Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


  expand section
  expand section
  expand section
  expand section
  collapse section
སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་ལྔ་པ།
   
   
   
   
   
   
   
   
   
   
   
   
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section


 
previousསྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་ལྔ་པ།next

སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་ལྔ་པ།

ནཱ་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས།


TNT15_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔལ་ལྡན་རྡོ་རྗེ་ཟླ་བར་རབ་ཆགས་ཀུན་རྟོག་རབ་སྤངས་ཕྱོགས་ཀྱི་གོས་ཅན་མ། །བདེན་གཉིས་ཟུང་འཇུག་མཆོག་ཏུ་སྦྱོར་བས་ཁྲོ་ཞིང་འདོད་ཆགས་ཉམས་བརྒྱའི་རོས་སྒེག་མ། །བདེ་ཆེན་མྱོས་བྱེད་ཟློས་གར་བསྒྱུར་མཁས་ཧེ་རུ་ཀ་དཔལ་དགྱེས་པའི་ནཱ་ཊ་ཀཱ །བདེ་གཤེགས་ཀུན་ཡུམ་རྡོ་རྗེ་རྣལ་འབྱོར་མ་དཔལ་བཏུད་ནས་དཔལ་མོ་དེ་ཡི་སྒྲུབ་ཐབས་བཤད། །འདི་ཡི་བསྙེན་པ་ཙམ་ལ་ཡང༌། །མན་ངག་གཞན་ལས་རྟོགས་བྱའི་ཕྱིར། །སློབ་མ་རྗེས་འཛིན་དང་འབྲེལ་བའི། །ལག་ལེན་མདོ་ཙམ་བྲི་བར་བྱ། །གནས་དུས་བཟང་པོར་མཎྜལ་ཆོས་འབྱུང་ཉིས་བརྩེགས་རྡུལ་ཚོན་གྱིས་བྲིས་ལ། དེར་མཉྫི་ལ་ཀ་པཱ་ལ་ཆང་ལ་བདུད་རྩི་སྦྱར་བས་


TNT15_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བཀང༌། མེ་ལོང་ལ་སིནྡྷུ་ར་བཀྲམ། གསེར་གྱི་ཐུར་མས་ཆོས་འབྱུང་སོགས་རང་གི་སྙིང་གའི་སྔགས་འཁོར་ལྟར་འབྲི། སྟེང་ནས་དར་དམར་པོས་བཀབ། ནང་གི་གཏོར་མ་གཉིས་དང༌། དཀྱིལ་འཁོར་གྱི་མཆོད་པ་རྣམས་གཡོན་བསྐོར་དུ་བཤམ། ཚོགས་ཀྱི་ཡོ་བྱད་དང༌། སྔོན་འགྲོ་གཏོར་མ། རོལ་མོ་དང་རྡོར་དྲིལ། ཌཱ་མ་རུ། ནང་མཆོད་གོས་ཟུང་སོགས་སྒྲུབ་མཆོད་ཀྱི་ཡོ་བྱད་དང༌། བུམ་པ། དུང་ཆོས། ཟུངས་ཐག ཆུ་གཉིས་ཉེར་སྤྱོད་ལྔ་སྟེ་བུམ་སྒྲུབ་ལ་དགོས་པ་དང༌། མིག་དར། མེ་ཏོག ཏིང་ལོ། མཎྜལ། འབྲུ་ནས་སོགས་སློབ་མ་ལ་དགོས་པ་རྣམས་ཚང་བར་བྱས་ལ། སྔོན་འགྲོ་གཏོར་མ་མཁའ་འགྲོ་སྤྱི་གཏོར་གྱི་ཆོ་གས་བདེ་མཆོག་ལྟར་བཏང་ལ་མཚམས་བཅད། དེ་ནས་བསྲུང་བ་ནི། རང་སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་བཾ། ཧཾ་ཡོཾ། ཧྲིཾ་མོཾ། ཧྲིཾ་ཧྲིཾ། ཧཱུཾ་ཧཱུཾ། ཕཊ་ཕཊ། ཅེས་བདག་དང་རྣལ་འབྱོར་བསྲུང་བ་དང༌། ཨོཾ་སུམ་བྷ་ནི་སུམ་བྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྣ་གྲྀཧྣ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྣ་པཱ་ཡ་གྲྀཧྣ་པཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བཛྲ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། ཅེས་ལན་གཉིས་བརྗོད། སེ་གོལ་ཕྱོགས་བཅུར་བརྡབ་པའི་ཚམ་ངམ་ལག་ལེན་བཞིན་བྱས་ལ། བསྲུང་འཁོར་དུ་གྱུར་པར་མོས་པ་ནི་གནས་བསྲུང་བའོ། །ནང་མཆོད་སུམ་བྷ་ནིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་དང༌། རཾ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ། ཨ་ལས་ཐོད་པ་དཀར་པོ་དུམ་བུ་གསུམ་པ་དཔྲལ་བ་རང་ལ་བསྟན་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨ་ལ་ཟླ་བའི་དཀྱིལ་


TNT15_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་སྟེང་དུ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ འདིར་ལག་པ་བྱིན་རླབས་སྔོན་དུ་འགྲོ་བའི་ཕྱི་རོལ་མཆོད་པ་སྤྲོ་ན་བྱས་ཀྱང་ལེགས་མོད། ཆོ་གའི་རིམ་པ་ལ་མི་དགོས་སོ། །དེ་ནས་སྤྲོ་ན་ཞུ་འབུལ་དང༌། སྐྱབས་འགྲོ་སེམས་བསྐྱེད། རྡོར་སེམས་སྒོམ་བཟླས་རྣམས་ཀྱང་བདེ་མཆོག་གི་ཆོ་ག་བཞིན་བྱ། བསྡུ་ན་མ་བྱས་ཀྱང་ཆོག་སྟེ། སྐྱབས་འགྲོ་ནི་བླ་མ་བསྒོམ་པར་འདུས། སེམས་བསྐྱེད་ཚད་མེད་དུ་འདུས། ཡིག་བརྒྱ་མཐའ་གཅིག་ཏུ་དགོས་པའི་ཡན་ལག་རང་མ་ཡིན་པས་སོ། །དེ་ནས་བདུད་རྩི་མྱངས་ལ། ཨོཾ་ཨཱཿཧཱུཾ། ཞེས་བརྗོད། ཚད་མེད་ནི། སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱ། དེའི་ཆེད་དུ་རྡོ་རྗེ་རྣལ་འབྱོར་མ་བསྒོམ་པར་བགྱིའོ། །ལན་གསུམ་བྱ། དེ་ནས་བླ་མ་སྒོམ་པ་ནི། རང་གི་མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲིའི་སྟེང་དུ། རྩ་བའི་བླ་མ་རྡོ་རྗེ་ཆོས་ཀྱི་རྣམ་པ་ཅན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཌཱ་མ་རུ་དང་ཁ་ཊྭཱཾ་ག་དང་ཐོད་པ་བསྣམས་པ། རུས་པའི་རྒྱུན་དྲུག་གིས་བརྒྱན་པ། རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཞུགས་པ། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཆང༌། །ཀུན་གྱི་བྱེད་པོ་བླ་མ་ཡིན། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་གཉིས་སུ་མེད་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། བླ་མ་འོད་དུ་ཞུ་ནས་རང་


TNT15_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐིམ། དེ་ནས་བདག་ཉིད་ལྷར་བསྐྱེད་པ་ནི། རང་གི་སྙིང་གར་ཨེ་ཨེ་ཡོངས་སུ་གྱུར་པ་ལས་ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་ཀྱི་དབུས་སུ། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཾ་ཡིག་དམར་པོ། དེའི་མཐར་གཡོན་བསྐོར་དུ། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞཱ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་སྭཱཧཱ། ཞེས་པས་བསྐོར་བ་ལས་འོད་འཕྲོས་པས། རང་གི་ལུས་ཐམས་ཅད་གང་བས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བསྲེགས་སྦྱངས། ལུས་འོད་ཀྱི་གོང་བུར་གྱུར་པའི་སྐད་ཅིག་ལས། རང་ཉིད་རྡོ་རྗེ་རྣལ་འབྱོར་མ་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་ཞབས་གཡས་བརྐྱང་པས་དུས་མཚན་མ་དམར་མོ་དང༌། གཡོན་བསྐུམ་པས་འཇིགས་བྱེད་ནག་པོ་མནན་པ། སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཕྱག་གཡས་པས་རྡོ་རྗེས་མཚན་པའི་གྲི་གུག་གམ་རྡོ་རྗེ་ལ་ཌཱ་མ་རུ་དཔྱངས་པ་ཐུར་དུ་སྡིགས་པ། གཡོན་པས་ཐོད་པ་ཁྲག་གིས་གང་བ་སྟེང་གི་ཕྱོགས་སུ་བཟུང་ནས་གདོང་གྱེན་དུ་ཕྱོགས་པས་གསོལ་བ། མཆན་ཁུང་ངམ་ཕྲག་པ་གཡོན་པར་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་ལ་དྲིལ་བུ་གཡེར་ཀ་དང༌། འཕན་ལྕེ་གསུམ་པ་རྣམས་འཕྱང་བཞིན་དུ་བསྣམས་པ། ཁྲོ་ཆགས་འདྲེས་པ། བདེ་བ་རྒྱས་པའི་ཉམས་ཅན། བཞད་ཅིང་མཆེ་བ་གཙིགས་པ། སྒེག་ཅིང་མཛེས་ལ་ནུ་འབུར་རྒྱས་ཤིང༌། སྐེད་སྐབས་ཕྲ་བ། ཀླུ་ཤིང་གི་མེ་ཏོག་སྣ་ལྔས་བརྒྱན་པའི་དབུ་སྐྲ། ནག་པོ་སིལ་བུར་གྲོལ་བ། ཐོད་པ་སྐམ་པོ་ལྔའི་དབུ་


TNT15_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། གཅེར་བུ་རུས་པའི་རྒྱན་ལྔས་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་གནས་རྣམས་སུ། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ལྟེ་བར་ཨོཾ་བཾ་དམར་མོ་རྡོ་རྗེ་ཕག་མོ། །སྙིང་གར་ཧཾ་ཡོཾ་སྔོན་མོ་གཤིན་རྗེ་མ། ཁར་ཧྲིཾ་མོཾ་དཀར་མོ་རྨོངས་བྱེད་མ། དཔྲལ་བར་ཧྲིཾ་ཧྲིཾ་སེར་མོ་བསྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་ལྗང་ཁུ་སྐྲག་བྱེད་མ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཁ་ཙཎྜི་ཀཱའི་རང་བཞིན་ནོ། །དེ་ནས་དཔའ་བོ་དཔའ་མོས་བྱིན་གྱིས་བརླབས་པ་ནི། འབར་བའི་ཕྱག་རྒྱས་བསྐོར་ལ། ཕཻཾ། རང་གི་སྙིང་གའི་བཾ་ལས་འོད་འཕྲོས་པས། འོག་མིན་ནས་རྡོ་རྗེ་རྣལ་འབྱོར་མ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའ། དཔའ་བོ་རྣལ་འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པ་ཐིམ། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅ཧཾ། དེ་ནས་འགྲོ་བ་དག་པ་ནི་སྙིང་གའི་ས་བོན་སྔགས་འཕྲེང་དང་བཅས་པ་ལས་འོད་འཕྲོས། བ་སྤུའི་བུ་ག་ནས་བྱུང༌། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར། ཡང་འོད་འཕྲོས་དེ་རྣམས་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མར་གྱུར་པ་མཉེས་པར་བྱས། འོད་ཟེར་ཚུར་འདུས་རང་ལ་ཐིམ་པར་བསམ། དེ་ནས་དང་པོར་ངག་བཟླས་དང༌། ཕྱི་ནས་ཡིད་བཟླས་བྱ་སྟེ། སྙིང་གའི་སྔགས་འཁོར་རམ་གསང་བའམ་ལྟེ་བར་བསྒོམས་ནས་བཟླས་པ་བྱའོ། །མཐར་བསམ་མི་ཁྱབ་ནི། སྙིང་གའི་སྔགས་འཕྲེང་ལས་འོད་འཕྲོས།


TNT15_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་འོད་ཀྱི་རྣམ་པར་གྱུར། ཚུར་འདུས་གཟུགས་མེད་ཁམས་པ་ཐམས་ཅད་རང་ལུས་སྟོད་ཀྱི་ཆ་ལ་ཐིམ། གཟུགས་ཁམས་པ་ཐམས་ཅད་བར་གྱི་ཆ་ལ་ཐིམ། འདོད་ཁམས་པ་ཐམས་ཅད་སྨད་ཀྱི་ཆ་ལ་ཐིམ། རང་ཡང་སྙིང་གའི་ཟླ་བ་ལ། དེ་སྔགས་འཕྲེང་ལ། དེ་ཡང་བཾ་ལ། དེ་ཡང་ཐིག་ལེ་ལ། དེ་ཡང་ནཱ་དར་གྱུར། ནཱ་ད་ཡང་མི་དམིགས་པར་གྱུར། དེ་ལ་བློ་བཞག་སླར་ཡང་རང་ཉིད་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར། ཞེས་བརྗོད། སྤྲོ་ན་མཆོད་བསྟོད་ཅུང་ཟད་བྱས་ལ། མཐར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བདག་མཁའ་སྤྱོད་དག་པའི་གནས་སུ་འཁྲིད་པ་དང༌། མཐར་ཐུག་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་ཏེ་བདག་བསྐྱེད་དོ། །དེ་ནས་མདུན་བསྐྱེད་སུམ་བྷས་བསངས། སྭ་བྷཱ་ཝས་སྦྱངས། མདུན་བསྐྱེད་ཀྱི་དཀྱིལ་འཁོར་མི་དམིགས་ཏེ་སྟོང་པའི་ངང་ལས་ཆོས་འབྱུང་ཉིས་བརྩེགས་ཀྱི་དབུས་སུ། ཀཾ་ལས་ཐོད་པ་དཀར་པོ་དུམ་བུ་གསུམ་པ་དཔྲལ་བ་རང་ལ་བསྟན་པ་ཡངས་ཤིང་རྒྱ་ཆེ་བ་ནང་བདུད་རྩི་ལྔས་ཡོངས་སུ་གང་བའི་སྤྲིས་མ་སྣ་ཚོགས་རྡོ་རྗེའི་ཚུལ་དུ་གནས་པའི་ལྟེ་བའི་ཧཱུཾ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། རྡོ་རྗེའི་ས་གཞི་རྭ་བ། དྲྭ་བ་གུར། བླ་བྲེ་ཡེ་ཤེས་ཀྱི་མེ་འབར་བའི་བསྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་དབུས་སུ། ཨེ་ཨེ་ཡོངས་སུ་གྱུར་པ་ལས་ཆོས་


TNT15_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གྲུ་གསུམ་གཉིས་བརྩེགས་ཕྱི་དཀར་ལ་ནང་དམར་བ། ཡངས་ཤིང་རྒྱ་ཆེ་བའི་མདུན་རྒྱབ་སྤངས་པའི་གྲྭ་བཞིར་དགའ་བ་འཁྱིལ་བ་བཞི་གཡོན་དུ་འཁོར་བ། དེའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཾ་ཡིག་དམར་པོ། དེའི་མཐར་གཡོན་བསྐོར་དུ་ཨོཾ་ཨོཾ་ཨོཾ་ནས། སྭཱཧཱ། ཞེས་པས་བསྐོར་བ་ལས་ས་གསུམ་ཁྱབ་པའི་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་རྣལ་འབྱོར་མ་ཞེས་པ་ནས། ཙཎྜི་ཀཱའི་ངོ་བོ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཕཻཾ་ནས་ཡོ་ག་ཤུདྡྷོ྅འི་བར་སྔར་བཞིན་བྱེད། ཐུགས་ཀའི་བཾ་ཡིག་ཟླ་བ་སྔགས་འཕྲེང་དང་བཅས་པ་ལས་ས་གསུམ་ཁྱབ་པའི་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། རྡོ་རྗེ་རྣལ་འབྱོར་མའི་གོ་འཕང་ལ་བཀོད། སླར་འདུས་སྙིང་གའི་ཆོས་ཀྱི་ཡི་གེ་ལ་ཐིམ། དེ་ནས་བཟླས་པ་བྱེད། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་གཤེགས་གསོལ་གྱི་ཆོ་ག་མ་བྱས་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཅེས་གསོལ་བ་བཏབ། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས། སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་མགྲོན་སྤྱན་དྲངས། སུམ་བྷ་ནིས་བསངས། སྭ་


TNT15_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུཾ་ཞུ་བ་ལས་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་བཟང་ཞིང་རྒྱ་ཆེ་བ། དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ། པཱདྱཾ། པུཥྤེ། དྷུ་པེ། ཨཱ་ལེ་ཀེ གནྡྷེ། ནཻ་ཝི་ཏྱེ། ཤཔྟ་ཨཱཿཧཱུཾ། ཞེས་མཆོད་པ་བྱིན་གྱིས་བརླབས། དེ་ནས་མཆོད་པ་འབུལ་བ་ནི། རྒྱས་པར་ན། འཁོར་ལོ་སྡོམ་པའི་མཆོད་འཕྲེང་ཉིད་འདོན་པ་སྤོ། མདོར་བསྡུ་ན་འདི་ལྟར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། པཱདྱཾ། ཨོཾ་ལྷ་ཡི་མེ་ཏོག་ཤིན་ཏུ་དམར། །དྲི་ཞིམ་ཤིན་ཏུ་མཛེས་པ་ཡི། །མེ་ཏོག་དེ་རིང་བཞེས་ནས་སུ། །འདི་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནི་ས་པ་རི་ཝཱ་ར་བཛྲ་པུཥྤེ་པྲ་ཏཱིཙྪ་ཨཱཿཧཱུཾ་སྭཱཧཱ། ཨོཾ་ཙནྡ་ག་བུར་དང་བཅས་པས། །དྲི་ཞིམ་སྤོས་མེ་དགེ་བ་ཡི། །མཐུ་དང་ལྡན་པར་བྱ་བ་འདི། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོ། །དྷུ་པཾ། ཨོཾ་མར་མེ་འོད་ཟེར་འབར་བ་འདི། །ངན་འགྲོའི་མུན་པ་འཇོམས་པར་བྱེད། །ཨ་ཡི་མིག་འབྱེད་བཀྲ་ཤིས་པའི། །མར་མེ་ཁྱོད་ཀྱིས་བཞེངས་སུ་གསོལ། །དཱི་པཾ། ཨོཾ་སྣ་ཚོགས་ལྷ་ཡི་དྲི་ཞིམ་པ། །སྣ་ཚོགས་ག་བུར་རྣམ་བརྒྱན་པ། །སྣ་ཚོགས་ཡི་གེ་ཧཱུཾ་ལས་བྱུང༌། །དྲི་འདི་འབུལ་གྱི་བཞེས་སུ་གསོལ། །གནྡྷཾ། ཨོཾ་ཁ་དོག་དྲི་དང་རོ་


TNT15_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའི། །བཟའ་བ་མཆོག་དང་ཡང་དག་ལྡན། །ཐམས་ཅད་སྦྱར་བའི་བཤོས་འདི་དག །འབུལ་གྱིས་ཡང་དག་བཞེས་སུ་གསོལ། །ནཻ་ཝི་དྱེ། ཨོཾ་སརྦ་ནས་བཛྲ་ཤཔྟ་པྲ་ཏཱིཙྪ་ཨཱཿཧཱུཾ་སྭཱཧཱ། ཞེས་པ་རྣམས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནི་ས་པ་རི་ཝཱ་ར་བཛྲ་ཝསྟྲ་སྱ་ཨཱཿཧཱུཾ་སྭཱཧཱ། ཞེས་གོས་ཟུང་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་གི་ནི་ས་པཱ་རི་ཝཱ་ར་ཝཱི་ནི་བཛྲི་ནི་པཱུ་ཛི་ཏེ་ཨཱཿཧཱུཾ། དེ་བཞིན་དུ། བཱང་སེ༴ མྲྀ་ཏངྒེ༴ མུ་ར་ཛེ༴ ཧ་སྱེ༴ ལཱ་སྱེ༴ གྲིརྟི༴ ནིརྟི༴ པུཥྤེ༴ དྷུ་པེ༴ ཨཱ་ལོ་ཀེ༴ གནྡྷ༴ རཱུ་པ༴ ར་ས༴ སྤརྴེ༴ ནང་མཆོད་ནི། སྤྲོ་ན་བླ་མ་རྣམས་ཀྱི་མཚན་གྱི་མཐར་འབྲུ་གསུམ་བཏགས་ལ་འབུལ། སྙིང་པོའི་ཨོཾ་གསུམ་གྱི་མཐར་འབྲུ་གསུམ་བཏགས་ལ་ཕུལ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭཱ་ད་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། བདུད་རྩི་མྱངས། མཉེས་མཆོད་ནི། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ཎཱི་ཡེ། བཛྲ་ཝརྞ་ནི་ཡེ། བཛྲ་བཻ་རོ་ཙ་ན་ཡེ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ལན་ལྔ་ཙམ་བྱེད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་འཁྱུད་རྒྱ་བྱ། དེ་ནས་བསྟོད་པ་ནི། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོ་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང༌། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཨོཾ་ན་མོ་བྷ་ག་ཝ་ཏེ་བཛྲ་ཝཱ་རཱ་ཧཱི་ཝཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་ཨཱཪྱ་ཨ་པ་ར་ཛི་ཏེ་ཏྲཻ་ལོ་ཀྱ་མ་ཏེ་མཧཱ་བིདྱ་


TNT15_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཤྭ་རི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་སརྦ་བྷུ་ཏ་བྷ་ཡ་ཝ་ཧཻ་མཧཱ་བཛྲིཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བཛྲ་ཨཱ་ས་ནེ་ཨ་ཛི་ཏེ་ཨ་པ་ར་ཛི་ཏ་ཝ་ཤི་ཀ་རི་ནཻ་ཏྲ་བྷྲ་མ་ནི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མ་ཤོ་ཥ་ནི་རོ་ཥ་ནི་ཀྲོ་དྷ་ཀ་ར་ལི་ནེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མཿསྟྲ་ས་ནི་སཱར་ནི་པྲ་བེ་དེ་ནི་ཨ་པ་རཱ་ཛ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བི་ཛ་ཡེ་ཛམྦྷ་ནི་སྟམྦྷ་ནི་མོ་ཧཱ་ནི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བཛྲ་ཝཱ་རཱ་ཧཱི་མཧཱ་ཡོ་གི་ནི་ཀཱ་མེ་ཤྭ་རི་ཁ་གེ་ཧཱུཾ་ཧཱུཾ་ཕཊ། དེ་ནས་གཏོར་མ་ནི། སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གཏོར་མ་རྣམས་ཀྱི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་དང༌། རཾ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ། ཨ་ལས་ཐོད་པ་དཀར་པོ་དུམ་བུ་གསུམ་པ། དཔྲལ་བ་ནང་ལ་བསྟན་པ། ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ན་གོ་ཧ་ད་ཀུ་ལས་ཤ་ལྔ། མུ་བི་མ་ར་ཤུ་ལས་བདུད་རྩི་ལྔ་རྣམས་ཧཱུཾ་བྲུཾ་ཁཾ་བཛྲིཾ་ཨཾ་ཡེ་ཤེས་ལྔའི་ངོ་བོས་མཚན་པ། རླུང་གཡོས་མེ་སྦར་ཞུ་ཞིང་ཁོལ། རང་གི་སྙིང་གའི་འོད་ཀྱིས་ཡེ་ཤེས་ཀྱི་བདུན་རྩི་སྤྱན་དྲངས་ཏེ་བསྟིམ་པས། གཏོར་མ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ཨོཾ་གསུམ་མའི་མཐར། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨདྱ་ནུཏྤནྣ་ཏྭ་ཏ། ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ལན་ལྔས་དབུལ། བཛྲ་ཡོ་གི་ནི་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཨོཾ་གསུམ་མ་ཚར་གཅིག་བརྗོད་ནས། རྡོ་རྗེ་རྣལ་འབྱོར་མའི་ཞལ་དུ་མཆོད་པར་འབུལ་ལོ། །ཨོཾ་ཨཱཿཧཱུཾ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །ཞེས་པ་ནས། དེ་སྙེད་རྣམས་


TNT15_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱག་འཚལ་ལོ། །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེས་གསུངས་ཚིག་ཀྱང་ཚད་མའི་མཆོག་ཡིན་ཏེ། །བདེན་པ་འདི་ཡིས་ལྷ་མོ་དེ་དག་གིས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །འཇིག་རྟེན་འདས་པའི་གཏོར་ཆོག་གོ །ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿཕཻཾ། ཨོཾ་བཛྲ་ཨ་རལླི་ཧོ་ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི་བར་མཁའ་འགྲོ་སྤྱི་གཏོར་བྱ་སྟེ། འཇིག་རྟེན་པའི་གཏོར་ཆོག་གོ །བུམ་པའི་མཆོད་པ་གོང་ལྟར་བྱིན་གྱིས་བརླབས། བུམ་པ་སུམ་བྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲུཾ་ལས་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྷ་རྫས་ཀྱི་གོས་ཀྱི་མགུལ་ཆིངས་དང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་ཐམས་ཅད་ཀྱིས་ཡོངས་སུ་གང་བའི་དབུས་སུ། ཨེ་ཨེ་ཡོངས་སུ་གྱུར་པ་ལས། ཞེས་པ་ནས། ཡོ་ག་ཤུདྡྷ་སརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། ཞེས་པའི་བར་མདུན་བསྐྱེད་བཞིན་བྱེད། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཡོ་ག་ནི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་པ་ནས། ཤཔྟའི་བར་བརྗོད། ཨོཾ་བཛྲ་གཎྜེ་ར་ཎི་ཏ་ནས། ཨ་ཁཾ་སྭཱཧཱ། ཞེས་པས་མཆོད། ཨོཾ་གསུམ་མའི་རྗེས་སུ། རྡོ་རྗེ་རྣལ་འབྱོར་མའི་ཞལ་དུ་མཆོད་པར་འབུལ་ལོ། །ཨོཾ་ཨཱཿཧཱུཾ། ཞེས་ནང་མཆོད་ཕུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་ནས། དེ་རྙེད་རྣམས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། རང་གི་སྙིང་ག་ནས་སྔགས་ཀྱི་འཕྲེང་བ་གཟུངས་ཐག་ལ་ཞོན་ནས་སོང་བས། བུམ་ནང་གི་རྗེ་བཙུན་


TNT15_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཐུགས་རྒྱུད་བསྐུལ། དེའི་བ་སྤུའི་བུ་ག་ནས་བདུད་རྩིའི་ཆུ་རྒྱུན་བྱུང་བས་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བར་གྱུར། དེ་ནས་བཟླས་པ་བྱེད། མཐར་ཨོཾ་སུམྦྷ་སོགས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་པའང་བཟླས། མཆོད་བསྟོད་རྣམས་གོང་བཞིན་བྱའོ། །མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །དུང་ཆོས་ཀྱི་ཆུ་བུམ་པར་བླུགས། ཨོཾ་ཨཱཿཧཱུཾ། མཆོད་ཡོན་ཕུལ་བའི་རྐྱེན་གྱིས་བུམ་ནང་གི་རྗེ་བཙུན་མ་འོད་དུ་ཞུ་ནས་བུམ་པའི་ཆུ་ནུས་པ་ཀུན་དང་ལྡན་པར་གྱུར། དུང་ཆོས་ཀྱི་ཆུ་བླངས་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་ཁྲུས་བྱས་ལ། སློབ་མ་ལ་བྱ་བ་ལྟར་བདག་འཇུག་རྫོགས་པར་བླངས། དེ་ནས་སློབ་མ་རྣམས་ལ་ཆབ་བཏང༌། མེ་ཏོག་བཀྱེ་བསྡུ་བྱ། སློབ་དཔོན་གྱིས་ཆོས་བཤད། མཎྜལ་འབུལ་བར་བསྐུལ། སློབ་མས་ཀྱང་ཚོམ་བུ་གཡོན་བསྐོར་དུ་བཀོད་ལ། འཇུག་པའི་ཆོས་འཁོར་བཅས་ཞུ་བའི་ཡོན་དུ་མཎྜལ་ཕུལ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་ནས།


TNT15_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་སྐྱོབས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ལན་གསུམ་གྱིས་གསོལ་བ་བཏབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་རྒྱུན་བཤགས་ལན་གསུམ་བརྗོད། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །ཞེས་པ་ནས། སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་གྱིས་སྡོམ་པ་བཟུང༌། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །ཀུན་ལ་བདག་ནི་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །དཔལ་ལྡན་ཁྲག་འཐུང་སོགས་དཔའ་བོ། །རྣལ་འབྱོར་མ་དང་སྣང་མཛད་སོགས། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་ནི་དུས་འདི་ནས་བཟུང་སྟེ། །ཇི་སྲིད་གཉིས་མེད་ལ་གནས་པར། །དེ་ཡི་ཚངས་སྤྱོད་གཉིས་མེད་པ། །ཉི་ཤུ་རྩ་གཉིས་ལེགས་པར་བསྲུང༌། །ཞེས་ལན་གསུམ་གྱིས་ཐུན་མོང་མ་ཡིན་པའི་སྡོམ་པ་བཟུང༌། ཨོཾ་ཙཀྵུ་བན་དྷ་ཝ་རཱ་མ་ན་ཡེ་ཧཱུཾ། ཞེས་མིག་དར་བཏང༌། ཨ་ཁཾ་ཝི་ར་ཧཱུཾ་གིས་མེ་ཏོག་གཏད། བུམ་ཆུས་སློབ་མ་ལ་གཏོར་ལ་སུམ་བྷ་ནིས་བསངས། ཨོཾ་ཨཱཿཧཱུཾ། བདུད་རྩི་སྦྱིན། བུ་ཁྱོད་སུ་ཡིན་ཅི་


TNT15_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དགའ། །ཞེས་འདྲི། སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །ཞེས་རྗེས་ཟློས་བྱ། དེ་ཡིས་བུ་ལ་ཅི་ཞིག་བྱ། །ཞེས་འདྲི། སངས་རྒྱས་མཆོག་གི་དམ་ཚིག་གོ །ཞེས་རྗེས་ཟློས་བྱ། སློབ་མའི་སྙིང་གར་ཟླ་བ་ལ་རྡོ་རྗེ་དཀར་པོ་བསྒོམ་དུ་བཅུག་ནས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡཱ་མི། ཞེས་རྗེས་ཟློས་བྱར་བཅུག རྡོ་རྗེ་སྙིང་གར་གཏུགས་པས་བརྟན་པར་བྱས་པར་སྒོམས་ཤིག་བྱས་ལ། སློབ་མའི་སྙིང་གར་རྡོ་རྗེས་གཏུགས་ལ། སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། རྡོ་རྗེ་སྤྱི་བོར་བཞག་ལ། དེང་ཁྱོད་རྡོ་རྗེ་རྣལ་འབྱོར་མའི་རིགས་སུ་ཞུགས་ཀྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་དམ་པ་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཞེས་གསང་བར་གདམས། ཛཿཧཱུཾ་བཾ་ཧོཿ ཞེས་པས་ཡོལ་བའི་ནང་དུ་བཅུག ཡེ་ཤེས་དབབ་པ་ཞུ་བའི་ཡོན་དུ་མཎྜལ་འབུལ། ཡེ་ཤེས་དབབ་པའི་དོན་དུ་མོས་པ་འདི་བཞིན་མཛོད་བྱས་ལ། མདུན་བསྐྱེད་བཅོམ་ལྡན་འདས་མའི་ཐུགས་ཀའི་བཾ་ཡིག་ལས་འོད་བྱུང༌། ཁྱེད་རང་གི་ལྟེ་བར་ཐིམ། འོད་འདུས་པ་ལས་ཆོས་འབྱུང་ཉིས་བརྩེགས་བཾ་ཡིག་ཟླ་བ་སྔགས་འཕྲེང་དང་བཅས་པ་ལས་འོད་འཕྲོས། ཁྱེད་རང་གི་ལུས་ཐམས་ཅད་གང༌། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བསྲེགས་སྦྱངས། ལུས་འོད་ཀྱི་གོང་བུར་གྱུར་པའི་སྐད་ཅིག་ལས། རང་ཉིད་རྡོ་རྗེ་རྣལ་འབྱོར་མ་སྣ་ཚོགས་པདྨ་


TNT15_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་འཇིགས་བྱེད་དུས་མཚན་མའི་གདན་ལ་གཡས་བརྐྱང་པས་བཞུགས་པ། སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གྲི་གུག་དང་ཐོད་པ་ཁ་ཊྭཱཾ་ག་བསྣམས་པ། རུས་པ་དང་མི་མགོའི་འཕྲེང་བས་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་གནས་རྣམས་སུ། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་བཾ། ཧཾ་ཡོཾ། ཧྲིཾ་མོཾ། ཧྲིཾ་ཧྲིཾ། ཧཱུཾ་ཧཱུཾ། ཕཊ་ཕཊ་རྣམས་གསལ་བཏབ་ལ། རྗེས་ཟློས་མཛོད། བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་གཉིས་སུ་མ་མཆིས་པས་བདག་ལ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པའི་དངོས་གྲུབ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་ཞིང་བརྟན་པར་མཛད་དུ་གསོལ། ལན་གསུམ། དེ་ནས་ཏིང་ལོ་སློབ་མའི་ཁར་སྦྱིན་ལ། མདུན་བསྐྱེད་བཅོམ་ལྡམ་འདས་མའི་ཐུགས་ཀའི་བཾ་ཡིག་ལས་ངོ་བོ་རྡོ་རྗེ་རྣལ་འབྱོར་མ་རྣམ་པ་མུན་སེལ་གྱི་ཏིང་ལོ་འོད་གསལ་བ་བྱུང༌། ཁྱེད་རང་གི་ཁ་སྒོ་ནས་ཞུགས། དབུ་མའི་ལམ་ནས་བརྒྱུད། ལྟེ་བའི་བཾ་ཡིག་དང་རོ་གཅིག་ཏུ་འདྲེས་པ་ལས། ནང་གི་རྣལ་འབྱོར་མ་ཚོན་གང་བར་གྱུར། དེས་བདེ་བ་ཆེན་པོའི་གར་མཛད། ཆོས་འབྱུང་གི་གྲྭ་བཞིར་ཡང་དགའ་བ་འཁྱིལ་བ་བཞི་གཡོན་དུ་འཁོར། སྨིན་མཚམས་དང་གསང་སྒོར་ཡང་དགའ་བ་འཁྱིལ་བ་གཡོན་དུ་འཁོར། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་བྱོན་ནས་ཁྱེད་རང་ལ་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་


TNT15_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྣལ་འབྱོར་མའི་སྐུ་གསུང་ཐུགས་ཀྱི་ངོ་བོ་དམ་པར་བྱིན་གྱིས་བརླབས། རོལ་ཆེན་བྱ། ཨོཾ་གསུམ་མ་བརྗོད། ཨོཾ་བཛྲ་ཨ་བེ་ཤ་ཨ། ཡེ་ཤེས་དབབ་པའི་རྒྱུན་དེ་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་པས་བརྟན་པར་མོས་མཛོད། ཏིཥྛ་བཛྲ་ལན་གཉིས། མདུན་བསྐྱེད་རྡོ་རྗེ་རྣལ་འབྱོར་མའི་སྐུ་ལ་མེ་ཏོག་ཕུལ་བར་མོས་ལ། མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས་ཀྱིས་བྱས་ལ། ཨོཾཔྲ་ཏཱིཙྪ་བཛྲ་ཧོཿ སླར་ཡང་མེ་ཏོག་དེ་ཉིད་རང་གི་སྤྱི་བོར་བཅིངས་པར་མོས་ཤིག་བྱས་ལ། ཨོཾ་པྲ་ཏི་གྲྀཧྞ་སྟྭཾ་ཨི་མཾ་སཏྭ་མཧཱ་བ་ལ། རྣལ་འབྱོར་མ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བའི་ཐམས་ཅད་མཐོང་བ་ཡང༌། རྡོ་རྗེ་མིག་ནི་བླ་ན་མེད། །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲིཾ་ཏྲཾ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བ་ཐམས་ཅད་མངོན་སུམ་བཞིན་དུ་གསལ་བར་གྱུར། དབང་གི་དངོས་གཞི་ཞུ་བའི་ཡོན་དུ་མཎྜལ་དབུལ། རྣལ་འབྱོར་མ་དཔལ་དབང་བསྐུར་བ། །འགྲོ་བ་སྐྱོབ་པའི་གཟི་བརྗིད་ཅན། །ཇི་ལྟར་ཡོན་ཏན་འབྱུང་གནས་གཙོ། །དེ་བཞིན་བདག་ལ་དེང་སྩོལ་ཅིག །ཅེས་ལན་གསུམ་རྗེས་ཟློས་ཀྱིས་གསོལ་བ་བཏབ། རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། ཁྱེད་རང་རྣམས་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་སྟེང་དུ། གདུགས་དཀར་པོ་མཐའ་སྐོར་དུ་མཆོད་པའི་སྤྲིན་གྱིས་ཕུང་པོ་ས་དང་བར་སྣང་ཐམས་ཅད་གང་བར་གྱུར། མདུན་བསྐྱེད་བཅོམ་ལྡན་འདས་མའི་ཐུགས་ཀ་ནས་དབང་གི་ལྷ་སྤྲུལ་ཏེ་དབང་བསྐུར་བའི་ལས་མཛད་པར་མོས་ཤིག་བྱས་ལ། བུམ་པ་བཟུང༌།


TNT15_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་འཐོར་ཞིང༌། ཧེ་རུ་ཀ་དཔལ་འབར་བའི་སྐུ་མངའ་བ། །ཧ་ཧའི་གད་མོས་ས་གསུམ་གཡོ་བར་མཛད། །ཧཱུཾ་ཧཱུཾ་ཕཊ་ཀྱིས་བདུད་ཀྱི་ཀླད་པ་འགེམས། །བདེ་མཆོག་འཁོར་ལོས་བཀྲ་ཤིས་དེང་འདིར་སྩོལ། །ཨེ་ཝཾ་མཉམ་པར་སྦྱར་བ་བདེ་བའི་སྐུ། །ཨཱ་ལི་ཀཱ་ལི་རོལ་པའི་གསུང་མངའ་ཞིང༌། །ཨཾ་གི་ངོ་བོར་སོན་པའི་ཐུགས་མངའ་བ། །ཤེས་རབ་ཕག་མོའི་བཀྲ་ཤིས་དེང་འདིར་སྩོལ། །ཞེས་ཤིས་པ་བརྗོད། དབང་ལྷ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད་བྱས་ལ། དེ་བཞིན་གཤེགས་པ་ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། དེ་ནས་དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནས། དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཨོཾ་ཙཀྲ་ཝཱི་ར་སྟྭཾ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་ཆུ་དབང་བསྐུར། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞྞ་ནཱི་ཡེ། མཧཱ་མུ་ཀུ་ཊ་ཧོཿ ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས། རང་གི་སྤྱི་བོའི་གཙུག་ཏུ་རྣམ་པར་སྣང་མཛ། དཔྲལ་བར་མི་བསྐྱོད་པ། རྣ་བ་གཡས་པར་རིན་ཆེན་འབྱུང་ལྡན། ལྟག་པར་འོད་དཔག་མེད། རྣ་བ་གཡོན་པར་དོན་ཡོན་གྲུབ་པ་རྣམས་ཀྱིས་དབུ་བརྒྱན། དེ་ནས་བརྟན་བཞུགས་སུ་གསོལ་བའི་མོས་པ་གྱིས་བྱས་ལ། རོལ་ཆེན་དང་བཅས་སློབ་མ་ལ་མེ་ཏོག་གཏོར་ལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཞེས་བརྗོད་དེ་ནས་བཟླས་ལུང་ནི། མདུན་བསྐྱེད་བཅོམ་ལྡན་འདས་མའི་ཐུགས་ཀའི་བཾ་ཡིག་ལས་


TNT15_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་རྣམས་ཀྱི་འཕྲེང་བ་བྱུང༌། ཁྱེད་རང་གི་ཁ་སྒོ་ནས་ཞུགས། སྙིང་གའི་གཟུངས་སྔགས་ལ་ཐིམ་པས་སྔགས་ནུས་པ་མཐུ་དང་ལྡན་པར་བྱིན་གྱིས་བརླབ་པར་མོས་ལ། འདིའི་རྗེས་ཟློས་མཛོད་བྱས་ལ། ཨོཾ་གསུམ་མ་ལན་གསུམ་བརྗོད། དམ་བཅའ་བའི་ལུང་འདིའི་རྗེས་ཟློས་མཛོད་བྱས་ལ། བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་གཉིས་སུ་མ་མཆིས་པ་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྡོ་རྗེ་རྣལ་འབྱོར་མ་ཡི་དམ་གྱི་ལྷར་བཟུང་ནས། དེའི་གཟུངས་སྔགས་ཉིན་རེ་ལ་ཅི་ནུས་རེ་བཟླ་བར་དམ་བཅའ་ལགས་སོ། །སློབ་དཔོན་ལ་མེ་ཏོག་གཏོར་ལ། འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་བཟུངས་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །མེ་ཏོག་དེ་ཉིད་སླར་ཡང་ཁྱེད་རང་རྣམ་པའི་སྤྱི་བོར་གཏོར་བས་སྔགས་འཕྲེང་གི་རྣམ་པས་སྙིང་གར་ཐིམ་སྟེ། རྒྱུད་བྱིན་གྱིས་བརླབ་པར་མོས་པ་མཛོད་བྱས་ལ། མེ་ཏོག་སློབ་མའི་སྤྱི་བོ་དང་སྙིང་གར་གཏོར་ཏེ། སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་ཁྱེད་ཀྱི་རྒྱུད་ལ་རྡོ་རྗེ་རྣལ་འབྱོར་མའི་གསུང་རིགས་སྔགས་ཀྱི་བྱིན་རླབས་དང་ནུས་མཐུ་མ་ལུས་པ་ཡོངས་སུ་འཇུག་པར་གྱུར་ཅིག ཅེས་བརྗོད་དོ། །དེས་བུམ་དབང་ཐོབ་པས་བསྐྱེད་རིམ་བསྒོམ་པ་ལ་དབང་བར་བྱས་སོ། །མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་སྤྱན་དྲངས། ཞལ་དུ་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ། གསང་བ་ནས་ཐོན། ཀ་པཱ་ལ་བདུད་རྩི་དང་


TNT15_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས། དེ་ཉིད་ལྕེ་ཐོག་ཏུ་བཞག་པར་མོས་ཤིག ཅེས་ཨོཾ་གསུམ་མའི་མཐར་འབྲུ་གསུམ་བརྗོད་ཅིང༌། དཀྱིལ་འཁོར་གྱི་ནང་མཆོད་ནས་བླང་ལ་སློབ་མ་ལ་སྦྱིན་དེས་གསང་དབང་ཐོབ་པས། ལམ་རང་ལུས་ལ་བརྟེན་ནས་རྩ་དབུ་མ་ཁ་དབྱེ་བའི་ཐབས་སྒོམ་པ་ལ་དབང་ངོ༌། །དེ་ནས་སིན་དྷུ་རའི་དཀྱིལ་འཁོར་ལས། སིནྡྷུ་ར་སློབ་དཔོན་གྱི་མཐེབ་སྲིན་གཡོན་པས་བླངས་ལ། སློབ་མའི་དཔྲལ་བ། མགྲིན་པ། སྙིང་ག་ལྟེ་བ་རྣམས་སུ་བྱུག འབྲུ་གསུམ་བརྗོད། དེ་ལྟར་གནས་བཞི་བྱིན་གྱིས་བརླབས་པའི་རྐྱེན་གྱིས་ལྟེ་བའི་གཏུར་མོ་འབར། སྤྱི་བོའི་ཧཾ་ཡིག་ཞུ་བའི་དགའ་བ་བཞིའི་ཡེ་ཤེས་བསྐྱེད་པར་མོས་ལ། སྔགས་དང་ཕྱག་རྒྱ་འདིའི་རྗེས་ཟློས་ཀྱིས། ཞེས་བརྗོད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པ་དང༌། འཁྱུད་རྒྱ་བྱར་བཅུག དེས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ་པས། ཕོ་ཉའི་ལམ་སྒོམ་པ་ལ་དབང་བ་ཡིན་ནོ། །དེ་ལྟ་བུའི་ཞུ་བདེ་དེ་ཉིད་དཔེར་བྱས་ཏེ། དོན་རང་སེམས་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་དོན་སྒོམ་པ་ནི་བཞི་པའི་ཡེ་ཤེས་ཏེ། དངོས་པོ་མེད་པའི་ཆོས་ཉིད་ཆོས། །ནམ་མཁའ་ལྟ་བུར་དྲི་མ་མེད། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཡི། །སྟོང་པ་ཉིད་ནི་རྣམ་པར་སྒོམ། །ཞེས་པ་ཡིན་པས་སྤྲོས་བྲལ་བདེ་སྟོང་ལ་ཅུང་ཟད་མཉམ་པར་ཞོག་མཛོད། དེ་ནི་དབང་བཞི་པ་སྟེ། ལམ་དེ་ཁོ་ན་ཉིད་དངོས་སུ་སྒོམ་པར་བྱེད་པ་ལ་དབང་བ་ཡིན་ནོ། །དེ་ནས་རྗེས་ནི། སློབ་མས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་ལན་གསུམ་དང༌། བཀའ་དྲིན་གཏང་རག་གི་དོན་དུ།


TNT15_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་བྷུ་མི་ཨཱཿཧཱུཾ་ནས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མ་མཆིས་པ་ལ་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་མཎྜལ་འབུལ། དེང་ནས་བརྩམས་ཏེ་བདག་བྲན་དུ། ཁྱེད་ལ་བདག་ནི་འབུལ་ལགས་ཀྱི། ཁྱེད་ཀྱིས་སློབ་མར་བཟུང་བ་དང༌། །ཆ་ཤས་ཀྱིས་ཀྱང་སྤྱད་དུ་གསོལ། །ཞེས་ཡོན་འབུལ་ལོ། །ཚོགས་འཁོར་གྱི་བྱ་བ་ནི། བདག་འཇུག་གི་སྔ་ཕྱི་གཉིས་དང༌། སྐབས་འདི་གསུམ་གང་ལ་བྱས་ཀྱང་རུང་བ་ལས། དང་པོ་གཉིས་ལྟར་གཙོ་ཆེ་ནའང༌། དེང་སང་ཕྱི་མ་ལྟར་མཛད་དེ། ལྷག་གཏོར་དང་འཇིག་རྟེན་པའི་གཏོར་མ་དུས་གཅིག་ལ་གཏོང༌། དེ་ནས་རྗེས་ཆོག་ནི། མཆོད་པ་རྣམས་ཁ་གསོས་ལ། ཨོཾ་སུམྦྷ་ནིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཞེས་པ་ནས། དེ་ཉིད་རྣམས་ལ་ཕྱག་འཚལ་ལོ། །ཞེས་པའི་བར་བུམ་བསྐྱེད་ལྟར་མཆོད་བསྟོད་རྣམས་བྱེད། བཅོམ་ལྡན་འདས་མའི་བདག་གི་སྡིག་པ་དང་སྒྲིབ་པ་དམ་ཚིག་ཉམས་ཆགས་ཐམས་ཅད་རྩ་བ་ནས་བྱང་ཞིང་དག་པར་མཛད་དུ་གསོལ། ཚེ་དང་བསོད་ནམས་དང་འབྱོར་བ་དང༌། དབང་ཕྱུག་ཕུན་སུམ་ཚོགས་པར་བྱིན་གྱིས་བརླབ་ཏུ་གསོལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་ཚེ་འདི་ཉིད་ལ་སྩལ་དུ་གསོལ། གལ་ཏེ་ཚེ་འདིར་འགྲུབ་པའི་སྐལ་བ་མེད་ན། འཆི་ཚེ་མཁའ་སྤྱོད་ཀྱི་གནས་སུ་འཁྲིད་པ་དང༌། མཐར་ཐུག་ཟུང་


TNT15_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས། ཞེས་འདོད་དོན་ཞུ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ ཞེས་སོགས་ཧེ་རུ་ཀའི་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ལ། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་པ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །བདག་ཅག་ལས་དང་པོ་པའི་རྟེན་གྱི་གང་ཟག་ཏུ་གྱུར་པས། སེམས་སྒྲིབ་པ་དང་ལྡན་པ་དང༌། ཡོ་བྱད་མ་ཚང་བ་དང༌། ཏིང་ངེ་འཛིན་མི་གསལ་བ་དང༌། སྔགས་མ་དག་པ་དང༌། ཆོ་ག་ལྷག་པ་དང་ཆད་པ་ཐམས་ཅད་ལྷག་ཆད་ཁ་བསྐང་ཞིང༌། བདག་ཅག་གི་ལམ་དང་དངོས་གྲུབ་ཀྱི་བར་ཆད་དུ་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བཟོད་པར་གསོལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་ཞུགས་སུ་གསོལ། བྱེ་བྲག་ཏུ་རྡོ་རྗེ་རྣལ་འབྱོར་མའི་རྟེན་སྐུ་འདི་རྣམས་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་ཐམས་ཅད་འབྱུང་བ་བཞིའི་གནོད་པ་མ་བྱུང་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་དང་དཔུང་གཉེར་དམ་པ་མཛད་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཞེས་བརྟན་བཞུགས་བྱ། ཁྱོད་ཀྱིས་སེམས་ཅན་དོན་ཀུན་སོགས་སིནྡྷུ་རའི་ཡེ་ཤེས་པ་གཤེགས། རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་གནས་རྣམས་སུ་ཟླ་བའི་དཀྱིལ་


TNT15_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་སྟེང་དུ། ཨོཾ་བཾ། ཧཾ་མོཾ། ཧྲིཾ་མོཾ། ཧྲིཾ་ཧྲིཾ། ཧཱུཾ་ཧཱུཾ། ཕཊ་ཕཊ། སུམ་བྷ་ནི། ལན་གཉིས་ཀྱི་ཚམ་རྔམ་སྔགས་ཀྱིས་བསྲུང་བ་བྱེད་དོ། །དེ་ནས་སྤྱོད་ལམ་གྱི་རྣལ་འབྱོར་ནི། བདག་དང་སྣང་བའི་དངོས་པོ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་སྐུའི་རང་བཞིན། ཨོཾ་གསུམ་མ་ཚར་གཅིག་བརྗོད་ནས། བརྗོད་པ་དང་གྲགས་པའི་སྒྲ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་གསུང་གི་རང་བཞིན། དྲན་རིག་རྣམ་རྟོག་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་ཐུགས་ཡེ་ཤེས་ཆེན་པོའི་ཆོ་འཕྲུལ་དུ་རྣམ་པར་དག་པ་ཡིན་ནོ། །དེ་ནས་སྨོན་ལམ་ནི། བདག་གིས་དུས་གསུམ་དགེ་བ་ཅི་སྤྱད་པས། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །བླ་མེད་རྡོ་རྗེ་ཐེག་པའི་སྣོད་གྱུར་ཏེ། །ཀུན་ཀྱང་རྡོ་རྗེ་འཛིན་པ་ཉིད་གྱུར་ཅིག །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །བློ་ལྡན་རིགས་བཟང་ང་རྒྱལ་མེད་པ་དང༌། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་བརྟན། །རྡོ་རྗེ་ཕག་མོའི་དམ་ཚིག་ལ་གནས་ཤོག །རྡོ་རྗེ་དྲིལ་བུ་ལ་སོགས་རྟག་ཏུ་འཆང༌། །ཟབ་ཅིང་རྒྱ་ཆེ་ཆོས་དོན་རྟོགས་པ་དང༌། །གོ་ཀུ་ཤུ་ཀྲ་ལ་སོགས་རྟགས་བཟང་ཞིང༌། །མཐར་ཐུག་བདེ་ཆེན་སྒྲུབ་པའི་སྐལ་ལྡན་ཤོག །བདེ་གཤེགས་སྤྱན་སྔར་གནས་གསུམ་མཁའ་འགྲོ་ཡི། །དམ་བཅའ་བསྲུང་ཞིང་དངོས་གྲུབ་མཆོག་སྩོལ་བར། །ཐུགས་དམ་བཅས་ཤིང་རྟག་བསྲུང་དངོས་གྲུབ་ནི། །རྣམ་གསུམ་ཚེ་འདི་ཉིད་ལ་ཐོབ་པར་ཤོག །དེ་ནས་བཀྲ་ཤིས་ནི། ཨོཾ་ཕུན་སུམ་ཚོགས་པ་མངའ་བ། སོགས་ཀྱི་མཐར། སྤྲོ་ན། བཀྲ་ཤིས་གང་ཞིང་ཆོས་ཀྱི་དབྱིངས་ལས་ལེགས་བྱུང་བའི། །ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་ཕག་མོའི་པདྨོར་རྡོ་རྗེ་རོལ་པར་


TNT15_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཆོས་ཀྱི་འབྱུང་གནས་ཉམས་དགའ་བར། །སྣ་ཚོགས་ཆུ་སྐྱེས་ཉིན་བྱེད་གདན་ལ་བདེ་བར་བཞུགས། །རྒྱལ་བ་མ་ལུས་བསྐྱེད་པའི་ཡུམ་མཆོག་རྣལ་འབྱོར་མ། །བདེན་པ་དེས་ཀྱང་༴ བཀྲ་ཤིས་གང་ཞིག་གསང་ཆེན་ཟབ་མོའི་དོན་སྟོན་པའི། །མཁའ་འགྲོ་གྲངས་མེད་གསུང་གི་སྙིང་པོ་སུམ་ཅུ་གཉིས། །ས་གསུམ་ཁྱབ་པའི་འོད་ཟེར་བྱེ་བའི་འཕྲོ་འདུ་ཅན། །བདེན་པ་དེས་ཀྱང་༴ བཀྲ་ཤིས་གང་ཞིག་འགྱུར་མེད་ལྷུན་གྱིས་གྲུབ་པའི་དབྱིངས། ཁམས་གསུམ་ཀུན་ལ་བདེ་བ་ཆེན་པོས་ཁྱབ་པའི་ཐུགས། །ཚད་མེད་ཡོན་ཏན་འཕྲིན་ལས་སོགས་ཀྱི་ཉེར་འབར་མ། །བདེན་པ་དེས་ཀྱང་༴ བཀྲ་ཤིས་གང་ཞིག་ཞིང་སྐྱོང་མ་མོའི་ཚོགས་རྣམས་ཀྱིས། །བདུད་དང་བགེགས་འཇོམས་ཞི་རྒྱས་དབང་གི་ལས་མཛད་ཅིང༌། །བསྲུང་བའི་འཁོར་ལོ་རྒྱ་ཆེན་རྟག་ཏུ་བརྟན་གྱུར་པ། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །དུས་རྒྱུན་གྱི་རྣལ་འབྱོར་ལ་གོང་དུ་བསྟན་པ་རྣམས་དང༌། ཉལ་བ་དང༌། ལྡང་བ་སྟེ་རྣལ་འབྱོར་བཅུ་གཅིག་གིས་ཆོག་གོ །བྱིན་རླབས་ཀྱི་ཆོ་ག་རྙིང་མ་ཡིག་རྙིང་དང༌། མན་ངག་ལས་ཤེས་པར་བྱའོ། །རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ནི། ཀུན་གྱིས་རྩ་བར་རབ་གྲགས་པ། །ལྷན་ཅིག་སྐྱེས་དགའ་ཐོབ་པའི་ཐབས། །སྙིང༵་པོ༵འི་ཡི་གེ་བླ་ན་མེད། །ནཱ་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེ་ལེགས་འཕེལ།

ཕག་མོ་ཞལ་གཉིས་མ་དཔྱལ་ལུགས་སུ་གྲགས་པའི་སྒྲུབ་ཐབས།


TNT15_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ཡེ་ཤེས་བསྐལ་པའི་མེ་ཡི་གཟི་འོད་འབར། །སྒེག་འཆར་དུ་མས་རྣམ་བརྒྱན་མཚར་སྡུག་སྐུ། །མི་ཕྱེད་སྔགས་ཀྱི་དེ་ཉིད་ལེགས་འཆར་བ། །རྡོ་རྗེ་བཙུན་མོས་བདག་ལ་ཐུགས་བརྩེར་མཛོད། །དཔག་ཡས་སྒྲུབ་པའི་ཐབས་ཚུལ་རྒྱ་མཚོ་ལས། །ནམ་མཁའི་ནོར་བུ་དང་མཚུངས་སྙིང་པོ་ནི། །ཨོ་རྒྱན་ལས་བྱུང་གསང་བའི་མན་ངག་སྟེ། །བདེན་གཉིས་ཞལ་ཅན་སྒྲུབ་པའི་ཐབས་འདི་བརྩམས། དབང་བཞི་ཡོངས་སུ་རྫོགས་ནས། འདི་ཉིད་ཀྱི་བྱིན་རླབས་ཐོབ་པའི་རྣལ་འབྱོར་བས་ཚུལ་འདི་ལ་འཇུག་པར་བྱའོ། །དེ་ལ་སྟོང་པ་ཉིད་དུ་ཤེས་པའི་སྒོ་ནས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྣམས་སྤྱི་དང་མཐུན་པར་བྱ། གདོང་ནུབ་ཏུ་ཕྱོགས་བཞིན་པས་འདི་སྐད་ཅེས་བྱ་སྟེ། བདག་ཉིད་གང་དུ་གནས་པའི་ས་ཕྱོགས་འདི་ཉིད་ཆོས་ཀྱི་དབྱིངས་ཆོས་ཀྱི་འབྱུང་གནས་ཨོ་ཌི་ཡ་ན་རྡོ་རྗེའི་གནས་སུ་གྱུར། རང་གི་སྤྱི་བོར་རྩ་བའི་བླ་མ་ཧེ་རུ་ཀ་དང་གཉིས་སུ་མེད་པ་འཛུམ་བག་དང་བཅས་ཤིང་རུས་པའི་རྒྱན་གྱིས་སྤྲས་པ། སྐྱབས་གནས་ཐམས་ཅད་ཀྱི་ངོ་བོར་བཞུགས། གང་གི་དྲིན་གྱི་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཆང༌། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཞེས་ལན་གསུམ། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་ཀྱང་སྟེང་གི་ནམ་མཁའ་ལ་བཞུགས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་བཛྲ་པཱདྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝེ་ཏེ། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། ཐལ་མོ་སྙིང་གར་སྦྱོར་བཞིན་པས། དཀོན་མཆོག་གསུམ་ལ་


TNT15_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །ཐེག་ཆེན་བདུད་རྩི་རབ་བཤད་པར། །འཁོར་ལོ་བསྐོར་བར་གསོལ་བ་འདེབས། །ཇི་སྲིད་འཁོར་བ་གནས་ཀྱི་བར། །མྱ་ངན་མི་འདའ་གསོལ་བར་འཚལ། །སངས་རྒྱས་ཆོས་དང་ཚོགས་རྣམས་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་བགྱིད་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་མཁའ་འགྲོའི་ཚོགས་དང་བཅས་པ་འོད་དུ་ཞུ་ནས་བདག་ཉིད་ལ་ཐིམ། རང་གི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་བཾ། ཧཾ་ཡོཾ། ཧྲིཾ་མོཾ། ཧྲིཾ་ཧྲིཾ། ཧཱུཾ་ཧཱུཾ། ཕཊ་ཕཊ། ནང་མཆོད་བྱིན་རླབས་རྒྱས་པ་སྐབས་འདིར་བྱས་ཀྱང་རུང་ལ། བསྡུ་ན། སྟོང་པའི་ངང་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་ཡེ་ཤེས་ཀྱི་བདུད་རྩིས་གང་བར་གྱུར། གཡོན་པའི་མཐེབ་སྲིན་གྱིས་མདུན་ནས་བརྩམས་ཏེ་ཆོས་འབྱུང་གཡོན་བསྐོར་དུ་བྲི་ཚུལ་བྱ་ཞིང༌། ཨོཾ་གསུམ་མ་ཚར་གཅིག་བརྗོད། མཐེ་བོང་གི་རྩེར་ཨོཾ། མཐེ་ཆུང་གི་རྩེར་ཨཱཿ འཁྲིག་མའི་ངོས་ལ་ཧཱུཾ། ལམ་མཐིལ་དུ་བཾ། དེ་ཉིད་ཀྱི་གཟུགས་བརྙན་ཤར་བ་ལྟར། ཆོས་འབྱུང་གི་ནང་དུ་ཡི་གེ་བཞི་འཁོད་པར་གྱུར་པ་ལས། འོད་འཕྲོས། ཕྱོགས་བཅུའི་རྒྱལ་བ་ཡབ་ཡུམ་ཐམས་ཅད་ཀྱི་


TNT15_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྒྱུད་བསྐུལ། ཡེ་ཤེས་ཀྱི་བདུད་རྩི་བྱང་ཆུབ་ཀྱི་སེམས་དཀར་དམར་གྱི་རྣམ་པ་ཅན་སྦྱོར་མཚམས་ནས་སྤྱན་དྲངས་ལ། ཐོད་པའི་ནང་གི་བདུད་རྩི་ལ་ཐིམ། ཨོཾ་ཨཱཿཧཱུཾ། ལན་གསུམ་གཡས་པའི་མཐེབ་སྲིན་གྱིས་བདུད་རྩི་བླངས་ལ། གཡོན་པའི་མཐེ་ཆུང་ནས་མཐེ་བོའི་བར་སོར་མོ་ལྔ་དང༌། ཐམས་ཅད་འདུས་པའི་སེན་མོའི་ངོས་ལ་བདུད་རྩིའི་ཐིག་ལེ་བྱ་ཞིང༌། ཨོཾ་བཾ་ནས། ཕཊ་ཕཊ་ཀྱི་བར་བརྗོད། ཡི་གེ་འབྲུ་གསུམ་བརྗོད་ཅིང༌། དེ་རྣམས་ལ་བདུད་རྩི་གཏོར། ཡང་འབྲུ་གསུམ་བརྗོད་ཅིང་ལུས་ཐམས་ཅད་ལ་བྱུགས་པས། གོ་ཆ་དྲུག་པོ་རང་ལུས་ལ་ཐིམ་པར་བསམ། གཡོན་པའི་མཐེབ་སྲིན་གྱིས་གནས་དང༌། རྫས་ལ་ཕྱོགས་ཀུན་ཏུ་གཏོར། ཨོཾ་ཨཱཿཧཱུཾ། ཨོཾ་ཧྲིཿགྷ་གྷ་གྷ་ཏ་ཡ་གྷ་ཏ་ཡ་སརྦ་དུཥྟཾ་ཧཱུཾ་ཕཊ། ལན་གསུམ། བགེགས་ཐམས་ཅད་བསྐྲད། སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་རྡོ་རྗེའི་ས་གཞི། རྭ་བ་དྲྭ་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་དཔུང་འབར་བ་དང་བཅས་པའི་བསྲུང་བའི་འཁོར་ལོར་གྱུར། དེ་ནས་སྒོ་གསུམ་སྦྱངས་ཞིང༌། གཞི་ལམ་འབྲས་གསུམ་རྣམ་པར་དག་པའི་སྟོང་པ་ཉིད་ཀྱི་དོན་དྲན་བཞིན་པས། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་བཛྲ་ཤུདྡྷ་སརྦ་དྷརྨ་བཛྲ་ཤུདྡྷོ྅ཧཾ། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅ཧཾ། ཞེས་པས་དག་པ་གསུམ་གྱི་སྔགས་བརྗོད། སྟོང་པའི་ངང་ལས་རང་ལུས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་བསྲུང་བའི་འཁོར་ལོ་དང་བཅས་པས་ཡོངས་སུ་བསྐོར་བའི་དབུས་སུ། ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ནང་དམར་བ་


TNT15_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་ཕྲ་ཞིང་གདེངས་ཀ་རྒྱས་པའི་སྟེང་རུས་སྦལ་གྱི་རྒྱབ་ལྟར་མཐོ་བ། དེའི་ནང་དུ་ངག་སྔགས་ཀྱི་ཡིག་འབྲུ་དང༌། སེམས་ལྷ་སྐུའི་རྣམ་པར་གྱུར་པ་ནི། པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་མི་རོ་སེར་པོ་མགོ་གཡོན་དུ་བསྟན་པའི་སྙིང་གར་ཨོཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་བཾ་དམར་པོ་ལས་འོད་འཕྲོས། ས་གསུམ་གྱི་དྲི་མ་སྦྱངས། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་བསྡུས་ཤིང་ཐིམ་པ་ལས། བདག་ཉིད་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང་ཡིད་ཙམ་སྨུག་པ་ཉི་མ་བྱེ་བའི་འོད་དང་མཚུངས་པའི་གཟི་བརྗིད་ཅན། རྩལ་ཞལ་ལྷ་མོའི་རྣམ་པ་འཛུམ་ཁྲོ་ཆགས་པའི་ཉམས་ཅན་མཆེ་བ་གཙིགས་ཤིང་བཞད་པ། གཡས་ཞལ་ཕག་གདོང་ཁྲོ་ཞིང་གྱེན་དུ་ཕྱོགས་པས་གཟིགས་པ། ཕྱག་གཡས་རྡོ་རྗེའི་གྲི་གུག་འཕྱར་ཞིང༌། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། མཆན་ཁུང་གཡོན་དུ་རྡོ་རྗེའི་ཁ་ཊྭཱཾ་ག་དཀར་པོ་གྱེན་དུ་བསྒྲེང་པ། དབུ་སྐྲ་ནག་པོ་ཅུང་ཟད་ལི་བ་སིལ་བུར་གྲོལ་ཞིང་ཐུར་དུ་འཕྱང་བ། དམར་ཞིང་བཀྲ་ལ་ཟླུམ་པོར་གཡོ་བའི་སྤྱན་གསུམ་དང་ལྡན་པ། རྡོ་རྗེ་ནག་པོའི་འཕྲེང་བ་ལ་བརྒྱུས་པའི་ཐོད་སྐམ་ལྔའི་འཕྲེང་བ་ཅན། སྒྱུ་མའི་སྦྲེལ་བའི་ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་འཕྱང་བ། འཁོར་ལོ་དང༌། རྣ་ཆ་དང༌། མགུལ་རྒྱན་དང༌། གདུ་བུ་སྟེ་མི་རུས་ཀྱི་ཕྱག་རྒྱ་ལྔས་བརྒྱན་པ། གཅེར་བུ་ལོ་བཅུ་དྲུག་ལོན་པ་ལྟར་ལང་ཚོ་ལ་བབ་ཅིང༌། ནུ་མ་རྒྱས་པ། ཞབས་གཡོན་བརྐྱང་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ་མ་ལུས་པའི་སྤྲུལ་པ་འཆང་བའི་སྐུ་ཅན། བསྐལ་པའི་མེ་ལྟ་བུའི་ཡེ་


TNT15_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་མེ་འབར་བའི་དབུས་ན་སྒེག་ཅིང་རོལ་བའོ། །ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བཾ་དམར་པོ་དེ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་རྡོ་རྗེ་རྣལ་འབྱོར་མ་ལ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཐམས་ཅད་ཀྱིས་བསྐོར་བར་སྤྱན་དྲངས། འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་བཞིན་པས། ཕཻཾ་ཞེས་བརྗོད། ཛཿཧཱུཾ་བཾ་ཧོཿ གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ལྟེ་བར་ཨོཾ་བཾ་དམར་མོ་རྡོ་རྗེ་ཕག་མོ། སྙིང་གར་ཧཾ་ཡོཾ་སྔོན་མོ་གཤིན་རྗེ་མ། ཁར་ཧྲིཾ་མོཾ་དཀར་མོ་རྨོངས་བྱེད་མ། དཔྲལ་བར་ཧྲིཾ་ཧྲིཾ་སེར་མོ་བསྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་ལྗང་ཁུ་སྐྲག་བྱེད་མ། ཚིགས་ཆེན་ཐམས་ཅད་ལ་ཕཊ་ཕཊ་དུད་ཁ་ཙཎྜི་ཀཱའི་ངོ་བོ་རྣམས་སུ་གྱུར། སླར་ཡང་བཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་ཕཻཾ། བདུད་རྩིས་གང་བའི་སྣོད་ཐོགས་ཏེ། མདུན་གྱི་ནམ་མཁར་བཞུག་པ་ལ། བདག་ལ་དབང་བསྐུར་དུ་གསོལ། ཅེས་གསོལ་བ་བཏབ་པས། རང་སྔགས་གསུང་བཞིན་པས་དབང་བསྐུར། སྐུ་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས། མི་བསྐྱོད་པའི་ངོ་བོ་རྡོ་རྗེ་སྔོན་པོ་རྩེ་ལྔ་པས་དབུ་བརྒྱན། དབང་གི་ལྷ་རྣམས་ཀྱང་རང་ལ་ཐིམ། དེ་ནས་དག་པ་དྲན་པ་ནི། ངག་ཏུ་མ་བརྗོད་ཀྱང་རུང་མོད་ཀྱི། དེ་ནི་འདི་ལྟར་དྲན་དགོས་སོ། །པདྨའི་གདན་ནི་ཉོན་མོངས་པའི་མ་གོས་པའོ། །མི་རོའི་གདན་ནི་རྟོགས་པ་ཐམས་ཅད་དང་བྲལ་བའི་སྟོང་ཉིད་དོ། །ཉི་མ་ནི་བདེ་བ་ཆེན་པོའི་སྣང་བ་རྒྱས་པའོ། །སྐུ་མདོག་དམར་མོ་ནི་ཐུགས་རྗེས་སེམས་ཅན་ལ་ཆགས་པའོ། །ཞབས་གཉིས་ནི་བདེན་གཉིས་ཟུང་དུ་འཇུག་པའོ། །


TNT15_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་གུག་ནི་དུག་གསུམ་གཅོད་པའོ། །ཐོད་པ་ནི་བདེ་བ་སྐྱོང་པའོ། །ཐོད་སྐམ་ལྔ་ནི་རིགས་ལྔའོ། །མགོ་རློན་གྱི་འཕྲེང་བ་ནི་ཡི་གེ་ལྔ་བཅུ་དག་པའོ། །ཕྱག་རྒྱ་ལྔ་ནི་ཕ་རོལ་ཏུ་ཕྱིན་པ་ལྔའོ། །ཞབས་གཡས་བསྐུམས་ཤིང་གཡོན་བརྐྱང་བ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །སྐྲ་གྲོལ་བ་ནི་མཚན་མས་མ་བཅིངས་པའོ། ཁ་ཊྭཱཾ་ག་ནི་ཐབས་དང་མ་བྲལ་བའོ། །སྐུ་གཅིག་པུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གཅེར་བུ་ནི་སྒྲིབ་པ་ཐམས་ཅད་དང་བྲལ་བའོ། །མེ་དཔུང་འབར་བ་ནི་ཡེ་ཤེས་ཀྱི་སྣང་བ་སྤྲོ་བའོ། །ཞེས་སོ། །ལྟེ་བའི་བཾ་ཡིག་ལས་སྒོ་མཚམས་མ་བརྒྱད་སྐུ་མདོག་ལྗང་སྔོན་ཅང་ཏེའུ་དང་ཐོད་པ་བདུད་རྩིས་གང་བ་ཐོགས་པ། མཆོད་རྫས་སྣ་ཚོགས་འཛིན་པའི་མཁའ་འགྲོ་མའི་ཚོགས་ཀྱིས་བསྐོར་བ་སྤྲོས་ཏེ། མཆོད་པ་དང་བསྟོད་པའི་ལས་མཛད་པར་གྱུར། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཨོཾ་ཨཱཿཧཱུཾ་གིས་ནང་མཆོད་འབུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོ་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང༌། །འཇིག་རྟེན་བྱ་བར་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་དག་རྡོ་རྗེའི་དབང་ཕྱུག་དང༌། །རྗེས་ཆགས་ཆགས་པ་ཆེ་རྣམས་ཀྱི། །རྡོ་རྗེ་ཕག་མོ་ལ་འདུད་དོ། །རྣམ་པར་རྟོག་མེད་ཡང་དག་རྟོག །ཡིད་ནི་རབ་ཏུ་མི་གནས་ཤིང༌། །ཡིད་ལ་མེད་ཅིང་དྲན་པ་མེད། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། ཁམས་གསུམ་པ་ཡི་ངོ་བོ་ཉིད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །རྡོ་རྗེ་ཕག་མོ་ལ་འདུད་དོ། །ཞེས་པས་སམ་རྐང་པ་བརྒྱད་པས་བསྟོད། ལྷ་མོ་རྣམས་ལྟེ་བའི་བཾ་ལ་ཐིམ།


TNT15_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་འབྲུ་གསུམ་ལན་གསུམ་བརྗོད་ཅིང་བདུད་རྩི་ལན་གསུམ་མྱངས། གསང་གནས་སུ་ཆོས་འབྱུང་ཡི་གེ་བཞི་དང་བཅས་པ། རྩ་སྔགས་འཕྲེང་གསུམ་མམ། མདུན་དུ་བཀོད་ལ། འོད་ཟེར་སྤྲོ་བསྡུའི་དམིགས་པ་བཅས་ཏེ། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝཎ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ཞེས་ངག་བཟླས་དང༌། ཡིད་བཟླས་དང༌། འགོག་པའི་བཟླས་པ་རྣམས་ཅི་རིགས་པར་བྱའོ། །ཐུན་འཇོག་པའི་ཚེ། ལྷ་སྐུ་སྣང་སྟོང་སྒྱུ་མ་ལྟ་བུ་ལ་ཅུང་ཟད་མཉམ་པར་བཞག་སྟེ། སུཾ་བྷའི་སྔགས་ཀྱིས་བསྲུང་བ་བྱས་ལ་དགེ་བ་བསྔོས་ཏེ་འཇུག་གོ །ཐུན་མཚམས་སུ་ཡི་གེ་བརྒྱ་པ་བཟླ་བ་དང༌། མཆོད་པ་དང༌། གཏོར་མ་དང༌། ཕྱག་དང༌། སྐོར་བ་དང༌། སཱཙྪ་གདབ་པ་ལ་སོགས་པ་བྱ་ཞིང༌། ཁ་ཟས་དང༌། སྤྱོད་ལམ་དང༌། ཉལ་བ་དང༌། ལྡང་བའི་རྣལ་འབྱོར་རྣམས་ལ་ཡང་ནན་ཏན་དུ་བྱའོ། །གཏོར་མའི་ཆོ་ག་ནི། ཁ་ཟས་བཟང་དགུ་ལས་བྱས་པའི་གཏོར་མ་ཤ་ཁྲག་མྱོས་བྱེད་ཀྱི་རྒྱུ་ལ་སོགས་པས་བརྒྱན་པའི་མཆོད་པ་དང་བཅས་པ་བཤམས། གཏོར་མ་གཅིག་ཏུ་བསྡུས་ཀྱང་རུང་ལ། གཉིས་སུ་བྱེད་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་གཉིས། གསུམ་དུ་བྱེད་ན། ཡེ་ཤེས་མཁའ་འགྲོ། ལས་ཀྱི་མཁའ་འགྲོ། འཇིག་རྟེན་མཁའ་འགྲོའི་གཏོར་མ་དང་གསུམ་མོ། །གང་ལྟར་ཡང་རུང་སྟེ། སུཾ་བྷ་ནིས་བསངས། སྭ་བྷ་ཝས་སྦྱངས། ཡཾ་ལས་རླུང༌། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཐོད་པ་དཀར་པོ་དུམ་བུ་གསུམ་པ་དེའི་ཤར་དུ་གོ་ལས་བ་ལང་གི་ཤ་བྷྲུཾ་གྱིས་མཚན་པ། བྱང་དུ་ཧ་ལས་གླང་པོ་ཆེའི་ཤ་ཁཾ་གིས་མཚན་པ། ནུབ་ཏུ་ད་ལས་རྟའི་ཤ་ཛྲིཾ་གིས་མཚན་པ། ལྷོ་རུ་ཀུ་ལས་ཁྱིའི་ཤ་ཨཾ་གིས་མཚན་པ། དབུས་སུ་ན་ལས་


TNT15_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

མིའི་ཤ་ཧཱུཾ་གིས་མཚན་པ། ཤར་ལྷོར་བཾ་ལས་དྲི་ཆེན་ལཾ་གྱིས་མཚན་པ། ལྷོ་ནུབ་ཏུ་རཾ་ལས་རཀྟ་མཾ་གྱིས་མཚན་པ། ནུབ་བྱང་དུ་མ་ལས་རྐང་མར་པཾ་གྱིས་མཚན་པ། བྱང་ཤར་དུ་མུ་ལས་དྲི་ཆུ་ཏཾ་གིས་མཚན་པ། དབུས་སུ་ཤུ་ལས་བྱང་སེམས་བཾ་གྱིས་མཚན་པ། དེའི་སྟེང་གི་ནམ་མཁའ་ལ་ཁ་ཊྭཱཾ་ག་དཀར་པོ་མགོ་ཐུར་དུ་བལྟ་བའི་སྟེང་དུ་བཾ་དམར་པོ། དེ་ལས་འོད་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་མཁའ་འགྲོ་མ་ཐམས་ཅད་ཀྱི་བྱིན་རླབས་ཡེ་ཤེས་ཀྱི་བདུད་རྩི་བྱང་སེམས་ཀྱི་རྣམ་པར་སྤྱན་དྲངས་སྟེ་བཾ་ལ་ཐིམ། བཾ་ཡིག་ཁ་ཊྭཱཾ་ག་དང་བཅས་པ་ཞུ་ནས་རྫས་ལ་ཐིམ། རླུང་གི་མེ་སྦར། རྫས་རྣམས་ཞུ་ཞིང་ཁོལ་བས་མང་པོར་སྤེལ་བས་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ་དུ་བརྗོད་ནས། མདུན་བསྐྱེད་དང་འབྲེལ་ན་སྤྱན་འདྲེན་མི་དགོས། མ་འབྲེལ་ན་དགོས་པས། འབར་བའི་ཕྱག་རྒྱ་དང་བཅས་ཕཻཾ། བཛྲ་ཨ་རལླི་ཧོ། ཛཿཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོ། ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱི་གཏོར་མ་གསོལ་བར་གྱུར། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ། ཨི་དཾ་པུཥྤེ། དྷུ་པེ། དཱི་པེ། གནྡྷེ། བ་ལིཾ་གྲྀཧྞ་གྲྀཧྞ་མ་མ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ཞེས་ལན་གསུམ་གྱིས་ཡེ་ཤེས་མཁའ་འགྲོ་ལ་འབུལ། ཨོཾ་ཧྲིཾ་ཧཾ་ཧཾ་ཧེ་ཧེ་ཧ་ཧ་ཧི་ཧི་ཕཻཾ་ཕཻཾ་ཞེས་པ་ལན་གསུམ་ལ་སོགས་པས་ལས་ཀྱི་མཁའ་འགྲོ་དང༌། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་ས་བྷུ་ཏ་པྲེ་ཏ་པི་ཤ་ཙ། ཨུཥྨནྟ་ཨ་པཥྨ་ར་ཌཱ་ཀ་ཌཱ་ཀི་ནྱ་ད་ཡ། ཨི་དཾ་བ་ལིཾ་གྲྀཧྞནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡ་ཙྪནྟུ། ཡ་ཐཻ་བཾ། ཡང་ཐཻ་ཊཾ།


TNT15_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བྷཉྫ་ཐ། པི་པ་ཐ། ཛི་གྷ་ཐ། མ་ཏི་ཀྲ་མ་ཐ། མ་མ་སརྦ་ཀརྟ་ཡ། སུདྶུ་ཁཾ་བི་ཤུདྡྷ་ས་ཧ་ཡི་ཀ་བྷ་ཝནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་ལན་གསུམ་གྱིས་འཇིག་རྟེན་མཁའ་འགྲོའི་ཚོགས་ལ་འབུལ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ཨོཾ་ཨཱཿཧཱུཾ་ལན་གསུམ་གྱིས་ནང་མཆོད་འབུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །སོགས་ཤླཽ་ཀ་གཉིས་ཀྱིས་བསྟོད། ལྷ་ཡིའི་ཚོགས་རྣམས་མ་ལུས་དང༌། །སོགས་ཀྱིས་འདོད་དོན་གསོལ་བ་བཏབ། ལྷ་མོ་ཚད་མ་དམ་ཚིགས་ཚད་མ་དང༌། །སོགས་དང༌། ཡིག་བརྒྱ་ལན་གསུམ། མ་འབྱོར་བ་དང་སོགས། ཨོཾ་བཛྲ་མུཿ ཞེས་གཤེགས་སུ་གསོལ། སྨོན་ལམ་དང་བཀྲ་ཤིས་ཅི་རིགས་པར་བྱ་སྟེ། ཕལ་ཆེར་ནཱ་རོ་མཁའ་སྤྱོད་དང་མཐུན་པར་ཤེས་པར་བྱའོ། །འདིའི་བྱིན་རླབས་བྱ་བར་འདོད་ན། ཡར་ངོ་དང་མར་ངོའི་ཚེས་བཅུ་གང་རུང་ལ་བྱ་སྟེ། སྟེགས་བུའི་སྟེང་དུ་མཎྜལ་པདྨ་དམར་པོ་འདབ་བརྒྱད་ལྟེ་བར་ཆོས་འབྱུང་དམར་པོ་གྲུ་བཅད་ལྗང་ཁུ། ཕྱི་དུར་ཁྲོད་དང་རྡོ་ར་མེ་རིས་བསྐོར་བར་བྱ། དུར་ཁྲོད་མ་བྲིས་ཀྱང་འགལ་བ་མེད། ཤིན་ཏུ་བསྡུ་ན་རྡོ་ར་དང་མེ་རིའང་བོར་རོ། །དེའི་སྟེང་དུ་མཉྫི་ལ་སོགས་པའི་ཁར་ཐོད་པ་བདུད་རྩིས་བཀང་བ་བཞག དེའི་སྟེང་དུ་མེ་ལོང་ལ་ཆང་གིས་བརླན་ཅིང་སིནྡྷུ་ར་སྙོམས་པར་བཀྲམ། གསེར་གྱི་སྙུ་གུ་ལག་པ་གཡོན་པ་མཐེབ་སྲིན་གྱིས་བཟུང་ལ། ཆོས་འབྱུང་གྲུ་གསུམ་ནང་དུ་རྩ་སྔགས་འཕྲེང་གསུམ་མམ་བདུན་མ་དང་ཕྱོགས་བཞིར་དགའ་འཁྱིལ་རེ་དང་བཅས་པ་བྲི། སྟེང་ནས་དར་དམར་པོའི་གུར་ཁང་ཕུབ་སྟེ། སིནྡྷུ་རའི་དཀྱིལ་འཁོར་མི་མཐོང་བར་བྱ། ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་དང༌། གཏོར་མ་ལྔ་བཤམས། ནང་མཆོད། ཅང་ཏེའུ། རྡོ་རྗེ་དྲིལ་བུ། བསྲུང་སྐུད། མིག་དར། མེ་ཏོག་སོགས་འོག་


TNT15_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དགོས་པའི་ཡོ་བྱད་རྣམས་དང༌། ཁྱད་པར་བུམ་པ་མཚན་ཉིད་དང་ལྡན་པ་སྤྱི་དང་མཐུན་པར་བཤམས། སྔོན་འགྲོ་གཏོར་མ་མཁའ་འགྲོ་སྤྱི་གཏོར་བཞིན་བཏང༌། མཆོད་པ་བྱིན་དབབ་ཀྱང་བླ་མེད་སྤྱི་དང་མཐུན། སྐྱབས་འགྲོ་ནས་བཟླས་པའི་བར་བདག་བསྐྱེད་རྫོགས་པར་བྱས། མདུན་བསྐྱེད་ཀྱི་དཀྱིལ་འཁོར། སུམ་བྷས་བསངས། དག་པ་གསུམ་གྱི་སྔགས་བརྗོད། སྟོང་པའི་ངང་ལས་པདྨའི་ལྟེ་བར་ཆོས་འབྱུང་དམར་པོའི་དབུས་སུ། གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་ནས། བསྐོར་བའི་དབུས་སུ། མི་མགོའི་སྒྱེད་པུ་གསུམ་གྱི་སྟེང༌། ཨ་ལས་བྱུང་བའི་ཐོད་པའི་ནང་དུ། ཨོཾ་ཨཱཿཧཱུཾ་བཾ་རྣམས་གནས་པའི་འོད་ཀྱིས། སངས་རྒྱས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་སྤྱན་དྲངས་ལ། བདུད་རྩི་ལ་ཐིམ་པས་ཡེ་ཤེས་རྣམ་པ་ལྔའི་ངོ་བོར་གྱུར། ཨོཾ་ཨཱཿཧཱུཾ་དེའི་ནང་དུ་ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ཞེས་པ་ནས། རྩེ་ལྔ་པས་དབུ་བརྒྱན་གྱི་བར་བདག་བསྐྱེད་དང་འདྲ་བ་ལས། དག་སྔགས་ཀྱི་ཡིག་འབྲུ་དང༌། སེམས་ལྷ་སྐུའི་རྣམ་པར་གྱུར་པ་ནི་ཞེས་པ་བོར། དབང་གི་ལྷ་ཐམས་ཅད་ཀྱང་མདུན་བསྐྱེད་ལ་ཐིམ། ཨརྒྷཾ་ནས་ཤཔྟའི་འབར་དང༌། འབྲུ་གསུམ་གྱིས་མཆོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་སོགས་ཀྱིས་བསྟོད། བཟླས་པའི་དམིགས་པ་གསལ་བཏབ་ལ་བཟླས་པ་བྱ། སླར་ཡང་མཆོད་པ་བྱིན་གྱིས་བརླབས་ཏེ། ཨརྒྷཾ་ནས་ཤབྟའི་བར་གྱིས་མཆོད། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ནས། ཨོཾ་གསུམ་མའི་མཐར་འབྲུ་གསུམ་སྦྱར་བ་བཟླ་ཞིང༌། འཐོར་བའམ། བཟེད་ཞལ་དུ་འབུལ་བ་ལན་བརྒྱ་རྩ་སོགས་ཅི་རིགས་པ་བྱེད་པ་ནི། ཁྱད་པར་གྱི་མཆོད་པ་བདུད་རྩི་འབུལ་བ་ཞེས་


TNT15_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ཡིན་ལ། མཆོད་པའི་ཁྱད་པར་སྣ་ཚོགས་པ་རྣམས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་འབུལ། བསྟོད་པ་ནི། རོལ་མོ་སྣ་ཚོགས་པའི་སྒྲ་དང་བཅས་པའམ། མེད་ན་ཅང་ཏེའུ་འཁྲོལ་བཞིན་དུ། རྐང་པ་བརྒྱད་པས་ཐོག་དྲངས་ནས་བསྟོད་པ་ཅི་ཤེས་པས་བསྟོད་པར་བྱའོ། །གཏོར་མ་གོང་བཞིན་བྱིན་གྱིས་བརླབས་ནས། གཏོར་མ་དང་པོ་གཉིས་གོང་བཞིན་འབུལ་བ་ལས། ཡེ་ཤེས་མཁའ་འགྲོ་ཡི་དམ་གྱི་ཚོགས་ལ་ཐུན་མོང་དུ་འབུལ་ན། ཕཻཾ་བཛྲ་ཨ་རལླི་ཧོ། བཛྲ་ཌཱ་ཀི་ནཱི། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་གྱིས་འབུལ། གཏོར་མ་གསུམ་པ་ནག་པོ་ཆེན་པོ་དང་ཕྱོགས་སྐྱོང་སོགས་ལ་འབུལ། བཞི་པ་གཞི་བདག་དང༌། ལྔ་པ་རིགས་དྲུག་དང༌། བགེགས་ལ་ཁ་འབར་མའི་སྔགས་ཀྱིས་སྦྱིན། གཏོར་མ་ཕྱི་མ་གསུམ་པོ་བསྔོས་ཚར་རིམ་གྱིས་འཕྲལ་དུ་གཏོང༌། བུམ་པ་བསངས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་སྟེང་དུ། བྷྲུཾ་ལས་བྱུང་བའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། སྣ་ཚོགས་པདྨའི་སྟེང་དུ་མི་རོའི་སྙིང་གར་གནས་པའི་ཉི་མའི་གདན་དེའི་སྟེང་དུ་རྡོ་རྗེ་རྣལ་འབྱོར་མ་ཞེས་པ་ནས། ཙཎྜི་ཀཱའི་ངོ་བོ་རྣམས་སུ་གྱུར་གྱི་བར་བདག་བསྐྱེད་བཞིན། རང་གི་སྙིང་ག་ནས་སྔགས་ཀྱི་འཕྲེང་བ་ཕྲེང་མ་ཆད་པར་སྤྲོས། བུམ་བསྐྱེད་ཀྱི་ལྷའི་ཐུགས་རྒྱུད་བསྐུལ། ས་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། བཟླས་པ་ཅི་འགྲུབ་བྱ། ཨརྒྷཾ་ནས་ཤབྟའི་བར་གྱིས་མཆོད། འབྲུ་གསུམ་གྱི་ནང་མཆོད་དང་བསྟོད་པ་བསྡུས་པ་ཙམ་བྱ། བུམ་པའི་ལྷ་བཞུ་བ་དང་། གཤེགས་སུ་གསོལ་བ་སོགས་མི་དགོས། བར་འདིར་ཚོགས་མཆོད་བྱ། འཇིག་


TNT15_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་པའི་གཏོར་མའང་བཏང༌། སློབ་མ་ལ་ཇི་ལྟར་བྱ་བ་ལྟར་བདག་འཇུག་བླངས། དབང་གིས་སྨིན་པའི་སློབ་མ་རྣམས་ཁྲུས་བྱས་གྲལ་དུ་འཁོད་པ་ལ། མེ་ཏོག་བཀྱེ་བསྡུ་དང་ཆོས་བཤད་བྱ། སློབ་མས་མཎྜལ་འབུལ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སོགས་ལན་གསུམ་གྱིས་གསོལ་བ་བཏབ། བགེགས་གཏོར་སློབ་མ་ལ་ཕྱི་བསྐོར་ལ། སརྦ་བིགྷྣཱན་བྷྱཿ ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ལན་གསུམ་གྱིས་བསྔོས། བདེན་པ་བདར་ཞིང་། གཏོར་མ་ཕྱི་རོལ་དུ་དོར་ལ་བགེགས་བསྐྲད། སུཾ་བྷ་དྲག་ཏུ་བཟླའོ། །སློབ་དཔོན་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ལྟེ་བའི་བཾ་ལས་མེ་འོད་བྱུང༌། དབུ་མ་ནས་བརྒྱུད། སྲིན་ལག་གཡོན་གྱི་རྩེ་ནས་ཐོན། སློབ་མའི་སྤྱི་བོ་ནས་ཞུགས། སྲོག་རྩའི་ནང་གང་བས། ནང་གིས་བགེགས་དང་དྲི་མ་ཐམས་ཅད་བསལ་ཞིང་སྦྱངས་པར་གྱུར། སྲིན་ལག་སློབ་མའི་སྤྱི་བོར་བཞག་ལ། ཨོཾ་ཨཱཿབིགྷྣཱནྟཱ་ཀྲྀཏ་ཧཱུཾ། ཞེས་བདུན་བདུན་བརྗོད་ཅིང༌། སྤྱི་བོར་ཕུས་བཏབ། ཚངས་བུག་རྡོ་རྗེ་རྒྱ་གྲམ་གྱིས་བཀག་པར་གྱུར། སློབ་མ་རྣམས་ཀྱི་གནས་རྣམས་སུ་ནས། ངོ་བོ་རྣམས་སུ་གྱུར། ཨོཾ་བཾ་ནས། ཕཊ་ཕཊ་གྱི་བར་བརྗོད་ཅིང༌། གནས་དེ་རྣམས་སུ་རྡོ་རྗེ་རྒྱ་གྲམ་རེག དེ་ནས་འབྲུ་གསུམ་གྱིས་ནང་མཆོད་བླུད་དོ། །དེ་ནས་རྒྱུན་བཤགས་དང༌། སྐྱབས་འགྲོ་སེམས་བསྐྱེད་རྒྱས་པ་བྱེད་པར་སྤྲོ་ན་ཡི་གེ་རྙིང་པ་རྣམས་སུ་ཤེས་པར་བྱའོ། །བསྡུ་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ་གྱིས་ཆོག་གོ །ཨརྒྷཾ་ནས་ཤབྟའི་བར་གྱིས་སློབ་མ་སེམས་བསྐྱེད་པ་ལ་མཆོད། ཨོཾ་ཧྲཱྀ་བི་ཤུདྡྷ་དྷརྨ་སརྦ་པཱ་པཾ་ནི་ཙ་ཨསྱ་ཤོ་དྷ་ཡ་སརྦ་བི་ཀལྤན་


TNT15_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་པ་ན་ཡ་ཧཱུཾ། ཞེས་ཁྱོར་ཆུ་སྦྱིན། སྡོམ་བཟུང་གི་དོན་དུ་སློབ་མས་མཎྜལ་ཕུལ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མའི་སྐུ་ལ་སྐྱབས་སུ་མཆི། །གསུང་དང་ཐུགས་ལའང་དེས་འགྲེ། སངས་རྒྱས་གྲོང་ཁྱེར་ཉམས་དགའ་བར། །རྣལ་འབྱོར་མ་མཆོག་འཁོར་ལོ་ཡི། །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །མགོན་པོས་བདག་ནི་འཇུག་པར་མཛོད། །ལན་གསུམ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ནས། མྱ་ངན་འདས་ལ་འགོད་ཀྱི་བར་ལན་གསུམ་གྱི་རིགས་ལྔའི་སྡོམ་པ་བཟུང༌། སངས་རྒྱས་ཆོས་དང་དགེ་འདུན་ལ་ནས། ཉི་ཤུ་རྩ་གཉིས་ལེགས་པར་བསྲུང་གི་བར་བདེ་མཆོག་གི་ཐུན་མོང་མ་ཡིན་པའི་སྡོམ་བཟུང་བྱ། ཨོཾ་ཙཀྵུ་བནྡྷ་ཝ་རཱ་མ་ན་ཡེ་ཧཱུཾ་གིས་མིག་དར། ཨ་ཁཾ་ཝཱི་ར་ཧཱུཾ་གིས་མེ་ཏོག་བཟུང༌། སློབ་མའི་གནས་གསུམ་དུ་འབྲུ་གསུམ་བཀོད་ལ། རྡོ་རྗེ་དང་བཅས་པའི་ནང་མཆོད་ཀྱིས་ཐིག་ལེ་བྱ། ཟླ་བ་རྡོ་རྗེའི་དམིགས་པ་ཕོག་ལ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡ་མི། བརྗོད་དུ་བཅུག སྙིང་གར་རྡོ་རྗེ་གཏུགས་ཏེ། སུ་ར་ཏ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐ་སུ་ཁཾ་ཞེས་བརྗོད། ཛཿཧཱུཾ་བཾ་ཧོཿ ཞེས་དཀྱིལ་འཁོར་དུ་བཅུག་པར་མོས་ལ། ཡོལ་བ་བསལ། སྤྱི་བོར་རྡོ་རྗེ་བཞག་ལ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང༌། རྡོ་རྗེ་རྣལ་འབྱོར་མས་བྱིན་གྱིས་བརླབས་ཀྱི། དེ་བས་ན་ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དཔལ་ཧེ་རུ་ཀ་དང༌། རྡོ་རྗེ་རྣལ་འབྱོར་མའི་དངོས་གྲུབ་ཀྱང་ཐོབ་པར་གྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་འདི་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱིས་


TNT15_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་སྨྲ་བར་མ་བྱེད་ཅིག སྨྲས་ན་དམ་ཚིག་ཉམས་པ་གྱུར་ཏ་རེ། ཞེས་བརྗོད། སྙིང་གར་གཏུགས་ཏེ། རྣལ་འབྱོར་མ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། ཡང་སྤྱི་བོར་བཞག་ལ། དེང་ཕྱིན་ཆད་བུ་ཁྱོད་ཀྱི་རྡོ་རྗེ་རྣལ་འབྱོར་མ་ནས་འགྱུར་ཏ་རེ། འབྲུ་གསུམ་བརྗོད་ཅིང་བདུད་རྩི་བླུད་ལ། འདི་ནི་ཁྱོད་ཀྱིས་ནས་ཨུ་ད་ཀ་ཋ་ཋ་ཧཱུཾ། ཡེ་ཤེས་དབབ་པ་ནི། སློབ་མ་སྐྱིལ་ཀྲུང་བཅས་ཤིང་རླུང་བཟུང་དུ་བཅུག སློབ་མ་རྣམས་ཀྱི་སྤྱི་བོར་བླ་མ་ཧེ་རུ་ཀའི་རྣམ་པ་ཅན། ལྟེ་བར་ཆོས་འབྱུང་གི་ནང་དུ་རྡོ་རྗེ་ཕག་མོ་མར་མེ་ལྟར་འབར་བ་མཚོན་གང་བ་གར་བསྒྱུར་བ་ཞིག་བཞུགས་པར་གྱུར། སློབ་དཔོན་གྱི་ལྟེ་བའི་བཾ་ལས་འོད་འཕྲོས། སློབ་མའི་ལྟེ་བར་གནས་པའི་རྡོ་རྗེ་ཕག་མོའི་སྐུ་ལ་ཕོག་པས། ཡེ་ཤེས་ཀྱི་མེ་ལྕེའི་ཚོགས་དཔག་ཏུ་མེད་པ་འཕྲོས་ཤིང་འབར་ཏེ། ལུས་ཀྱི་ཕྱི་ནང་ཐམས་ཅད་གང་བས། སྡིག་སྒྲིབ་ཐམས་ཅད་བསྲེག་པར་མོས་མཛོད། ཅེས་བརྗོད་ལ་རོལ་མོའི་སྒྲ་བྱ་ཞིང༌། རྡུལ་གྱི་རས་དང༌། བྱི་ལ་ནག་པོའི་བྲུན་དང༌། གུ་གུལ་སྦྱར་བའི་དུད་པས་བདུག་ཅིང༌། ཨོཾ་བཛྲ་ཝཱ་རཱ་ཧཱི་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཧྲཱི་ཧྲཱི་སྭཱཧཱ། གཉིས་པ་སྤོག་པའི་ཆོ་ག་ནི། སློབ་མ་རྣམས་ལངས་ཏེ་རྐང་པ་གཉིས་གཤིབས་བྲང་བ་ལ་བརྗིད་བསྐུར། ལག་པ་ཐལ་མོ་སྦྱར་བརྐྱང༌། སྣ་རྩེ་ནས་སོར་བརྒྱད་གཞལ་པའི་བར་སྣང་ལ། གཡུང་དྲུང་རིས་དཀར་པོ་མེ་སྟག་འབར་བ་གཅིག་བསམས་ལ། རླུང་ཕྱིར་སོང་བས་གཡུང་དྲུང་རིས་ལ་ཕོག །གཡོན་བསྐོར་དུ་དྲག་ཏུ་འཁོར་


TNT15_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་ཤེས་པ་གཏད་ལ། རླུང་ཕྱིར་ཐུབ་ཚད་ཟུངས་ཤིག སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཡབ་ཡུམ་དཔག་ཏུ་མེད་པ་སྤྱན་དྲངས། སློབ་མའི་སྤྱི་བོར་བྱོན། སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་ཆུ་རྒྱུན་ལྟར་བབས་པས། སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང༌། བདེ་མེར་རེ་རེ་འདུག་པ་ལ་སེམས་གཏོད་ཅིག །རྩ་སྔགས་ཀྱི་མཐར་ཕེཾ་ཕེཾ་ཧྲི་ཧྲི་ཞེས་བཏགས་ཏེ། ལན་བརྒྱ་རྩ་ལ་སོགས་པས་དབབ་པར་བྱའོ། །གལ་ཏེ་ཡེ་ཤེས་ཕེབས་ན། དེའི་ཉམས་མྱོང་སྐྱོང་དུ་བཅུག་ལ། འོག་ནས་འབྱུང་བ་ལྟར། ལྟོས་ཤིག་རང་གི་སེམས་ལ་ལྟོས་སོགས་ཀྱིས་ངོ་སྤྲོད་པ་ཡིན་ལ། མ་ཕེབས་ན་དེ་བརྗོད་མི་དགོས་སོ། །དེ་ནས་ཏིཥྛ་བཛྲ་གྱིས་བརྟན་པར་བྱིན་གྱིས་བརླབས། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པར་བགྱིས། །ལྷའི་རིགས་ཀྱི་རིམ་པ་དང༌། །བསོད་ནམས་རིམ་པའང་དེ་བཞིན་ཤོག །ཅེས་སློབ་དཔོན་གྱིས་ལྷ་ལ་གསོལ་བ་བཏབ་ལ། ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་སློབ་མ་མེ་ཏོག་འབུལ་དུ་བཅུག པྲ་ཏཱི་གྲྀཧྞ་སྟྭཾ་ཨི་མཾ་སཏྭ་མཧཱ་བཱ་ལ། ཞེས་པས་མེ་ཏོག་སློབ་མའི་མགོ་བོར་བཅིངས། མིག་འབྲས་གཉིས་ཨོཾ་འོད་དུ་འབར་བར་གྱུར། རྣལ་འབྱོར་མ་དཔལ་དེང་ཁྱོད་ཀྱི་ནས། བླ་ན་མེད། ཧེ་བཛྲ་པ་ཤྱ། ཞེས་པས་མིག་དར་ཕྱེ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་སྐྱེས། ཁྱོད་ནི་རྣལ་འབྱོར་མ་རིག་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་


TNT15_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས། །འགྲོ་བ་ཕུན་སུམ་དངོས་གྲུབ་ཀུན། ཁྱོད་ལ་མྱུར་དུ་མངོན་དུ་གྱུར། །དམ་ཚིག་ཐམས་ཅད་བསྐྱང་བ་དང༌། །གསང་སྔགས་སྒྲུབ་ལ་བརྩོན་པར་གྱིས། །ཞེས་བལྟ་བར་བསྐུལ། དཀྱིལ་འཁོར་གྱི་རྣམ་པ་བསྟན་ལ། རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ཆོས་འབྱུང་ནི་དུས་གསུམ་གྱི་ཆོས་ཉིད། བདུད་རྩིའི་ནང་གི་ཆོས་འབྱུང་ནི་ཁམས་གསུམ་གྱི་དེ་བཞིན་ཉིད། མེ་ལོང་གི་ཆོས་འབྱུང་ནི་སྐུ་གསུམ་གྱི་ཡེ་ཤེས་མཚོན་ནོ། །གཡུང་དྲུང་རིས་ནི་ཆོས་ཉིད་མི་འགྱུར་བ། བཞི་ནི་དགའ་བ་བཞི། ཡིག་འབྲུ་རྣམས་སུ་སྐུ་གསུང་ཐུགས་གཅིག་ཏུ་འདུས་པ། ཟུར་གསུམ་ནི་རྣམ་ཐར་གསུམ། ནང་སྟོང་པ་ཉིད་སྤྲོས་བྲལ། དམར་བ་ནི་སྙིང་རྗེ། རྩ་བ་ཕྲ་བ་ནི་ཉོན་མོངས་སྤངས་པ། གདེངས་མཆེ་བ་ནི་ཡེ་ཤེས་དང༌། ཡོན་ཏན་རྒྱས་པ་མཚོན་ནོ། །ཞེས་པ་ཙམ་མམ་རྒྱས་པར་སྤྲོ་ནའང་རྒྱས་པར་བརྗོད། སློབ་དཔོན་རྡོ་རྗེ་ཕག་མོར་བསྒོམས་ལ་མོས་གུས་དུང་བ་བྱོས་ཤིག ཅེས་དང༌། མདུན་བསྐྱེད་ཀྱི་ལྷའི་རྣམ་པ་མངོན་རྟོགས་ལྟར་བཤད་ལ། ཕག་ཞལ་དོན་དམ་རྟོག་མེད་མཚོན། གྲི་གུག་ཤེས་རབ་སྟོང་ཉིད། ཐོད་པ་ཐབས་བདེ་ཆེན། ཞབས་གཡོན་བརྐྱང་བ། སྙིང་རྗེ་མྱང་འདས་ལ་མི་གནས་པ། གཡས་བསྐུམ་པ་ཤེས་པས་འཁོར་བ་ལ་མི་གནས་པ་སྟེ། མདོར་ན་ཐམས་ཅད་ཀྱང་ཟུང་དུ་འཇུག་པའི་བདག་ཉིད་ཡིན་ནོ། །ཞེས་བཤད་དེ། དཀྱིལ་འཁོར་དང་བླ་མ་དང༌། ལྷའི་དེ་ཁོ་ན་ཉིད་བསྟན་པའོ། །དེ་ནས་དབང་གི་དངོས་གཞིའི་དོན་དུ་མཎྜལ་ཕུལ་ལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །


TNT15_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལན་གསུམ་གྱིས་གསོལ་བ་བཏབ། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་དབྱེར་མ་མཆིས་པས་བུམ་པའི་ཆུས་དབང་བསྐུར་བར་མོས་ཤིག དབང་བསྐུར་རྡོ་རྗེ་ཆེན་པོ་ནས། སྦྱིན་པར་བྱ། ཨོཾ་གསུམ་མའི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་བརྗོད་ལ་བུམ་པ་སྤྱི་བོར་བཞག བུམ་ཆུ་བླུད། བུམ་པའི་ལྷ་སློབ་མ་ལ་ཐིམ་པར་གྱུར། ཡེ་ཤེས་ཀྱི་ཆུས་སློབ་མའི་ལུས་ཐམས་ཅད་གང༌། སྤྱི་བོར་ལུད་པ་ལས་རྒྱལ་བ་རིགས་ལྔས་དབུ་བརྒྱན་པར་གྱུར། དབང་བསྐུར་རྡོ་རྗེ་སོགས་དང༌། ཨོཾ་གསུམ་མའི་མཐར། ཨོཾ་རཏྣ་མུ་ཀ་ཊ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད་ཅིང༌། དབུ་རྒྱན་དར་དཔྱངས་དང་བཅས་པ་བཅིང་ངོ༌། །བུམ་དབང་ངོ༌། །ཡང་མཎྜལ་ཕུལ་ལ། ཁྱོད་ཞབས་པདྨོ་སྤངས་ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །ངག་གི་དྲི་མ་སྦྱོང་མཛད་པའི། །གསང་བའི་དབང་བསྐུར་བདག་ལ་སྩོལ། །ཞེས་གསོལ་གསུམ་གདབ། མེ་ལོང་གི་འོག་གི་ཐོད་པ་ནས་བདུད་རྩི་བླངས་ལ། ཨོཾ་གསུམ་མ་བཟླས་བཞིན་དུ་སློབ་མ་ལ་སྦྱིན། དེ་ལྟར་བདུད་རྩི་མྱངས་པས་རྩ་ཐམས་ཅད་བདུད་རྩིས་གང༌། དུག་གསུམ་གྱི་རྣམ་རྟོག་འགགས། བདེ་བའི་ཡེ་ཤེས་སྐྱེས་པར་མོས་ཤིག ཅེས་བརྗོད་དེ་གསང་དབང་ངོ༌། །ཡང་མཎྜལ་ཕུལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། དཔལ་ལྡན་ཆོས་ཀྱི་རྡོ་རྗེ་ལ། །གསང་བའི་དེ་ཉིད་བསྟན་པ་ལྟར། དབང་བསྐུར་བ་ནི་བདག་ལ་སྩོལ། ཞེས་གསོལ་གསུམ་གདབ། སིནྡྷུ་རའི་ཡིག་འབྲུའམ། དགའ་


TNT15_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱིལ་ལས་སློབ་དཔོན་གྱི་སྲིན་ལག་གིས་བླངས་ནས། སློབ་མའི་ལྟེ་བར་བྱུགས་པས་སིནྡྷུ་རའི་དཀྱིལ་འཁོར་གྱི་ཡེ་ཤེས་པ་ལས་ཡེ་ཤེས་པ་གཉིས་པ་ཞིག་རྒྱང་གིས་ཆད་དེ། སློབ་མའི་ལྟེ་བའི་བཾ་ལ་ཐིམ་པས་དེ་ཉིད་རྡོ་རྗེ་རྣལ་འབྱོར་མའི་སྐུར་ཁྲོང་གིས་གྱུར་པར་བསམ། ད་ཕྱིན་ཆད་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་ཡི་དམ་ལྷ་རྡོ་རྗེ་རྣལ་འབྱོར་མ་སྒོམ་པ་དང་མ་འབྲལ་བར་གྱིས་ཤིག ཅེས་བརྗོད་ལ་སྤྱི་བོར་བྱུགས་ཤིང༌། སྤྱི་བོར་རྡོ་རྗེ་སློབ་དཔོན་བསྒོམ་པ་དང་མ་བྲལ་བར་གྱིས་ཤིག ཅེས་དང༌། དཔྲལ་མགྲིན་སྙིང་ག་གསུམ་དུ་རེག་ལ། ལུས་ངག་ཡིད་གསུམ་བདེ་སྟོང་ཟུང་འཇུག་ཏུ་སྒོམས་ཤིག ཅེས་བརྗོད། དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌། །ཡིག་རྙིང་ཕལ་ཆེ་བ་ན་འོག་ནས་འབྱུང་བའི་རྗེས་གནང་དྲུག་གི་དབང་བཞི་པའི་དོད་ཐུབ་པར་བཞེད་ཀྱང༌། འགའ་ཞིག་ལས་བཞི་པ་ལོགས་སུ་བྱེད་པ་ཉིད་ལེགས་པས། ཡང་མཎྜལ་ཕུལ་ཏེ། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས། །གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང༌། །བདག་ལ་བཀའ་དྲིན་སྐྱོབ་ཏུ་གསོལ། །ཞེས་གསོལ་གསུམ་གདབ། དེ་ནས་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་དེ། ལྟོས་ཤིག་རང་གི་སེམས་ལ་ལྟོས། །སེམས་ཉིད་ཅིར་ཡང་གྲུབ་པ་མེད། །གྲུབ་པ་མེད་པའི་སེམས་ཉིད་ལ། །སྣ་ཚོགས་སྣང་བ་ངོ་མཚར་ཆེ། །སྣང་ཙམ་ཉིད་ཀྱང་སེམས་སུ་འདུག །སྣང་བ་སེམས་ཀྱི་དེ་ཉིད་ནི། །བདེ་བ་ཆེན་པོའི་ཡེ་ཤེས་ཡིན། །རྣམ་པར་མི་རྟོག་བསམ་མི་ཁྱབ། །གསལ་བ་དེ་ཡི་ངོ་བོར་སྣང༌། །མོས་པ་དུ་མའི་སེམས་ཅན་


TNT15_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཐབས་རྣམས་སྣ་ཚོགས་ཀུན་ཏུ་སྟོན། །སྣ་ཚོགས་སྒྱུ་མའི་སྦྱོར་བ་ཡིས། །དཔའ་བོ་སེང་གེ་བཞིན་དུ་སྤྱོད། །བསམ་གྱིས་མི་ཁྱབ་གོ་འཕང་ཐོབ། །འདི་ནི་རྗེ་བཙུན་བྱིན་རླབས་ཏེ། །སྣ་ཚོགས་ནོར་བུ་ཇི་བཞིན་དུ། །སྐལ་ལྡན་རྣམས་ཀྱིས་སྤྱོད་ཡུལ་ཡིན། །ཅེས་བརྗོད་ཅིང་དེའི་དོན་བཤད། ཚིག་འདི་ནི་གྲུབ་ཐོབ་བརྒྱུད་པའི་གསུང་རྒྱུན་ཡིན་གྱི། རྒྱུད་ཚིག་མིན་པས་མཐའ་གཅིག་ཏུ་འདི་ཁོ་ན་བརྗོད་དགོས་པའི་ངེས་པ་མེད་དེ། དབང་བཞི་པའི་དོན་སྟོན་པའི་རྡོ་རྗེའི་ཚིག་གང་ཡང་རུང་བ་ཞིག་བརྗོད་ནའང་ལེགས་པ་ཡིན་ནོ། །དེ་ལྟར་ན་དབང་བཞི་པའོ། །དེས་བྱིན་རླབས་ཀྱི་དངོས་གཞི་སོང་ནས། རྗེས་ལ་རྗེས་སུ་གནང་བ་དྲུག་ལས། དང་པོ་སྐུའི་རྗེས་གནང་ནི། ཨོཾ་སྭ་བྷཱ་ཝ་ནས། རྩེ་ལྔ་པས་དབུ་རྒྱན་གྱི་བར་མངོན་རྟོགས་བཞིན་དམིགས་པ་ཕོག དེས་ལྷ་བསྒོམས་པའི་ལུང་ཐོབ་པ་ཡིན་པས་ཐུན་བཞིར་སྒོམས་ཤིག གཉིས་པ་གསུང་བཟླས་པའི་རྗེས་གནང་ནི། སློབ་དཔོན་གྱི་ཐུགས་ཀར་ཆོས་འབྱུང་སྔགས་འཕྲེང་དང་བཅས་པ་དང༌། སློབ་མའི་སྙིང་གར་ཆོས་འབྱུང་ཙམ་གསལ་བཏབ་ལ། སློབ་དཔོན་ལ་མོས་གུས་བྱས་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀའི་སྔགས་འཕྲེང་ལས་སྔགས་འཕྲེང་གཉིས་པ་ཞིག་ཆད། ཞལ་ནས་ཐོན། སློབ་མའི་ཁ་སྒོ་ནས་ཞུགས། སྙིང་གའི་ཆོས་འབྱུང་དུ་སྤར་བཏབ་པ་བཞིན་བྱུང་བར་མོས་ལ། ཨོཾ་གསུམ་མ་ལན་གསུམ་རྗེས་ཟློས་བྱ། བཅོམ་ལྡན་བདག་ལ་རྩལ་ལགས་ཏེ། །སོགས་ལན་གསུམ། མེ་ཏོག་འཐོར་བཞིན་དུ། རྗེས་ཟློས་བྱས་པ་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །སོགས་བརྗོད་ཅིང༌། སློབ་


TNT15_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སྤྱི་བོར་མེ་ཏོག་གཏོར། དེང་ཕྱིན་སྔགས་བཟླས་པ་ལ་བརྩོན་པར་གྱིས་ཤིག གསུམ་པ་ལྷ་མཆོད་པའི་རྗེས་གནང་ནི། སློབ་མས། སློབ་དཔོན་དཀྱིལ་འཁོར་དང་བཅས་པ་ལ་མཆོད་པ་སྣ་ལྔ་སྔགས་དང་ཕྱག་རྒྱས་འབུལ་དུ་བཅུག་ལ། བདག་ཉིད་དཔའ་བོ་ཀུན་གྱི་དངོས། །བདག་ཉིད་ལྷ་མོ་ཀུན་གྱི་གནས། །དེ་ཕྱིར་བདག་གིས་ཐམས་ཅད་བྱ། །བདག་ཉིད་རྣལ་འབྱོར་མ་དཔལ་མཆོད། །དེང་ཕྱིན་ཆད་ལྷ་དང་བླ་མ་མཆོད་པ་ལ་བརྩོན་པར་གྱིས་ཤིག བཞི་པ་སྤྱོད་པའི་རྗེས་གནང་ནི། དེ་ཉིད་རིག་པའི་རྣལ་འབྱོར་པས། མི་བྱ་བ་ནི་ཅི་ཡང་མེད། །དེ་ཉིད་ཤེས་ནས་དེ་ནས་ནི། །དཔའ་བོ་འདོད་པ་ལྔ་སྤྱོད་དོ། །དེང་ཁྱོད་ཀྱི་ལས་དང་པོ་པའི་སྤྱོད་པ་དང༌། བརྟན་པ་ཐོབ་པའི་སྤྱོད་པ་དང༌། བརྟན་པ་ཆེར་ཐོབ་པའི་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་རྣམས་སོ་སོའི་དུས་དང་འཚམས་པར་མ་འཁྲུལ་པའི་སྤྱོད་པ་གྱིས་ཤིག ལྔ་པ་ཆོས་བཤད་པ་ལ་སོགས་པ་གཞན་དོན་གྱི་རྗེས་གནང་ནི། རྟེན་ཅིང་འབྲེལ་བར་འབྱུང་བཅས་ཤིང༌། །སེམས་ཅན་སྒྱུ་མའི་རང་བཞིན་ནོ། ཁམས་གསུམ་དེ་ལྟར་ཤེས་ནས་ནི། །འགྲོ་བའི་དོན་ནི་མཉམ་མེད་བྱོས། །དེང་ཕྱིན་ཆད་རང་གི་ནུས་པ་དང་འཚམས་པར་སྐལ་བར་ལྡན་པ་གཞན་དག་ལ་འགྲོ་བའི་དོན་ཅི་ནུས་པར་སྒྲུབས་ཤིག དྲུག་པ་བསྲུང་བའི་རྗེས་གནང་ནི། གོང་བཞིན་སློབ་མའི་ལུས་ལ་གོ་ཆ་བཀོད་ནས། རྡོ་རྗེས་རེག་པར་བྱ། གོ་ཆའི་སྔགས་བརྗོད། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ལ། ཨོཾ་གསུམ་མ་དང༌། སུམྦྷ། ཚར་གཅིག་བརྗོད། མན་ངག་ལས་འབྱུང་བ་བཞིན་བསྲུང་བའི་འཁོར་ལོ་ཡོད་ན་གདགས་ཤིང་


TNT15_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ན་བསྲུང་སྐུད་དམར་པོ་གཡོན་པར་སྤྱི་དང་མཐུན་པར་བཅིངས། བསྲུང་བའི་སྔགས་བཟླ་ཞིང༌། བསྲུང་བར་བྱའོ། །འདིའི་གཞན་དོན་རྗེས་གནང་གི་སྐབས་སུ་འཁོར་ལོ་དུང་པོ་ཏི་རྣམས་གཏད་ཅིང༌། ཆོས་བཤད་ཀྱི་རྗེས་གནང་སྤྱི་དང་མཐུན་པ་ལྟར་བྱེད་པའི་ལུགས་ཀྱང་ཡོད་པས་སྤྲོ་ན་དེ་ལྟར་བྱའོ། །དེ་ནས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །སོགས་དང༌། མཎྜལ་དང༌། དེང་ནས་བརྩམས་ཏེ་བདག་བྲན་དུ། །སོགས་བྱ་སྟེ། སྤྱི་དང་མཐུན་ནོ། །གོང་དུ་ཚོགས་མཆོད་མ་བཏང་ན། སྐབས་འདིར་བཏང་ངོ༌། །རྗེས་ཀྱི་བྱ་བ་ནི། མཆོད་པ་ཁ་གསོས། བྱིན་གྱིས་རླབས། མཆོད་བསྟོད་གསོལ་བཏབ་ཡིག་བརྒྱ་བཟོད་གསོལ་གཤེགས་གསོལ། བདག་བསྲུང་ཚམ་རྔམ་སྨོན་ལམ་བཀྲ་ཤིས་རྣམས་བྱ་སྟེ། རྗེ་བཙུན་མའི་ཆོས་སྐོར་སྤྱི་དང་མཐུན་པ་ཡིན་ནོ། །དེའི་མཆོད་འཕྲེང་ལ་སོགས་པ་རྒྱས་པ་སྤྲོ་ན་དཔལ་འཁོར་ལོ་སྡོམ་པའི་ཆོ་ག་བཞིན་བྱའོ། །དེ་ལྟར་ན་ཞལ་གཉིས་མའི་སྒྲུབ་ཐབས་བྱིན་རླབས་དང་བཅས་པ་ལེགས་པར་བཤད་ཟིན་ཏོ། །དབུ་བཅད་མ་དང་དོན་གྲུབ་ཀྱི་བྱིན་རླབས་ཀྱི་ཆོ་ག་ལ། འདི་ན་མི་འདྲ་བའི་ཁྱད་པར་ནི། དབུ་བཅད་མ་ལ། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་སྣ་ཚོགས་པདྨ་བྲི། མེ་ལོང་ལ་ལྷ་མོ་གསུམ་གྱི་སྔགས་བརྩེགས་ནས་འབྲི་བ་དང༌། ལྷག་མ་ལྷ་སྔགས་ས་བོན་སོགས་ཀྱི་སྐབས་སོ་སོའི་མངོན་རྟོགས་བཞིན་འདོན་པ་བསྒྱུར་བའི་ཆོག ལྷའི་དེ་ཉིད་བསྟན་པའི་སྐབས། དབུ་བཅད་མའི་རྩ་གསུམ་བཅད་དེ་དུག་གསུམ་བཅད་པ་མཚོན། ལྷ་གསུམ་ནི་སྐུ་གསུམ་མཚོན་པ་ཡིན་ནོ། །ཞེས་བརྗོད། དོན་གྲུབ་མ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་སྣ་ཚོགས་པདྨ་འདབ་བཞི་བྲི། མེ་ལོང་ལ་ཆོས་འབྱུང་གི་དབུས་སུ་སྔགས་


TNT15_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པུ་དང་དགའ་འཁྱིལ་གྱི་ཚབ་ལ་སྣ་ཚོགས་རྡོ་རྗེ་བྲི། མདུན་བསྐྱེད་དང༌། བྱིན་རླབས་ཀྱི་སྐབས་འདོན་པ་སྤོ། ཁྱད་པར་དཀྱིལ་འཁོར་གྱི་དེ་ཉིད་བསྟན་པའི་སྐབས། རྡོ་རྗེ་རྒྱ་གྲམ་བཞི་ནི་འཕྲིན་ལས་རྣམ་པར་བཞིས་སེམས་ཅན་གྱི་དོན་མཛད་པ་མཚོན་ཞེས་པ་དང༌། ལྷའི་དེ་ཉིད་ཀྱི་སྐབས། ཕག་ཞལ་ནི། རྟོག་མེད་དེ་བཞིན་ཉིད་དུ་ཆོས་ཐམས་ཅད་རོ་གཅིག་པ་དང༌། ཕྱག་བཞི་ལས་བཞི་སྒྲུབ་ཅིང༌། སྐུ་བཞི་འགྲུབ་པར་མཚོན་ཞེས་འདོན་པ་སྤོ། བླ་མ་དཔྱལ་པ་རྣམས་ཀྱི་ཕྱག་ལེན་ལ། ཞལ་གཉིས་མའི་བྱིན་རླབས་མ་ཐོབ་པ་ལ་དབུ་བཅད་མ་དང༌། དོན་གྲུབ་མའི་བྱིན་རླབས་མི་མཛད་མོད། བླ་མེད་ཀྱི་དབང་བཞི་རྫོགས་པར་ཐོབ་ཕྱིན་ཆད། ཞལ་གཉིས་མའི་བྱིན་རླབས་སྔོན་དུ་མ་སོང་ཀྱང༌། དེ་དག་བྱིན་དུ་རུང་བ་ཁོ་ནའོ། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཆོས་སྐོར་ལ། གྲུབ་ཐོབ་ཀྱི་གཞུང་གི་ཁུངས་དང༌། བླ་མ་དམ་པའི་མན་ངག་དང་མཁས་པ་པཎྜི་ཏའི་ལེགས་བཤད་དང༌། བྱིན་རླབས་ཀྱི་བཀའ་མ་ཉམས་པ་དང༌། རྫོགས་རིམ་དང༌། ལས་ཚོགས་སུ་འཛོམས་པ་སོགས་སྒོ་ཐམས་ཅད་ནས། གཞལ་ན་འདི་ཉིད་ཁོ་ན་བཟང་བ་ཡིན་ནོ། །དབུ་བཅད་མ་དང༌། དོན་གྲུབ་མའི་སྒྲུབ་ཐབས་ནི་ལོགས་སུ་ཤེས་པར་བྱའོ། །མཆོག་གྱུར་སྒྲུབ་ཐབས་མཆོག་འདི་བཤད་པ་ལས། །མཁའ་སྤྱོད་ཆེན་པོ་མཁའ་ཁམས་ཆོས་ཀྱི་དབྱིངས། །བདེ་ཆེན་དཀྱིལ་འཁོར་བདེ་བའི་ལམ་གྱིས་ཐོབ། །བླ་མེད་བྱང་ཆུབ་བླ་མའི་དྲིན་ཐོབ་ཤོག །ཀུན༵་ལས་ངོ་མཚར་ཆེ་བས་ཆོས། །ལྷན་ཅིག་སྐྱེས་དག༵འ་འབྱུང་གནས་འདི། །སྙིང༵་པོ༵་དོན་གཉེར་བདག་འདྲས་བླངས། །སྐལ་བཟང་ཡོད་ན་ད་དུང་ལོང༌། །ཕག་མོ་ཞལ་གཉིས་མ་དཔྱལ་ལུགས་སུ་གྲགས་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། །

མཻ་ཏྲི་མཁའ་སྤྱོད་ཀྱི་སྒྲུབ་ཐབས།


TNT15_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

མཻ་ཏྲི་མཁའ་སྤྱོད་ཀྱི་སྒྲུབ་ཐབས། ན་མོ་བིདྱ་དྷ་ར་བི་ཀི་ལི་བཛྲ་ཡོ་གཱི་ནི་མཎྜ་ལེ་བྷྱཿ ལྟེ་བའི་དཀྱིལ་འཁོར་ནས་བཞེངས་གློག་འཕྲེང་གི །རི་བོང་འཛིན་བཞུ་བདེ་བ་རྒྱས་གང་མ། །ཡིད་འོད་འདི་ཡི་རྣམ་པར་བརྩེན་གྱུར་པ། །ནང་གི་རྡོ་རྗེ་རྣལ་འབྱོར་མ་འདིས་བསྲུང༌། །རིག་པ་འཛིན་མ་རྩེན་མ་ཞེས་བྱ་བ་རྡོ་རྗེ་ཕག་མོ་སྒྲུབ་པར་འདོད་པས། གདོང་ནུབ་ཏུ་ཕྱོགས་པའི་མདུན་དུ་ནང་མཆོད་བཤམས། ཐུན་མོང་དུ་བྱེད་ན། ཐུན་ཐ་མ་མ་གཏོགས་པ་ལ་གཏོར་མ་ཡིད་ཀྱིས་ཕུལ་བས་ཆོག ཐུན་ཐ་མ་དང་ཐུན་གཅིག་ཁོ་ན་བྱེད་པའི་ཚེ། ལས་དང་པོ་པའི་ག ནས་སྐབས་སུ་གཏོར་མ་དངོས་སུ་གཤོམས་པ་གལ་ཆེ་ཞིང༌། གང་ལྟར་ཡང་བཟླས་པའི་མཐར་གཏོར་ཆོག་རེ་ངེས་པར་བྱེད་དགོས་སོ། །སྐྱབས་སེམས་སྔོན་དུ་འགྲོ་བས། རང་སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མར་གྱུར། སྲིན་ལག་གཡོན་པས་ནང་མཆོད་ལ་ཆོས་འབྱུང་གྲུ་གསུམ་འབྲི་ཚུལ་དུ་བྱེད་ཅིང༌། ཨོཾ་ཨཱཿཧཱུཾ། དབུས་སུ་བཾ་བདུད་རྩིའི་རྒྱ་མཚོར་གྱུར། གཡས་པའི་སྲིན་ལག་གིས་གཡོན་པའི་ལག་མཐིལ་དང༌། མཐེ་ཆུང་ལ་སོགས་པའི་སོ་སོའི་རྩེ་མོར་བདུད་རྩི་གཏོར་ཞིང༌། ཨོཾ་བཾ། ཧཾ་ཡོཾ། ཧྲིཾ་མོཾ། ཧྲིཾ་ཧྲིཾ། ཧཱུཾ་ཧཱུཾ། ཕཊ་ཕཊ། ལག་པ་ཕན་ཚུན་མཉམ་ཞིང་ཡིག་འབྲུ་རྣམས་རང་གནས་སུ་འོད་དུ་ཞུ་ཞིང་ཐིམ། ཨོཾ་ཨཱཿཧཱུཾ་ཞེས་བདུད་རྩི་མྱང༌། ཨོཾ་ཨཱཿཧཱུཾ་ཞེས་གནས་གསུམ་དུ་ཐིག་ལེ་བྱ། དེ་ནས་སྟོང་པར་སྦྱང་བ་ནི་གོང་བུ་བསྡུ་བ་དང༌། རྗེས་སུ་ཞིག་པ་གང་རུང་ལས་དང་པོ་ལྟར་ན། རང་ལུས་སུམ་ཅུ་རྩ་དྲུག་ཁམས་ཀྱི་ཚོགས། །མིག་རྣ་སྣ་ལྕེ་ལུས་ཏེ་དབང་པོ་ལྔ། །ངག་དང་རྐང་ལག་བཤང་


TNT15_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

གཅི་ལས་དབང་ལྔ། །རང་བཞིན་དག་ཀྱང་དེ་ལྟར་མ་གཏོགས་པའི། །མ་ལུས་འགྲོ་དྲུག་སེམས་ཅན་ཚོགས། ལས་དང་ཉོན་མོངས་སྡུག་བསྔལ་གྱི། །འཁོར་ལོ་བསྐོར་བ་འདི་དག་ནི། །ངེས་པར་བྱང་ཆུབ་ལ་གཞུག་བྱ། །སྙིང་གའི་བཾ་ལས་འོད་ཟེར་འཕྲོས། ཁམས་གསུམ་སྣོད་བཅུད་འོད་དུ་ཞུ། །རང་ལུས་ལ་ཐིམ། རང་གི་རྐང་པ་གཉིས་ནི་བརླ་གཉིས་ལ། དེ་ལྟོ་བ་ལ། དེ་སྐེད་པ་ལ། དེ་ཡང་སྙིང་ག་ལ། ལག་པ་གཉིས་ནི་དཔུང་པ་ལ་ཐིམ། དེ་ཡང་སྙིང་ག་ལ། དེ་མགྲིན་པ་ལ། དེ་མགོ་བོ་ལ་ཐིམ། དེ་ཡང་སེམས་ལ་ཐིམ། སེམས་ཉིད་ཀྱང་ནམ་མཁའ་ལ་ཐིམ། ནམ་མཁའ་ཡང་རང་བཞིན་གྱི་འོད་གསལ་བ་ལ་ཐིམ། སྟོང་པའི་ངང་ལས་སྐད་ཅིག་གིས། བསྐྱེད་པའམ། ཆོས་འབྱུང་ནམ་མཁའི་ཁམས་ཀྱི་ནང་དུ་པད་ཉི་ལ་གནས་པའི་བཾ་ཡིག་ལས། རང་ཉིད་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་རིག་པ་འཛིན་པ་རྩེན་མའི་སྐུར་གྱུར་པ་ནི། ཛ་བའི་མེ་ཏོག་ལྟར་རབ་ཏུ་དམར་བའི་མདངས་ཅན། ཞལ་གཅིག་ཕྱག་གཉིས་མཆེ་བ་གཙིགས་ཤིང༌། ཁྲོ་གཉེར་དང་བཅས་པའི་གདོང་སྟེང་དུ་ཕྱོགས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྟེང་དུ་གཟིགས་པ། དབུ་སྐྲ་ནག་པོ་སིལ་བུར་གྲོལ་ཞིང་ཐུར་དུ་འཕྱར་བ། ཕྱག་གཡོན་པས་ཐོད་པ་བདུད་རྩིས་གང་བ་བཟུང་ནས་ཞབས་གཡོན་པའི་སྒྱིད་ཁུང་ནས་འཁྱུད་དེ་སྟེང་དུ་བཏེགས་ནས། བདུད་རྩིའི་རྒྱུན་ཞལ་དུ་འབབ་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་འཛིན་པས། ཞབས་གཡས་ཀྱི་རྟིང་པའི་ཕྱོགས་སུ་བསྣུན་པ། ཞབས་གཡས་འཕུར་སྟངས་སུ་ཅུང་ཟད་བརྐྱང་བ། ཀླུ་ཤིང་གི་མེ་ཏོག་གི་


TNT15_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲེང་བ་ཕྱག་གཡོན་པ་ན་བསྣམས་པ། གཅེར་བུ་རྒྱན་སྤངས་ཤིང་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །གནས་རྣམས་སུ་ཟླ་བའི་གདན་ལ། ལྟེ་བར་ཨོཾ་བཾ་དམར་མོ་རྡོ་རྗེ་ཕག་མོ་ནས། ཙཎྜི་ཀཱའི་ངོ་བོའི་བར་གྱིས་གོ་ཆ་བཅིངས། རང་བཞིན་གྱི་གནས་ནས་རྡོ་རྗེ་ཕག་མོའི་ལྷ་ཚོགས་ཐམས་ཅད་ཕཻཾ། ཛཿཧཱུཾ་བཾ་ཧོཿ སྙིང་གའི་བཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་ཨ་བྷི་ཥིཉྩ་ཏུ་མཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམ་པ་ནས། ཤྲཱི་ཡེ་ཧཱུཾ། ཞེས་གསུངས་ཤིང་བུམ་པའི་ཆུས་དབང་བསྐུར། སྐུ་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །སོགས་ཤླཽ་ཀ་གཉིས་ཀྱིས་བསྟོད། བསྡུ་ན་དཀྱུས་ཀྱི་ཉམས་ལེན་ལ་ལག་པ་བྱིན་རླབས་མེད་ཀྱང་ཆོག དབུ་རྒྱན་རང་ཆས་སུ་སྒོམ། མཆོད་བསྟོད་ཀྱང་བོར་བས་ཆོག་གོ །རྫོགས་རིམ་ནི། ལྟེ་བར་ཆོས་འབྱུང་ཟུར་དྲུག་པའི་ནང་དུ་ཟླ་བ་ལ་བཾ་ཡིག་སྔགས་འཕྲེང་གྲྭ་བཞིར་དགའ་བ་འཁྱིལ་བ་བཞི་དང་བཅས་པ་གསལ་བཏབ་ལ། གཡོན་བསྐོར་དུ་དྲག་ཏུ་འཁོར་བར་དམིགས་པ་དང༌། སྨིན་མཚམས་སུ་དགའ་འཁྱིལ་རྐྱང་པ་དང༌། གསང་གནས་སུ་ཆོས་འབྱུང་ཁོ་ན་འཁོར་བ་ལ་དམིགས་ཀྱང་རུང༌། རླུང་ཁ་སྦྱོར་དུ་བཟུང་བས་རིམ་པ་བཞིན་དུ་དྲོད་དང༌། མི་རྟོག་པ་དང༌། བདེ་བ་སྐྱེ་བ་ལ་བསྔགས་སོ། །དེ་ནས་སྤྱོད་ཡུལ་དུ་རྒྱུ་བ་ནི། མཁའ་འགྲོ་དུ་མའི་སྤྲོ་བསྡུ་དང་བཅས་མཁའ་ལ་འཕུར་ཞིང་བྱོན་ནས། མ་ན་བྷཾ་ག་དང༌། དཔལ་གྱི་རིའི་རྩེ་མོར་མནྡྷ་ར་ཝ་ར་དང༌། མྱ་ངན་མེད་པ་དང་


TNT15_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་འདུའི་ཤིང་གིས་བརྒྱན་པའི་ལྡུམ་ར་དང༌། རིན་པོ་ཆེའི་རང་བཞིན་གྱི་ཁང་པ་བརྩེགས་པ་རྩེ་མོ་བརྒྱད་པ་ཕན་ཚུན་དུ་རྒྱུ་ཞིང་འཇུག་པར་གྱུར། ཞབས་གཡས་གཡོན་གྱི་མཐིལ་ས་ལ་བརྡབས་པས་བརྟན་གཡོ་ཐམས་ཅད་བསྐྱོད་ཅིང༌། སེམས་ཅད་ཐམས་ཅད་དངུལ་ཆུ་ལྟར་བདུད་རྩིའི་རང་བཞིན་དུ་ཞུ་སྟེ། རླུང་ནང་དུ་འོང་བའི་ཚེ་གཡོན་གྱི་ཐོད་པར་བསྡུས། རླུང་ཁ་སྦྱོར་དུ་བཟུང་བའི་ཚེ། སྣ་བུག་གཡོན་ནས་བརྔུབས་པས་ལུས་སེམས་ཟག་མེད་ཀྱི་བདེ་བས་གང༌། རླུང་ཕྱིར་བསལ་བའི་ཚེ། ཆོས་ཐམས་ཅད་སྒྱུ་མ་ལྟར་ཡོངས་སུ་ཤེས་བཞིན་པས། དཔའ་བོ་དང་རྣལ་འབྱོར་མའི་དཀྱིལ་འཁོར་སྤྲོ་བར་བྱའོ། །སྤྱོད་པ་ལ་རྒྱུ་བ་འདི་དམིགས་པ་ཁོ་ནས་ཆོག་ཀྱང༌། ལན་ཅིག་དོན་བསམ་བཞིན་དུ་ངག་ཏུ་བརྗོད་ན། དམིགས་པའི་གནད་ཆད་མི་འགྲོ་བའི་དགོས་པ་ཡོད་ལ། དེ་རྗེས་རླུང་གི་གནད་དང་སྦྱོར་བཞིན་དུ། རི་གཉིས་ཀྱི་རྩེ་མོར་དམིགས་པ་ཕར་སྤོ་ཚུར་སྤོ་བྱའོ། །གཞན་ཡང་ཡེ་ཤེས་དབབ་པའི་སྐབས་ནས་འབྱུང་བའི་དམིགས་པ་རྣམས་ལས་གང་ཡང་རུང་བ་ཞིག་སྒོམ་མོ། །དེ་ནས་བཟླས་པ་ནི། ཐོག་མའི་གནས་སུ་བྱོན་པར་མོས་ལ། སྙིང་གར་ཆོས་འབྱུང་དང་སྔགས་འཁོར་གསལ་བཏབ། འདིའི་རྒྱུད་གཞུང་ལ་སྔགས་ཚན་གསུམ་ལ་ཨོཾ་རེ་རེ་སྦྱར་བ་ཡོད་ནའང༌། ལག་ལེན་དང་མན་ངག་ལ། ཨོཾ་གསུམ་མ་ཁོ་ན་བཟླ་བར་མཛད་དེ། སྤྲོ་བསྡུའི་དམིགས་པ་དང་བཅས་བཞིན་པས། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ཞེས་བཟླའོ། །ཐུན་གྱི་མཐར། གཏོར་མ་བསངས་སྦྱངས་འབྲུ་གསུམ་ལན་མང་དུ་བརྗོད་པས་བྱིན་གྱིས་བརླབས། མདུན་གྱི་ནམ་མཁར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་མཁའ་འགྲོ་ལྔའི་ཚོགས་དང་བཅས་པ་སྤྱན་དྲངས། ཕཻཾ། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་ལ།


TNT15_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཤྲཱི་ཧེ་རུ་ཀ་མཧཱ་བཛྲ་ཨ་ཀཨ་ཀ །པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ནཾ་ཧྲི་ད་ཡ་ཡཾ་ཧཱུཾ་ཕཊ། ཅེས་ལས་སྔགས་ཀྱིས་ཐུགས་རྒྱུད་བསྐུལ་ལ། ཨོཾ་བུདྡྷ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བཱ་ལིང་ཧཱུཾ་ཨོཾ། ཨོཾ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བཱ་ལིང་ཧཱུཾ་ཧཱུཾ། ཨོཾ་རཏྣ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བཱ་ལིང་ཧཱུཾ་ཏྲཾ། ཨོཾ་པདྨ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་ཝཱ་ལིང་ཧཱུཾ་ཧྲིཿ ཨོཾ་བི་ཤྭ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བཱ་ལིང་ཧཱུཾ་ཨ། ཞེས་སོ་སོར་འབུལ། ཨོཾ་སརྦ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བཱ་ལིང་ཧཱུཾ་ཧཱུཾ། ཧ་ཧ་ཧི་ཧི། ཛཿཧཱུཾ་བཾ་ཧོཿ སརྦ་བཛྲ་ཡོ་གི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་རཀྵ་རཀྵ་ཧོ། ཞེས་རེ་བསྟབ་པའི་སྔགས་ཏེ། གཏོར་མ་གཅིག་ཁོ་ན་ཡོད་ན། ཐམས་ཅད་སྦྲེལ་བ་ལན་གསུམ་གྱིས་འབུལ། ལྔ་ཡོད་ན། ལས་སྔགས་དང་མཁའ་འགྲོ་རེའི་སྔགས་དང༌། སྤྱིར་བསྟབ་པའི་སྔགས་གསུམ་སྦྲེལ་ནས་སོ་སོར་ལན་གསུམ་གསུམ་འབུལ། མཐར་ཨརྒྷཾ་སོགས་ཕྱི་མཆོད་དང༌། འབྲུ་གསུམ་གྱིས་ནང་མཆོད་དང༌། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་འདོད་དོན་གསོལ་བ་བཏབ། ཡིག་བརྒྱ་བཟོད་གསོལ། གཤེགས་གསོལ་རྣམས་སྤྱི་དང་འདྲ། གཏོར་མ་བྱིན་རླབས་རྒྱས་པར་སྤྲོ་ན། ནཱ་རོ་མཁའ་སྤྱོད་བཞིན་མཛད་པའི་ལུགས་ཡོད་ནའང༌། རྒྱ་གཞུང་དང་ཡིག་རྙིང་གི་དགོངས་དོན་བསྡུས་པ་འདི་ཁོ་ནར་མངོན་ནོ། །ཅུང་ཟད་དམིགས་པ་ལ་བརྟན་པ་ཐོབ་ནས་ནི་དམིགས་པ་ཁོ་ནས་གཏོར་མ་འབུལ་ལོ། །འདིའི་བྱིན་རླབས་ཀྱི་སྒོ་ནས་སློབ་མ་རྗེས་སུ་བཟུང་བར་འདོད་པས་བྲིས་སྐུ་ལ་སོགས་པའི་དྲུང་དུ། མཎྜལ་ཆོས་འབྱུང་


TNT15_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་གྲུ་གསུམ་རེ་ཁ་དཀར་པོའི་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ་མཉྫི་ལ་ཐོད་པ་བདུད་རྩིས་གང་བ། དེའི་སྟེང་དུ་མེ་ལོང་ལ་ཆོས་འབྱུང་གི་དབུས་སུ་རྗེ་བཙུན་མའི་སྐུ་བརྙན་མེ་རིས་དང་བཅས་པ། རི་གཉིས་དང༌། ཤིང་དང༌། ཁང་བཟང་སོགས་ཀྱང་འབྲི། ཕྱོགས་བཞིར་དགའ་འཁྱིལ་བཞི་ཡང་བཀོད། སྟེང་ནས་དར་དམར་བོའི་གུར་ཕུབ། ཆུ་གཉིས་ཉེར་སྤྱོད་ལྔ་ཤ་ཁྲག་གི་བརྒྱན་པའི་གཏོར་མ་བརྒྱད། ཀ་པཱ་ལའམ་གང་ཡང་རུང་བའི་སྣོད་བཅུ་ལས་ལྔ་ཤ་དང་ལྔ་ཆང་གིས་བཀང༌། བུམ་པ་སྤྱི་དང་མཐུན་པར་བཅས་པ་ཞིག་གི་ཕྱོགས་བཞིར་ཐོད་གཟུགས་སམ། དུང་ཆོས་བདུད་རྩི་ཆུས་གང་བ་བཞི་བཞག རང་གི་མདུན་དུ་རྡོར་དྲིལ་ནང་མཆོད་ཌཱ་རུ། སྔོན་འགྲོ་གཏོར་མ་རྣམས་དང༌། དེ་དག་ལ་དགོས་པའི་ཡོ་བྱད་རྣམས་ཀྱང་ཚང་བར་བྱས་ལ། བདེ་མཆོག་གི་ཆོ་ག་ལྟར། སྔོན་འགྲོ་གཏོར་མ་གནས་ཡོ་བྱིན་རླབས། ཞུ་འབུལ། རྡོ་རྗེ་སེམས་དཔའི་བསྒོམ་བཟླས་རྣམས་བྱ། བདུད་རྩི་བྱིན་རླབས་ནས་བཟླས་པའི། བར་དུ་གོང་དུ་བསྟན་པ་བཞིན། བདག་བསྐྱེད་དང་མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་ནས། མི་བསྐྱོད་པས་དབུ་བརྒྱན་གྱི་བར་བདག་བསྐྱེད་ཉིད་འདོད་པ་སྤོས་ལ། ལྟེ་བའི་སྔགས་འཁོར་འོད་ཟེར་སྤྲོ་བསྡུ་ལ་སེམས་གཏད་དེ། བཟླས་པ་བྱ། མཆོད་པ་བྱིན་རླབས་དང༌། མཆོད་བསྟོད་ནཱ་རོ་མཁའ་སྤྱོད་ཀྱི་སྐབས་སུ་བཤད་པ་བཞིན་སོང་བ་ན། གཏོར་མ་རྣམས་བྱིན་རླབས་ཀྱི་ཆོ་ག་རྒྱས་པས་བྱིན་གྱིས་བརླབས་ནས་གཏོར་མ་རེ་རེ་བཞིན། ཨོཾ་ཨཱཿཧཱུཾ་ལན་གསུམ་གསུམ་བརྗོད། གཏོར་མ་དང་པོ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་གཉིས་སུ་མེད་པར་མོས་ལ། ཨོཾ་གསུམ་མ་ལ། ཨོཾ་བཛྲ་ཨ་རལླི་ཧོ། ཛཿཧཱུཾ་བཾ་ཧོཿབཛྲ་ཌཱ་ཀི་ནཱི་ས་མ་


TNT15_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་སྟྭཾ་དྲྀ་ཤྱ་ཧོ། ཞེས་བཏགས་པ་ལན་བདུན་གྱིས་ཕུལ། མཆོད་བསྟོད་དང༌། ལྷ་མོ་ཚད་མ་སོགས་ཀྱིས་གསོལ་བ་བཏབ། གཏོར་མ་གཉིས་པ་ནག་པོ་ཆེན་པོ་སོགས་འཇིག་རྟེན་ལས་འདས་པའི་ཆོས་སྐྱོང་རྣམས་ལ་འབུལ། དེ་ནས་གཏོར་མ་ལྔ་གོང་དུ་བསྟན་པ་ལྟར་མཁའ་འགྲོ་སྡེ་ལྔ་ལ་འབུལ་ཏེ། མཐར་ཨརྒྷཾ་ལ་སོགས་པས་ཕྱི་མཆོད་དང༌། འབྲུ་གསུམ་གྱིས་ནང་མཆོད་དང༌། དེ་ཉིད་ལྔ་པས་བསྟོད། མཆོད་སྦྱིན་གཏོར་མ་སོགས་འདོད་དོན་གསོལ་བ་བཏབ། གཏོར་མ་ཐ་མ་དང་པོར་གཞི་བདག་ལ་འབུལ་ཞིང་ལྷག་མ་ཨ་ཀཱ་རོས་རིགས་དྲུག་སྤྱི་ལ་བསྔོ། སྤྲོ་ན་ཕྱི་རོལ་ཏུ་མཁའ་འགྲོ་སྤྱི་གཏོར་གྱི་ཆོ་གས་འབྱུང་པོའི་ཚོགས་ལའང་གཏོར་མ་སྦྱིན། དེ་ནས་སྤོས་དང་བཅས་པས་རྡོར་དྲིལ་འཛིན་པས། བཅོམ་ལྡན་ཡེ་ཤེས་རྒྱལ་མོ་མཆོག །རིག་འཛིན་རྒྱལ་མོ་ལ་ཕྱག་འཚལ། །སྙིང་རྗེ་བདག་ཉིད་དཀྱིལ་འཁོར་དུ། །སློབ་མ་འཇུག་པར་འཚལ་ལགས་ན། །ཇི་ལྟར་རྒྱལ་བ་ཀུན་གྱིས་ཁྱོད། །ཡེ་ཤེས་རྒྱ་མཚོར་བྱིན་རླབས་པ། །དེ་བཞིན་དུ་ནི་ཡེ་ཤེས་རོལ། །སེམས་ཅན་འདི་ལ་བྱིན་རླབས་རིགས། །ཞེས་ལན་གསུམ་གྱིས་སློབ་མའི་དོན་དུ་གསོལ་བ་བཏབ། དེ་ནས་བུམ་བསྐྱེད་ནི། ནཱ་རོ་མཁའ་སྤྱོད་ཀྱི་སྐབས་སུ་བཤད་པའི་ཆོ་ག་རྣམས་འདི་ལ་འདོན་པ་སྤོས་པས་ཆོག །སྐབས་འདིར་ཚོགས་མཆོད་བྱ་ཞིང༌། ལྷག་གཏོར་དང་ལྷན་ཅིག་འཇིག་རྟེན་པའི་གཏོར་མ་བཏང༌། འཇིག་རྟེན་ལས་འདས་པའི་གཏོར་མ་བསྲུང་བའི་དོན་དུ་བཞག་གོ །དེ་ནས་སློབ་མ་ལ་ཇི་ལྟར་བྱ་བའི་རིམ་པ་རྣམས། སློབ་དཔོན་ཉིད་ཀྱིས་བདག་འཇུག་གི་ཚུལ་དུ་བླངས། སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད་


TNT15_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་གསལ་བཏབ་ལ། ཆོས་བཤད་བྱ། མཎྜལ་ཕུལ། མིག་དར་བཏང༌། མེ་ཏོག་གཏད། སུམ་བྷས་བགེགས་བསྐྲད། ཟླ་བ་རྡོ་རྗེ་སེམས་བསྐྱེད་དང༌། གསང་གདམས་ནཱ་རོ་མཁའ་སྤྱོད་བཞིན་བྱ། ཛཿཧཱུཾ་བཾ་ཧོཿ ཞེས་ཡོལ་བའི་ནང་དུ་བཅུག དེ་ནས་སློབ་མས་བླ་མ་ལ་མཎྜལ་ལན་གསུམ་ཕུལ་ཏེ། གསོལ་བ་བཏབ་པ་ནི། ཇི་ལྟར་རྡོ་རྗེ་སེམས་དཔའ་ཡིས། །འགྲོ་བ་བྱང་ཆུབ་སྒྲུབ་པའི་ཐབས། །ཡེ་ཤེས་དཔལ་རྡོར་རྣལ་འབྱོར་མ། །ཐམས་ཅད་རིག་པ་རང་གིས་སྦྱིན། །དེ་བཞིན་བདག་ལའང་མགོན་པོ་ཀྱཻ། །ད་ལྟར་ཉིད་དུ་སྦྱིན་པར་རིགས། །ཞེས་ལན་གསུམ། སློབ་མ་དཀྱིལ་འཁོར་གྱི་ཕྱོགས་བཞི་ནས་མཎྜལ་རེ་རེ་དང༌། གསོལ་བ་རེ་གདབ་ཏུ་འཇུག་སྟེ། ལྷ་མོ་ལུས་ངག་ཡིད་ཀྱིས་སུ། །ཡེ་ཤེས་རྒྱ་མཚོ་ཁྱོད་ཕྱག་འཚལ། ཇི་ལྟར་སངས་རྒྱས་སྟོབས་ཆེན་གྱིས། །ཐམས་ཅད་ཡེ་ཤེས་བྱིན་རླབས་པ། །དེ་བཞིན་བདག་རྒྱུད་དག་པ་ལ། །ཡེ་ཤེས་རྒྱུན་གྱིས་མཛད་དུ་གསོལ། །ཞེས་སོ། །དེ་ནས་མདུན་བསྐྱེད་ཀྱི་བཞུགས་ཚུལ་རྣམས་ལྷ་ངོ་བསྟན་ལ། མེ་ཏོག་འབུལ་གནང་དང༌། མིག་དར་བཀྲོལ་བ་ནཱ་རོ་མཁའ་སྤྱོད་ཀྱི་སྐབས་བཞིན་བྱ། དེ་ནས་སློབ་མ་ལ་ཡུངས་ཀར་བྲབ། གུ་གུལ་བདུག བུམ་ཆུ་གཏོར་ཞིང༌། སུམ་བྷ་བཟླས་པས་བགེགས་བསྐྲད། ཆོས་ཐམས་ཅད་མི་དམིགས་པར་སྦྱངས་ཏེ། སྟོང་པའི་ངང་ལས་མངོན་རྟོགས་བཞིན་གཙོ་མོར་བསྐྱེད་ལ། གོ་ཆ་བགོ །གནས་གསུམ་བྱིན་རླབས་བྱ། མིག་སོགས་བུ་ག་ཐམས་ཅད་ལ་ཧཱུཾ་རེ་རེ་གསལ་བཏབ། མངོན་རྟོགས་ལྟར་དབང་བསྐུར་རྒྱས་བཏབ་ཀྱི་དམིགས་པ་ཕོག་ལ། དངོས་སུ་བུམ་པའི་ཆུས་


TNT15_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར། དེ་ནས་མཆོད་པ་ལྔས་མཆོད། དེ་ནི་བུམ་དབང་གི་དོད་ཡིན། ཤ་ཆེན་ནམ་མ་རྙེད་ན་ཤ་ཕལ་པ་མར་དུ་བཙོས་པ་ལག་པ་གཡས་སུ་གཏད། ཆང་ལ་བདུད་རྩི་སྦྱར་བ་གཡོན་དུ་གཏད་དེ། ཨོཾ་གསུམ་མའི་མཐར། འབྲུ་གསུམ་གཏགས་པས་བྱིན་གྱིས་བརླབས་ནས། ཟ་ཞིང་འཐུང་དུ་བཅུག གསང་དབང་གི་དོད་ཡིན། བྱིན་རླབས་ཀྱི་དངོས་གཞི་ནི། སློབ་མ་དཀྱིལ་འཁོར་གྱི་ནུབ་ནས་ཤར་དུ་བལྟས་པ་འདུག་ལ། སྙིང་གའི་བཾ་ལས་འོད་ཟེར་འཕྲོས། ཁམས་གསུམ་སྣོད་བཅུད་འོད་དུ་ཞུ། ཞེས་པ་ནས། བཞུགས་པ་པོའི་བར་སྒྲུབ་ཐབས་བཞིན་དམིགས་པ་ཕོག སློབ་དཔོན་གྱིས་ལག་པ་གཡོན་པ་སློབ་མའི་མགོ་བོར་བཞག་སྟེ་སེ་གོལ་གཏོགས་ལ་རྐང་བརྒྱད་ཚར་གཅིག་བརྗོད་པས་བྱིན་གྱིས་བརླབས། མདུན་བསྐྱེད་ཀྱི་ཐོད་པའི་བདུད་རྩི་ནས་མཐེབ་སྲིན་གྱིས་བླངས་ཏེ། སློབ་མའི་ལུས་ལ་གཏོར། ལུས་ཐམས་ཅད་གང་བདེ་བ་ཆེན་པོའི་ཡེ་ཤེས་རྒྱས་པར་བསམ། དེ་ནས་རིམ་པ་ལྔས་བྱིན་གྱིས་བརླབས་པར་བྱ་བ་ལས། ཐམས་ཅད་ཀྱང་སློབ་དཔོན་རིག་མ་དང་བཅས་པ་ཡིན་ན། སློབ་དཔོན་ཡབ་ཡུམ་གཉིས་ཀར་རྡོ་རྗེ་རྣལ་འབྱོར་མ་དངོས་ཡིན་སྙམ་དུ་མོས་གུས་བསྐྱེད། མིན་ན་སློབ་དཔོན་ཉིད་དཔལ་ཧེ་རུ་ཀའི་ཡུམ་དུ་མོས་ལ་མོས་གུས་དུང་དུང་བྱེད་པ་དང༌། ཆོས་ཐམས་ཅད་སྒྱུ་མ་ལྟར་ཤེས་པ་རེ་རེ་བཞིན་སྦྱར་ནས། དང་པོ་ནི་གོང་བུ་བསྡུ་བ་སྟེ། གོང་དུ་བཤད་པ་ལྟར། རང་ལུས་སུམ་ཅུ་རྩ་དྲུག་སོགས་ཚིགས་བཅད་ཀྱི་དོན་བཤད་ནས། རང་བཞིན་གྱི་འོད་གསལ་བ་ཐིམ་པའི་བར་དམིགས་པ་སྒོམ་དུ་བཅུག་ལ་མཐར་འཛིན་མེད་དུ་འཇོག་གོ །གཉིས་པ་ནི་རྗེས་སུ་གཞིག་པ་སྟེ། སྟོང་པའི་


TNT15_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ལས་རང་ཉིད་བཾ་ཡིག་ཆེན་པོ་གཅིག་ཏུ་གྱུར་པ་བསམ། དེ་ཇེ་ཆེ་ཇེ་ཆེ་ལ་མཐར་ནམ་མཁའ་དང་འདྲེས་པའི་སྟོང་པ་ལ་སེམས་འཇོག་གོ །གསུམ་པ་ནི། གཏུམ་མོ་སྟེ། ལྟེ་བར་ཆོས་འབྱུང་ཟུར་དྲུག་པའི་དབུས་སུ་འཁོར་ལོ་སྔགས་འཕྲེང་དང་བཅས་པ། ཆོས་འབྱུང་གཡོན་སྐོར་དུ་དྲག་ཏུ་འཁོར་བ་ལ་སེམས་གཏོད་དུ་བཅུག་དར་ཅིག་བཞག ཡང་སྔགས་འཁོར་ཨཾ་དུ་གྱུར། དེ་ལས་གཏུམ་མོ་འབར་བ། སྤྱི་བོའི་ཧཾ་ཡིག་ཞུ་བའི་འབར་འཛག་ལ་སེམས་གཏད་ནས་རླུང་འཛིན་དུ་འཇུག་པའོ། །བཞི་པ་ནི་མི་རྟོག་པ་སྟེ། སྣ་སྒོར་དགའ་བ་འཁྱིལ་བ་དྲག་ཏུ་འཁོར་བ་ལ་སེམས་གཏོད་དུ་གཞུག ལྔ་པ་ནི་བདེ་བ་སྟེ། གསང་གནས་སུ་དགའ་འཁྱིལ་དྲག་ཏུ་འཁོར་བ་ལ་སེམས་གཏོད་པའོ། །དེ་རྣམས་རེ་རེའི་མཐར་སློབ་དཔོན་གྱིས་རྩ་སྔགས་དྲག་ཏུ་བཟླས་ཤིང༌། རོལ་མོའི་སྒྲ་རྫས་ཀྱི་དུད་པ་དང་བཅས་པས་བྱིན་དབབ་པའོ། །དེ་རྣམས་ཤེས་རབ་ཡེ་ཤེས་བཞི་པར་བཅས་པའི་དོད་ཡིན་ནོ། །དེ་ལས་ཡེ་ཤེས་ཕེབས་པའི་རྟགས་གང་ཡང་རུང་བ་བྱུང་བ་དང༌། ཏིཥྛ་བཛྲ་གྱིས་བརྟན་པར་བྱའོ། །རྗེས་ལ་གསུམ་ལས། དང་པོ་སྤྱོད་པའི་རྗེས་གནང་ནི། དམིགས་པ་གསུམ་ལས། དང་པོ་ནི། བདག་ཉིད་ཁང་བཟང་དང་ལྡུམ་ར་རྩེ་མོ་བརྒྱད་པའི་དབུས་ན་གནས་པ་ལས། དེའི་མདུན་ན་རིན་པོ་ཆེའི་བྲག་རི་ཤིན་ཏུ་མཐོ་བ། རྩེ་མོ་མིག་གིས་ཀྱང་བལྟར་མི་བཟོད་པ་གསུམ་ཡོད་པར་བསམ། རང་ཉིད་ཇེ་མཐོ་ཇེ་མཐོར་འཕུར་བས། རིའི་སྟེང་གི་ནམ་མཁར་སླེབ་ནས། རི་གསུམ་གྱི་རྩེ་མོ་ལ་རྐང་པ་རེག་ཙམ་རེག་ཙམ་འདུག་པ་ལ་སེམས་གཏོད་དུ་བཞུག གཉིས་


TNT15_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ཡང་དེ་བས་ཀྱང་མཐོ་བར་ཕྱིན་ཏེ། རང་གི་ལུས་ལས་རིགས་ལྔ་དང༌། རྣལ་འབྱོར་མ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་གྱི་དོན་བྱས། འཁོར་འདས་སྣོད་བཅུད་ཀྱི་དྭངས་མ་རྣམས་དངུལ་ཆུ་ལྟར་བསྡུས་ཏེ་རང་ལ་ཐིམ་པས་རྒྱུད་བདེ་བས་གང༌། ཡང་སྤྲོས་ཡང་ཐིམ་པ་ལན་མང་དུ་བྱ། མཐར་དེ་ནས་ཀྱང་ཇེ་མཐོ་ཇེ་མཐོར་འཕུར་ཏེ། མཁའ་དབྱིངས་སུ་ཐིམ་པ་སྙམ་བྱེད། ཡང་ལྷ་སྐུར་ཤར་བ་སྙམ་བྱེད་པ་ལ་སེམས་གཏོང་དུ་བཅུག དེ་གཉིས་ལའང་རོལ་མོའི་སྒྲ་བྱ། གསུམ་པ་ནི། སློབ་མ་ལྷ་མོའི་འདུག་སྟངས་བྱར་བཅུག ལག་གཡས་སུ་ཧཱུཾ་ཞེས་ཡེ་ཤེས་ལྔའི་རང་བཞིན་གྱི་རྡོ་རྗེ་རྩེ་ལྔ་གཏད། གཡོན་དུ་དཀྱིལ་འཁོར་གྱི་ཀ་པཱ་ལ་གཏད་ལ། ནང་མཆོད་ཅུང་ཟད་འཐུང་དུ་བཅུག་ལ། མངོན་རྟོགས་སུ་བཤད་པའི་འཁོར་འདས་ཀྱི་བཅུད་བསྡུ་བའི་དམིགས་པ་འབོགས། གཉིས་པ་མན་ངག་སྦྱིན་པ་ནི། བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་འཆད་པ་ཡིན་ནའང༌། ལག་ལེན་ལ་མི་མཛད། དེང་ཁྱོད་ཀྱིས་བྱིན་རླབས་ལེགས་པར་ཐོབ་པ་ཡིན་པས། བསྙེན་པ་དང༌། བསྒྲུབ་པ་དང༌། མཁའ་སྤྱོད་ཀྱི་དངོས་གྲུབ་དང༌། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང༌། འཕྲིན་ལས་རྣམ་པ་བཞི་ལ་སོགས་པའི་སྒོ་ནས་སེམས་ཅན་གྱི་དོན་གྱིས་ཤིག ཅེས་བརྗོད་ནས། རྗེ་བཙུན་མའི་གནས་གསུམ་ནས་སློབ་མའི་གནས་གསུམ་དུ་ཐིག་ལེ་བྱ། གསུམ་པ་མཉེས་པར་བྱ་བ་ནི། དམ་ཚིག་ཁས་བླང་བ་དང༌། མཎྜལ་འབུལ་བ་དང་ཡོན་འབུལ་བ་སྟེ་སྤྱི་དང་འདྲ་ལ། འགྲུབ་ན་སླར་ཡང་གཏོར་མ་དང༌། འཁོར་ལོའི་མཆོད་པ་རྒྱ་ཆེར་བྱ་ཞིང༌། རྗེས་ཆོག་ནི་ནཱ་རོ་མཁའ་སྤྱོད་ཀྱི་སྐབས་དང་


TNT15_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

འདྲའོ། །རིམ་པ་དེ་དག་ནི་རྒྱ་གཞུང་དང༌། ཡིག་རྙིང་ཇི་ལྟ་བ་བཞིན་བཀོད་པ་ཡིན་ལ། མིག་དར་མེ་ཏོག་གི་བྱ་བ་མེད་ཀྱང་ཆོག་ཅེས་བླ་མ་གསུང་ཞིང༌། སྤྲུ་ལུང་པའི་ཡི་གེ་ལྟར་ན་ཆོ་གའི་གཞི་རྣམས་ནཱ་རོ་མཁའ་སྤྱོད་དང་འདྲ་བར་མཛད་ནས། གསོལ་བཏབ་ཐུན་མོང་མ་ཡིན་པ་རྣམས་དང༌། དངོས་གཞིའི་གསོལ་བཏབ་བྱང་ཆུབ་རྡོ་རྗེ་སོགས་དང༌། ཡེ་ཤེས་དབབ་པའི་སྐབས་གཏུམ་མོའི་རིམ་པ་གསུམ་པོ་ཁོ་ན་དང༌། སྤྱོད་པའི་རྗེས་གནང་གསུམ་པ་ཁོ་ན་དང༌། ཤ་ཆེན་སྦྱིན་པ་གསང་དབང་དང༌། དབང་བཞི་པའི་མཐར་སྒྲུབ་ཐབས་ཀྱི་ལུང་སྦྱིན་པ་སོགས་མཛད་ཅིང༌། དེང་སང་ཕལ་ཆེར་ལག་ལེན་དེ་མཛད་ཀྱང་གཞུང་དང་མི་མཐུན་ལ། ཁོ་བོའི་རྣམ་རྟོག་ལྟར་ན་བུམ་ཆོག་ཀྱང་མི་དགོས་པར་མངོན་མོད། བྱིན་རླབས་ཅན་གྱི་ལག་ལེན་ཡིན་པས་དཀྱུས་ཉིད་བྱའོ། །ཀུན༵་ལས་ངོ་མཚར་ཆེ་བ་ཡི། །བྱིན་རླབས་ཆོ་ག་ཆེས་དག༵འ་བ། །སྙིང༵་པོ༵འི་ལག་ལེན་ཆོ་ག་ཙམ། །འདི་ཡང་བདག་གི་ཡིད་བདེའི་གནས། །མཻ་ཏྲི་མཁའ་སྤྱོད་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །

ཕག་མོ་ཞལ་གཉིས་མ་ཨིནྡྲ་མཁའ་སྤྱོད་དུ་གྲགས་པའི་སྒྲུབ་ཐབས།


TNT15_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། རྒྱུད་སྡེ་ཀུན་གྱི་ངེས་གསང་ཕྱག་རྒྱ་ཡི། །དངོས་གྲུབ་དམ་པ་འགྱུར་མེད་སྒྲུབ་བྱེད་ནི། །རྡོ་རྗེ་འཆང་གིས་རིམ་གཉིས་ལམ་དུ་གསུངས། །དེ་དག་ལས་ཀྱང་སྙིང་པོ་ཅུང་ཟད་བརྗོད། །འདིར་ཕག་མོ་ཞལ་གཉིས་མ་ཨིནྡྲ་མཁའ་སྤྱོད་དུ་གྲགས་པའི་སྒྲུབ་ཐབས་ཉམས་སུ་ལེན་པར་འདོད་པས། སྐྱབས་སེམས་སྔོན་དུ་བཏང༌། ནང་མཆོད་བདུད་རྩིར་བྱིན་གྱིས་རླབས་པར་མོས་སྟེ། ཨོཾ་ཨཱཿཧཱུཾ། དེར་ཆོས་འབྱུང་འབྲི་ཚུལ་བྱེད་ཅིང༌། དབུས་ཀྱི་བཾ་ལས་འོད་འཕྲོས། དཔའ་བོ་དཔའ་མོ་རྣམས་ཀྱིས་བདུད་རྩིའི་ཆར་ཕབ་པས་ཐོད་པ་གང༌། གནས་གསུམ་དུ་ཐིག་ལེ་


TNT15_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཞིང༌། ཨོཾ་ཨཱཿཧཱུཾ་ལག་པ་གཡོན་པའི་མཐིལ་དང༌། མཐེའུ་ཆུང་ནས་བརྩམས་པའི་སོར་མོ་རྣམས་ལ་བདུད་རྩིས་གཏོར་ཞིང༌། ཨོཾ་བཾ། ཧཾ་ཡོཾ། ཧྲིཾ་མོཾ། ཧྲིཾ་ཧྲིཾ། ཧཱུཾ་ཧཱུཾ། ཕཊ་ཕཊ། ཅེས་ལག་པ་བྱིན་གྱིས་བརླབས། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་བཛྲ་ཤུདྡྷ་སརྦ་དྷརྨ་བཛྲ་ཤུདྡྷོ྅ཧཾ། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་རང་ལུས་དང་ཁམས་གསུམ་རྣམ་པར་དག་པ་གཞལ་ཡས་ཁང་གི་ངོ་བོ་ཆོས་འབྱུང༌། དེའི་དབུས་སུ་ཟླ་བའི་སྟེང་དུ་ཨཾ་ཡིག་ཡོངས་སུ་གྱུར་པ་ལས་བཾ། རང་སེམས་དང་ལྟེ་བའི་གཏུམ་མོ་འབར་བའི་ངོ་བོ། དེ་ཉིད་ཡོངས་སུ་གྱུར་པ་ལས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། བསྐྱེད་པ་ན་དཔྱལ་ལུགས་ཞལ་གཉིས་མའི་སྒྲུབ་ཐབས་སུ་བཤད་པ་ལྟར་བསྒོམ། སྐུ་མདོག་དམར་སེར་རམ་དམར་བ་ཁོ་ན་ལས། སེ་འབྲུའི་མེ་ཏོག་ལྟར་དམར་སྨུག་ཏུ་མི་བཞེད་དེ་ནས་གོ་ཆ་དགོད་པ་དང༌། ཡེ་ཤེས་པ་བསྟིམ་པ་དང༌། མཆོད་བསྟོད་རྣམས་ཀྱང་དེ་དང་འདྲ་བ་ལས། བསྟོད་པའི་སྐབས། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །སོགས་ཤླཽ་ཀ་གཉིས་ཁོ་ན་མཛད། ཡིག་རྙིང་རྣམས་ལས་འབྱུང་བ་ལྟར་རྫོགས་རིམ་ཀྱང་ཅུང་ཟད་བསྒོམ། ཨོཾ་གསུམ་མའི་བཟླས་པའང་ཅི་འགྲུབ་བྱ། མཐར་ནཱ་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས་སུ་བཤད་པ་ལྟར་གྱི་གསོལ་བཏབ། དག་པ་གསུམ་དྲན་པ་སྨོན་ལམ་རྣམས་བྱ། གཏོར་ཆོག་ནི་གཏོར་མ་གཉིས་ནཱ་རོ་མཁའ་སྤྱོད་ལྟར་བྱིན་གྱིས་བརླབས་ནས། ཕཻཾ། རང་བཞིན་གྱི་གནས་ནས་རྡོ་རྗེ་རྣལ་འབྱོར་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་


TNT15_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་ས་མཱ་ཛཿ ཨ་རལླི་ཧོ། ཛཿཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོ། ཞེས་ལན་ལྔའམ་བདུན་གྱིས་ཕུལ། ནཱ་རོ་མཁའ་སྤྱོད་ཀྱི་སྐབས་ནས་འབྱུང་བ་ལྟར། མཆོད་བསྟོད་གསོལ་བཏབ་གསུམ་བྱ། ཡང་ཨ་རལླི་སྔགས་ཀྱིས་འཇིག་རྟེན་པ་རྣམས་སྤྱན་དྲངས་ལ། ཨོཾ་ཁ་ཁ་སོགས་མཁའ་འགྲོ་སྤྱི་གཏོར་གྱི་སྔགས་ལན་གསུམ་གྱིས་ཕུལ། མཆོད་བསྟོད་གསོལ་བཏབ་བཟོད་གསོལ། གཤེགས་སུ་གསོལ་བ་རྣམས་ཀྱང་སྤྱི་དང་འདྲའོ། །སློབ་མ་རྗེས་བཟུང་གི་བྱ་བ་ལ། ཤོམས་དང་ཡོ་བྱད་ཐམས་ཅད་ནཱ་རོ་མཁའ་སྤྱོད་ཀྱི་སྐབས་དང་འདྲ་བ་ལས། འོག་གཞིའི་དཀྱིལ་འཁོར་ལ་ཆོས་འབྱུང་གི་ལྟེ་བར་ཚོམ་བུ་དཀར་པོ། རྩིབས་དྲུག་ལ་གོ་ཆའི་སྔགས་དྲུག དེའི་ཕྱི་སྐོར་ལ་ཚོམ་བུ་ལྗང་ཁུ་བརྒྱད་བཀོད། སིནྡྷུ་རའི་དཀྱིལ་འཁོར་ལ་ཆོས་འབྱུང་ཉིས་བརྩེགས་ཀྱི་ནང་དུ། ལག་ལེན་བཞིན་ཨོཾ་གསུམ་མ་འཕྲེང་བདུན་ལ་ཚང་བ་བཀོད། ཟུར་དྲུག་ལ་གོ་ཆའི་སྔགས་དྲུག་བཀོད། ཕྱོགས་བཞིར་དགའ་འཁྱིལ་བྲི། སློབ་མའི་སྐབས་ཏིང་ལོ་མི་དགོས། དེ་ནས་སྔོན་འགྲོ་གཏོར་མ་ནས་བརྩམས་ཏེ། བདག་བསྐྱེད་མདུན་བསྐྱེད་མཆོད་གཏོར་བུམ་བསྐྱེད་རྣམས་ནཱ་རོ་མཁའ་སྤྱོད་ཀྱི་སྐབས་ཉིད་ལ་གོང་དུ་བཤད་པ་རྣམས་འདོན་པ་སྤོས་པས་ཆོག་པ་ལས། མདུན་བསྐྱེད་དཀྱིལ་འཁོར་གྱི་གཙོ་མོ་གྲུབ་ཙམ་ན། འཁོར་གོ་ཆའི་དཔའ་མོ་དྲུག་དང༌། སྒོ་མཚམས་མ་བརྒྱད་ཀྱང་སྐད་ཅིག་གིས་གྲུབ་པར་གྱུར། ཞེས་པ་ཙམ་བརྗོད། གོ་ཆ་མི་འགོད། མདུན་བསྐྱེད་ལ་བྲིས་པ་ཁོ་ན་བཞིན་བསྐྱེད་པ་ཅིག་བཤད་ཀྱང༌། ལག་ལེན་ལྷར་བསྐྱེད་པ་ཁོ་ན་མཛད་དོ། །དེ་ནས་འོག་ནས་འབྱུང་བ་ལྟར་བདག་འཇུག་ཀྱང་བླང༌། སློབ་མ་རྣམས་ཀྱིས་མཎྜལ་འབུལ། ཨ་ཁཾ་ཝཱི་ར་ཧཱུཾ་


TNT15_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

གིས་མིག་དར་བཅིངས་ཤིང༌། མེ་ཏོག་གཏད། ནཱ་རོ་མཁའ་སྤྱོད་ཀྱི་སྐབས་ནས་བྱུང་བ་ལྟར། གསོལ་བཏབ་དང་ཡན་ལག་བདུན་པ་བྱེད། དེ་ནས་སློབ་མ་རྣམས་ལག་སྦྲེལ། སློབ་མའི་གཙོ་བོའི་ལག་པའི་མཐེ་བོང་ནས་སློབ་དཔོན་གྱིས་བཟུང་སྟེ། རྟོག་པས་གཡོགས་པའི་སེམས་ཀྱིས་ནི། །ལེགས་པའི་སངས་རྒྱས་ཕྱིར་བཟློག་སྟེ། །དྭངས་པའི་ཆུ་ཡིས་བཀྲུས་པའི་སེམས། །ཕན་པའི་སེམས་ཀྱིས་འདིར་འཇུག་བྱ། །དད་པ་མེད་པའི་སེམས་ཅན་ལ། །དཀར་པོའི་ཆོས་ནས་མི་འགྱུར་ཏེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་སྐྱེ་མི་སྲིད། ཁྱོད་རྣམས་རྣམ་རྟོག་ཐམས་ཅད་སྤོངས་ལ་ལྷ་དང་བླ་མ་ལ་མོས་གུས་དྲག་པོ་བསྐྱེད་ཅིག ཅེས་བརྗོད་ལ། བུམ་ཆུ་དང༌། སུམ་བྷས་བསངས། ཡང་ཚེ་བཾ་གྱི་ཕྱག་རྒྱ་དང༌། སུཾ་བྷས་བསྲུང་བ་བྱ། གུ་གུལ་སོགས་ཀྱི་དུད་པས་འདུག་ཅིང༌། རྐང་མཐིལ་གྱི་རླུང་གིས་སུམ་མདོའི་མེ་སྦར། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བསྲེགས་ཏེ་སྟོང་པར་སྦྱངས་བར་མོས་ལ། དག་པ་གསུམ་གྱི་སྔགས་བརྗོད། སྐད་ཅིག་གིས་སློབ་མ་རྗེ་བཙུན་མར་བསྐྱེད། ལྟེ་བར་སྔགས་འཁོར་གསལ་བཏབ། དེ་ལས་འོད་ཟེར་འཕྲོས་གཡས་རོ་མ་ནས་སོང༌། སྤྱི་བོ་ནས་ཐོན། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས་སྤྱི་བོར་ཐིམ། ཧཾ་ཡིག་ཞུ་བའི་རྒྱུན་དབུ་མ་ནས་བྱུང༌། ལྟེ་བར་བབས་པ་ལ་སེམས་གཏོད་དུ་བཅུག་ལ། ཨོཾ་གསུམ་མ་འདོན་ཅིང་རོལ་མོའི་སྒྲ་བྱ། ཡང་ལྟེ་བ་ནས་འོད་འཕྲོས། རོ་མའི་ལམ་རྒྱུད། ཕག་གདོང་གི་སྨིན་མཚམས་


TNT15_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཐོན། གཡུང་དྲུང་གཡོན་སྐོར་དུ་དྲག་ཏུ་འཁོར་བ་ལ་སེམས་གཏོད་དུ་བཅུག་ལ། རོལ་ཆེན་དང་སྔགས་བཟླ། ཡང་ལྟེ་བའི་སྔགས་འཁོར་དེ་ཉིད་གསང་གནས་སུ་ཕབ་ལ། གཡོན་བསྐོར་དུ་འཁོར་བ་ལ་སེམས་གཏོད་དུ་བཅུག་ལ། རོལ་ཆེན་དང་སྔགས་བཟླས། དེ་ནས་ཡེ་ཤེས་ཕབ་པ་བརྟན་བྱེད་དང༌། མེ་ཏོག་འབུལ་བ། མིག་དར་འགྲོལ་བ། ལྷ་ངོ་བསྟན་པ་རྣམས་ཀྱང་ནཱ་རོ་མཁའ་སྤྱོད་བཞིན། དེ་ནས་དངོས་གཞིའི་དོན་དུ་མཎྜལ་འབུལ་བ་ནས། རིགས་བདག་གིས་རྒྱས་འདེབས་པའི་བར་ནཱ་རོ་མཁའ་སྤྱོད་དང་འདྲ་བ་ལས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །སོགས་ཀྱིས་གསོལ་བ་འདེབས། ཨོཾ་ཕུན་སུམ་ཚོགས་པ་མངའ་བ་སོགས་ཀྱིས་བཀྲ་ཤིས་བརྗོད། མི་བསྐྱོད་པ་ཁོ་ནས་དབུ་རྒྱན། དེ་ནི་བུམ་དབང་ཡིན་ལ། གསང་དབང་ཡང་ནཱ་རོ་མཁའ་སྤྱོད་དང་འདྲ་བ་ལས། དམིགས་པའི་གསལ་ཁ་མེད། ཤེས་རབ་ཡེ་ཤེས་ཀྱི་དབང་ལ། སྔགས་འཕྲེང་ནས་སིནྡྷུ་ར་བླངས་ཏེ་ལྟེ་བར་བྱུགས། ཨོཾ་གསུམ་མ་བཟླས། སྔགས་རྣམས་ལྟེ་བར་ཐིམ། དགའ་འཁྱིལ་ལས་བླངས་ཏེ་དཔྲལ་བར་བྱུགས། སྔགས་བཟླས། དགའ་འཁྱིལ་དཔྲལ་བར་ཐིམ། ཟུར་དྲུག་ལས་བླངས་སྟེ། སྤྱི་གཙུག་ཏུ་གཏུགས། གོ་ཆའི་ལྷ་ཚོགས་མང་པོ་བྱོན་ཏེ། སྤྱི་གཙུག་ཏུ་ཐིམ་པར་བསམ། དབང་བཞི་པ་ཡང་ནཱ་རོ་མཁའ་སྤྱོད་དང་འདྲ། འདི་ལ་དབང་བཞིའི་རྟོགས་པ་བསྐྱེད་པ་མི་མཛད། སློབ་མ་དང་མདུན་བསྐྱེད་ཀྱི་རྗེས་ཀྱི་བྱ་བ་ཡང་ནཱ་རོ་མཁའ་སྤྱོད་ཀྱི་སྐབས་སུ་བསྟན་པ་བཞིན་བྱའོ། །དཔྱལ་ལུགས་ཀྱི་ཞལ་གཉིས་མའི་རྩ་བའི་སྒྲུབ་ཐབས་དང༌། འདིའི་སྒྲུབ་ཐབས་ཀྱི་ངོ་བོ་གཅིག་


TNT15_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང༌། བལ་པོ་ཕན་ཆད་ཀྱི་བརྒྱུད་པའི་བཀའ་བབས་ཀྱང་གཅིག་པས་དེ་ཐོབ་ན་འདི་ཡང་དོན་གྱིས་ཐོབ་པ་ཡིན་མོད། ལོཙྪ་བའི་མན་ངག་རྒྱས་བསྡུས་དང༌། ཕྱག་ལེན་མི་འདྲ་བ་ལ་བརྟེན་པའི་སྒྲུབ་ཐབས་རྒྱས་བསྡུས་ཀྱི་ཁྱད་པར་དང༌། སློབ་མ་རྗེས་བཟུང་གི་ཆོ་ག་ལ། མི་འདྲ་བ་ཆེར་ཡོད་པ་དང༌། བརྒྱུད་པ་ཐ་དད་ཀྱི་མོས་ཞེན་ཅན་རྣམས་མགུ་བའི་དོན་དང༌། ས་ལུགས་ཀྱི་མཁའ་སྤྱོད་སྐོར་གསུམ་ཞེས་ཡོངས་སུ་གྲགས་རྐང་གྲངས་ཚང་བའི་དོན་དུ། ཁྱད་པར་འབྱེད་པའི་ཡི་གེ་གསལ་པོ་བཀོད་པ་ཡིན་ནོ། །འདིའི་སྔོན་དུ་ས་ལུགས་ཀྱི་ནཱ་རོ་མཁའ་སྤྱོད་དང༌། དཔྱང་ལུགས་ཀྱི་ཞལ་གཉིས་མའི་ཆོ་ག་ཤེས་པ་ཤིན་ཏུ་གལ་ཆེའོ། ཕག་མོའོ་ཆོས་སྐོར་ཀུན༵་ལས་ཀྱང༌། མཆོག་ཏུ་དག༵འ་ཞེས་རབ་བསྔགས་པ། མི་དབང་གཞུང་གསུམ་ལག་ལེན་གྱི། སྙིང༵་པོ༵་དྲིལ་བ་འདི་ཙམ་ལགས། །ཨིནྡྲ་མཁའ་སྤྱོད་དུ་གྲགས་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།བཀྲ་ཤིས། །

རྡོ་རྗེ་ཕག་མོ་དོན་གྲུབ་མའི་སྒྲུབ་ཐབས།


TNT15_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། གང་གི་ཞལ་གྱི་བཀའ་དྲིན་གྱིས། །འཁོར་བ་མྱ་ངན་འདས་པར་མཛད། །བླ་མ་དམ་པའི་ཞབས་བཏུད་ནས། །སངས་རྒྱས་ཀུན་གྱི་གཏེར་གྱུར་པ། །དངོས་གྲུབ་ཐམས་ཅད་སྩོལ་བའི་ལྷ། །ཤེས་རབ་ཕ་རོལ་ཕྱིན་རང་བཞིན། །རྡོ་རྗེ་རྣལ་འབྱོར་མ་དཔལ་མཆོག །སྒྲུབ་པའི་ཐབས་ནི་བདག་གིས་བཤད། །དེ་ལ་འདིར་རྣལ་འབྱོར་པ་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་ལྡན་པས་ཡིད་དང་རྗེས་སུ་མཐུན་པའི་གནས་སུ། འདི་ཉིད་ཀྱི་གསང་བའི་རས་བྲིས་བཀྲམ་སྟེ། དེའི་སྤྱན་སྔར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་སྒྲུབ་པ་བརྩམས་ཏེ། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན་


TNT15_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་ལ། དམ་ཚིག་གིས་བཀང་བའི་ཀ་པཱ་ལ། སུམ་བྷའམ། ཁཎྜ་རོ་ཧའི་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང༌། རཾ་ལས་མེ། ཨ་ལས་ཐོད་པ་དཀར་པོ་དུམ་བུ་གསུམ་པའི་ནང་དུ། ཧཱུཾ་བྷཱུཾ་ཨཾ་ཛྲིཾ་ཁཾ་ལས་ཤ་ལྔ། པཾ་བཾ་ལཾ་མཾ་ཏཾ་ལས་བདུད་རྩི་ལྔ། དེ་རྣམས་འོད་དུ་ཞུ། བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པའི་དབུས་སུ། ཆོས་འབྱུང་གི་ལྟེ་བར་ཧྲཱིཿཟུར་གསུམ་ལ་གཡོན་བསྐོར་གྱི། ཨོཾ་ཧཱུཾ་ཧ། དེའི་འོད་ཀྱིས་སྣོད་བཅུད་ཐམས་ཅད་དང་ཁྱད་པར་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདུད་རྩི་བྱང་ཆུབ་སེམས་སུ་སྤྱན་དྲངས་ནས་ཐིམ། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ བདུད་རྩི་བདག་དང་གནས་ལ་གཏོར་ཏེ། ཨོཾ་ཧྲཱིཿགྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྟཾ་ཧཱུཾ་ཕཊ་སྭཱཧཱ། ཁྲོ་མོ་རྣམས་ཀྱིས་བགེགས་རྣམས་ཚར་བཅད། བསྲུང་བའི་འཁོར་ལོར་གྲུབ་པར་གྱུར། རང་གི་གནས་རྣམས་སུ། ཨོཾ་བཾ་སོགས་གོ་ཆ་དྲུག་དགོད། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་བཛྲ་ཤུདྡྷ་སརྦ་དྷརྨ་བཛྲ་ཤུདྡྷོ྅ཧཾ། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཆོས་འབྱུང་གི་དབུས་སུ། པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་འོད་སྟོང་བདག་པོའི་དཀྱིལ་འཁོར་ལ་གནས་པའི་དབུགས་བྲལ་གྱི་སྙིང་གར་རང་སེམས་ཧྲཱིཿཡིག་དམར་པོ་བསྐལ་པའི་མེ་ལྟར་སྣང་བ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་རྡོ་རྗེ་ཕག་མོ་ལི་ཁྲིའི་མདངས་ལྟར་དམར་བའི་མདོག་ཅན་པདྨ་དང་ཉི་མ་ཡི་དྭགས་ཀྱི་གདན་ལ་གཡས་


TNT15_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

བརྐྱང་བའི་གྱད་ཀྱི་དོར་སྟབས་ཀྱིས་ས་གསུམ་གནོན་པ། ཞལ་གཅིག་པ་སྤྱན་གསུམ་པ་ཁྲོ་གཉེར་བསྡུས་པ། དྲག་མོ་ཆེན་མོ། འཇིགས་སུ་རུང་བའི་ཞལ་ཕག་གི་གདོང་ཅན་ཤིན་ཏུ་ཁྲོས་པ་རྡོ་རྗེའི་མེ་འོད་འབར་ཞིང་ལྗགས་བསྐྱོད་པ། དབུ་སྐྲ་ཁམ་པ་གྱེན་དུ་འཁྱིལ་བ། བ་སྤུ་དང༌། གསང་བའི་སྤུ་གྱེན་དུ་འཕྲེང་བ། ཐུང་ཞིང་གསུས་པ་འཕྱང་བ། ཐོད་སྐམ་ལྔས་དཔྲལ་བར་བརྒྱན་པ། ཁྲག་འཛག་མགོ་བོའི་འཕྲེང་བས་སྐུ་ལ་བརྒྱན་པ། ཕྱག་རྒྱ་ལྔས་མཛེས་པ། གཅེར་བུ་ཕྱག་བཞི་པ། གཡས་ན་རྡོ་རྗེ་དང་རྡོ་རྗེ་ལྕགས་ཀྱུ། གཡོན་ན་ཐོད་ཁྲག་དང་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པ། མཆན་ཁུང་དུ་ཁ་ཊྭཱཾ་ག གདུག་པ་ཅན་ཐམས་ཅད་ཀྱིས་བཟོད་པར་དཀའ་བའི་གད་མོ་རྒོད་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པ། འབར་བའི་ཕྱག་རྒྱ་དང་བཅས། ཕཻཾ་ཞེས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ ཨོཾ་ཡོ་ག་ཤུདྡྷ་སོགས། ལྟེ་བ་ཨོཾ་བཾ་དམར་མོ་རྡོ་རྗེ་ཕག་མོ་སོགས་གོ་ཆ་བཀོད། ལྟེ་བའི་ཧྲཱིཿལས་འོད་ཟེར་འཕྲོས། དབང་གི་ལྷ་ཧེ་རུ་ཀ་ཡབ་ཡུམ་འཁོར་བཅས་སྤྱན་དྲངས། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དབང་བསྐུར་བ་ལས་རིགས་ལྔའི་ངོ་བོ་སྣ་ཚོགས་རྡོ་རྗེས་དབུ་བརྒྱན། ཨརྒྷཾ་སོགས་ཀྱི་མཆོད་པ་རྣལ་འབྱོར་མ་སྤྱི་དང་མཐུན་པར་བྱས་ལ། འབྲུ་གསུམ་གྱིས་བདུད་རྩི་མྱངས། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། ཁམས་གསུམ་པ་ཡི་ངོ་བོ་ཉིད། །བསྐལ་པའི་མེ་


TNT15_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཟི་བརྗིད་འབར། །རྡོ་རྗེ་ཕག་མོ་ལ་འདུད་དོ། །ཞེས་བསྟོད། གསང་བར་རྒྱལ་བའི་ཕོ་བྲང་དམར་པོ་ཟུར་གསུམ་པའི་ནང་དུ། ཨོཾ་ཧྲཱིཿཧཱུཾ་ཧ། སྔགས་ཀྱི་འཕྲེང་བ་སྤྲོ་བསྡུ་དང་བཅས་པར་ཡིད་གཏད་ནས། ཨོཾ་བཛྲ་ཝཱ་རཱ་ཧཱི་ཨ་བེ་ཤ་ཡ་སརྦ་དུཥྟཾ་ཧྲཱིཿསྭཱཧཱ། ཞེས་བཟླས་པར་བྱའོ། །ཐུན་བསྡུ་བ་ནི་སྤྱི་དང་འདྲའོ། །གཏོར་མ་འབུལ་བར་འདོད་ན། ནང་མཆོད་ལྟར་བྱིན་གྱིས་བརླབས་ཤིང༌། ཕཻཾ་ཞེས་སྤྱན་དྲངས། ཨོཾ་ཧྲཱིཿཧཾ་ཧཾ་ཧེ་ཧེ་ཧ་ཧ་ཧི་ཧི། ཕཻཾ་ཕཻཾ་ཕཻཾ། ཞེས་ལན་བདུན་གྱིས་ཕུལ་ནས། མཆོད་བསྟོད་སོགས་སྤྱི་དང་མཐུན་པ་ལས། ཤ་ཆེན་གྱི་བདུག་པ་འབུལ་བའི་སྔགས་ནི། ཨོཾ་ཨཱཿཧྲི་ཧཱུཾ་ཧ་ཧ། ཞེས་ལན་ཉི་ཤུ་རྩ་གཅིག་གིས་འབུལ་ལོ། །དོན་ཀུན་གྲུབ་པའི་སྒྲུབ་ཐབས་ནི། །འབད་པས་སྦྱར་ལ་ལྷ་མོ་ཡིས། །རྗེས་སུ་བརྩེ་བས་ཉེར་བཟུང་ནས། །ཧེ་རུ་ཀ་ཉིད་འགྲུབ་པར་མཛོད། །འདིའི་བྱིན་རླབས་ཀྱི་ཆོ་ག་ནི། ཕག་མོ་ཞལ་གཉིས་མ་དཔྱལ་ལུགས་ཀྱི་ཆོ་ག་ཉིད་འདོན་པ་སྤོས་པས་ཆོག་གོ །ལས་རྣམས་ཀུན༵་ལ་མཐུ་ལྡན་པ། །རབ་དག༵འི་སྒྲུབ་ཐབས་ཡིད་ཆེས་ཅན། །གྲགས་པ་ཆེ་ཡང་དེང་དུས་ནི། །ནུབ་ལ་ཉེ་བས་སྙིང༵་པོ༵ར་དྲིལ། །རྡོ་རྗེ་ཕག་མོ་དོན་གྲུབ་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེ་ལེགས་འཕེལ། །

རྡོ་རྗེ་ཕག་མོ་དབུ་བཅད་མའི་སྒྲུབ་ཐབས།


TNT15_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་ཡོ་གི་ནཱི་ས་པ་རི་ཝ་རེ་བྷྱཿ ཡེ་ཤེས་བསྐལ་པའི་མེ་འོད་ཀྱིས། །གཟུང་འཛིན་འཇིག་རྟེན་གསུམ་ཡང་བསྲེག །སླར་ཡང་ཡེ་ཤེས་རླུང་བསྐྱོད་ནས། །བདེ་ཆེན་བདུད་རྩིའི་ཆར་ཕབ་སྟེ། །ཟུང་འཇུག་ཁམས་གསུམ་གྲུབ་མཛད་མ། །སྲིད་ཞི་རྒྱུ་དང་


TNT15_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྒྱུར་བཅས། །བསྐྱེད་དང་བསྡུ་མཛད་མ་ལ་འདུད། །བདག་ལ་ཐུགས་བརྩེར་མཛད་དུ་གསོལ། །འདིར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དབུ་བཅད་མ་སྒྲུབ་པར་འདོད་པས། དབེན་པའི་གནས་སུ་ཙན་དན་དམར་པོས་བྱུགས་པའི་མཎྜལ་ཚོམ་བུ་གསུམ་པ་མཆོད་པ་དང་བཅས་པ་འདུས་བྱས་ལ། གདོང་ལྷོའམ་ནུབ་ཏུ་ཕྱོགས་པས་སྐྱབས་འགྲོ་ནས་བཟུང་སྟེ། དག་པ་གསུམ་དྲན་པའི་བར་དོན་གྲུབ་མ་དང་འདྲ་བ་ལས། ནང་མཆོད་བྱིན་རླབས་ཀྱི་སྐབས། ཆོས་འབྱུང་གི་དབུས་སུ་ཧྲཱིཿཟུར་གསུམ་ལ་གཡོན་སྐོར་གྱི་ཨོཾ་ཨཱཿཧཱུཾ། ཞེས་པ་ནི་ཁྱད་པར་རོ། །སྟོང་པའི་ངང་ལས་རང་གི་ལྟེ་བར་རཾ་ལས་འོད་འཕྲོས་པས། རང་གི་ལུས་ཆོས་འབྱུང་དམར་པོ་གྲུ་གསུམ་དུ་གྱུར་པའི་དབུས་སུ། ཆུ་སྐྱེས་དཀར་པོ་འདབ་མ་བཞི་པ་ལས། རང་སེམས་ཟླ་བའི་སྟེང་དུ་ཉི་མ། ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ཧྲཱིཿགསུམ་ལས་གྲི་གུག་ཧྲཱིཿས་མཚན་པ་གསུམ། དེ་ཐམས་ཅད་གཅིག་ཏུ་འདྲེས་པ་ཡོངས་སུ་གྱུར་པ་ལས། དབུས་སུ་སངས་རྒྱས་མཁའ་འགྲོ་མ་དམར་སེར། ཞབས་གཡས་བརྐྱང་གིས་འཇིགས་བྱེད་དང་དུས་མཚན་མ་མནན་པ། ཕྱག་གཡས་གྲི་གུག་ཐུར་དུ་བརྐྱང་ནས་འཛིན་པ། གཡོན་ཐོད་ཁྲག་སྟེང་ཕྱོགས་སུ་འཛིན་པ། མཆན་ཁུང་གཡོན་དུ་ཐབས་ཀྱི་རང་བཞིན་གྱི་ཁ་ཊྭཱཾ་ག་དཀར་པོ། གཡོན་དུ་རྡོ་རྗེ་རབས་བསྔགས་མ་ལྗང་ཁུ་ཞབས་གཡོན་བརྐྱང༌། གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པ། གཡས་སུ་རྣམ་སྣང་མ་སེར་མོ་ཞབས་གཡས་བརྐྱང༌། ཕྱག་གཡས་གྲི་གུག་གཡོན་ཐོད་པ་འཛིན་པ། གསུམ་ཀའང་ཐོད་སྐམ་


TNT15_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་དབུ་བརྒྱན་དང༌། རློན་པ་ལྔ་བཅུའི་འཕྲེང་བ་འཕྱང་བ། ཕྱག་རྒྱ་ལྔ་དང་ལྡན་པ། གཅེར་མོ་སྤྱན་གསུམ་དབུ་སྐྲ་ནག་པོ་སིལ་བུར་གྲོལ་བ། མི་ཟད་པའི་ཞལ་ཁྲོ་ཞིང་འཛུམ་པ། འཇིགས་པའང་འཇིགས་པར་མཛད་ཅིང་མེ་དཔུང་འབར་བའི་དབུས་ན་གནས་པ་རྣམས་ཀྱི་གསང་གནས་སུ་ཆོས་འབྱུང་རེ་རེ། དབུས་ཀྱི་ནང་དུ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཧཱུཾ་ཕཊ་སྭཱཧཱ། གཡོན་གྱི་ལ། ཨོཾ་བཛྲ་ཝརྞ་ནཱི་ཡེ་ཧཱུཾ་ཕཊ། གཡས་ཀྱི་ལ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཕཊ། ཡི་གེ་རྣམས་ཡོངས་སུ་བརྩེགས་པ་གཙོ་མོའི་ཕྱག་གཡས་ཀྱི་གྲི་གུག་གིས་ཉིད་ཀྱི་དབུ་བཅད་ནས། ཐོད་པ་འཛིན་པའི་ཕྱག་གིས་དབུ་སྐྲའི་ཕྱེད་བཟུང་སྤྱན་གསུམ་ཐུར་དུ་གཟིགས། རྩ་གསུམ་བཅད་མཚམས་ནས་དབུས་ནས་བྱང་སེམས་དཀར་དམར་འདྲེས་པའི་རྒྱུན་བྱུང་བ་རང་ཉིད་ཀྱི་ཞལ་དུ་འབབ་པར་གྱུར། གཡོན་བརྐྱང་མ་ནས་མི་བསྐྱོད་པ་དང་འདྲེས་པའི་ཀུན་དའི་རྒྱུན་གཡོན་གྱི་ཞལ་དུ་བབས། གཡས་རོ་མ་ནས་ཁྲག་ཕལ་བ་དང་འདྲེས་པའི་རྡུལ་གཡས་ཀྱི་ཞལ་དུ་བབས། ཡུན་ཅི་རིགས་པར་གསལ་ལ་དྲག་པར་བསྒོམ། དེ་ནས་ཐུར་སེལ་གྱེན་དུ་དྲངས་པས། གསང་གནས་ཀྱི་སྔགས་ལས་འོད་ཟེར་སྟེང་དུ་འཕྲོས། ལམ་གསུམ་ནས་བྱུང༌། གཡས་གཡོན་གྱི་ལྷ་མོ་གཉིས་འོད་ཟེར་གྱིས་དྲངས། རོ་རྐྱང་གི་ལམ་བརྒྱུད། ལྷ་མོ་གཉིས་ཆོས་འབྱུང་དང་བཅས་པ་བདག་ཉིད་ཆོས་འབྱུང་དང་བཅས་པ་དང་དབྱེར་མེད་དུ་གྱུར། སྔགས་གཉིས་ཆོས་འབྱུང་གི་ནང་གཡས་གཡོན་དུ་བརྩེགས་ཏེ་གནས་པའི་གསུམ་བསྒྲིགས་སུ་གནས་པར་བསམ། མཎྜལ་མི་དམིགས་ཏེ། སྟོང་པའི་ངང་ལས་


TNT15_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འབྱུང་དམར་པོ་གྲུ་གསུམ། ཞེས་པ་ནས། ཡི་གེ་རྣམས་ཡོངས་སུ་བརྩེགས། ཞེས་པས་བར་བདག་བསྐྱེད་བཞིན་ལས་རང་སེམས་ཞེས་དོར། སྤྱི་དང་མཐུན་པར་གོ་ཆ་བཀོད་ལ། ཕཻཾ་ཞེས་པས་སྤྱན་འདྲེན་པ་ནས། ཡོ་ག་ཤུདྡྷོའི་བར་སྤྱི་དང་མཐུན། རང་རང་གི་སྔགས་གསུམ་གྱིས་མཐར་ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཞེས་བཏགས་ལ་མེ་ཏོག་འབུལ། དེ་ནས་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་རྣམས་སྔགས་ཀྱི་འབུལ་ཞིང༌། འབྲུ་གསུམ་གྱིས་ནང་མཆོད་དང༌། ཨོ་ཌི་ཡ། པུལླི་ར་མ་ལ་གི་རི་ཀ་མ་ཀྵི་ཤཱི་ཧནྚ་ཞེས་ལམ་དང༌། དྷརྨ་སམྦྷོ་ག་ནིརྨ་ཎ་མཧཱ་སུ་ཁ་ཀ་ཡ། ཞེས་འབྲས་བུའི་སྒོ་ནས་བསྟོད། སྤྲོ་ན་སྐབས་འདིར་གཏོར་མ་ཕུལ་ཀྱང་རུང༌། དེ་ནས་བཟླས་པ་ནི། རླུང་ཕྱིར་འགྲོ་བའི་ཚེ། མདུན་བསྐྱེད་ཀྱི་གསང་བར་བཀོད་པའི་སྔགས་གསུམ་དང༌། ནང་དུ་འོང་བ་དང་བསྟུན་ནས་རང་གི་གསང་བའི་སྔགས་གསུམ་སླར་ཡང་གསལ་བཏབ་ཐུར་སེལ་བསྐྱོད་པས་སྔགས་གསུམ་གྱི་དབུ་མའི་ལམ་བརྒྱུད། སྣ་བུག་གཡས་ནས་ཐོན། མདུན་བསྐྱེད་ལྷ་མོ་གསུམ་གྱི་ཤངས་ཀྱི་བུ་ག་གཡོན་པ་ནས་ཞུགས། གསང་བའི་སྔགས་ལས་འོད་ཟེར་གྱི་ཚོགས་རྣམས་སྤྱན་དྲངས་ཏེ། རང་རང་གི་ཤངས་བུག་གཡས་ནས་ཐོན། རང་གི་སྣ་བུག་གཡོན་ནས་ཞུགས། དྷཱུ་ཏཱིའི་ལམ་བརྒྱུད། གསང་བའི་སྔགས་ལ་ཐིམ། དེ་ནས་སྔགས་བཟླ་བའི་ཚེ། དམིགས་པ་དེ་ཉིད་དང་འདྲ་བ་ལས། འོད་ཟེར་ཕྱིར་འཕྲོས་པ་ལས་སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས་པར་བསམ་ཞིང༌། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི།


TNT15_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་ཝརྞ་ནཱི། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ཞེས་ཅི་ནུས་བཟླ་ཞིང༌། རྡོ་རྗེའི་བཟླས་པ་དང༌། འགོག་པའི་བཟླས་པ་ཅི་འགྲུབ་བྱ། བཟླས་པ་དང་དམིགས་པ་ལྷ་མོ་གསུམ་རིམ་ཅན་དུ་བྱེད་པའང་སྣང་ངོ༌། །བསྡུ་བའི་དམིགས་པ་ནི་སྤྱི་དང་འདྲ། གཏོར་མ་འབུལ་བར་འདོད་ན། གཞན་ཀུན་རྣལ་འབྱོར་མ་སྤྱི་དང་འདྲ་བ་ལས། ཨོཾ་བཛྲ་ཨ་རལླ་ཧོ། ཛཿཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོ་ཞེས་ལན་གཅིག་དང་རྩ་སྔགས་ཀྱི་ཧཱུཾ་གསུམ་གྱི་སྔོན་དུ། པུཥྤེ། དྷུ་བེ། དཱི་པེ། གནྡྷེ། བཱ་ལིང་གྲྀཧྞ་གྲྀཧྞ་མ་མ་རཀྴ་རཀྴ་ཞེས་པ་བཅུག་པའི་སྔགས་ལན་བདུན་གྱིས་འབུལ། ཕྱི་མཆོད་དགོས་སུ་འབུལ་མི་དགོས་ནང་མཆོད་དང་བསྟོད་པ་སྔར་བཞིན། འདི་ལ་མངོན་བྱང་ལྔ་བསྐྱེད་དང༌། ས་བོན་ལས་བསྐྱེད་པ་དང༌། ས་བོན་ཡང་ཧྲཱིཿདང་བཾ་སྒྲུབ་ཐབས་ཐ་དད་ནས་འབྱུང་བའི་གདམ་ང་ཅན་ནོ། །དེ་བཞིན་དུ་ལྟེ་བར་ཆོས་འབྱུང་དང་ལུས་ཆོས་འབྱུང་སྒོམ་པ་ཡང་གདམ་ང་ཅན་ནོ། །ལྟེ་བའི་དབུས་ནས་ཉི་བྱེད་འོད་བརྒྱ་ཡིས། །རབ་གསལ་འཇིག་རྟེན་གསུམ་པོ་བདེ་ཆེན་གྱི། །དཔྱིད་ཀའི་དགའ་སྟོན་ནམ་ཡང་སྤེལ་བ་ལས། །ཟུང་འཇུག་རྒྱལ་སྲིད་ཐོབ་པ་གང་འདི་མཚར། །འདིའི་བྱིན་རླབས་བྱེད་ཚུལ་ཞལ་གཉིས་མའི་སྐབས་དང་འདྲའོ། །ཀུན༵་ཏུ་དཔལ་མོར་གྲགས་པའི་གཞུང༌། བིརྺ་ཆུང་ངུས་ཀྱང་མཛད་པའི། གཞུང་དང་རབ་དག༵འི་སྡེབས་ནས་ནི། ཟབ་མོའི་སྒྲུབ་ཐབས་སྙིང༵་པོ༵ར་བཀོད། །རྡོ་རྗེ་ཕག་མོ་དབུ་བཅད་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།

ཕས་རྒོལ་འཛོམས་པའི་ཨིནྡྲ་མཁའ་སྤྱོད་མའི་སྒྲུབ་ཐབས།


TNT15_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། རྒྱལ་བ་ཐམས་ཅད་བསྐྱེད་བྱེད་ཡུམ། །ཤེས་རབ་ཕ་རོལ་ཕྱིན་པ་ཉིད། །མཁའ་འགྲོའི་གཙོ་མོར་སྐུ་བསྟན་པ། །རྡོ་རྗེ་རྣལ་འབྱོར་མ་ལ་འདུད། །སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྣམས་སྔོན་དུ་འགྲོ་བས། སྭ་བྷཱ་ཝས་སྔགས་དང༌། ཤཱུ་ནྱ་ཏས་སྔགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཨེ་ཝཾ་གྱི་ཡི་གེ་ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། པཾ་ལས་སྣ་ཚོགས་པདྨ་དང༌། ཨཾ་དཀར་པོ་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་རང་སེམས་ཧཱུཾ་དཀར་པོ། དེ་ཐམས་ཅད་ལས་འོད་འཕྲོས། འདུས་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས། བནྡྷུ་ལྟར་དམར་བའི་སྤྱན་གསུམ་དང་ལྡན་པ། ཁྲོ་གཉེར་བསྡུས་ཤིང་མཆེ་བ་གཙིགས་པ། ཤིན་ཏུ་གཏུམ་པའི་ཚུལ་ཅན། གཅེར་བུ་སྐྲ་གྲོལ་བ། ཕྱག་གཡས་རྡོ་རྗེས་མཚན་པའི་གྲི་གུག་གམ། རྡོ་རྗེ་སྡིགས་པས་ལྷ་མིན་གྱི་གདོན་ཐམས་ཅད་སྐྲག་པར་མཛད་པ། གཡོན་ཞབས་གཡོན་པ་ལ་ཡོངས་སུ་འཁྲིལ་ཞིང༌། ཀ་པཱ་ལ་བདུད་རྩིས་གང་བ་སྟེང་གི་ཕྱོགས་སུ་བཟུང་བ་ལ་ཞལ་གྱེན་དུ་ཕྱོགས་པས་བདུད་རྩི་གསོལ་བ། ནམ་མཁའ་ལ་དེ་བཞིན་གཤེགས་པའི་ཚོགས་རྣམས་ཡབ་ཡུམ་རྗེས་སུ་ཆགས་པ་སྙོམས་པ་ཞུགས་པའི་བདུད་རྩི་དཀར་དམར་ཐོད་པར་འབེབས་ཤིང་བུམ་པའི་དབང་བསྐུར་བ། ཕྲག་པ་ལ་རྡོ་རྗེ་མཚན་པའི་ཁ་ཊྭཱཾ་ག་བཀལ་བ། ཞབས་གཡས་པ་ས་འོག་བདུན་གྱི་འཇིག་རྟེན་དུ་བརྐྱང་བས་འཇིགས་བྱེད་དང་དུས་མཚན་མ་མནན་པ། གཡོན་སྟེང་ཕྱོགས་ཚངས་པའི་འཇིག་རྟེན་དུ་བརྐྱང་བས་ཚངས་


TNT15_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བརྒྱ་བྱིན་སྟེང་ཕྱོགས་ཀྱི་འཇིག་རྟེན་ལ་མནན་པ། རྒྱན་སྤངས་པ། ཞལ་ནས་བདུད་རྩི་འབབ་པ། སྐུ་ལས་རང་མཚུངས་ཀྱི་རྡོ་རྗེ་རྣལ་འབྱོར་མ་དང༌། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། ཁྲོ་བོ་ཁྲོ་མོ་དཔག་ཏུ་མེད་པ་འགྱེད་པ། མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་ཤིང༌། དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བ། ཕྱི་རོལ་བསྲུང་བའི་འཁོར་ལོ་དང་བཅས་པའོ། །རང་གི་ལྟེ་བ་ནས་ཧཱུཾ་གཅིག་སྤྲོས་པས་མདུན་དུ་སྤྲུལ་པའི་ཕོ་ཉ་ཕྱག་ན་རྡོ་རྗེ་ཧེ་རུ་ཀའི་ཆ་བྱད་ཅན། གཡས་རྡོ་རྗེ་དང་གཡོན་ཕུར་བུ་ཐོགས་པ། ཡང་སྤྲུལ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། ཁྱབ་འཇུག་ཆེན་པོ་མི་ཡི་སེང་གེ་ལ་སོགས་པ་བགེགས་ཐམས་ཅད་བཀུག ཧཱུཾ་ལས་བྱུང་བའི་རྡོ་རྗེའི་ཁྲོན་པར་བཅུག ཕུར་བུས་བཏབ་ཅིང་རྡོ་རྗེའི་རྡུལ་ཙམ་དུ་བརླག་པར་བྱས། ཨོཾ་ཧྲཱིཿགྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་ཧཱུཾ་ཕཊ། ཞེས་ཉེར་གཅིག་ཙམ་དྲག་ཏུ་བཟླ། ལྟེ་བར་ཨོཾ་བཾ་དམར་མོ་རྡོ་རྗེ་ཕག་མོ་ནས། ཙཎྜི་ཀཱའི་ངོ་བོའི་བར་སྤྱི་དང་འདྲ། ཨོཾ་བཛྲ་ཤུདྡྷ་སརྦ་དྷརྨ་བཛྲ་ཤུདྡྷོ་྅་ཧོ། ཡེ་ཤེས་འཁོར་ལོ་ཕཻཾ་ཞེས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅ཧཾ། ཆོས་ཐམས་ཅད་སྒྱུ་མ་ལྟར་ཤེས་པའི་སྒོ་ནས་རང་བཞིན་མཉམ་པ་ཉིད་ལ་མཉམ་པར་བཞག་སྟེ། ཨོཾ་པྲ་ཀྲྀ་ཏ་པ་རི་ཤུདྡྷཿསརྦ་དྷརྨ་པྲ་ཀྲྀ་ཏ་པ་རི་ཤུདྡྷོ྅ཧཾ། ལྟེ་བར་ཆོས་འབྱུང་གཡོན་དུ་འཁོར་བའི་དབུས་སུ་ཉི་མ་ལ་ཧཱུཾ་ཡིག་སྔགས་


TNT15_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲེང་དང་བཅས་པ་གསལ་བཏབ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། རྩ་སྔགས་སོ། །ཨོཾ་བཛྲ་ཌཱ་ཀི་ནཱི་ཧྲཱི་ཧཱུཾ་ཕཊ་སྭཱཧཱ། ཉེ་བའི་སྙིང་པོའོ། །ཨོཾ་བཛྲ་ཡོ་གི་ནཱི་ཧཱུཾ་ཕཊ་སྭཱཧཱ། སྙིང་པོའོ། །ཨོཾ་བཾ་ཧཱུཾ། ས་བོན་གྱི་སྔགས་སོ། །དེ་ལྟར་ཡིད་རྩེ་གཅིག་པས་ཅི་ནུས་སུ་བཟླའོ། །བདག་བསྐྱེད་ཀྱི་ལྷ་ལ་མཆོད་པར་མོས་ནས། ཨཉྩ་མ་ནཾ་པྲ་ཏཱིཙྪ་ན་མཿ དེ་བཞིན་དུ། པྲོ་ཀྵ་ནཾ། པཱདྱཾ་ཨརྒྷཾ་སྟེ་ཆུ་བཞི་དང༌། པུཥྤེ། ནས། ཤཔྟའི་བར་གྱིས་མཆོད། རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད། ཐོད་པའི་ནང་དུ་གཏོར་མ་ཁ་ཟས་བཟང་དགུ་ལས་བྱས་པ་ཤ་ཆང་གིས་བརྒྱན་པ་ཅིག་དང༌། ཉ་ཁྲག་ཤ་ཆང་ལ་ཕུག་འབྲུ་སྣ་དང༌། ཁ་ཟས་སྣ་ཚོགས་ཀྱི་གཏོར་མ་ཁམ་ཕོར་གང་བཤམས། གཏོར་མ་བྱིན་རླབས་རྒྱས་པ་པྲཛྙཱ་རཀྵི་ཏའི་གཏོར་ཆོག་ལྟར་བྱ་བར་བཞེད་ནའང་བདེ་མཆོག་གང་རུང་གཅིག་དང་བསྟུན་པས་ཆོག བསྡུ་ན་སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། ཐོད་པ་ཤ་ལྔ་བདུད་རྩི་ལྔས་གང་བར་གྱུར། ཨོཾ་ཨཱཿཧཱུཾ། ལན་བཅུ་བརྗོད། ཨོཾ་ཧ་ཧོ་ཧྲཱིཿསྭཱཧཱ། ལན་གསུམ་གྱིས་བྱིན་གྱིས་བརླབས། འབར་བའི་ཕྱག་རྒྱ་དང་བཅས་ཏེ་ཕཻཾ། རྡོ་རྗེ་རྣལ་འབྱོར་མ་སྤྱན་དྲངས། གཏོར་མ་གསོལ་བར་བསམས་ལ། ཨོཾ་བཛྲ་ཡོ་གི་ནཱི་ཨི་མཾ་བྷ་ལིང་གྲྀཧྞ་གྲྀཧྞ་རུ་རུ། ཁ་ཁ་ཁ་ཁ། ཕཻཾ་ཕཻཾ་ཕཻཾ་ཕཻཾ། ཨ་ཨ་ཨ་ཨ། མ་མ་སརྦ་སིདྡྷི་པྲ་ཡཙྪ་ཧཱུཾ་ཕཊ་སྭཱཧཱ། ལན་བདུན་ལ་སོགས་པས་ཕུལ། གཏོར་མ་གཉིས་པ་ལ་དམིགས་ཏེ། མཁའ་འགྲོ་སྤྱི་གཏོར་སྤྱི་དང་མཐུན་པར་བཏང༌། ཡིག་བརྒྱ་བཟོད་གསོལ། གཤེགས་གསོལ་རྣམས་སྤྱི་དང་འདྲ་བར་བྱ། དེ་ནས་


TNT15_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་སྙིང་ག་ནས་འོད་ཟེར་འཕྲོས། སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཕོག སྡིག་སྒྲིབ་སྦྱངས། རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར། དེ་ནས་ལྷ་གསུམ་ལ་སོགས་པ་སྲིད་པ་གསུམ་གྱི་གདོན་རྣམས་ལ་གསུངས་པ། ཆོས་རྣམས་སྒྱུ་མ་ལྟ་བུ་ལ། །གང་ཞིག་གནོན་ཅིང་གང་གིས་གནོན། །གང་ཞིང་གསོད་ཅིང་གང་གིས་གསོད། །ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་ཡིན། །བཅིང་བ་མེད་ཅིང་བསད་པ་མེད། །རང་གི་སེམས་ཀྱི་རྣམ་འཕྲུལ་ལ། །བདག་དང་གཞན་དུ་སྣང་བ་དང༌། །འཇོམས་བྱ་འཇོམས་བྱེད་སྣང་བར་གྱུར། །བདག་དང་ཁྱོད་དག་རང་བཞིན་གཅིག །གཅིག་མིན་དུ་མ་རྣམས་ལས་གྲོལ། །རང་བཞིན་དག་པའི་ངང་དུ་ལྟོས། །ཀྱེ་ལགས་དབང་པོ་ལྟོས་ཤིག་དང༌། །ངས་ནི་ཅི་ཡང་མ་མཐོང་ངོ༌། །བསམ་དུ་མེད་ཅིང་བརྗོད་དུ་མེད། །སྤྲོས་པའི་མཚན་མ་ཀུན་དང་བྲལ། །ཞེས་པའི་དོན་བསམ་ཞིང་མཉམ་པར་བཞག་གོ །ལྷ་སྐུར་སྣང་བ་ཡང་དམིགས་པ་མེད་པའི་ངང་དུ་སྟོང་ཉིད་དུ་བསྒོམ། དེ་ནས་གོ་ཆ་བཀོད་ནས་དགེ་བ་བསྔོ། ཐུན་མཚམས་ལ་འཇུག་གོ །ཐུན་མང་དུ་ཉམས་སུ་ལེན་ན། སྲོད་ཐུན་མ་གཏོགས་གཏོར་ཆོག་དེ་མི་དགོས་སོ། །ཉིན་རེ་བཞིན་བྱ་བ་མ་འགྲུབ་ན། ཚེས་བཅུ་རྣམ་པ་གཉིས་དང༌། བརྒྱད་དང་བཅུ་བཞི་རྣམས་ལ་བྱ། འགྲུབ་ན་ཚེས་དེ་རྣམས་ལ་ཕྱི་རོལ་མཆོད་པ་དང༌། གཏོར་ཚོགས་གལ་ཆེའོ། །འདིའི་བྱིན་རླབས་བྱེད་ཐབས་ནི། ཚེས་བརྒྱད་དང་བཅུ་གཅིག་གང་རིགས་ལ་ཉིན་ཕྱེད་མན་ཆད་ནས། ཐོ་རངས་ཚུན་ཆོད་


TNT15_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དུས་ལ་བྱ་སྟེ། སྟེགས་བུ་ལ་ཆང་གིས་ཆོས་འབྱུང་ཞིག་བྲིས། དེའི་སྟེང་དུ་མེ་ཏོག་དམར་པོ་བཀྲམ། དབུས་སུ་ཕྱེ་མར་གྱི་ཏིང་ལོ་གཅིག་བཞག དེ་སྟེང་མཉྫི་ལ་ཐོད་པ་བདུད་རྩིས་གང་བ། སྟེང་དུ་མེ་ལོང་ལ་སིནྡྱུ་ར་བརྡལ་ལ། ཆོས་འབྱུང་སྔགས་བཞི་དགའ་འཁྱིལ་དང་བཅས་པ་ཞིག་བྲིས། ལོགས་གཅིག་ཏུ་སྣོད་ཆུང་ངུ་གཉིས་སུ་ཤ་ཆེན་མར་ལ་བཙོས་པ་དང༌། ཆང་ལ་རཀྟ་ཅུང་ཟད་བསྲེས་པ་ཞིག་བཞག མཆོད་གཏོར་བཤམས། སྔོན་འགྲོ་གཏོར་མ་བཏང༌། གནས་ཡོ་བྱིན་རླབས་བྱ། གཏོར་ཆོག་མ་གཏོགས་བདག་བསྐྱེད་གོང་བཞིན། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་ཨེ་ཝཾ་གི ཞེས་པ་ནས་བཟླས་པའི་བར་གོང་བཞིན་བྱ། མཆོད་བསྟོད་རྒྱས་པ་བྱེད་པར་སྤྲོ་ནའང་བྱེད། བསྡུ་ན། ཕྱི་མཆོད་ཀྱི་མཐར་འབྲུ་གསུམ་གྱིས་ནང་མཆོད་འབུལ། ཨ་ནུ་རཱ་གས་གསང་མཆོད་ཕུལ་ལ་བསྟོད་པ་བྱའོ། །གོང་གི་གཏོར་ཆོག་གིས་གཏོར་མ་ཆ་གཅིག་ཕུལ། སིནྡྷུ་རའི་དཀྱིལ་འཁོར་ལ་དམིགས་ནས་རྩ་སྔགས་དང་བདུད་རྩི་ལ་དམིགས་ནས་ཉེ་སྙིང་དང༌། ཏིང་ལོ་ལ་དམིགས་ནས་སྙིང་པོ་དང༌། ཤ་ཆང་ལ་དམིགས་ནས་ས་བོན་རྣམས་བརྒྱ་རྩ་རེ་བཟླའོ། །བར་འདིར་གཞོན་ནུ་མའི་སྟོན་མོ་དང་ཚོགས་འཁོར་བྱ། སློབ་མས། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། སོགས་ཀྱིས་གསོལ་པ་གདབ། རྒྱུན་བཤགས་དང་རིགས་ལྔའི་སྡོམ་བཟུང་བྱ། ལྟེ་བའི་ཆོས་འབྱུང་འཁོར་བ་དང༌། ཐ་མལ་གྱི་ལུས་འོད་དུ་ཞུ་བ་དང༌། སངས་རྒྱས་ཐམས་ཅད་རྣལ་འབྱོར་མའི་རྣམ་པར་སྤྱན་དྲངས་


TNT15_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ལྟེ་བའི་ཡིག་འབྲུ་ལ་བསྟིམ་པའི་དམིགས་པ་རྣམས་ཕོག་ལ་རེ་རེ་བཞིན་དུ་རོལ་མོའི་སྒྲ་བྱ། ཡེ་ཤེས་དབབ། ཡོལ་བ་བསལ། མདུན་བསྐྱེད་ཀྱི་ལྷ་ངོ་བསྟན། བྱང་ཆུབ་རྡོ་རྗེ་སོགས་ཀྱིས་གསོལ་བ་བཏབ། མེ་ལོང་སྤྱི་བོར་བཞག་ལ། རྐང་པ་བརྒྱད་པའི་སྔགས་བརྗོད། དཔྲལ་བར་སིནྡྷུ་ར་བྱུགས། རྩ་སྔགས་བརྗོད། མེ་ལོང་གི་ལྷ་བསྟིམ། ལྷ་སྐུར་གྱུར། བུམ་དབང་ངོ༌། །ནང་མཆོད་སྦྱིན་ཉེ་སྙིང་བརྗོད་པས་གསང་དབང་ངོ༌། །སྙིང་པོས་ཏིང་ལོ་སྦྱིན་ལ། གཏུམ་མོ་འབར་ཧཾ་ཡིག་ཞུ་བའི་བདེ་སྟོང་བསྒོམ། ཤེར་དབང་ངོ༌། །ས་བོན་གྱི་སྔགས་ཀྱིས་ཤ་ཆང་ལག་པ་གཡས་གཡོན་དུ་སྦྱིན། ཟུང་འཇུག་གི་བརྡའོ། །ཞེས་བྱས་ལ་མིང་དུ་གཞུག དབང་བཞི་པའོ། །སློབ་དཔོན་གྱིས་སློབ་མའི་ལག་ཏུ་མེ་ཏོག་དམར་པོ་གཏད། སློབ་མས་གཞོན་ནུ་མ་ཆུང་ངུ་ཞིག་གི་ལག་ཏུ་གཏད་ནས། དཀྱིལ་འཁོར་ལ་འབུལ་དུ་གཞུག རྩ་སྔགས་ཀྱི་མཐར་པུཥྤཾ་པྲ་ཏཱིཙྪ་ན་མཿ ཞེས་བརྗོད། དེ་ནས་སྒྲུབ་ཐབས་ཉམས་སུ་ལེན་ཚུལ་རྫོགས་པར་བཤད་ལ། སྔགས་ལ་བཟླས་ལུང་བྱའོ། །རྗེས་ཀྱི་བྱ་བ་ནི་ཕག་མོ་སྤྱི་དང་འདྲའོ། །རིན་ཆེན་ལྷར་བསྐྱེད་མཆོད་པ་འབུལ། །བུམ་དབང་འཛིན་བྱེད་གསང་དབང་ཆང༌། །སྙིང་ག་ཤེས་རབ་བཞི་པ་ནི། །སྒོ་གཉིས་བཅིང་བ་ཡིན་ནོ་ཞེས། །ཞེས་པ་ལྟར་གྱི་དབང་ནི་ཞལ་ལས་ཤེས་སོ། །འདིའི་བྲིས་སྐུ་འབྲི་ན་རྒྱན་རྣལ་འབྱོར་མ་སྤྱི་དང་མཐུན་པར་འབྲིའོ། །གསུང་ངོ༌། །འདི་དུས་མ་ཡིན་པ་དང༌། སློབ་མ་གཉིས་ལ་དུས་གཅིག་ཏུ་མི་བྱ། འདིའི་གདམས་པ། བསྐྱེད་རིམ་རྫོགས་རིམ་ཕྱི་རོལ་མཆོད། །


TNT15_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་གཞོན་ནུ་མ་མཆོད་དང༌། །སློབ་མ་རྗེས་འཛིན་སྦྱིན་བསྲེག་དང༌། །བསམ་གྱིས་མི་ཁྱབ་བདུད་གཅོད་དེ། །མཆོག་ཏུ་གྱུར་པའི་མན་ངག་དགུ །དྲག་པོའི་ལས་སྦྱོར་ཆུང་ངུ་གཉིས། །དེ་ལྟར་ན་མན་ངག་བཅུ་གཅིག་པོ་དེ་དག་ལས། འདིར་མ་བསྟན་པ་རྣམས་ཡི་གེ་རྙིང་པ་ན་གསལ་ཞིང༌། འགའ་ཞིག་ཕག་མོ་སྤྱི་དང་ཡང་མཚུངས་སོ། །ཨིནྡྲ་བྷཱུ་དྷིའི་བཞེད་གཞུང་སྟེ། །དཔལ་ལྡན་རྭ་ལོའི་གདམས་པ་ཡིན། །ཀུན༵་ལས་ཁྱད་འཕགས་དག༵འ་བསྐྱེད་འདི། །སྙིང༵་པོ༵འི་དོན་སྟོན་རྣམས་ཀྱི་ཆོས། །རྡོ་རྗེ་ཕག་མོ་གནམ་ཞབས་མར་གྲགས་པ། །ཕས་རྒོལ་འཛོམས་པའི་ཨིནྡྲ་མཁའ་སྤྱོད་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །

ཕག་མོ་ཀུརྨ་བཱ་ཏཱིའི་སྒྲུབ་ཐབས།


TNT15_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དུས་གསུམ་རྒྱལ་བ་མ་ལུས་པ། །གང་གི་ཡེ་ཤེས་མཐུ་ལས་སྤྲུལ། །འཁོར་ལོའི་དབང་ཕྱུག་མར་བཏུད་ནས། །སྒྲུབ་ཐབས་མདོ་ཙམ་བྲི་བར་བྱ། །སྐྱབས་འགྲོ་སེམས་བསྐྱེད། གུར་ནས་འབྱུང་བའི་ཡན་ལག་བདུན་པ་རྣམས་སོང་རྗེས། ཤཱུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་གི་ལྟེ་བར་བཾ་ཡིག་འོད་ཀྱི་འཕྲོ་འདུ་ལས། རང་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གཡས་གྲི་གུག་ཐུར་དུ་བརྐྱང་བ། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། དབུ་སྐྲ་ནག་པོ་སིལ་བུར་གྲོལ་བ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན་རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཉིས་རུས་སྦལ་གྱི་འདུག་སྟངས་ཀྱིས་


TNT15_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དཀར་པོ་དང་ཉི་མ་ལ་བྷཻ་ར་བ་ནག་པོ་གྲི་ཐོད་ཅན། སྟག་ཤམ་དང༌། མི་ལྤགས་གྱོན་པ་ཁ་བུབ་ཏུ་མནན་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པའི་ལྟེ་བར་ཆོས་འབྱུང་གི་དབུས་སུ། བཾ་ཕཻཾ་ཞེས་འབར་བའི་ཕྱག་རྒྱ་བཅའ། ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ བཟླས་པའི་དམིགས་པ་གསལ་བཏབ་ལ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཕཊ་སྭཱཧཱ། གཏོར་མ་འབུལ་ན། ཐོད་པའི་ནང་དུ་གཏོར་མ་བཤམས། འབྲུ་གསུམ་ལན་མང་དུ་བརྗོད་པས་བྱིན་གྱིས་བརླབས། རྗེ་བཙུན་མ་མདུན་དུ་དམིགས་ལ། སྙིང་པོའི་མཐར་ཁ་ཁ་ཧཱུཾ་བཏགས་པ་ལན་བདུན་གྱིས་འབུལ། ཨོཾ་ཨཱཿཧྲཱི་ཧཱུཾ་ཧ་ཧ་ལན་བདུན་གྱི་ཤ་ཆེན་བཏགས་པའི་སྤོས་འབུལ། གཏོར་མའི་ལྷག་མ་དེ་མཁའ་འགྲོ་སྤྱི་གཏོར་དུ་བཏང༌། འདོད་དོན་གསོལ་བ་བཏབ། ཡིག་བརྒྱ་བཟོད་གསོལ་གཤེགས་གསོལ་རྣམས་བྱ། ཚུལ་འདི་ཉིད་ཀྱི་སྙིང་པོ་འབུམ་ཕྲག་ཉི་ཤུ་རྩ་བཞི་བཟླའོ། །དེས་བསྙེན་པ་རྫོགས་པ་ཡིན་ལ། དེ་ཕྱིན་ཆད་འདིའི་འཁྲིད་ཚུལ་ཁོ་ན་བསྒོམ། བཟླས་པ་དང་གཏོར་མའང་ཅི་རིགས་པར་བྱའོ། །འདིའི་རྗེས་གནང་གི་འོག་གཞིའི་ཆོས་འབྱུང་དང༌། མཉྫིུའི་སྟེང་དུ་ཐོད་པ་དང་སིནྡྷུ་རའི་དཀྱིལ་འཁོར་སོགས་ཕག་མོ་སྤྱི་དང་མཚུངས་པ་ལས། ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་བཾ་ཡིག་སྙིང་པོས་བསྐོར་བ། ཕྱོགས་བཞིར་རྡོ་རྗེ་རྒྱ་གྲམ་རེ་རེ་དང་བཅས་པ་བྲི། མདུན་དུ་ཐོད་པའི་སྣོད་དུ་དམར་གཏོར་དང༌། ཤ་ཆེན་གྱི་སྤོས་སོགས་མཆོད་པ་རྣམས་ཅི་བདེར་བཤམས། སྔོན་འགྲོ་གཏོར་མ་དང་གནས་ཡོ་བྱིན་རླབས་བྱ། བདག་བསྐྱེད་གོང་བཞིན་བྱས་


TNT15_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ནས། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ཡིག་ལས་བྱུང་བའི་བསྲུང་འཁོར་གྱི་ནང་དུ། དུར་ཁྲོད་ཀྱི་ས་གཞི་ལ་པདྨ་དཀར་པོ་དང་ཉི་མའི་གདན། དེའི་སྟེང་དུ། ཆོས་འབྱུང་དཀར་པོའི་ནང་དུ་བཾ་སེར་པོ་སྔགས་འཕྲེང་དང་བཅས་པ་ཡོངས་སུ་གྱུར་པ་ལས། རྗེ་བཙུན་རྡོ་རྗེ་ནས་བཞུགས་པའོའི་བར་གོང་བཞིན། ཕཻཾ་ཞེས་པ་ནས་མཁའ་འགྲོ་སྤྱི་གཏོར་བཏང་པ་ཡན་ཆད་ཀྱང་གོང་བཞིན། བུམ་པ་ཞིག་བཅས་ལ་སྙིང་པོ་བརྒྱ་ཙམ་བཟླས། དམིགས་པ་སོགས་གང་ཡང་མི་དགོས། དེ་ནས་སློབ་མས་མཎྜལ་ཕུལ། དོན་དམ་སྨྲ་བའི་སེང་གེ་རྣལ་འབྱོར་ཞེས་བྱ་བ། སོགས་ཀྱིས་གསོལ་བཏབ། རྒྱུན་བཤགས་དང་རིགས་ལྔའི་སྡོམ་བཟུང་དང་དམ་ཚིག་ཉེར་གཉིས་བཟུང་བར་བྱ། སློབ་དཔོན་དང་མདུན་བསྐྱེད་ལྷར་སྒོམ་དུ་གཞུག བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །སོགས་ཀྱིས་གསོལ་བ་ལན་གསུམ་བཏབ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི་ནས། བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དབང་བསྐུར་བས་སྡིག་སྒྲིབ་དག རྣམ་སྨིན་གྱི་ལུས་སྦྱངས་བར་མོས། ཤཱུ་ནྱ་ཏ་ནས། ཛཿཧཱུཾ་བཾ་ཧོཿའི་བར་བདག་བསྐྱེད་བཞིན་དམིགས་པ་ཕོག ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཐམས་ཅད་རྗེ་བཙུན་མའི་རྣམ་པར་སྤྱན་དྲངས། སྟེང་ཕྱོགས་ནས་ཆར་བཞིན་བབས། ལྟེ་བར་བཾ་ཡིག་ལ་ཐིམ་པར་མོས་སུ་བཅུག་ལ། སྙིང་པོའི་མཐར་ཨ་བེ་ཤ་ཡ་ཨ་ཞེས་བཏགས་པས་ཡེ་ཤེས་པ་དང་གཅིག །ཅང་ཏེའུའི་སྒྲ་བྱ། བཟླས་


TNT15_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་སྤྱི་དང་མཐུན་པར་སྦྱིན། ཐོད་པའི་ནང་གི་བདུད་རྩི་སྦྱིན། སྙིང་པོའི་མཐར་འབྲུ་གསུམ་བཏགས་པ་ལན་གསུམ་བརྗོད་དེ། ཐུགས་ཀྱི་རྗེས་གནང་གི་དོན་ཡིན། ཆོས་འབྱུང་གི་ཟུར་གསུམ་ནས་སིནྡྷུ་ར་བླངས་ཏེ། སློབ་མའི་གནས་གསུམ་དུ་བྱུགས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་བརྟན་པར་མོས། འོག་གཞི་ཆོས་འབྱུང་གི་དཀྱིལ་འཁོར་རམ། བྲི་སྐུ་ཡོད་ན་སློབ་མའི་སྤྱི་བོར་བཞག་ལ། ཀུན་རྟོག་འཇིག་པར་བྱེད་ཅིང་རླུང་བཅོམ་ནས། །ཡེ་ཤེས་མེ་ལྕེ་འབར་བའི་ལུས་ཅན་མ། །ལྟེ་བའི་དཀྱིལ་འཁོར་མཆོག་གི་གནས་ནས་བཞེངས། ལྷ་མོ་མཆོག་གིས་འདི་ལ་དགེས་པར་མཛོད། །ཅེས་བརྗོད་པས། མདུན་བསྐྱེད་ཀྱི་རྗེ་བཙུན་མ་འོད་དུ་ཞུ། སྤྱི་བོ་ནས་ཞུགས་ལྟེ་བའི་ས་བོན་ལ་ཐིམ་པར་མོས། རྗེས་ཀྱི་བྱ་བ་སྤྱི་དང་འདྲ་ཞིང༌། ཚོགས་ཀྱི་འཁོར་ལོའི་བྱ་བ་ཡང་གལ་ཆེའོ། །ཀུན༵་ནས་ཟབ་པར་བསྔགས་པ་ཡི། །ཕག་མོའི་སྒྲུབ་ཐབས་དག༵འ་བའི་ཏོག །དཔྱལ་དང་ཕྱག་ལོའི་བཞེད་པ་འདི། །སྙིང༵་པོ༵་བསྡུས་ཏེ་བཀོལ་བ་ལགས། །ཕག་མོ་ཀུརྨ་བཱ་ཏཱིའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །

རྡོ་རྗེ་ཕག་མོའི་སྒྲུབ་ཐབས།


TNT15_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། རྡོ་རྗེ་རྣལ་འབྱོར་མ་དཔལ་ལ། །བཏུད་ནས་འཇིགས་ཁྲོས་ཕག་མོ་ཡིས། །སྒྲུབ་ཐབས་དཔལ་འཛིན་གཞུང་བཞིན་དུ། །སྙིང་པོ་ལས་ཀྱང་སྙིང་པོར་བྲི། །སྐྱབས་སེམས་སྔོན་དུ་འགྲོ་བས། ཨོཾ་ཨཱཿཧཱུཾཾ། ལུས་ངག་ཡིད་གསུམ་དག་པར་གྱུར། ལྟེ་བར་པདྨ་དཀར་པོའི་སྟེང་དུ་ཆོས་འབྱུང་དམར་པོའི་ནང་དུ་རང་སེམས་ཧྲཱིཿཡིག་གི་འཕྲོ་འདུ་ལས་གྲི་གུག་ཧྲཱིཿས་


TNT15_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་པ་ལས། རང་ཉིད་རྡོ་རྗེ་ཕག་མོ་དམར་མོ་ཕག་ཞལ་ཅན་ཤིན་ཏུ་ཁྲོས་པ། གཡས་སུ་སྙན་གྲགས་མ་སྔོན་མོ་སྒེག་ཅིང་ཁྲོས་པ། གཡོན་དུ་རྣམ་སྣང་མ་སེར་མོ་ཅུང་ཟད་ཞི་བ། དེ་གཉིས་ལྷ་ཞལ་ཅན་གསུམ་ཀར་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པ། གཡས་བརྐྱང་གི་སྟབས་ཀྱིས་རོ་གདན་གཅིག་ལ་བཞུགས་པ། ཕྱག་རྒྱ་ལྔ་དང༌། མི་མགོའི་དོ་ཤལ་ཅན། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཕཻཾ་ཞེས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དབང་གི་ལྷ་རྣམས་ཀྱིས་དབང་བསྐུར་བར་གྱུར། རིགས་བདག་རྒྱས་འདེབས་ནི་མེད་དོ། །ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ནང་མཆོད་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ཤིང་མྱངས། བདེ་ཆེན་དཀྱིལ་འཁོར་དབུས་མ་ཉིད། །གཙོ་བོ་འཇིག་རྟེན་གསུམ་གྱི་མགོན། །སྟོང་ཉིད་སྙིང་རྗེ་ཐིག་ལེ་མཆོག །རྡོ་རྗེ་རྣལ་འབྱོར་མ་དཔལ་བསྟོད། །སྙིང་གར་པདྨ་ལ་ས་བོན་སྔགས་འཕྲེང་གསལ་བཏབ། དེ་ལས་མེ་འབར་བས་སྡིག་སྒྲིབ་བསྲེག་པར་བསམས་ལ། ཨོཾ་སརྦ་ཀྲོ་དྷཱ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་བཛྲ་ཝརྞ་ནཱི་ཡེ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཕཊ་སྭཱཧཱ། ཞེས་ཅི་ནུས་སུ་བཟླས་ལ་མཐར་ལྷ་སྐུ་མི་དམིགས་པར་སྦྱངས་ལ་དགེ་བ་བསྔོ། འདིར་གཏོར་ཆོག་ནི།


TNT15_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་པའི་ནང་དུ་ཟླུམ་གཏོར་ཤས་བརྒྱན་པ་ལ་ཆང་བླུགས་ཏེ། ཐོད་པ་ཁེངས་པ་ཙམ་བྱ། བདེ་མཆོག་གི་མངོན་རྟོགས་གང་རུང་ཞིག་དང་བསྟུན་ནས་བྱིན་གྱིས་བརླབས། ཕཻཾ་ཞེས་འཇིག་རྟེན་འཇིག་རྟེན་འདས་པའི་གཏོར་མགྲོན་ཐམས་ཅད་སྤྱན་དྲངས་ཏེ། མཁའ་འགྲོ་སྤྱི་གཏོར་གྱི་སྔགས་ཡོངས་རྫོགས་ལན་གསུམ་གྱིས་འབུལ། བྱ་བ་ལྷག་མ་ཡང་མཁའ་འགྲོ་སྤྱི་གཏོར་ཉིད་ཡིན་ནོ། །འདིའི་རྗེས་གནང་བྱེད་ན་མདུན་བསྐྱེད་མི་དགོས་པས། མངོན་རྟོགས་ཚར་གཅིག་བླངས། གཏོར་མ་གཉིས་བཅས་ལ་གཅིག་གཙང་སར་བཏང༌། དོན་དམ་སྨྲ་བའི་སེང་གེ་སོགས་ཀྱིས་གསོལ་བཏབ་དང་། ཐུགས་ཀྱི་རྗེས་གནང་ལ། ལྟེ་བ་ལ་པདྨ་འདབ་གསུམ་ཧྲཱིཿའབར་བ་དང་བཅས་པ་ལ་སེམས་གཏད་དེ། རླུང་བཟུང་དུ་བཅུག་པས། དེ་ལས་གཏུམ་མོ་འབར། སྤྱི་བོའི་ཐིག་ལེ་ཞུ་བས་བདེ་སྟོང་སྒོམ་དུ་བཅུག གཞན་མདུན་བསྐྱེད་དང་འབྲེལ་བའི་དམིགས་པ་རྣམས་བོར་ནས་རྗེས་གནང་སྤྱི་དང་འདྲ། སློབ་མའི་རྗེས་ཀྱི་བྱ་བའང་འདྲ་ཞིང༌། རྗེས་ཆོག་ནི་མི་དགོས། གཏོར་མ་གཉིས་པ་དེ་གཏོར་ཆོག་གིས་བཏང་ངོ༌། །བུདྡྷ་ཤྲཱི་ཐུགས་དམ་གྱི། །ལྷ་རྣམས་ཀུན༵་གྱི་སྙིང་པོ་འདི། །བྱམས་པའི་དཔལ་ལ་དག༵འ་བས་སྣང༌། སྙིང༵་པོ༵་གཞུང་དོན་ཙམ་ཞིག་བྲིས། །བྲམ་ཟེ་དཔལ་འཛིན་གྱི་མཛད་པའི་སྒྲུབ་ཐབས་དང་འབྲེལ་བ། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །

གོ་ཟློག་ལྷན་ཅིག་སྐྱེས་མར་གྲགས་པའི་སྒྲུབ་ཐབས།


TNT15_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། བདེ་ཆེན་རྡོ་རྗེ་ཕག་མོ་ནི། ཧེ་རུ་ཀ་དང་གཉིས་མེད་ལ། །བཏུད་ནས་དེའི་སྒྲུབ་ཐབས་ནི། །མདའ་བསྣུན་ཆེན་པོའི་གཞུང་བཞིན་བཤད། །སྐྱབས་སེམས་རྡོ་རྗེ་སེམས་དཔའི་སྒོམ་བཟླས་སྔོན་དུ་འགྲོ་བས། བསོད་ནམས་ཚོགས་བསོག་སྤྱི་དང་མཐུན་པར་བྱ། ཤཱུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བསྲུང་འཁོར། བྷྲུཾ་ལས་གཞལ་ཡས་ཁང༌། དབུས་སུ་པདྨ་ཉི་ཟླའི་གདན་ལ། བཾ་དང་ཧཱུཾ་གི་འོད་ཀྱི་འཕྲོ་འདུ་ལས། རང་ཉིད་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དཀར་མོ་ཕྱག་གཉིས་རྡོ་རྗེ་དྲིལ་བུས་མཚན་པའི་པདྨའི་སྡོང་བུ་འཛིན་པས་ཡབ་ལ་འཁྱུད་པ། ཀྲྀཥྞ་ས་རའི་པགས་པའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། པང་ན་བདེ་མཆོག་དཀར་པོ་གཡས་གྲི་གུག་འཕྱར་ཞིང༌། གཡོན་ཐོད་ཁྲག་འཁྱུད་པའི་ཚུལ་གྱིས་སྟོབ་པ། པདྨའི་སྐྱིལ་ཀྲུང༌། གཉིས་ཀའང་རལ་པའི་ཐོར་ཚུགས་ཅན། མེ་དཔུང་དང་འོད་ཕུང་འཁྲིགས་ཤིང༌། རྒྱན་དང་ན་བཟའ་སྤངས་པའོ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཅེས་ཅི་འགྲུབ་ཟླ། གཏོར་མ་བསངས་སྦྱངས། ཡཾ་ལས་རླུང༌། རཾ་ལས་མེ། ཀཾ་ལས་སྒྱེད་པུ་ཨ་ལས་ཐོད་པ། དེའི་ནང་དུ་གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་ར་ཤུ་མ་མུ་ལས་བདུད་རྩི་ལྔ། བྷྲུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ་ཡེ་ཤེས་ལྔ། དམ་རྫས་ཞུ་ཡེ་ཤེས་བདུད་རྩི་སྤྱན་དྲངས་ཏེ་བསྟིམ། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ལྷག་པའི་ལྷ་མདུན་གྱི་ནམ་མཁར་བཞུགས་པར་མོས། སྔགས་ཀྱི་མཐར་འབྲུ་གསུམ་སྦྱར་བ་ལན་གསུམ་གྱིས་ཕུལ། མཆོད་བསྟོད་འདོད་དོན་གསོལ་བ་བཏབ། གཏོར་མགྲོན་མི་དམིགས་པར་སྦྱངས། ཁ་ཟས་བྱིན་


TNT15_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ཀྱང་དེ་དང་འདྲའོ། །འདིའི་སློབ་མ་རྗེས་འཛིན་ནི། མདུན་དུ་མཆོད་གཏོར་བཤམས། བདག་བསྐྱེད་གཏོར་བསྔོ་དང་བཅས་པ་གོང་བཞིན་བྱ། བདུད་རྩི་གཏོར་མ་ལྟར་བྱིན་གྱིས་བརླབས་ནས་མྱངས། ཚོགས་འཁོར་གྱི་ཡོ་བྱད་ཀྱང་གཏོར་མ་ལྟར་བྱིན་གྱིས་བརླབས་ལ་བཞག །སློབ་མས་མཎྜལ་ཕུལ། ཀྱཻ་སྟོན་པ་འགྲོ་བའི་བླ། །བདག་ཅག་འཁོར་བ་ལས་བསྒྲལ་ཕྱིར། །ཧེ་རུ་ཀ་དཔལ་གོ་འཕང་མཆོག །དཔའ་བོ་ཆེན་པོས་དེང་འདིར་སྩོལ། ལན་གསུམ་གྱིས་གསོལ་བ་བཏབ། དམ་ཚིག་ཐམས་ཅད་བསྐྱང་བ་དང༌། བླ་མེད་མཆོག་ལ་ཁྱོད་དགའ་འམ། ཞེས་དྲིས། བདག་དགའོ། །ཞེས་ལན་གདབ། ཡིག་བརྒྱ་ལན་གསུམ་བཟླ་རུ་གཞུག རྒྱུན་བཤགས་དང་རིགས་ལྔའི་སྡོམ་བཟུང་བྱ། སློབ་མ་གོང་བཞིན་ལྷར་བསྐྱེད། དཔོན་སློབ་གཉིས་ཀའི་གནས་གསུམ་དུ་ཡི་གེ་འབྲུ་གསུམ་བཀོད། ཡེ་ཤེས་པ་བསྟིམ། ཡེ་ཤེས་པ་དབབ་པའོ། །སློབ་དཔོན་གྱི་གནས་གསུམ་ནས་ཡི་གེ་འབྲུ་གསུམ་དཀར་དམར་མཐིང་གསུམ་རིམ་པས་བསྟིམ་པ་དབང་གསུམ། གསུམ་ཀར་ཅིག་ཅར་བསྟིམ་པས། བཞི་པ་ཐོབ་པར་མོས། འཇུག་ཏུ་རང་སེམས་སྤྲོས་བྲལ་ལྷན་ཅིག་སྐྱེས་པར་ངོ་སྤྲད། རྗེས་ཚོགས་ལ་ལོངས་སྤྱད། མདུན་བསྐྱེད་མེད་པའི་ཕྱིར་རྗེས་ཆོག་ལ་སོགས་པ་མི་དགོས་སོ། །ཀུན༵་ལས་གོ་བཟློག་ཡབ་ཡུམ་སྐུ། །ལྷན་ཅིག་སྐྱེས་དག༵འ་ལྷ་མོ་ཡི། །སྒྲུབ་ཐབས་སྙིང༵་པོ༵་ཤཱཀྱ་ཤྲཱིས། །མཚུར་ཕུར་བ་ལ་གནང་བར་གྲགས། །གོ་ཟློག་ལྷན་ཅིག་སྐྱེས་མར་གྲགས་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །

རྗེ་བཙུན་རྡོ་རྗེ་ཕག་མོ་ཁྲོས་ནག་ལྷ་དགུའི་སྒྲུབ་ཐབས།


TNT15_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ཤེས་རབ་ཕ་རོལ་ཕྱིན་མའི་དངོས། །རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། །ལྷ་མོ་དེ་ལ་གུས་བཏུད་ནས། །སྒྲུབ་ཐབས་མདོ་ཙམ་བྲི་བར་བྱ། །འདི་ལ་བསྙེན་པ་ཉམས་སུ་བླང་ཚུལ་དང༌། སློབ་མ་རྗེས་འཛིན་གྱི་བྱ་བ་གཉིས་ལས། དང་པོ་ལ་མཎྜལ་ཐོད་པ། སིནྡྷུ་རའི་དཀྱིལ་འཁོར་རྣམས་བརྩེགས་མར་བཤམས། མཐའ་མཆོད་གཏོད་གྱིས་བསྐོར། སྐྱབས་སེམས་སྔོན་དུ་འགྲོ་བས། དམ་རྫས་འབར་བའི་སྣོད་དུ་སྲིན་ལག་གཡོན་པའི་ཆོས་འབྱུང་འབྲི་ཚུལ་བྱས་ལ། དབུས་སུ་པདྨ་འདབ་བཞི་ལ་ཨ་ཧ་རི་ནི་ས་ཞེས་པ་ཡིད་ཀྱིས་བཀོད། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་བདུད་རྩི་བཀུག་སྟེ། དེ་ལ་བསྟིམས་པས་ཞུ་ཞིང་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུཾ། ཞེས་བྱིན་གྱིས་བརླབས། དེ་ནས་ལག་པ་གཡོན་པར་བླུག །ལུས་ཐམས་ཅད་ལ་གཏོར་ཁྲུས་བྱ་ཞིང་འབྲུ་གསུམ་མང་དུ་བརྗོད། ཕྱོགས་མཚམས་རྣམས་སུ་གཏོར་ཞིང་སྙིང་པོ་བརྗོད་པས་བགེགས་ཐམས་ཅད་བསྐྲད་པར་བསམ། ཤཱུ་ནྱ་ཏའི་སྔགས་བརྗོད་ཅིང་སྟོང་པ་ཉིད་ཀྱི་ངང་དུ་མཉམ་པར་བཞག སྟོང་པའི་ངང་ལས་རང་ལུས་བསྲུང་བའི་འཁོར་ལོ་དུར་ཁྲོད་བརྒྱད་གཞལ་ཡས་ཁང་གི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བཞིའི་གདན་དང་བཅས་པར་གྱུར། རང་སེམས་ལྷའི་འཁོར་ལོ་རྫོགས་པ་ནི། དབུས་ཀྱི་པདྨའི་ལྟེ་བ་ལ་བཅོམ་ལྡན་འདས་མ་དུས་ཀྱི་མུན་པའི་སྐུ་ཅན་ཆེར་ཁྲོས་ཤིང་འཁྲིགས་པ་མཆན་ཁུང་དུ་ཐབས་ཀྱི་རང་བཞིན་གྱི་ཁ་ཊྭཱཾ་ག་འཆང་བ། རྩ་


TNT15_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ཀུན་རྫོབ་རྣམ་པར་དག་པ་རབ་ཁྲོས་ལྷ་མོའི་ཞལ། སྟེང་ཞལ་དོན་དམ་རྣམ་པར་དག་པ་ཕག་གདོང་གཡས་ཕྱོགས་ནས་གྱེན་དུ་ཕྱོགས་པ། སྤྱན་གསུམ་སྟག་ལྤགས་ཀྱི་ཤམ་ཐབས་དང༌། སྤྲུལ་དང་རུས་པས་བརྒྱན་པ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་ཤིང༌། མི་མགོ་སྐམ་པོ་ལྔས་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། ཕྱག་གཡས་གྲི་གུག་འཕྱར་ཞིང༌། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། ཞབས་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱི་མི་རོའི་སྙིང་གར་ཉི་མ་ལ་གནས་པ། ལང་ཚོ་ལ་བབ་ཅིང༌། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཡང་མི་ལྤགས་ཀྱི་སྟོད་གཡོགས་བྱེད་པའི་ལུགས་ཀྱང་ཡོད་དོ། །འདབ་མ་བཞི་ལ་བུམ་པ་བདུད་རྩིས་གང་བ་ཀ་པཱ་ལ་ཁྲག་གིས་གང་བའི་ཁ་གཅོད་ཅན་སྒོ་འཚམས་བརྒྱད་ལ། ཤར་དུ་རྡོ་རྗེ་མཁའ་འགྲོ་མ་དཀར་མོ། ལྷོར་རུ་རིན་ཆེན་མཁའ་འགྲོ་མ་སེར་མོ། ནུབ་ཏུ་པདྨ་མཁའ་འགྲོ་མ་དམར་མོ། བྱང་དུ་ལས་ཀྱི་མཁའ་འགྲོ་མ་ལྗང་ཁུ། ཤར་ལྷོ་དམ་ཚིག་མཁའ་འགྲོ་མ་གཡས་དཀར། གཡོར་སེར། ལྷོ་ནུབ་ཏུ་སྣ་ཚོགས་མཁའ་འགྲོ་མ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་ཐམས་ཅད་མཁའ་འགྲོ་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་འཇིག་རྟེན་མཁའ་འགྲོ་མ་གཡས་ལྗང་གཡོན་དཀར་བ། དེ་རྣམས་ཞལ་གཅིག་མ་ཉི་གདན་སྤངས་ཤིང༌། རྣམ་པ་གཞན་རྣམས་གཙོ་མོ་དང་མཚུངས་པའོ། །སྤྱི་བོར་བླ་མ་ཧེ་རུ་ཀ སྙིང་གར་


TNT15_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་སེམས་དཔའ་ཞལ་གཅིག་པ། གསུས་པར་དཔའ་བོ་སྡེ་བཞི། ལྟེ་བར་འཁོར་ལོ་རྩིབས་བཞི་པ་ལ་འཁོར་ལོའི་ལྟེ་བར་བཅོམ་ལྡན་འདས་མ། རྩིབས་བཞི་པ་ལ་མཁའ་འགྲོ་སྡེ་བཞི། སྤྱི་བོར་ཨཱཿ དཔུང་པ་གཡས་པ་ལ་ཧ། གཡས་ཀྱི་བོལ་གོང་ལ་རི། གཡོན་གྱི་བོལ་གོང་ལ་ནི། དཔུང་པ་གཡོན་པ་ལ་ས། སྙིང་གའི་འཁོར་ལོ་ལ་ཨ། སྤྱི་བོར་ཧ། མགྲིན་པར་ནི། ལྟེ་བར་རི། གསང་བར་ས་ཡིག་རྣམས་ཀྱིས་རྒྱས་བཏབ། སྙིང་གར་ཡང་པདྨ་དང་ས་བོན་ལྔ་གསལ་བཏབ་ལ། ཨོཾ་ཤྲཱི་བཛྲ་ཝཱ་རཱ་ཧཱི་ཀྲོ་དྷཱ་ཀཱ་ལཱི་ཨ་ཧ་རི་ནི་ས་ཨ་བེ་ཤ་ཡ། སརྦ་ཀརྨ་ཧྲིཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་ཉིད་ཅི་འགྲུབ་ཏུ་བཟླ་ཞིང༌། འཁོར་རྣམས་ལ། ཨོཾ་བཛྲ་ཌཱ་ཀི་ནཱི་ཧཱུཾ་ཕཊ་སྭཱཧཱ། ཅེས་པ་ལ་སོགས་པ་མཚན་སྔགས་ཉིད་གང་འགྲུབ་ཏུ་བཟླ་བ་ཡིན་ནོ། །ཉེ་སྙིང་བཟླ་ན། ས་བོན་ལྔ་དང༌། སརྦ་ཀརྨ་བོར་བས་ཆོག ཐུན་བསྡུ་བའི་ཚེ། དཀྱིལ་འཁོར་གྱི་འཁོར་ལོ་རང་གི་སྙིང་གར་བསྡུ། རང་ཉིད་ལྷ་སྐུ་སྣང་སྟོང་ལ་མཉམ་པར་བཞག་ལ། དགེ་བ་བསྔོ། འདི་བདག་མདུན་དབྱེར་མེད་དུ་བསྒྲུབ་པའི་ལུགས་ཡིན་པས་མདུན་གྱི་མཎྜལ་སོགས་ལ་བསྐྱེད་ཆོག་ལ་སོགས་པ་མི་དགོས་སོ། །གཏོར་ཆོག་ནི་གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང༌། རཾ་ལས་མེའི་སྟེང་དུ་ཨ་ལས་ཐོད་པ་ཤ་ལྔ་བདུད་རྩི་ལྔས་གང་བ། སྟེང་དུ་ཟླ་ཕྱེད་རྡོ་རྗེས་བརྒྱན་པ། རླུང་གཡོས་མེ་སྦར་རྫས་རྣམས་ཞུ། ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་ཐིམ། ཨོཾ་ཨཱཿཧཱུཾ། ཕཻཾ་ཞཻས་སྤྱན་དྲངས་པ། ཨོཾ་ཤྲཱི་བཛྲ་ཝཱ་རཱ་ཧཱི་མཧཱ་ཡོ་གི་ནཱི་ཨི་དམ་བཱ་ལིང་ཏ་གྲྀཧྞ་


TNT15_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

གྲྀཧྞ་བྷུ་ཛ་ཧོ་པི་པ་ཧོ། མ་ཏི་ཀྲ་མ་ཐ། ས་མ་ཡེ། ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་གྱིས་གཙོ་མོ་དང༌། ཨོཾ་བཛྲ་ཌཱ་ཀི་ནཱི་ཕཻཾ། བུདྡྷ་ཌཱ་ཀི་ནཱི་ཕཻཾ། པདྨ་ཌཱ་ཀི་ནཱི་ཕཻཾ། ཀརྨ་ཌཱ་ཀི་ནཱི་ཕཻཾ། ས་མ་ཡ་ཌཱ་ཀི་ནཱི་ཕཻཾ། བི་ཤྭ་ཌཱ་ཀི་ནཱི་ཕཻཾ། སརྦ་ཌཱ་ཀི་ནཱི་ཕཻཾ། ལོ་ཀ་ཌཱ་ཀི་ནཱི་ཕཻཾ། ཨི་དཾ་བཱ་ལིང་སོགས་བཏགས་པས་འཁོར་རྣམས་ལ་འབུལ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་ཕུལ། བཅོམ་ལྡན་རྡོ་རྗེ་ཕག་མོ་ཆེན་མོ་ནི། །འཇིག་རྟེན་གསུམ་ཡུམ་ཕྱོགས་གཞན་རྒོལ་བ་འཇོམས། །རྨོངས་བྱེད་སྐྲག་བྱེད་རེངས་པར་བྱེད་པ་མོ། །རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །མཐུ་ཆེན་སྡེ་བརྒྱད་མཁའ་འགྲོའི་ཚོགས། །བུད་མེད་སྟོང་ཕྲག་ཉི་ཤུ་གཅིག །སུམ་ཅུ་རྩ་བདུན་རིགས་བདག་ཉིད། །མདོར་བསྡུས་རྡོ་རྗེ་ཕག་མོའི་རིགས། །མངོན་ཤེས་རྫུ་འཕྲུལ་མཐུ་དང་ལྡན། །རེ་རེ་བྱེ་བའི་འཁོར་བཅས་ལ། །ཕྱག་འཚལ་བསྟོད་ཅིང་གུས་པས་མཆོད། །རྨད་དུ་བྱུང་བའི་གཏོར་མ་འབུལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་སྤྱི་དང་མཐུན་པར་འདོད་དོན་གསོལ་བ་བཏབ། མཐར་ཡིག་བརྒྱ་བཟོད་གསོལ། གཤེགས་གསོལ་རྣམས་སྤྱི་དང་འདྲ། གཉིས་པ་ནི། སྟེགས་བུ་གྲུ་བཞི་པར་ཆོས་འབྱུང་དམར་པོ་ནང་དུ་པདྨ་འདབ་བརྒྱད་དང་བཅས་པ་ལ་ལྷ་གྲངས་དང་མཉམ་པའི་ཚོམ་བུ་བཀོད། དེའི་སྟེང་དུ་བུམ་པ་ལ་གཏོར་མ་ནག་པོ་ཟུར་གསུམ་པ་བཀོད། ཤར་དུ་ཐོད་སྐུའམ་མ་འབྱོར་ན་ཙ་ཀ་ལི། ལྷོ་རུ་བདུད་རྩིས་གང་བའི་ཐོད་པ། ནུབ་ཏུ་མེ་ལོང་ལ་སིནྡྷུ་ར་བཀྲམ་སྟེ། ཆོས་འབྱུང་གི་ནང་དུ་ས་བོན་ལྔ་རྩ་སྔགས་ཀྱིས་བསྐོར་བ་


TNT15_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་བྲི། བྱང་དུ་སྔགས་བྱང་རྣམས་བཀོད། མཐའ་མཆོད་གཏོར་གྱིས་བསྐོར། སྔོན་འགྲོ་གཏོར་མ་མཁའ་འགྲོ་སྤྱི་གཏོར་གྱི་ཚོགས་བཏང༌། མཆོད་པ་བྱིན་རླབས་སྤྱི་དང་མཐུན། བདག་མདུན་དབྱེར་མེད་ཀྱི་ཚུལ་གྱི་བཟླས་པ་ཡན་ཆད་སོང་བ་ན། སྤྲོ་ན་མཆོད་བསྟོད་རྒྱས་པ་དང༌། བསྡུ་ན་ཨརྒྷཾ་ནས་ཤཔྟའི་བར་གྱིས་ཕྱི་མཆོད་དང༌། སྔགས་རྣམས་ཀྱི་མཐར་འབྲུ་གསུམ་བཏགས་པ། ནང་མཆོད་དང༌། རྡོ་རྗེ་ཕག་མོའི་རྐང་བརྒྱད་ཀྱིས་བསྟོད་པ་བྱ། གཏོར་ཆོག་ལྟར་གཏོར་མ་ཕུལ། འོག་གི་སློབ་མའི་བྱ་བ་རྣམས་བདག་འཇུག་ཏིང་ངེ་འཛིན་དབང་བསྐུར་གྱི་ཚུལ་དུ་བླངས། སློབ་མའི་བྱ་བ་ནི་མཎྜལ་ཕུལ་ཏེ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སོགས་ཀྱིས་གསོལ་བ་བཏབ། རྒྱུན་བཤགས་དང་སྡོམ་པ་བཟུང༌། ཨ་ཁཾ་ཝཱི་ར་ཧཱུཾ། ལན་གཉིས་ཀྱིས་མེ་ཏོག་དང༌། མིག་དར་བཏང༌། ཟླ་བ་རྡོ་རྗེའི་སེམས་བསྐྱེད་བྱ། གསང་བར་གདམས་ཏེ་ཛཿཧཱུཾ་བཾ་ཧོཿས་ཡོལ་བའི་ནང་དུ་བཅུག འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །སོགས་ཀྱིས་དམ་ལ་བཞག ཨུ་རྒྱན་མཁའ་འགྲོའི་གནས་ནས་ཡེ་ཤེས་མཁའ་འགྲོ་མ་དཔག་ཏུ་མེད་པ་སྤྱན་དྲངས་ནས་སློབ་མ་ལ་བསྟིམ་པར་མོས་ཤིང༌། སྙིང་པོའི་མཐར་ཨ་བེ་ཤ་ཡ་ཨཿ ཞེས་པས་ཡེ་ཤེས་དབབ། རྡོ་རྗེ་ཕག་མོ་དེང་ཁྱོད་ཀྱི་མཐར། ཨོཾ་ཛྙཱ་ན་ཙཀྵུ་མཎྜ་ལ་ཛྙཱ་ན་པྲ་བེ་ཤ་ཡ་ཕཊ། ཅེས་པས་མིག་དར་ཕྱེ། མེ་ཏོག་འབུལ། ཐོད་སྐུ་ལག་ཏུ་ཐོགས་ཏེ་ལྷ་ངོ་བསྟན་ལ། ལུས་འདི་ལྟ་བུ་སྒོམས་ཤིག་ཅེས་པ་ནི་བུམ་དབང་ངོ༌། །བདུད་རྩི་ཡེ་ཤེས་རྣམ་པ་ལྔའི་ངོ་བོར་མོས་ལ། འབྲུ་གསུམ་གྱིས་མྱང་དུ་བཅུག་ལ་གསང་དབང་ངོ༌། །


TNT15_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

སིནྡྷུ་རའི་དཀྱིལ་འཁོར་དཔྲལ་མགྲིན་སྙིང་ག་སྤྱི་བོ་རྣམས་སུ་གཏུགས་ལ། སྙིང་པོ་བརྗོད་ཅིང་གནས་བཞིར་ཐིག་ལེ་བྱ་སྟེ། ཤེར་དབང་ངོ༌། །སེམས་སྤྲོས་བྲལ་དུ་ངོ་སྤྲད་དེ། དབང་བཞི་པའོ། །དེ་རྣམས་བརྡའི་དབང་བཞིའོ། །མངོན་རྟོགས་ལྟར་བསྒོམ་ལུང་རྒྱས་བསྡུས་གང་རུང་འབོགས་ཏེ། བུམ་དབང་སྔགས་བྱང་གཏད། སྔགས་ཀྱི་བཟླས་ལུང་སྦྱིན་ཏེ་གསང་དབང༌། གཏོར་མ་གནས་བཞིར་གཏུགས་ལ། ལྷ་ཚོགས་དཔག་ཏུ་མེད་པ་བྱོན་ཞིང༌། གནས་བཞིར་ཐིམ་པར་བསམས་ལ་སྙིང་པོ་ཚར་རེ་རེ་བརྗོད་པ་ཤེར་དབང༌། ལྟེ་བར་སྔགས་ཀྱི་འཁོར་ལོ་འཁོར་བ་ལ་སེམས་གཏོད་དུ་འཇུག་པ་ནི་བཞི་པ་སྟེ། འཕྲིན་ལས་བསྒྲུབ་པའི་དབང་བཞིའོ། །ཇི་ལྟར་བལྟམས་པ་སོགས་བུམ་པའི་ཆུས་དབང་བསྐུར་བ་ནི་བུམ་དབང་དང༌། ཇི་ལྟར་འདས་པའི་སོགས། བྱང་ཆུབ་ཀྱི་སེམས་ཀྱི་དབང་བསྐུར་བ་ནི། གསང་དབང་དང༌། ཧེ་རུ་ཀ་ཡབ་ཡུམ་ཀྱི་རྗེས་ཆགས་བསྒོམ་དུ་གཞུག་པ་ནི་ཤེར་དབང་ངོ༌། །སེམས་སྤྲོས་བྲལ་ལ་སླར་ཡང་ངོ་སྤྲད་པ་ནི། བཞི་པ་སྟེ་ཡེ་ཤེས་བསྐྱེད་པའི་དབང་བཞིའོ། །སློབ་མའི་རྗེས་ཀྱི་བྱ་བ་དང༌། དཀྱིལ་འཁོར་གྱི་རྗེས་ཀྱི་བྱ་བ་ནི་སྤྱི་དང་འདྲའོ། །འདི་ཤིན་ཏུ་བཀའ་ཉན་པས། བཀའ་ལུང་སྦྱིན་པའི་ཚོགས་དང་གཏོར་མ་བཟང་དུ་བྱེད་དགོས་ཞེས་གསུང་ལ། ཁྲོས་མ་ནག་མོའི་གཏེར་ཆོས་སུ་གྲགས་པ་ཤིན་ཏུ་མང་པས། དམ་པ་སངས་རྒྱས་ཀྱི་ལུགས་འདི་ལ་ཡང༌། ཁྲོས་ནག་གི་ལས་བྱང་དང༌། ཚོགས་ཀྱི་མིང་ཅན་རྙིང་མའི་རྒྱས་བཀབ་ཤིན་ཏུ་མང་བ་ཞིག་དང༌། བྱིན་རླབས་ཀྱི་ཆོ་ག་ཡང༌། དེ་དག་དང་བསྲེས་པའི་ཡིག་ཚོགས་ཆེན་པོ་མང་དུ་ཡོད་ལ། དེའི་ཕྱིར་ཆོས་སྐོར་འདི་ལ་གསར་མ་ལྷད་མེད་ཅུང་ཟད་དཀོན་པ་ཙམ་སྣང་ཞིང༌། འདི་ནི་ཉང་སྒོམ་རྒོད་པོ་


TNT15_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བརྒྱུད་པ་བཅོས་མེད་ཁུངས་ཅན་དུ་སྣང༌། ཆོས་སྐོར་ཡང༌། ཞལ་གདམས་དགུ་དང༌། གནད་ཀྱི་གདམས་པ་ཆེན་མོ་དང༌། རྡེའུ་སྐོར་རེ་བཞི་དང༌། གནད་བཞི་དང༌། རླུང་གནད་དྲུག་པ་ཞེས་བྱ་བ་རྣམས་ཡོད་ཅིང༌། དེ་བས་ལྷག་པ་ཚད་མེད་པར་བཤད་དོ། །ཀུན༵་ནས་དམ་པའི་ཡི་དམ་དུ། །གྲགས་ཤིང་ཤིན་ཏུ་དག༵འ་བའི་ཆོས། །ཐབ་མོ་འདི་ཡི་ལག་ལེན་གྱིས། །སྙིང༵་པོ༵་ཁོལ་བྱུང་ཙམ་ཞིག་ལགས། །རྗེས་བཙུན་རྡོ་རྗེ་ཕག་མོ་ཁྲོས་ནག་ལྷ་དགུའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།བཀྲ་ཤིས། །

རྗེ་བཙུན་མ་ཕག་དཀར་ཤེས་རབ་གསལ་བྱེད་ཀྱི་སྒྲུབ་ཐབས།


TNT15_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། སྒེག་འཆང་སྒྱུ་འཕྲུལ་དྲ་བའི་སྐུ། །གཞོམ་མེད་བརྗོད་པ་བྲལ་བའི་གསུང༌། །ཟག་མེད་ལྷན་སྐྱེས་བདེ་ཆེན་ཐུགས། །དེ་ལ་བཏུད་ནས་སྒྲུབ་ཐབས་བཤད། །སྐྱབས་སེམས་སྔོན་དུ་འགྲོ་བས། རང་གི་སྙིང་གར་ཉི་མ་ལ་གནས་པའི་ཧྲཱིཿདེ་ལས་འོད་ཟེར་འཕྲོས། མདུན་དུ་བླ་མ་ཡི་དམ་དབྱེར་མ་མཆིས་པ་ཕཻཾ། ཞེས་སྤྱན་དྲངས། རང་གི་སྙིང་ག་ནས་སྤྲུལ་པའི་དཔའ་མོ་ཉི་ཤུ་རྩ་བཞིས་མཆོད་པར་གྱུར། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཨོཾ་ཨཱཿཧཱུཾ། གིས་ནང་མཆོད་འབུལ། གུར་ནས་བྱུང་བའི་རྒྱུན་བཤགས་བྱ། ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ། ཨོཾ་སྭ་བྷཱ་ཝ་སོགས་དང༌། ཨོཾ་ཤཱུ་ནྱ་ཏ་སོགས་བརྗོད། སྟོང་པའི་ངང་ལས་སྐད་ཅིག་གིས་བསྲུང་བའི་འཁོར་ལོའི་ནང་དུ་པཾ་ལས་པདྨ་དམར་པོ་དང༌། ཨཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རང་སེམས་སླར་ཡང་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧྲཱིཿཡིག་དཀར་པོ་དེ་ལས་འོད་འཕྲོས། འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་


TNT15_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྣལ་འབྱོར་མ་ཤེས་རབ་གསལ་བྱེད་སྐུར་གྱུར་པ་ནི་ལོ་བཅུ་དྲུག་ལོག་པའི་ལང་ཚོ་ཅན། བནྡྷུ་ལྟ་བུའི་སྤྱན་གསུམ་དང་ལྡན་པ། མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པ། ཕྱག་གཡས་པས་རྡོ་རྗེ་དམར་པོ་རྩེ་ལྔ་པ་བ་དན་གསུམ་གྱིས་མཚན་པ་འཕྱར་སྟབས་སུ་འཛིན་པ། གཡོན་པའི་ཀ་པཱ་ལ་བདུད་བཞིའི་ཁྲག་གིས་གང་བ་ཐུགས་ཀར་བཟུང་ནས་ཞལ་དུ་གསོལ་བ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་པདྨ་ཉི་མ་དབུགས་བྲལ་གྱི་གདན་ལ་འགྱིང་བ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །རང་གི་སྙིང་གའི་ཧྲཱིཿཡིག་ལས་འོད་ཟེར་འཕྲོས་པས་སངས་རྒྱས་བྱང་སེམས་ཐམས་ཅད་རྡོ་རྗེ་ཕག་མོའི་ལྷ་ཚོགས་ཀྱི་རྣམ་པར་ཕཻཾ། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅ཧཾ། སླར་ཡང་དབང་གི་ལྷ་རིགས་ལྔ་འཁོར་བཅས་བཛྲ་ས་མཱ་ཛཿ ཇི་ལྟར་བལྟམས་པ་ནས། ཤྲི་ཡེ་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། རང་གི་མགྲིན་པར་ཧྲཱིཿལས་པདྨ་དམར་པོ་འདབ་མ་བཅུ་དྲུག་པའི་ལྟེ་བར་ལྕེ་ཧཱུཾ་ལས་རྡོ་རྗེ་དམར་པོ་རྩེ་ལྔ་པའི་ལྟེ་བར། ཨོཾ་བཛྲ་ཛི་ཧཱ་རཀྵ་རཀྵ་སྭཱཧཱ། འདབ་མ་བཅུ་དྲུག་པ་ལ་དབྱངས་ཀྱི་ཡི་གེ་རྣམས་ཀུན་ད་ལྟར་དཀར་བ། ལྕེ་ཆུང་གི་རྩེ་མོར་ཡང་ཧྲཱིཿདེ་ལས་བདུད་རྩིའི་རྒྱུན་བབས་པར་


TNT15_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། ལྟེ་བར་ཆོས་འབྱུང་གི་ནང་དུ། པད་ཉི་ལ་ཧྲཱིཿཡིག་དེ་ལས་འོད་ཟེར་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྗེ་དང༌། སྣོད་བཅུད་ཐམས་ཅད་ཀྱི་བཅུད་བསྡུས་ཏེ་ཧྲཱིཿལ་ཐིམ། དོ་ལིའི་དམིགས་པ་གསལ་བཏབ་ཏེ། ཧྲཱིཿ ཞེས་ཅི་ནུས་སུ་བཟླའོ། །བར་འདིར་རྫོགས་པའི་རིམ་པ་ཡང་ཅུང་ཟད་བསྒོམ། མཐར་ལྷ་སྐུ་འོད་གསལ་དུ་བསྡུས་ཏེ་ཅུང་ཟད་མཉམ་པར་བཞག སླར་ཡང་ཆུ་ལས་ཉ་ལྡང་གི་ཚུལ་སྣང་སྟོང་སྒྱུ་མ་ལྟ་བུའི་ལྷ་མོར་གསལ་བཏབ་ལ་དགེ་བ་བསྔོ། ཐུན་འཚམས་སུ་གཏོར་མ་གཏོང་བར་འདོད་ན། གཏོར་མ་སུམ་བྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་རཾ་ལས་མེ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཤ་ལྔ་བདུད་རྩི་ལྔ་ཞུ་བ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་གྱིས་བརླབས། ཕཻཾ་ཞེས་སྤྱན་དྲངས། ཨོཾ་བཛྲ་ཨ་རལླི་ཧོ། ཛཿཧཱུཾ་བཾ་ཧོཿབཛྲ་ཌཱ་ཀི་ནཱི། ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོཿ ཞེས་ལན་བདུན་གྱིས་ཕུལ། ཨརྒྷཾ་སོགས་ཕྱི་མཆོད་དང༌། འབྲུ་གསུམ་གྱིས་ནང་མཆོད་ཕུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་ཤོ་ལོ་ཀ་གཉིས་ཀྱིས་བསྟོད། ལྷ་མོ་ཚད་མ་སོགས་ཀྱིས་གསོལ་བ་བཏབ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སོགས་མན་ཆད་མཁའ་འགྲོ་སྤྱི་གཏོར་སྤྱི་དང་མཐུན་པར་བཏང༌། ཡིག་བརྒྱ། བཟོད་གསོལ་མགྲོན་གཤེགས་གསོལ། དམ་ཚིག་པ་རང་ལ་བསྡུ་བ། སྨོན་ལམ་དང་བཀྲ་ཤིས་སོགས་སྤྱི་དང་འདྲའོ། །


TNT15_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་བྱིན་རླབས་བྱེད་ཚུལ་ནི་མཎྜལ་ཆོས་འབྱུང་གྲུ་གསུམ་དཀར་པོ། གྲུ་བཅད་ལྗང་ཁུ་ཟླུམ་བསྐོར་སྔོན་པོ་ཅན་འབྲི། དེ་སྟེང་མཉྫི་ལ་ཐོད་པ་མ་ད་ནས་གང་བའི་སྟེང་དུ། མེ་ལོང་ལ་ལི་ཁྲི་བརྡལ་ཏེ། ཆོས་འབྱུང་གྲུ་གསུམ་གྱིས་དབུས་སུ་ཧྲཱིཿ ཕྱིའི་ཕྱོགས་བཞིར་དགའ་འཁྱིལ་བཞི་དང་བཅས་པ་འབྲི། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ། ཤ་ཆང་གིས་བརྒྱན་པའི་གཏོར་མ་གཉིས་དང་བཅས་པ་བཤམས། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ་ནང་མཆོད་ཅང་ཏེའུ་སོགས་ཚོགས་པར་བྱ། སྤྲོ་ན་སྔོན་འགྲོ་གཏོར་མ་བཏང༌། ནང་མཆོད་དང༌། གནས་ཡོ་བྱིན་རླབས་བདེ་མཆོག་བཞིན་བྱ། བདག་བསྐྱེད་བཟླས་པའི་བར་སོང་བ་ན། མདུན་བསྐྱེད་བསངས་སྦྱངས་སྟོང་པའི་ངང་ལས་ནས། བཟླས་པའི་བར་བདག་བསྐྱེད་ཉིད་འདོད་པ་སྤོས་པས་ཆོག །མཆོད་པ་རྒྱས་པར་བདེ་མཆོག་གི་མཆོད་འཕྲེང་བཞིན་འབུལ་བའམ། བསྡུ་ན། ཨོཾ་བཛྲ་ཝཱ་རཱ་ཧཱི་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ནས། ཤཔྟ་ཨཱཿཧཱུཾ་གིས་ཕྱི་མཆོད། འབྲུ་གསུམ་གྱིས་ནང་མཆོད། ཨ་ནུ་ར་གའི་སྔགས་ཀྱིས་གསང་མཆོད་དང༌། བསྟོད་པ་རྒྱས་བསྡུས་གང་རུང་ཞིག་གིས་བསྟོད། གོང་བཞིན་གཏོར་མ་ཕུལ། འོག་ནས་འབྱུང་བ་རྣམས་དམིགས་པའི་སྒོ་ནས་བདག་འཇུག་བླངས། འགྲུབ་ན་ཚོགས་འཁོར་རམ་གཞོན་ནུ་མའི་མཆོད་པ་ངེས་པར་བྱ། དེ་ནས་བར་ཆད་བསྲུང་བའི་དོན་དུ་སུམྦྷ་ཅི་རིགས་པར་བཟླའོ། །སློབ་མ་རྣམས་ལ་སྔོན་འགྲོའི་ཆོས་བཤད་སོགས་བྱས་ནས་མཎྜལ་འབུལ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སོགས་ཤོ་ལོ་ཀ་གཉིས་ཀྱིས་གསོལ་བ་བཏབ། རྒྱུན་བཤགས་དང་རིགས་ལྔའི་སྡོམ་བཟུང་བྱ། སློབ་དཔོན་གྱིས་ཐུགས་


TNT15_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ནས་འོད་འཕྲོས། སློབ་མ་ལ་ཕོག་པའི་རྐྱེན་གྱིས་འོད་གསལ་དུ་སྦྱངས། སྭ་བྷཱ་ཝ་ནས་དབུ་བརྒྱན་གྱི་བར་གོང་ལྟར་ལས། སློབ་དཔོན་གྱི་ལྟེ་བའི་ཧྲཱིཿལས་འོད་འཕྲོས་ཞེས་དང༌། ཕཻཾ་སློབ་མའི་བ་སྤུའི་བུ་ག་རྣམས་ནས་སིབ་སིབ་ཐིམ་པར་གྱུར། རོལ་མོ་བྱ་ཞིང༌། ཨོཾ་བཛྲ་ཝཱ་རཱ་ཧཱི་ཨ་བེ་ཤ་ཡ་ཧྲཱིཿཧྲཱིཿཧྲཱིཿ ཞེས་བཟླ། བུམ་དབང་དང་སྐུའི་རྗེས་གནང་ངོ༌། །ཀ་པཱ་ལའི་བདུད་རྩིའི་སྟེང་ན་ཧྲཱིཿ དེ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་སྤྱན་དྲངས་ནས། ཐོད་པའི་བདུད་རྩི་ལ་ཐིམ། ཧྲཱིཿཧྲཱིཿཧྲཱིཿཨོཾ་ཨཱཿཧཱུཾ་ཞེས་ནང་མཆོད་སྦྱིན། སྒྲུབ་ཐབས་ཀྱི་བཟླས་པའི་དམིགས་པ་ཕོག་ལ། ཧྲཱིཿ བརྒྱ་རྩ་དང༌། དབྱངས་ཡིག་དང༌། ངག་བསྲུང་ལན་གསུམ་རྗེས་ཟློས་བྱར་གཞུགབྱིན་གྱིས་བརླབ་པའི་ལུང་སྤྱི་དང་མཐུན་པར་སྦྱིན། གསང་དབང་དང་གསུང་གི་རྗེས་གནང་ངོ༌། །ལྟེ་བའི་ཧྲཱིཿཡིག་ལས་གཏུམ་མོ་འབར། སྤྱི་བོའི་ཧཾ་ཡིག་ཞུ་སྟེ། དགའ་བཞི་སྐྱེས་པར་མོས་སུ་བཅུག་ལ། སློབ་དཔོན་གྱིས་འབྲུ་གསུམ་བརྗོད་ཅིང་གནས་གསུམ་དུ་སིནྡྷུ་རའི་ཐིག་ལེ་བྱའོ། །ཤེར་དབང་དང་ཐུགས་ཀྱི་རྗེས་གནང་ངོ༌། །དེ་ནས་རྣམ་རྟོག་གི་སྤྲོས་པ་བཅད་ལ། འཛིན་མེད་ཁྱབ་བརྡལ་གྱི་ངང་དུ་འཇོག་ཏུ་བཅུག་སྟེ། དབང་བཞི་པའོ། །འདི་ཡོན་ཏན་གྱི་རྗེས་གནང་ཡིན་གསུང༌། ཐོད་ལེ་ཀོར་ལ་སྒྲུབ་པ་ཞག་བདུན་བྱས་ཏེ། སླར་ཡང་སྔགས་རྣམས་ལན་བརྒྱ་བརྒྱ་བཟླས་ཏེ། སློབ་མའི་ལག་ཏུ་གཏད། ཤིང་གླེག་ལ་ཧྲཱིཿཡིག་དབྱངས་གསལ་


TNT15_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བསྐོར་བ་ལག་ལེན་ལྟར་འབྲིར་བཅུག་ལ། དེ་ལ་ཡེ་ཤེས་པ་བསྟིམ་ཞིང་མཆོད་ནས། སླར་ཡང་བཀྲུས་ཏེ་ཐུང་དུ་གཞུག་པ་ནི་འཕྲིན་ལས་ཀྱི་རྗེས་གནང་ཡིན་མོད་ཀྱང༌། རེ་རེ་ཙམ་མ་གཏོགས་ལག་ལེན་མི་མཛད་དོ། །དེ་བཞིན་དུ་གི་ཧང་གིས་ལྕེ་ལ་ཡི་གེ་འབྲི་བའང་དེ་དང་འདྲའོ། །རྗེས་སློབ་མས་ཁས་བླངས། མཎྜལ། ཡོན་འབུལ། སྨོན་ལམ་གདབ་པ་རྣམས་བྱ་ཞིང༌། དཀྱིལ་འཁོར་གྱི་མཆོད་པ་ཁ་གསོས། བྱིན་གྱིས་བརླབས་མཆོད་བསྟོད་དངོས་གྲུབ་བླངས་ལ། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ། ཡོ་ག་ཤུདྡྷོའི་སྔགས་ཀྱིས་དམ་ཚིག་པ་བསྡུས། སྨོན་ལམ་བཀྲ་ཤིས་རྣམས་བྱའོ། །འདིའི་སྒྲུབ་ཐབས་བསྡུས་པ་ཉམས་སུ་ལེན་པར་སྤྲོ་ན། ཤཱུ་ནྱ་ཏའི་སྔགས་ཡན་ཆད་བོར་ཏེ། གཏུམ་མོའི་མེའི་འོད་ཀྱིས་སྣང་བ་འོད་གསལ་དུ་བསྡུས། དེ་ལས་པད་ཉིའི་གདན་སོགས་སྔར་དང་འདྲ་བ་ལས། དབུ་རྒྱན་རང་ཆས་སུ་བསྒོམ་པས་ལྷ་དབང་བསྐུར་བ་མི་དགོས་སོ། །འདི་གཉིས་ནི་པཎྜི་ཏ་ནགས་རིན་གྱི་མན་ངག་ལྟར་ཡིན་ལ། རྙིང་པ་ལྟར་ན་ཕལ་ཆེར་སྔར་གྱི་རྒྱས་པ་དང་འདྲ་བ་ལས། རྣལ་འབྱོར་མ་དྲུག་གི་གོ་ཆ་འགོད། རིགས་བདག་གི་རྒྱས་འདེབས་ཀྱི་མཐར་མཆོད་བསྟོད་བདུད་རྩི་མྱང་བ་གསུམ་རྒྱས་པར་མཛད། མགྲིན་པའི་དབྱངས་ཀྱི་འཁོར་ལོ་མི་བསྒོམ། བྱིན་རླབས་ཀྱི་ཆོ་ག་ལ་དཀྱིལ་འཁོར་སྒྲུབ་པའི་སྐབས་བུམ་པ་སྤྱི་དང་མཐུན་པར་བཅའ་ཞིང༌། བུམ་སྒྲུབ་ཀྱང་མཛད། བྱིན་རླབས་ཀྱི་དངོས་གཞི་ཡང་ནཱ་རོ་མཁའ་སྤྱོད་དང་ཕལ་ཆེར་འདྲ་བ་ལས་ཡེ་ཤེས་དབབ་པའི་སྐབས་ཀྱི་གསོལ་བཏབ་དེ་མི་མཛད། ཏིང་ལོ་ཐིམ་པའི་རྐྱེན་གྱིས། ལྟེ་བའི་ཧྲཱིཿཡིག་ལས་གཏུམ་མོ་འབར་


TNT15_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་འོད་ཀྱིས་སྣང་བ་ཐམས་ཅད་ཁྱབ་པར་བསྒོམ། ཆུ་དབང་གི་བཀྲ་ཤིས་ལ། ཨོཾ་ཕུན་སུམ་ཚོགས་པ་སོགས་མཛད། ཅོད་པན་གྱི་སྐབས་དབུ་རྒྱན་མགོ་བོར་འཇོགལག་ལེན་འགའ་ཞིག་ལ་རིག་པའི་དབང་ལྔ་ཆར་བསྐུར་བ་ཡོད། དེ་ནས་བཟླས་ལུང་མན་ཆད་བྱེད་དེ། ལུགས་འདི་གཉིས་མ་འདྲེས་པ་བྱ་ལ། རང་རེའི་བརྒྱུད་པ་འདི་ལ་སྔ་མ་བྱིན་རླབས་ཀྱི་བཀའ་བབས་མཆོག་གོ །ཡང་གཡག་སྡེ་པཎ་ཆེན་ནས་བརྒྱུད་པ་རྗེས་གནང་གི་ལག་ལེན་གཞན་ཞིག་ཀྱང་ཐོབ་མོད་ཀྱི། འདིར་མ་བྲིས་སོ། །ཤེས་རབ་སྒྲུབ་འདོད་སྐྱེ་བོ་ཀུན༵། དག༵འ་ཆེན་ལྷ་མོ་འདི་སྒྲུབས་ན། །སྙིང༵་ག་པདྨ་ཁ་བྱེ་ནས། །བློ་གྲོས་ཆེན་པོ༵ར་ངེས་པར་འགྱུར། །རྗེ་བཙུན་མ་ཕག་དཀར་ཤེས་རབ་གསལ་བྱེད་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེ་ལེགས་འཕེལ། སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་ལྔ་པའོ། །ཞུས་དག །


previousསྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་ལྔ་པ།next