Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


  expand section
  expand section
  expand section
  collapse section
   
   
   
   
   
   
   
   
   
འཇིག་རྟེན་དབང་ཕྱུག་ཡི་གེ་བདུན་པར་གྲགས་པའི་སྒྲུབ་ཐབས།
   
   
   
   
   
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section


 
previousའཇིག་རྟེན་དབང་ཕྱུག་ཡི་གེ་བདུན་པར་གྲགས་པའི་སྒྲུབ་ཐབས།next

འཇིག་རྟེན་དབང་ཕྱུག་ཡི་གེ་བདུན་པར་གྲགས་པའི་སྒྲུབ་ཐབས།


TNT15_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔའ་བོ་བདེ་མཆོག་ཧེ་རུ་ཀ །སྤྱན་རས་གཟིགས་དང་གཉིས་མེད་པ། །དེ་ལ་བཏུད་ནས་སྒྲུབ་ཐབས་ནི། །མདོ་ཙམ་བདག་གིས་བྲི་བར་བྱ། །བསོད་ནམས་ཚོགས་བསོག་སྤྱི་དང་མཐུན། ཤཱུ་ནྱ་ཏའི་སྔགས་དོན་བསམ། ཡཾ་རཾ་བཾ་ལཾ་སུཾ་ལས་འབྱུང་བཞི་རི་རབ་དང་བཅས་པའི་རྩེ་མོར་ཧཱུཾ་ལས་བསྲུང་བའི་འཁོར་ལོར་གྱུར། ཨོཾ་མེ་དྷི་ནི་སོགས་སྔགས་དྲུག་བདེ་མཆོག་བཞིན་བརྗོད། དབུས་སུ་འཁོར་ལོ་རྩིབས་དྲུག་པ་ལྟེ་བར་པད་ཉིའི་གདན་ལ། ཨཱ་ལི་ལས་ཟླ་བ་དཀར་པོ། ཀཱ་ལི་ལས་ཟླ་བ་དམར་པོ། དེའི་དབུས་


TNT15_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཧཱུཾ། འོད་ཟེར་འཕྲོ་འདུ་ལས་རང་ཉིད་དཔལ་ཆེན་སྤྱན་གཟིགས་སྐུ་མདོག་མཐིང་ཀ་ནག་དཀར་དམར་བའི་ཞལ་གསུམ། ཕྱག་དང་པོ་གཉིས་ཀྱིས་རྡོར་དྲིལ་འཛིན་པས་ཡུམ་སྒེག་མོ་དམར་མོ་མདའ་གཞུ་འཛིན་པ་ལ་འཁྱུད་པ། གཉིས་པ་གཉིས་ཀྱིས་མི་ལྤགས་སྟོད་གཡོགས་སུ་འཕྱར་བ། ཐ་མ་གཉིས་ཌ་མ་རུ་དང་ཐོད་ཁྲག་འཛིན་ཞིང༌། མཆན་ཁུང་ན་ཁ་ཊྭཱཾ་ག །རུས་དུམ་གྱི་དོ་ཤལ་དང༌། མེ་ཏོག་དང་རིན་པོ་ཆེས་ཀྱང་བརྒྱན་པ། ཞབས་གཡོན་བསྐུམས་པས་དབང་ཕྱུག་དང༌། གཡས་བརྐྱང་བས་དཀར་མོ་མནན་པ། དབུ་སྐྲ་དམར་སེར་འཁྱིལ་བ་ལ་ཨུ་དུམ་བ་རའི་མེ་ཏོག་ཅན། ཧེ་རུ་ཀའི་ཆ་བྱད་རྫོགས་པའོ། །རྩིབས་དྲུག་ལ་མདུན་ནས་གཡོན་བསྐོར་གྱིས། ཕཊ་ཧཱུཾ་ཧ་ཧ་ཧྲཱིཿཨོཾ་ལས་ཧེ་རུ་ཀ་མ་སྔོན་མོ། འཇིགས་མ་སེར་མོ། དྲག་མོ་དམར་མོ། དབང་བྱེད་མ་ལྗང་ཁུ། རྣམ་ལྟས་མ་དུད་ཁ། རྡོ་རྗེ་མཁའ་འགྲོ་མ་དཀར་མོ། ཐམས་ཅད་ཞལ་གཅིག་ཕྱག་བཞི་ཌ་མ་རུ་དང་དྲིལ་བུ་མི་ལྤགས་བསྣམས་པ། ཉི་མ་དང་རོ་གདན་ལ་བཞུགས་ཤིང༌། རྣམ་པ་གཙོ་བོ་དང་མཚུངས་པའོ། །ཡེ་ཤེས་པ་བསྲེས། ལཾ་མཾ་པཾ་ཏཾ་ཁཾ་ཁམས་ལྔ་ཡུམ་ལྔར་གྱུར། ཨོཾ་ཨཾ་ཧྲཱིཿཧོ་ཧཱུཾ་ཕུང་པོ་ལྔ་རིགས་ལྔར་གྱུར། བྷྲུཾ་ཧཱུཾ་ཨཾ་ཁཾ་ཧཾ་ཧཾ། སྐྱེ་མཆེད་དྲུག་ལ་གནས་པ་སེམས་དཔའ་དྲུག་གི་བདག་ཉིད་དུ་གྱུར། ཡབ་ཀྱི་གནས་རྣམས་སུ། ཨོཾ་ཧ། ན་མ་ཧི། སྭཱཧཱ་ཧཱུཾ། བཽ་ཥ་ཊྭ་ཧེ། ཧཱུཾ་ཧཱུཾ་ཧོ། ཕཊ་ཧཾ། ཡུམ་གྱི་གནས་རྣམས་སུ།


TNT15_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཾ། ཧཾ་ཡོཾ། ཧྲིཾ་མོཾ། ཧྲིཾ་ཧྲིཾ། ཧཱུཾ་ཧཱུཾ། ཕཊ་ཕཊ། གནས་གསུམ་དུ། ཨོཾ་ཨཱཿཧཱུཾ། དབང་གི་ལྷ་རྣམས་ཀྱིས། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་དབང་བསྐུར། གཙོ་འཁོར་ཐམས་ཅད་ལ་རྡོ་རྗེ་སེམས་དཔས་དབུ་བརྒྱན། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཅེས་ཅི་ནུས་སུ་བཟླའོ། །ཐུན་གྱི་མཐར། དཀྱིལ་འཁོར་རང་ལ་བསྡུས། རང་ཉིད་ཀྱང་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་གྱུར། དབྱིངས་དང་མཉམ་པར་བཞག །གཏོར་ཆོག་ནི། གཏོར་མ་བསངས་སྦྱངས། འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ནས། ཡེ་ཤེས་པ་དང་འཇིག་རྟེན་པ་ལྷན་ཅིག་ཏུ་འབུལ་བའི་ལུགས་ཡིན་པས། མཁའ་འགྲོ་སྤྱི་གཏོར་ཁོ་ནས་ཆོག་གོ །འདིའི་བྱིན་རླབས་བྱེད་ཚུལ་ནི། མཎྜལ་ལ་འཁོར་ལོ་སེར་པོ་རྩིབས་དྲུག་ལྟེ་བ་ཉི་གདན་དུ་བྱ། རྩིབས་རྣམས་ལའང་ཉི་གདན་ཆུང་ངུ་རེ་འགོད། གདན་དེ་རྣམས་ཀྱི་སྟེང་དུ་ལྷ་རྣམས་ཀྱི་ཁ་དོག་དང་མཐུན་པའི་རྡུལ་ཚོན་གྱི་ཚོམ་བུ་དང༌། འཁོར་ལོའི་ཕྱི་རོལ། པད་རྭ། རྡོ་རྭ། མེ་རིས་བསྐོར། ནང་དུ་གཏོར་མ་གཉིས་དང་མཆོད་པ་བཟང་དུ་བཤམས། ཡོལ་བས་མཚམས་བཅད། སྔོན་འགྲོ་གཏོར་མ་བགེགས་གཏོར་གྱི་ཚུལ་དུ་བཏང༌། གནས་ཡོ་བྱིན་རླབས་སྤྱི་དང་མཐུན། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས། མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསངས་སྦྱངས། དེའི་དབུས་སུ་རང་ཉིད་འདུག་པར་བསམས་ལ། གོང་བཞིན་བཟླས་པ་ཡན་ཆད་མངོན་རྟོགས་རྫོགས་པར་བསྒོམ། གཏོར་མ་དང་པོ་དེ་བསྔོས་ལ་གཙང་སར་བཏང༌། སློབ་མས་མཎྜལ་ཕུལ། མིག་དར༌། མེ་ཏོག དགའ་ཆེན་ཁྱོད་སོགས་གསོལ་བཏབ། རྒྱུན་བཤགས། རིགས་ལྔའི་སྡོམ་བཟུང༌། ཟླ་བ་རྡོ་རྗེའི་སེམས་


TNT15_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་མནའ་ཆུ་བླུད་པ་རྣམས་བྱ། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ལྷ་ཚོགས་དཔག་ཏུ་མེད་པ་འཕྲོས་ནས། སློབ་མ་ལ་བསྟིམ། ཡིག་བདུན་གྱི་མཐར་ཨ་བེ་ཤ་ཡ་བཏགས་པ་མང་དུ་བཟླ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི་སོགས་ཀྱིས་གདོང་གཡོགས་བཀྲོལ། ཨོཾ་པྲ་ཏཱིཙྪ་བཛྲ་ཧོས་གཙོ་བོ་ལ་མེ་ཏོག་གཏོར། མདུན་བསྐྱེད་ལྷ་ངོ་བསྟན། དངོས་གཞིའི་དོན་དུ་མཎྜལ་ཕུལ། སློབ་མ་མངོན་རྟོགས་བཞིན་གཙོ་བོར་བསྐྱེད། ཡེ་ཤེས་པ་བསྟིམ། མངོན་རྟོགས་བཞིན་དབང་བསྐུར། རིགས་བདག་གི་རྒྱས་འདེབས་བུམ་དབང༌། ཡི་གེ་བདུན་པས་ནང་མཆོད་སྦྱིན། གསང་དབང༌། ལྟེ་བའི་གཏུམ་མོ་འབར་ཏེ་སྤྱི་བོའི་ཧཾ་ཡིག་ཞུ་བའི་དགའ་བ་བཞིའི་དོན་ལ་ངོ་སྤྲད། ཤེར་དབང༌། སེམས་ཕྱག་རྒྱ་ཆེན་པོར་ངོ་སྤྲད་པ་དབང་བཞི་པ། དེ་ནས་བཟླས་ལུང་སྦྱིན། སློབ་མ་དང་མདུན་བསྐྱེད་ཀྱི་རྗེས་ནི་སྤྱི་དང་འདྲ་བ་ལས། མཆོད་བསྟོད་སོང་བའི་རྗེས་སུ་གཏོར་མ་གཉིས་པ་དེ་བསྔོ་བ་ཡིན་ནོ། །ཀུན༵་ནས་ཟབ་པ་མི་ཏྲའི་གསུང༌། །ལོ་ཙྪ་བ་ལ་རྗེས་གནང་ཚེ། །མཆོག་ཏུ་དག༵འ་བས་ཡི་གེར་བཀོད། །དེའི་སྙིང༵་པོ༵་འདི་ཙམ་ལགས། འཇིག་རྟེན་དབང་ཕྱུག་ཡི་གེ་བདུན་པར་གྲགས་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། །དར་རྒྱས་འཕེལ།། །།


previousའཇིག་རྟེན་དབང་ཕྱུག་ཡི་གེ་བདུན་པར་གྲགས་པའི་སྒྲུབ་ཐབས།next