Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section


 
previousགཤེད་དམར་ལྷན་སྐྱེས་ཀྱི་སྒྲུབ་ཐབས།next

གཤེད་དམར་ལྷན་སྐྱེས་ཀྱི་སྒྲུབ་ཐབས།


TNT15_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། གང་འདིར་བདུད་བཞི་ལས་རྒྱལ་བར། །འདོད་དེས་དྲག་ཤུལ་བླ་ན་མེད། །ཤིན་ཏུ་མཆོག་གྱུར་གཤིན་རྗེ་གཤེད། །སྒོམ་པའི་ཚུལ་ལ་འབད་པར་བྱོས། །འདིར་གཤེད་དམར་ལྷན་སྐྱེས་སྒོམ་པར་འདོད་པས། སྐྱབས་སེམས་སྔོན་དུ་འགྲོ་བས། སྙིང་གར་ཨ་ལས་ཉི་མའི་སྟེང་དུ་ཧཱུཾ་ལས་དབྱུག་པ་ཧཱུཾ་གིས་མཚན་པའི་འོད་ཀྱིས། བླ་མ་དང་གཤིན་རྗེ་གཤེད་དམར་པོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། གུར་ནས་འབྱུང་བའི་ཡན་ལག་བདུན་པ་བྱ། ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ། ཤཱུནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་གིས་བསྲུང་འཁོར་གཞལ་ཡས་ཁང་དང་བཅས་པའི་དབུས་སུ། པཾ་ལས་པདྨའི་ལྟེ་བར་ཉི་མ། དེའི་སྟེང་དུ་ཧཱུཾ་ལས་དབྱུག་པ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོ་ཉི་མ་བྱེ་བའི་གཟི་ཅན། མཆེ་བ་རྣོན་པོ་གཙིགས་ཞིང་བཞད་པ་ཕྱག་གཡས་པས་རྡོ་རྗེ་དབྱུག་པ་དཀར་པོ་མི་མགོ་རློན་པས་མཚན་པ་འཕྱར་བས་འཇིག་རྟེན་གསུམ་འདུལ་བ། གཡོན་བདུད་བཞིའི་ཁྲག་གིས་གང་བའི་ཐོད་པ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་མ་ཧེའི་སྟེང་དུ་ལས་ཀྱི་གཤིན་རྗེ་བསྒྱེལ་ནས་བརྫིས་པ། སྟག་ལྤགས་ཀྱི་ཤམ་ཐབས། ཐོད་སྐམ་གྱི་དབུ་རྒྱན། མགོ་རློན་གྱི་དོ་ཤལ། ཀླུ་བརྒྱད་ཀྱི་རྒྱན་དང་བཅས་པ། སྤྱན་གསུམ་སྐྲ་སེར་གྱེན་དུ་འབར་བ། རང་མཚུངས་ཀྱི་ཡུམ་རྡོ་རྗེ་རོ་ལངས་མ། ཐོད་སྐམ་གྱི་འཕྲེང་བ་ཅན་གྱིས་འབྱུང་བ། བདུད་དང་གཤིན་རྗེ་མཐའ་དག་རླག་པར་མཛད་


TNT15_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང༌། སྐུ་ལ་འབར་བའི་ཕྲེང་བའི་འཁྲུགས་པའོ། །སྙིང་གར་པད་ཉི་ལ་ཧཱུཾ་ལས་དབྱུག་པ་དཀར་པོ་ཧཱུཾ་གིས་མཚན་པ། ཧཱུཾ་ལས་ཡབ་ཀྱི་རྡོ་རྗེ། ཨ་ལས་ཡུམ་གྱི་པདྨ། ཡབ་ཡུམ་སྙོམས་པར་ཞུགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ལྷ་མོའི་ལྟེ་བའི་འོག་ཏུ་པདྨ་དམར་པོའི་ལྟེ་བར་ཧྲཱིཿདམར་པོ། སྤྱི་བོར་ཧཾ་ལས་བྱུང་བའི་རེ་ག་དམར་པོ་འབབ་བཞིན་པར་གྱུར། རང་གི་སྙིང་གའི་འོད་ཀྱིས་གཤིན་རྗེ་གཤེད་རིགས་ལྔ་བཛྲ་ས་མཱ་ཛཿ ཨོཾ་ཨ་བྷི་ཥིཉྩ་ཏུ་མཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དབང་བསྐུར་ཏེ་རྡོ་རྗེ་སེམས་དཔའི་དབུ་བརྒྱན། ཛཿཧཱུཾ་བཾ་ཧོཿ ཞེས་རང་ལ་གཉིས་སུ་མེད་པར་ཐིམ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། སྙིང་པོ་མཐར་འབྲུ་གསུམ་གྱིས་ཕུལ། སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་རབ་མཆོག་གི་མཆོག །དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་བསྟོད། །དེ་ནས་ཡིད་ཀྱིས་སྟོང་པར་བསྡུས་ལ། སླར་ཡང་ལྷ་སྐུར་ལངས་ལ། ཨོཾ་ཧྲཱིཥྟཱི་བི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་ཅི་ནུས་བཟླས། འཇུག་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ། གཏོར་མ་ཡང་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། ཡཾ་ལས་རླུང༌། རཾ་ལས་མེ། ཧཱུཾ་ལས་ཐོད་པའི་ནང་དུ། ཨོཾ་ཨཱཿཧཱུཾ། ཞུ་བ་ལས་བྱུང་བའི་གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ཞེས་


TNT15_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ་གྱིས་བྱིན་གྱིས་བརླབས། ཕྱོགས་སྐྱོང་བ་ལ་སོགས་པའི་གཏོར་མ་རྒྱས་པར་སྦྱིན་པར་འདོད་ན། མངོན་རྟོགས་རྒྱས་པར་ཤེས་པར་བྱ་ལ། འདིར་ནི་གཙོ་རྐྱང་ལ་འབུལ་བའམ། བསྡུས་པའི་དབང་དུ་བྱས་ནས། རང་གི་སྙིང་གའི་འོད་ཟེར་གྱིས་བཅོམ་ལྡན་འདས་གཤིན་རྗེ་གཤེད་འཁོར་བཅས་བཛྲ་ས་མཱ་ཛཿ ཨོཾ་ཧྲཱིཿཥྟཱི་བི་ཀྲི་ཏཱ་ན་ན་རཀྟ་ཡ་མཱ་རི་ཨི་དཾ་བ་ལིཾ་གྲྀཧྣ་གྲྀཧྣ་མ་མ་བིགྷྣཱན་ཧ་ར་ཧ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པའམ། ཧྲཱིཿཥྟཱིའི་མཐར་ཨ་ཀཱ་རོ་བཏགས་པ་ལན་བདུན་གྱིས་ཕུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། གོང་བཞིན་བསྟོད་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་གསོལ་བ་བཏབ། ཡིག་བརྒྱ། བཟོད་གསོལ། གཤེགས་སུ་གསོལ་བ་རྣམས་སྤྱི་དང་མཐུན། ལྷན་སྐྱེས་ཀྱི་སྒྲུབ་ཐབས་ཅུང་ཟད་རྒྱས་པར་སྒོམ་པར་འདོད་ན། སྔར་སྦྱར་ཟིན་པའི་སྒྲུབ་ཐབས་སུ་ཤེས་པར་བྱའོ། །འདིའི་བྱིན་རླབས་ནི་མདུན་དུ་མཎྜལ་ཚོམ་བུ་གཅིག་པ་དང༌། མཆོད་པ་རྒྱས་བསྡུས་གང་རུང་ཞིག་བཤམས། བདག་མདུན་དབྱེར་མེད་དུ་མངོན་རྟོགས་སྒོམ། ཆོས་སྐྱོང་སོ་སོ་དང་མཁའ་འགྲོ་སྤྱི་གཏོར་གཅིག་འབུལ། བུམ་པ་གཅིག་བཅས་པ། ཧྲཱིཿཥྟཱི་མང་དུ་བཟླ། སྒོམ་རྒྱུ་ནི་མེད། མདུན་བསྐྱེད་རང་ལ། གཏོར་མ་འབུལ་མི་དགོས། སློབ་མ་རྣམས་ལ་ཆོས་བཤད། མཎྜལ། ཀུན་མཁྱེན་ཡེ་ཤེས་སོགས་གསོལ་བཏབ་རྒྱུན་བཤགས་རིགས་ལྔའི་སྡོམ་བཟུང་བྱ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་འཕྲོས། སློབ་མ་རྣམས་ཞལ་དུ་བཅུག ཡུམ་གྱི་མཁའ་ནང་དུ་སློབ་མ་གཤེད་མར་ཡབ་ཡུམ་དུ་བསྐྱེད། སངས་རྒྱས་རྣམས་སྤྱན་དྲངས་ནས་དབང་བསྐུར། མཁའ་ནང་ནས་ཕྱིར་


TNT15_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་པ་ལ་སྐུའི་རྗེས་གནང་བཞིན་ཡེ་ཤེས་པ་བསྟིམ་རོལ་མོ་བྱ། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །སོགས་གསོལ་བ་བཏབ། སངས་རྒྱས་རྣམས་ནི་སོགས་ཀྱིས་བུམ་པས་དབང་བསྐུར། མི་བསྐྱོད་པས་དབུ་བརྒྱན་ཏེ་བུམ་དབང་ངོ༌། །ནང་མཆོད་བྱིན་རླབས་བསྡུས་པ་ཅིག་བྱ། གཤིན་རྗེ་གཤེད་ཡབ་ཡུམ་དེའི་སྟེང་དུ་གསལ་བཏབ། བྱང་སེམས་སུ་ཞུ་ནས་བདུད་རྩི་དང་འདྲེས། ཧྲཱིཿཥྟཱི་འབྲུ་གསུམ་དང་བཅས་བཟླས་ཀྱིན་སློབ་མ་ལ་སྦྱིན་ཏེ། གསང་དབང་ངོ༌། །ཡང་སློབ་མ་ལྷ་སྐུ་གསལ་དྭངས་བདུད་རྩིའི་རོ་མྱོང་བ་བརྗོད་བྲལ་ལ་ཅུང་ཟད་མཉམ་པར་བཞག ཤེས་རབ་ཡེ་ཤེས་སོ། །སྤྲོས་མེད་ལྟར་སེམས་འཛིན་མེད་དུ་བཞག་ཏུ་བཅུག སྐྱེ་མེད་དུ་ངོ་སྤྲད། དབང་བཞི་པའོ། །བཟླས་ལུང་དམ་བཅའ་བའི་ལུང༌། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །སོགས་བྱིན་གྱིས་བརླབས་པའི་ལུང་བྱ། སངས་རྒྱས་ཀུན་གྱི་རལ་གྲི་ཆེ། །སོགས་རལ་གྲིའི་རྗེས་གནང༌། ཨེ་མ་ཧོ་བསོད་པ་འདི་ནི་བཟང༌། སོགས་ཀྱིས་གྲི་གུག་དང་ཐོད་པ་སྦྱིན། མངོན་སྤྱོད་ཀྱི་རྗེས་གནང་ངོ༌། །སློབ་མ་གཤེད་དམར་དུ་བསྒོམ་པའི་ལག་ཏུ་དབྱུག་པ་དང་ཐོ་བ་གཏད། གཤིན་རྗེ་གཤེད་པོའི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །རྡོ་རྗེ་དབྱུག་པ་ཀ་པཱ་ལ། །དཔའ་བོས་ཡང་དག་བཟུང་བར་བགྱི། །ཞེས་པས་གཏད། མདུན་བསྐྱེད་སློབ་མ་ལ་ཐིམ་པར་མོས། སུ་པྲ་ཏིཥྛ་སོགས་རོལ་ཆེན་བྱ། མཆོད་པ་དང་བཀྲ་ཤིས་ཅི་འགྲུབ་བྱ། མཎྜལ་ཕུལ། རྗེས་ཆོག་སྤྱི་དང་འདྲའོ། །གཤེད་སྐོར་ཀུན༵་ལས་ཟབ་པའི་ཕུལ། །ལྷན་སྐྱེས་སྒྲུབ་ཐབས་ཆེས་དག༵འ་བ། །གཞུང་དང་མན་ངག་ལ་བརྟན་ནས། །རང་གིས་སྦྱར་བའི་སྙིང༵་པོ༵འོ། །ཞེས་པ་གཤེད་དམར་ལྷན་སྐྱེས་ཀྱི་སྒྲུབ་ཐབས་བསྟན་པའི་ལེ་ཚན་ནོ། །


previousགཤེད་དམར་ལྷན་སྐྱེས་ཀྱི་སྒྲུབ་ཐབས།next