་འགྲུབ་པ་ཡིན་ཏེ། རྗེས་ཀྱི་བྱ་བ་རྣམས་སྤྱི་དང་འདྲ་བ་ལས། སངས་རྒྱས་སྤྲུལ་པ་དགྲ་བཅོམ་འཕགས་པའི་ཚོགས། །ཞེས་པ་ནས། གནས་བརྟན་ཆེན་པོ་རྣམས་ཀྱི་བཀྲ་ཤིས་


TNT15_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་གི་བར་ངེས་པར་འདོན་ནོ། །ཀུན༵་ཏུ་བྱིན་རླབས་ཆེར་གྲགས་པ། །མཆོག་ཏུ་དག༵འ་བས་རབ་ཞུས་ཏེ། །གསོལ་འདེབས་སྙིང༵་པོ༵ར་བྱས་ན་ནི། བྱིན་རླབས་རྒྱ་ཆེར་འཕེལ་བར་འགྱུར། །ཐུབ་པ་གནས་བརྟན་བཅུ་དྲུག་དང་བཅས་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།


previousཐུབ་པ་གནས་བརྟན་བཅུ་དྲུག་དང་བཅས་པའི་སྒྲུབ་ཐབས།next