Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


  expand section
  expand section
  expand section
  expand section
  expand section
  collapse section
སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་འཕགས་པ་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་དྲུག་པ།
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section


 
previousསྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་འཕགས་པ་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་དྲུག་པ།next

སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་འཕགས་པ་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་དྲུག་པ།

སྤྱན་རས་གཟིགས་ཡི་གེ་དྲུག་པའི་སྒྲུབ་ཐབས།


TNT15_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་རས་གཟིགས་ཡི་གེ་དྲུག་པའི་སྒྲུབ་ཐབས་བཞུགས་སོ། །ཨོཾ་སྭཱ་སྟི། མ་ལུས་འཇིག་རྟེན་ཐམས་ཅད་ལ། །ཐུགས་རྗེའི་སྤྱན་གྱིས་རབ་གཟིགས་ནས། །སྡུག་བསྔལ་ཉེར་ཞི་འཇིག་རྟེན་མགོན། །དེ་ལ་བཏུད་ནས་སྒྲུབ་ཐབས་བཤད། །དང་པོར། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །སོགས་ལན་གསུམ། རང་སྤྱན་རས་གཟིགས་སུ་གསལ་བའི་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས། ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་ནས། ནཻ་བེ་ཏེའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་


TNT15_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱིས་དབང་བསྐུར་དུ་གསོལ། ཨོཾ་ཨ་བྷི་ཥིཉྩ་ཏུ་མཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས། ལྷ་རྣམས་ཀྱི་ཕྱག་གཡས་པ་ལས་བདུད་རྩིའི་རྒྱུན་བྱུང༌། སྤྱི་བོ་ནས་བརྩམས་ཏེ་ལུས་ཐམས་ཅད་བཀྲུས་པས་སྒྲིབ་གཉིས་དག་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཡ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། བུམ་པའམ་དུང་ཆོས་ཀྱི་ཆུས་གདོང་དང་ཁ་ལན་གསུམ་དུ་བཀྲུས། གཙོ་བོ་འོད་དུ་ཞུ་རང་གི་སྤྱི་བོ་ནས་ཐིམ་བུམ་དབང་ཐོབ། ཡི་གེ་དྲུག་མ་ཡང་ཐིམ་པས་གསང་དབང་ཐོབ། ནོར་བུ་འཛིན་པའང་ཐིམ་པས་ཤེས་རབ་ཡེ་ཤེས་བཞི་པ་བཅས་པ་ཐོབ་སྟེ། ལྷ་སྐུ་སྣང་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ངང་དུ་གྱུར། ལག་པ་གཡས་གཡོན་གྱི་མཐིལ་དུ་ཨ་ལས་ཟླ་བ་ལ་ཧྲཱིཿ དེ་ལ་བདུད་རྩིའི་ཆུ་བླུག་པས་ཧྲཱིཿཡིག་བཀྲུས་ཏེ་འོ་མའི་རྒྱུན་དུ་གྱུར་ནས། ཡི་དྭགས་རྣམས་ཀྱིས་འཐུངས་པས་ཚིམ་ཞིང༌། ཆོས་སྐུའི་བདེ་བ་དང་ལྡན་པས་རང་གི་གནས་སུ་དེངས་པར་གྱུར། ཧྲཱིཿབཟླ་ཞིང་ལག་པ་བཀྲུ། དེ་ནས་སྐྱབས་སེམས་ཚད་མེད་བཞི་རྣམས་སྤྱི་དང་འདྲ་བར་བྱ། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་བི་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་སྙིང་གའི་ཐད་ཙམ་གྱི་ནམ་མཁར་ཧྲཱིཿདཀར་པོ་ཞུ་བ་ལས་དབུས་སུ་ཐིག་ལེ་དཀར་པོ་ཆེན་པོ། གཡས་གཡོན་དུ་ཐིག་ལེ་དཀར་པོ་ཆུང་ངུ་རེ་རེ་དང་བཅས་པར་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས། གཙོ་འཁོར་གསུམ་དུ་གྱུར་པ་ནི། དབུས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་གངས་རི་ལ་ཉི་མ་ཤར་བ་ལྟ་བུ་སྟོན་ཟླ་འབུམ་


TNT15_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གཟི་བརྗིད་ཅན། ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦུག་པོར་སྦྱར་བ། གཡས་འོག་མས་མུ་ཏིག་གི་འཕྲེང་བ་དང༌། གཡོན་འོག་མས་པདྨ་དཀར་པོ་འདབ་མ་བརྒྱད་པ་ཡུ་བ་དང་བཅས་པ་སྙན་གྱི་ཐད་ཀར་ཁ་བྱེ་བ་འཛིན་པ། ཞལ་གྱི་དཀྱིལ་འཁོར་རབ་ཏུ་ཞི་ཞིང་འཛུམ་པ། སྤྱན་གཉིས་སེམས་དཔའི་ལྟ་སྟངས་ཀྱིས་ས་ལ་འདོམ་གང་ཙམ་དུ་གཟིགས་པ། དབུ་སྐྲ་རལ་པའི་ཐོར་ཚུགས་སྤྱི་བོར་བཅིངས་པའི་ཕྱེད་དཔུང་པ་གཉིས་ཀྱི་སྟེང་དུ་འཁྱིལ་ཞིང༌། རྩེ་མོ་རླུང་གིས་བསྐྱོད་པ་རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་པ། དར་སྣ་ཚོགས་པའི་སྟོད་གཡོགས་དང༌། དམར་པོའི་སྨད་དཀྲིས་གསོལ་བ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང༌། འཁོར་ལོས་བསྒྱུར་བའི་ཆ་ལུགས་ཅན། མཚན་དཔེ་ཡོངས་སུ་རྫོགས་ཤིང༌། འོད་དཔག་མེད་ཀྱིས་དབུ་བརྒྱན་པ། འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་ཞིང་པད་ཟླ་རྒྱས་པའི་གདན་ལ་རོལ་པའོ། །དེའི་གཡས་སུ་ནོར་བུ་འཛིན་པ་སྐུ་མདོག་སེར་པོ་ཕྱག་དང་པོ་གཉིས་ཐལ་མོ་སྦྱར་བ། གཡས་གཉིས་པའི་མཐེབ་མཛུབ་སྦྱར་བས་རིན་པོ་ཆེ་དབང་གི་རྒྱལ་པོ་ཡུ་བ་དང་བཅས་པ་འཛིན་ཞིང༌། གཡོན་གཉིས་པས་རིན་པོ་ཆེའི་ལྕུག་ཕྲན་གྱི་ཡལ་ག་འབྲས་བུའི་སྙེ་མ་ལྷུང་བར་འགྱུར་བའི་ངང་ཚུལ་ཅན་བསྣམས་པ། གཡོན་དུ་ཡི་གེ་དྲུག་མ་གཙོ་བོ་དང་མཚུངས་པ་ལས་ལྷ་མོའི་ཆ་བྱད་འཇོ་སྒེག་གི་རྣམ་


TNT15_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་དང་ལྡན་པ། འཁོར་གཉིས་ཀར་གཙོ་བོའི་ཞལ་རས་ལ་ལྟ་ཞིང༌། པུས་མོ་ཕྱོགས་གཅིག་ས་ལ་བཙུགས་པའོ། །ཡང་ན་པདྨ་དཀར་པོའི་ཚབ་ཏུ་ཨུཏྤལ་དཀར་པོ་འཛིན་པ་དང༌། གཙོ་འཁོར་གསུམ་ཆར་གདན་ཅན་ནམ། གསུམ་ཀར་གདན་མེད་བྱས་ཀྱང་རུང་ངོ༌། །རང་གི་སྙིང་གར་ཨ་ལས་ཟླ་བ་ཉ་གང་བའི་སྟེང་དུ། ཧྲཱིཿདཀར་པོ་དེ་ལས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་གཙོ་འཁོར་གསུམ་བཛྲ་ས་མཱ་ཛཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་པ་ལན་གསུམ་བྱ། ཐུགས་རྗེ་ཆེན་པོས་བདག་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་མཛད་དུ་གསོལ། ལན་གསུམ། ལྷ་གསུམ་པོ་དམ་ཚིག་པ་སོ་སོའི་སྤྱི་བོ་ནས་གཉིས་སུ་མེད་པར་ཐིམ། ཛཿཧཱུཾ་བཾ་ཧོཿ སྙིང་གར་ཟླ་བ་ལ་ཧྲཱིཿཡིག་སྔགས་འཕྲེང་དང་བཅས་པར་གྱུར། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་ཅི་ནུས་བཟླ་ཞིང༌། སྐུ་སྣང་སྟོང༌། ངག་གྲག་སྟོང༌། སེམས་སྟོང་ཉིད་སྙིང་རྗེའི་རང་བཞིན་སྔགས་ཀྱི་སྒྲས་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་དག་པའི་འཕྲིན་ལས་རྣམས་ཡིད་ལ་བྱའོ། །ཐུན་འཇོག་ཁར། རང་གི་སྙིང་གའི་ཧྲཱིཿཡིག་གི་འོད་ཟེར་གྱིས། སྣོད་ཀྱི་འཇིག་རྟེན་འོད་དུ་ཞུ། བཅུད་ཀྱི་སེམས་ཅན་ལ་ཐིམ། དེ་རྣམས་གཙོ་འཁོར་གསུམ་ལ་ཐིམ། འཁོར་གཉིས་ཀྱང་བདག་ཉིད་ལ་ཐིམ། རང་ཡང་སྙིང་གའི་ཧྲཱིཿལ་ཐིམ། ཧྲཱིཿཐིག་ལེ་ཡུངས་འབྲུ་ཙམ་དུ་གྱུར། དེ་མཐའ་ནས་ཡལ་ཏེ་སྟོང་ཉིད་དུ་གྱུར། ཅུང་ཟད་མཉམ་པར་


TNT15_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

བཞགསྟོང་པའི་ངང་ལས་ཐིག་ལེ་ལས་ཧྲཱིཿདེ་ལས་གཙོ་འཁོར་གསུམ། དེ་ལས་བཅུད་ལྷ་དང༌། སྣོད་གཞལ་ཡས་ཁང་དུ་གྱུར་གཉིས་པོ་རང་ཉིད་ལ་ཐིམ། དགེ་བ་བྱང་ཆུབ་ཏུ་བསྔོ། ཐུན་མཚམས་སུ་བྱམས་སྙིང་རྗེ་དང་མ་བྲལ་བར་བྱ་ཞིང༌། བྲུལ་གཏོར་ཅི་ནུས་གཏོར། གཏོར་ཆོག་ནི་དཀར་གཏོར་ཆ་གཉིས་དང༌། མཆོད་པ་གཙང་སྦྲ་ཅན་དུ་བཤམ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། རིན་པོ་ཆེའི་སྣོད་དུ་གཏོར་མ་འདོད་ཡོན་གྱི་རྒྱ་མཚོ་ཨོཾ་ཨཱཿཧཱུཾ་གིས་མཚན་པ། ཧཱུཾ་གིས་སྐྱོན་སྦྱངས། ཨཱཿས་བདུད་རྩིར་བྱས། ཨོཾ་གྱིས་མང་པོར་སྤེལ་བར་གྱུར། ཨོཾ་ཨཱཿཧཱུཾ་ལན་གསུམ་རང་གི་སྙིང་ག་ནས་འོད་ཟེར་འཕྲོས། པོ་ཊ་ལ་ནས་འཕགས་པ་སྤྱན་རས་གཟིགས་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ན་མ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ་ལན་བདུན་དང༌། ཡི་གེ་འབྲུ་གསུམ་ཉི་ཤུ་རྩ་གཅིག་བརྗོད་དེ་འབུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། སངས་རྒྱས་ཀུན་གྱི་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་གྱི་གཞི། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །སྐྱོན་གྱི་མ་གོས་སོགས་དང༌། མཚན་དཔེ་ཆ་ཤས་ཡོངས་སུ་རྫོགས་པའི་སྐུར། །སྟོན་ཀའི་ཟླ་བ་འབུམ་ཁྲག་འཁྲིགས་པའི་གཟི། །རིན་ཆེན་བྱེ་བའི་རྒྱན་གྱིས་རྣམ་པར་བརྒྱན། ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །གཏོར་མ་གཉིས་པའང་སྔར་བཞིན་གྱིས་བྱིན་གྱིས་བརླབས། ཀླུ་སྨན་དང༌། འབྲུ་ཆན་བཏབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཕྱིའི་རྒྱ་མཚོ་ཆེན་


TNT15_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནས། ཀླུ་རྒྱལ་ཝ་རུ་ཎ་བཛྲ་ས་མཱ་ཛཿ ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་སྦུ་གུས་གཏོར་མ་གསོལ་བར་གྱུར། ཨོཾ་ཝ་རུ་ཎ་ཡེ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་ཉེར་གཅིག་གིས་ཕུལ། ཨརྒྷཾ་ལ་སོགས་པས་མཆོད། གདེངས་ཀ་བདུན་ནི་ཕྱིར་བསྟན་སྤྲུལ་འཇུག་ཅན། །ཐུགས་ཀར་ཐལ་སྦྱར་སངས་རྒྱས་ཀུན་ལ་འདུད། །ལྷག་མའི་ཕྱག་གིས་རིན་ཆེན་དབང་རྒྱལ་གྱི། །ཆར་འབེབས་ཀླུ་རྒྱལ་ཁྱོད་ལ་བསྟོད་པ་འབུལ། །གསོལ་བཏབ་ལྷན་གཅིག་ཏུ་བྱ་སྟེ། འཁོར་ལོ་བསྒྱུར་རྒྱལ་སྤྱན་རས་གཟིགས། །སྲས་དང་བཙུན་མོར་བཅས་པ་ནི། །ཕྱུགས་བདག་ཆེན་པོས་ཞབས་བསྟེན་པ། །རྒྱ་ཆེན་གཏོར་མས་དགྱེས་པར་མཛོད། །རྣལ་འབྱོར་བདག་ཅག་ནས། ཀུན་འགྲུབ་ཤོག་གི་བར་བརྗོད། མ་འབྱོར་པ་དང་སོགས། ཁྱོད་ཀྱི་སེམས་ཅན་སོགས། བཛྲ་མུཿ གཤེགས་སུ་གསོལ། འདིའི་རྗེས་གནང་གི་བྱ་བ་ནི། པདྨ་འདབ་བརྒྱད་གསུམ་སྒྲིགས་ཤིག་རྡུལ་ཚོན་དཀར་པོས་བྲིས། དབུས་མའི་སྟེང་དུ་མཉྫི་ལ་བུམ་པ་བཅུད་དང་ཁ་རྒྱན་དང་བཅས་པ་འགོད། ཕྱིས་ཀྱི་ཕྱག་ལེན་ལྟར་ན། མཎྜལ་ཚོམ་བུ་གསུམ་པ་ཙམ་ལ་བརྟེན་ཀྱང་རུང༌། གང་ལྟར་ཡང་མཆོད་གཏོར་རྒྱ་ཆེར་བཤམས། བདག་བསྐྱེད་གོང་བཞིན་བྱས་ནས། མཆོད་པ་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་བུམ་པ་མེད་ན་ཚོམ་བུའི་སྟེང་དུ་དང༌། ཡོད་ན་བུམ་པའི་སྟེང་དུ་ཧྲཱིཿདཀར་པོ་ཞུ་བ་ལས་ཞེས་པ་ནས། ས་ལ་བཙུགས་པའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཞེས་པ་ནས། ཛཿཧཱུཾ་བཾ་ཧོཿའི་བར་གོང་བཞིན་ལས།


TNT15_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་ཞེས་པ། སློབ་མ་འདི་རྣམས་ལ་ཞེས་འདོན་པ་སྤོ། བར་འདིར་བཟླས་པ་ཅི་འགྲུབ་བྱ། གཏོར་མ་བསངས་སྦྱངས་ནས། འདོད་དོན་གསོལ་བཏབ་ཀྱི་བར་གོང་བཞིན། དེ་ནས་སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད་པ་ལ། སེམས་བསྐྱེད་གསལ་བཏབ། ཆོས་བཤད་ལོ་རྒྱུས་དང་བཅས་པ་བཤད་ཅིང༌། སློབ་མས་མཎྜལ་ཕུལ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་ཇི་སྲིད་བྱང་ཆུང་སྙིང་པོ་ལ་མཆིས་ཀྱི་བར་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡི་དམ་དུ་འཚལ་གྱི། སློབ་དཔོན་གྱིས་བདག་ལ་རྗེས་སུ་གནང་བ་སྩལ་དུ་གསོལ། ལན་གསུམ་གྱིས་གསོལ་བ་བཏབ། བཟང་སྤྱོད་ཀྱི་ཡན་ལག་བདུན་པ་ཚར་གསུམ་བྱ། སྐྱབས་འགྲོ་སེམས་བསྐྱེད་རྒྱས་པ་འབོགས་པའམ། བསྡུ་ན། སངས་རྒྱས་ཆོས་ཚོགས་མ་ཚར་གསུམ་བྱ། རྗེས་གནང་གི་དངོས་གཞི་མངོན་རྟོགས་བཞིན། སྐུའི་རྗེས་གནང་དང༌། གསུང་ལ་བཟླས་ལུང༌། དམ་བཅའ་བྱིན་གྱིས་བརླབས་པའི་ལུང༌། ཐུགས་ཕྱག་མཚན་འཕྲེང་བ་དང༌། པད་དཀར་བསྟིམ་པ་རྣམས་ཏེ་སྤྱི་དང་འདྲ་ཞིང༌། བུམ་པ་བཅས་ན། ཇི་ལྟར་བལྟམས་པ་ནས། ཤྲཱི་ཡེ་ཧཱུཾ་གི་བར་གྱི་བུམ་པ་མགོ་ཐོག་ཏུ་བཞགཡིག་དྲུག་བརྗོད་བཞིན་འཐུང་བ་དང༌། ཁྲུས་བྱེད་དུ་འཇུགརྗེས་ཀྱི་བྱ་བ་ཡང་སྤྱི་དང་འདྲའོ། །སྒྲུབ་ཐབས་འདི་ནི་ཨ་ཏི་ཤཱའི་བཞེད་པ། ནག་ཚོ་དང༌། ཕྱག་སོར་བ་ནས་བརྒྱུད། སྐྱེར་སྒང་པ་ལ་བཀའ་བབས་པ་ཞལ་གཟིགས་ཁོ་ནའི་བརྒྱུད་པ་ཡིན་ལ། དེ་ལ་ཕྱི་སྒྲུབ་གསང་སྒྲུབ་གཉིས་ལས་


TNT15_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་སྒྲུབ་བོ། །ཡིག་དྲུག་ཀུན༵་ལ་གྲགས་མོད་ཀྱང༌། །གཞན་པས་དག༵འ་བའི་ཉམས་ལེན་ནི། །གྲུབ་ཐོབ་རྣམས་ཀྱི་སྙིང༵་གི་བཅུད། །ལྷད་མེད་གསལ་པོར་བཀོད་པ་ཡིན། །སྤྱན་རས་གཟིགས་ཀྱི་ཡི་གེ་དྲུག་པ་ཇོ་བོའི་ལུགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།

བཀའ་གདམས་ལྷ་བཞི་ལས་འཕགས་པ་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས།


TNT15_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔལ་ལྡན་ཡིད་འོང་པོ་ཊ་ལ། །མཛེས་བྱེད་འཇིག་རྟེན་ཁམས་གསུམ་གྱི། །སྟོན་པ་གཉིས་པ་འཇིག་རྟེན་དབང༌། །དེ་ལ་བཏུད་ནས་སྒྲུབ་ཐབས་བཤད། །ཡན་ལག་བདུན་པ་དང་སྐྱབས་སེམས་སྔོན་དུ་སོང་ནས། སྟོང་པའི་ངང་ལས་རང་གི་སྙིང་གར་ཨ་ལས་ཟླ་བའི་སྟེང་དུ་ཧྲཱིཿདཀར་པོ། དེའི་འོད་ཀྱི་ལུས་གང༌། རང་ཉིད་སྤྱན་རས་གཟིགས་སུ་གྱུར་པ་ནི། སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ་གཡས་གཉིས་པས་ཤེལ་གྱི་འཕྲེང་བ། གཡོན་གཉིས་པས་ཨུཏྤལ་དཀར་པོའི་སྡོང་བུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རལ་པའི་ཐོར་ཚུགས་ཀྱི་ངོས་ལ་འོད་དཔག་མེད་དང་བཅས་པ། དར་དང་རིན་པོ་ཆེའི་བརྒྱན་པ། བ་སྤུའི་བུ་ག་རེ་རེ་བཞིན་ཡང་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་དང་བཅས་པ། ཐུགས་ཀར་ཟླ་བ་ལ་གནས་པའི་ཧྲཱིཿདེ་ལ་འོད་ཟེར་འཕྲོས། སྤྱན་རས་གཟིགས་ཡེ་ཤེས་སེམས་དཔའི་ལྷ་ཚོགས་བཛྲ་ས་མཱ་ཛཿ ཡིད་ཀྱི་ཕྱག་མཆོད་བྱ། ཛཿཧཱུཾ་བཾ་ཧོཿ དཔྲལ་བར་ཨོཾ་དཀར་པོ། མགྲིན་པ་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ས་བོན་སྔགས་འཕྲེང་དང་


TNT15_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ལ་དམིགས་ཤིང༌། སེམས་ཅན་ལ་སྙིང་རྗེ་ཆེན་པོ་བསྒོམ་བཞིན་པས། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་ཅི་འགྲུབ་ཏུ་བཟླའོ། ཐུན་འཇོག་ཁར། ཡེ་ཤེས་སེམས་དཔའ་མདུན་དུ་བཞུགས་པ་ལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། འདོད་དོན་གསོལ་བ་བཏབ། དགེ་བ་བསྔོ། ཨོཾ་མུཿ ཞེས་གཤེགས་སུ་གསོལ། དམ་ཚིག་པའི་ང་རྒྱལ་གྱིས་སྤྱོད་ལམ་བྱའོ། །འདིའི་བཟླས་ལུང་འབོགས་ཚུལ་ཡང་སྒྲོལ་མའི་སྐབས་སུ་འཆད་པར་འགྱུར་བ་བཞིན་དུ་ཤེས་པར་བྱའོ། །སྤྱན་གཟིགས་སེམས་དཔའ་ཀུན་འདུས་ཀྱི། །སྒྲུབ་ཐབས་ངོ་མཚར་ཡིད་དག༵འི་གནས། །བཀའ་གདམས་པ་ཡི་ཡི་དམ་ལྷ། །ཀུན་གྱི་སྙིང༵་པོ༵་ཡིན་པར་གྲགས། །བཀའ་གདམས་ལྷ་བཞི་ལས་འཕགས་པ་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།

འཕགས་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ་དཔའ་མོའི་ལུགས་ཀྱི་སྒྲུབ་ཐབས།


TNT15_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ཐུགས་རྗེ་ཆེན་པོའི་མངའ་བདག་ནི། །ཐུགས་རྗེ་ཆེན་པོའི་མཚན་འཆང་བ། །དེ་ལ་བཏུད་ནས་དེའི་སྒྲུབ་ཐབས། །ཉུང་བསྡུས་ཤིན་ཏུ་གསལ་པོར་བྲི། །སྐྱབས་སེམས་སྔོན་དུ་འགྲོ་བས་ཕྱག་མཆོད་ཡན་ལག་བདུད་པ་ཅི་འགྲུབ་ཞིག་བྱ། མདོར་བསྡུས་ཀྱི་ཚེ་མེད་ཀྱང་རུང༌། ཚད་མེད་བཞི་སྤྱི་དང་མཐུན། སྭ་བྷཱ་ཝས་སྟོང་བར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཨ་ལས་ཟླ་བའི་སྟེང་དུ་ཧྲཱིཿཡིག་འོད་ཀྱི་འཕྲོ་འདུ་ལས་གསེར་གྱི་པདྨའི་ལྟེ་བར་ཧྲཱིཿས་མཚན་པ། དེ་ལས་འོད་ཟེར་ལྕགས་ཀྱུ་དང་ཞགས་པ་ལྟ་བུ་དཔག་ཏུ་མེད་པ་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་


TNT15_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་སྤྱན་རས་གཟིགས། སྟོན་ཀའི་ཟླ་བ་ལྟར་དཀར་བ་ཞལ་བཅུ་གཅིག་གི་རྩ་བའི་ཞལ་དཀར་བ། གཡས་ལྗང་བ་གཡོན་དམར་བ། དེའི་སྟེང་གི་ཞལ་གསུམ་ལྗང་དམར་དཀར་བ། དེའི་སྟེང་གི་ཞལ་གསུམ་དམར་དཀར་ལྗང་བ། དེ་རྣམས་ཞི་བའི་ཞལ་སྒེག་པའི་རྣམ་པ་ཅན། དེའི་སྟེང་དུ་ཁྲོ་བོའི་ཞལ་ནག་པོ་སྐྲ་སེར་གྱེན་དུ་བརྫེས་པ། དེའི་སྟེང་དུ་སངས་རྒྱས་འོད་དཔག་མེད་ཀྱི་ཞལ་དམར་པོ་གཙུག་གཏོར་དང་བཅས་པ། རྩ་བའི་ཕྱག་དང་པོ་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་གཉིས་པས་འཕྲེང་བ། གསུམ་པས་མཆོག་སྦྱིན་གྱི་མཐིལ་ནས་བདུད་རྩིའི་རྒྱུན་འབབས་པས་ཡི་དྭགས་ཀྱི་བཀྲེས་སྐོམ་སེལ་བ། བཞི་པས་འཁོར་ལོ། གཡོན་གཉིས་པས་པདྨ་དཀར་པོ་འདབ་མ་བརྒྱད་པ། གསུམ་པས་རིལ་པ་སྤྱི་བླུགས། བཞི་པས་མདའ་གཞུ་བསྣམས་པ། ཕྱག་ལྷག་མ་དགུ་བརྒྱ་དང་དགུ་བཅུ་རྩ་གཉིས་མཆོག་སྦྱིན་གྱི་ཕྱག་རྒྱས་རྣམ་པར་བརྐྱང་བ། ཕྱག་ཐམས་ཅད་ཀྱི་མཐིལ་ན་སྤྱན་རེ་རེ་དང་བཅས་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་ཤིང༌། རང་གསར་པའི་ཤམ་ཐབས་དང༌། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་སྤྲས་པ། མཚན་དཔེ་ཡོངས་སུ་རྫོགས་པ། འོད་ཟེར་དཔག་ཏུ་མེད་པ་འཕྲོ་བའི་སྐུ་ཅན། དཔྲལ་པར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་དབུས་སུ་ཟླ་བའི་སྟེང་དུ་ཧྲཱིཿདེ་ལས་འོད་ཟེར་འཕྲོས། རང་བཞིན་


TNT15_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གནས་དང༌། ལྷོ་ཕྱོགས་པོ་ཊ་ལ་ནས་འཕགས་པ་སྤྱན་རས་གཟིགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱཪྱ་ཨ་ཝ་ལོ་ཀི་ཏེ་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ཡང་འོད་འཕྲོས། དབང་གི་ལྷ་རིགས་ལྔ་བཛྲ་ས་མཱ་ཛཿ ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་ནས། ཤྲཱི་ཡེ་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར། སྤྱི་བོར་འོད་དཔག་མེད། དཔྲལ་བར་མི་བསྐྱོད་པ། རྣ་བ་གཡས་པར་རིན་འབྱུང༌། ལྟག་པར་འོད་དཔག་མེད། རྣ་ལྟག་གཡོན་པར་དོན་གྲུབ་ཀྱིས་དབུ་བརྒྱན། བཟླས་པའི་དམིགས་པ་གསལ་བཏབ་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱརྻ་ཛྙཱ་ན་སཱ་ག་རེ། བཻ་རོ་ཙ་ན། བྷུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ ཨརྷ་ཏེ་བྷྱཿ སམྱཀྶཾ་བུདྡྷེ་བྷྱཿ ན་མཿཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྡྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ་ཝཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མེ་ཝ་རེ། ཨི་ལི་མི་ལི་ཙི་ཏཱི་ཛྭ་ལ་མ་ས་ན་ཡ་སྭཱཧཱ། ཞེས་པ་གཙོ་བོར་བཟླ་བ་ཡིན་ཞིང༌། མི་ནུས་ན་གཟུངས་ཉིད་ཅུང་ཟད་བཟླས་ནས་ཡིག་དྲུག་གཙོ་བོར་བཟླའོ། །ཐུན་འཇོག་ཁར། ཡེ་ཤེས་པ་མདུན་


TNT15_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཞུགས་པ་ལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །དེ་ནས་འདོད་དོན་གསོལ་བ་བཏབ། ཡིག་བརྒྱའི་མཐར་བཛྲ་མུཿ ཞེས་གཤེགས་སུ་གསོལ། རང་ཕྱག་གཉིས་པར་གྱུར། དགེ་བ་བསྔོ། ཐུན་མཚམས་སུ་ཕྱག་མཆོད་སྨོན་ལམ་མདོ་བཀླགས་པ་སོགས་གང་འགྲུབ་བྱའོ། །འདིའི་རྗེས་གནང་བྱེད་པར་འདོད་པས། མཎྜལ་པདྨ་འདབ་བརྒྱད། དབུས་དང་ཕྱོགས་བཞིར་ཟླ་གདན་ལ་དབུས་སུ་ཚོམ་བུ་དམར་པོ། ཤར་སྔོ། ལྷོ་སེར། ནུབ་དཀར། བྱང་ལྗང་ཁུ་རྣམས་བཀོད། མཚམས་ཀྱི་འདབ་མ་བཞི་ལ་ཚོམ་བུ་སེར་པོ་རེ་བྱ། གཏོར་མ་འདས་གཏོར་གཅིག་བྱ། ཆ་གསུམ་གཏོར་མ་དང༌། ཀླུ་གཏོར་ལ་སོགས་གང་འོས་བཤམས། མཆོད་པ་ཡང་ཅི་བདེར་བསྒྲིགས། བདག་བསྐྱེད་སྔོན་དུ་འགྲོ་བས་མཆོད་པ་བྱིན་རླབས་སྤྱི་དང་མཐུན། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་རང་གི་སྙིང་ཁའི་ཧྲཱིཿལས་བྷྲུཾ་ཆད་དེ། མདུན་བསྐྱེད་ཀྱི་གནས་སུ་བབས་པ། གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་དང་པདྨ་འདབ་མ་བརྒྱད་པའི་ཕྱོགས་བཞིར་ཟླ་བའི་གདན་རེ་རེ། དབུས་སུ་ཧྲཱིཿཡིག་དཀར་པོ་ཡོངས་སུ་གྱུར་པ་ལས། འཕགས་པ་སྤྱན་རས་གཟིགས་སྟོན་ཀའི་ཟླ་བ་ལྟར་དཀར་བ་ཞེས་པ་ནས། འཕྲོ་བའི་སྐུ་ཅན་ཞེས་པའི་བར་གོང་བཞིན། དེའི་དབུ་གཙུག་ཏུ་སངས་རྒྱས་འོད་དཔག་མེད་དམར་པོ་མཉམ་


TNT15_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་གི་ཕྱག་རྒྱ་མཛད་པ། ཤར་དུ་ཧཱུཾ་ལས་མི་བསྐྱོད་པ་སྔོན་པོ་ས་གནོན་གྱི་ཕྱག་རྒྱ་ཅན། ལྷོར་ཏྲཾ་ལས་རིན་ཆེན་འབྱུང་ལྡན་སེར་པོ་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན། ནུབ་ཏུ་ཨོཾ་ལས་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། བྱང་དུ་ཨ་ལས་དོན་ཡོད་གྲུབ་པ་ལྗང་ཁུ་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན། གཤེགས་པ་གཞན་གསུམ་གཡོན་མཉམ་བཞག་མཛད་པ། ཐམས་ཅད་ཀྱང་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང་སངས་རྒྱས་རབ་ཏུ་བྱུང་བའི་ཆ་ལུགས་ཅན་ནོ། །མཚམས་ཀྱི་འདབ་མ་བཞིར་བུམ་པ་བཞི་གྲུབ་པར་གྱུར། ལྷ་དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་ཞེས་པ་ནས། ཤྲཱི་ཡེ་ཧཱུཾ་དབང་བསྐུར་བར་གྱུར། ཞེས་བརྗོད་ཀྱི་རིགས་བདག་གི་རྒྱས་འདེབས་མི་དགོས་སོ། །དེ་ནས་མཆོད་པ་འབུལ་བ་ནི། སྤྲོ་ན། རབ་འབྱམས་རྒྱ་མཚོ་སོགས་ཚིགས་བཅད་བརྗོད་ཅིང༌། བསྡུ་ན། ཨརྒྷཾ་ནས༌། ཤཔྟའི་བར་གྱི་སྔགས་དང་ཕྱག་རྒྱ་ཁོ་ནས་ཆོག་གོ །བསྟོད་པའང་སྤྲོ་ན་རྒྱས་པ་དང༌། བསྡུ་ན་གོང་བཞིན་བསྟོད། འདས་གཏོར་བསངས་སྦྱངས། སྟོང་པའི་ངང་ལས་བྷྲ྄ུཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཧཱུཾ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཨི་དཾ་བཱ་ལིང་ཏ་ཁ་ཁ་ཁཱི་ཧི་ཁཱ་ཧི། ཞེས་པ་ལན་གསུམ་གྱིས་ཕུལ། ཨརྒྷཾ་ལ་སོགས་པས་མཆོད། སྐྱོན་གྱིས་མ་གོས་སྐུ་མདོག་དཀར་སོགས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་འདིར་བཞེས་སོགས་ཀྱིས་འདོད་དོན་གསོལ་བ་བཏབ། ཆོས་སྐྱོང་དང་ཆ་གསུམ་སོགས་རང་རང་གི་ཆོ་གས་བཏང༌། བུམ་


TNT15_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

པ་དྲུག་གམ་གཉིས་བཅའ། གཙོ་བུམ་གྱི་དབུས་སུ་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་དང༌། བཞིར་རྒྱལ་བ་རིགས་བཞི། ལས་བུམ་དུ་རྟ་མགྲིན་དབྱུག་པ་དང་ཞགས་པ་ཐོགས་པ་སྐད་ཅིག་གིས་བསྐྱེད། ཡང་ན་རྣམ་རྒྱལ་བུམ་པར་མདུན་བསྐྱེད་ལྟར་ལྷ་ལྔ་དང༌། ལས་བུམ་དུ་རྟ་མགྲིན་བསྐྱེད་ནས་གཟུངས་འདོན། ཨོཾ་ཧ་ཡ་གྲི་ཝ་ཧཱུཾ། ཞེས་གང་འོས་སུ་བཟླ། མཐར་མཆོད་བསྟོད་བྱས། དེ་འོད་དུ་ཞུ་བའི་བུམ་ཆུར་མོས། སློབ་མའི་བྱ་བ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །སོགས་དང༌། གུར་ནས་འབྱུང་བའི་རྒྱུན་བཤགས་དང༌། སྐུ་བསྐྱེད་བསྟིམ། གསུང་རྗེས་སུ་བཟླས་པ། དམ་བཅའ་བྱིན་གྱིས་བརླབ་པའི་ལུང་གསུམ། ཐུགས་ཕྱག་མཚན་བསྐྱེད་བསྟིམ་རྣམས་སྤྱི་དང་འདྲ་བ་ལས། ཡེ་ཤེས་བ་བསྟིམ་པ་སོང་མཚམས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་འཕགས་པ་སྤྱན་རས་གཟིགས་དང་རྒྱལ་བ་རིགས་ལྔ་བཛྲ་ས་མཱ་ཛཿ ཨརྒྷཾ་ལ་སོགས་པས་མཆོད། སློབ་མ་གསོལ་འདེབས་འདིའི་རྗེས་ཟློས་བྱེད་དུ་འཇུགཁྱེད་ནི་མགོན་པོ་ཐུགས་རྗེ་ཅན། །ཀུན་ནས་ཁྱབ་པའི་ཡེ་ཤེས་ཀྱིས། །ཐམས་ཅད་མ་ལུས་སྒྲོལ་མཛད་པ། །བདག་སོགས་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་ལན་གསུམ། རྟ་མགྲིན་གྱི་སྔགས་བཟླ་ཞིང༌། ལས་བུམ་གྱི་ཆུ་གཏོར་བས་བགེགས་བསྐྲད། ཇི་ལྟར་བལྟམས་པ་ནས། ཤྲཱི་ཡེ་ཧཱུཾ། ཞེས་དབང་བསྐུར། སྐུ་གང༌། དྲི་མ་དགཆུའི་ལྷག་མ་ཡར་ལུད་པ་ལས། སྤྱི་བོའི་གཙུག་ཏུ་འོད་དཔག་མེད། དཔྲལ་བར་མི་བསྐྱོད་པ། རྣ་ལྟག་གཡས་སུ་རིན་འབྱུང༌། ལྟག་པར་


TNT15_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་སྣང༌། རྣ་ལྟག་གཡོན་དུ་དོན་གྲུབ་རྣམས་ཀྱིས་དབུ་བརྒྱན། ཞེས་བརྗོད་པ་ནི་ཁྱད་པར་རོ། །རྗེས་ཀྱི་བྱ་བ་ནི་སྤྱི་དང་འདྲའོ། །རྣལ་འབྱོར་མ་དཔལ་ཀུན༵་གྱི་གཙོ། །དཔའ་མོའི་བཞེད་གཞུང་རབ་དག༵འ་བ། །ཚིག་ཚོགས་མང་པོའི་ཆོ་ག་ལས། །སྙིང༵་པོ༵ར་དྲིལ་བ་འདི་ཙམ་ལགས། འཕགས་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ་དཔའ་མོའི་ལུགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།མངྒལཾ།།

དོན་ཡོད་ཞགས་པའི་གཟུངས་ལས་བྱུང་བ་འཕགས་པ་ལྷ་ལྔའི་སྒྲུབ་ཐབས།


TNT15_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ལས་དང་དངོས་གྲུབ་མ་ལུས་པ། །སྒྲུབ་ལ་ཐོགས་མེད་མཐུ་ཐོབ་ཅན། །དོན་ཡོད་ཞགས་པ་རིགས་སྔགས་རྒྱལ། །དེ་ལ་བཏུད་ནས་སྒྲུབ་ཐབས་བཤད། །སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། རང་གི་སྙིང་གར་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་སྟེང་དུ་ཧྲཱིཿདཀར་པོ། དེ་ལས་འོད་འཕྲོས། བླ་མ་དང་དོན་ཡོད་ཞགས་པའི་ལྷ་ཚོགས་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལ་ཡེ་སྟྭཾ། གང་གིས་དྲིན་གྱིས་བདེ་ཆེན་ཉིད། །སོགས་དང༌། མགོན་པོ་སྤྱན་རས་གཟིགས་དབང་ཐུགས་རྗེ་ཅན། དོན་ཡོད་ཞགས་པ་ཁྲོ་རྒྱལ་རྟ་མགྲིན་དང༌། །རལ་གཅིག་མ་དང་ཁྲོ་གཉེར་ཅན་མ་སྟེ། འཕགས་པ་ལྷ་ལྔའི་ཚོགས་ལ་ཕྱག་འཚལ་ལོ། །ཨརྒྷཾ་ནས་ཤབྟའི་བར་གྱིས་མཆོད། གུར་ནས་འབྱུང་བའི་རྒྱུན་བཤགས་དང༌། ཚད་མེད་བཞི་སྤྱི་དང་མཐུན་པར་བྱ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་རང་སེམས་ཧྲཱིཿཡིག་ནམ་མཁར་གནས་པ་དེ་ལས་འོག་ཏུ་ཆད་པའི་རཾ་ལས་ཉི་མ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ལ་སོགས་པའི་བསྲུང་འཁོར། བྷྲུཾ་ལས་གཞལ་ཡས་ཁང་མཚན་ཉིད་ཐམས་


TNT15_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཡོངས་སུ་རྫོགས་པའི་དབུས་སུ་པཾ་ལྔ་ལས་པདྨ་ལྷ་རྣམས་ཀྱི་ཁ་དོག་དང་མཚུངས་པ་ལྔ་ཚོམ། དེ་རྣམས་ཀྱི་སྟེང་ལྷོ་དང་ནུབ་ཏུ་རཾ་ལས་ཉི་མ། གཞན་རྣམས་སུ་ཨ་ལས་ཟླ་བ། ནམ་མཁའི་ཧྲཱིཿཡིག་དབུས་ཀྱི་གདན་གྱི་སྟེང་དུ་བབས་པ་ལས། པདྨ་དཀར་པོ་ཧྲཱིཿས་མཚན་པ། དེ་ལས་འོད་འཕྲཽས་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་དང༌། གཡོན་པདྨ་དཀར་པོ་འཛིན་པ། ཞབས་གཡས་བརྐྱང་བའི་རོལ་པའི་སྟབས་ཀྱིས་བཞུགས་ཤིང༌། རི་དྭགས་ཀྱི་པགས་པས་སྨད་དཀྲིས་པ། རལ་པའི་ཐོར་ཚུགས་ཅན། ཕྱུགས་བདག་གིས་ཆ་ལུགས། སངས་རྒྱས་འོད་དཔག་མེད་ཀྱིས་དབུ་ལ་བརྒྱན་པ། གཡོན་གྱི་ལྷ་མོ་ལ་གཟིགས་པའོ། ཐུགས་ཀར་ཟླ་བའི་སྟེང་དུ་པདྨ་དཀར་པོ་ཧྲཱིཿཡིག་གིས་མཚན་པར་གྱུར། ཤར་དུ་ཧ་ལས་ཞགས་པ་ཧས་མཚན་པ་ལས་དོན་ཡོད་ཞགས་པ་དམར་པོ་ཕྱག་གཡས་གཉིས་ན་ཞགས་པ་དང་རྡོ་རྗེ། གཡོན་གཉིས་ན་ལྕགས་ཀྱུ་དང་བགྲང་འཕྲེང་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཉམ་པར་བཞེངས་པའོ། །ལྷོར་ཧཱུཾ་ལས་དབྱུག་པ་ཧཱུཾ་གིས་མཚན་པ་ལས་རྟ་མགྲིན་དབུའི་སྟེང་དུ་རྟ་མགོ་ལྗང་ཁུ་ཅན། ཕྱག་གཡས་གཉིས་ན་དབྱུག་པ་དང་སྡིགས་མཛུབ། གཡོན་གཉིས་ན་འཁོར་ལོ་སེར་པོ་དང༌། པདྨ་དམར་པོའི་སྡོང་བུ་འཛིན་པ་གཡོན་བརྐྱང་གི་སྟབས་ཅན་ནོ། །


TNT15_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཏུ་ཕ་ལས་རལ་གྲི་ཕས་མཚན་པ་ལས། རལ་གཅིག་མ་སྔོན་མོ་ཕྱག་གཡས་པ་བཞིས་རལ་གྲི་ཞགས་པ་པདྨ་མདའ། གཡོན་པ་བཞིས་འཁོར་ལོ་དབྱུག་པ་རྩེ་གསུམ་གཞུ་རྣམས་འཛིན་པ། གཡས་བརྐྱང་གི་སྟབས་ཅན། དེ་གཉིས་ཀ་ཡང་སྟག་ལྤགས་དང༌། སྦྲུལ་དང་རིན་པོ་ཆེས་བརྒྱན་པ། ཤིན་ཏུ་ཁྲོས་པའོ། །བྱང་དུ་ཊ་ལས་དབྱུག་ཏོ་ཊས་མཚན་པ་ལས་ཁྲོ་གཉེར་ཅན་མ་དཀར་ཤམ། ཕྱག་གཡས་གཉིས་ཀྱིས་རྡོ་རྗེ་དབྱུག་པ་དང༌། པདྨ་དཀར་པོ། གཡོན་གཉིས་ཀྱིས་བགྲང་ཕྲེང་དང་སྤྱི་བླུགས་འཛིན་པ། ཞབས་གཡས་རོལ་གྱི་སྟབས་ཀྱིས་བཞེངས་པ། གཙོ་བོའི་ཞལ་ལ་བལྟ་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས། པོ་ཊ་ལ་ནས་དོན་ཡོད་ཞགས་པ་ལྷ་ལྔའི་དཀྱིལ་འཁོར་བཛྲ་ས་མཱ་ཛཿ ཡང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་བཛྲ་ས་མཱ་ཛཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ནས། ཤྲཱི་ཡེ་ཧཱུཾ། ཞེས་དབང་བསྐུར། གཙོ་བོ་ལ་འོད་དཔག་མེད། དོན་ཡོན་ཞགས་པ་ལ་རྣམ་སྣང༌། རྟ་མགྲིན་ལ་རིན་འབྱུང༌། རལ་གཅིག་མ་ལ་མི་བསྐྱོད་པ།


TNT15_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་གཉེར་ཅན་མ་ལ་དོན་གྲུབ་ཀྱིས་དབུ་བརྒྱན། བདག་བསྐྱེད་ཀྱི་བཟླས་པ་ཉིད་གཙོ་བོར་བྱ་བར་འདོད་ན་སྐབས་འདིར་བྱའོ། །མདུན་བསྐྱེད་བཟླས་པ་གཙོ་བོར་བྱེད་ན། མདུན་དུ་མཎྜལ་གྲུ་བཞི་པ། དབུས་སུ་པདྨ་འདབ་བརྒྱད་ལྔ་ཚོམ་ལ། མངོན་རྟོགས་དང་མཐུན་པའི་གདན་དང་ལྷའི་ཁ་དོག་དང་མཐུན་པའི་ཚོམ་བུ་བཀོད། བསྡུ་ན། པདྨ་འདབ་བཞིའི་ལྟེ་བ་དང་འདབ་མ་ལ་བཀོད་ཀྱང་རུང༌། གྲུ་བཅད། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། མཐའ་མཆོད་གཏོར་གཙང་མས་བསྐོར། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་པའི་བསྲུང་འཁོར་གྱི་དབུས་སུ་བྷྲུཾ་ལས་གཞལ་ཡས་ཁང༌། ཞེས་པ་ནས། དོན་གྲུབ་ཀྱིས་དབུ་བརྒྱན་གྱི་བར་གོང་བཞིན་ལ་འདོན་པ་བསྒྱུར། མཆོད་པ་རྣམས་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་རོལ་མོ་ནས། ཤཔྟའི་བར་དུ་འདོན་པ་སྤོ། བཟང་སྤྱོད་ཀྱི་ཡན་ལག་བདུན་པ་བྱ་ཞིང༌། བསྟོད་པ་ཅི་ཤེས་ཀྱིས་བསྟོད། དཀར་གཏོར་གཅིག་བསངས་སྦྱངས། གཏོར་སྣོད་བྷྲུཾ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཀྱི་ནང་དུ་ཨོཾ་ཨཱཿཧཱུཾ། ཞུ་བ་ལས་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་ལོ་ཀི་ཤྭ་ར་ཨ་མོ་གྷ་པཱ་ཤ་ཧ་ཡ་གྲྀ་ཝ་ཨེ་ཀ་ཛ་ཊི་ས་པ་རི་ཝཱ་རེ་བྷྱཿ ན་མ་སརྦ་ཏ་ཐཱ་ག་ཏ་


TNT15_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱོ་བི་ཤྭ་མུ་ཁེ་བྷྱཿ སོགས་ལན་གསུམ་མམ་ལྔའམ་བདུན་གྱིས་ཕུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། མགོན་པོ་སྤྱན་རས་གཟིགས་དབང་སོགས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་འདོད་དོན་གསོལ་བ་བཏབ། དེ་ནས་བཟླས་པ་ནི། དམིགས་པ་གསལ་བཏབ་ལ། ན་མཿས་མནྟ་བུདྡྷཱ་ནཱཾ། སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཀཱ་རུ་ཎ་མ་ཡ། མུརྟ་ཡེ་ཧཱུཾ་ཛ་སྭཱཧཱ། སྤྱན་རས་གཟིགས་ཀྱིའོ། །ཨོཾ་ཧྲཱིཿཏྲཻ་ལོ་ཀྱ་བི་ཛ་ཡ་ཨ་མོ་གྷ་པཱ་ཤ་ཨ་པྲ་ཏི་ཧ་ཏ་ཧྲཱིཿཧ་ཧཱུཾ་ཕཊ་སྭཱཧཱ། དོན་ཞགས་ཀྱིའོ། །ན་མཿས་མནྟ་བུདྡྷཱ་ནཱཾ་ཧཾ་ཁ་ཏ་བྷུཉྫ་སཏྭ་ཡ་སྭཱཧཱ། རྟ་མགྲིན་གྱིའོ། །ཨོཾ་ཨེ་ཀ་ཛ་ཊཱི་མཧཱ་རོ་ཥ་ཎ། ཏྲཱ་ས་ཡ་ཏྲཱ་ས་ཡ། ས་མ་ས་མ། པྲ་ཤྲ་མ་ཎ་ཡ་སྭཱཧཱ། རལ་གཅིག་མའི་འོ། །ན་མཿས་མནྟ་བུདྡྷཱ་ནཱཾ། སརྦ་བྷ་ཝ་པཎྜ་ར་ཎཱི་ཧཱུཾ་ཧཱུཾ་ཕཊ་པ་ཏ་ཡ་སྭཱཧཱ། ཁྲོ་གཉེར་ཅན་མའི་འོ། །བཟླས་པའི་སྙིང་པོ་དོན་ཡོད་ཞགས་པ་ཉིད་ལ་བྱ་ཞིང༌། དེ་བཅུ་ཆ་གཙོ་བོ་དང༌། དེའི་ལྔ་ཆ་ཙམ་ལྷ་གཞན་གསུམ་ལ་བཟླ་བར་བླ་མ་རྣམས་བཞེད་དོ། །འཇུག་ཏུ་སླར་ཡང་མཆོད་བསྟོད་བྱ་ཞིང༌། འཇིག་རྟེན་པའི་གཏོར་མ་ཆ་གསུམ་མམ། ཕྱོགས་སྐྱོང་གི་གཏོར་མ་ཙམ་བྱའོ། །འདོད་དོན་གསོལ་བ་གདབ། ཡིག་བརྒྱ། བཟོད་གསོལ། མདུན་བསྐྱེད་གཤེགས་གསོལ་རྣམས་སྤྱི་དང་འདྲ་ལ། བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བཞུགས་པར་གྱུར། ཡང་མཆོད་བསྟོད་གཤེགས་གསོལ་རྣམས་བྱས་ལ། སྨོན་ལམ་གདབ། བཀྲ་ཤིས་རྣམས་བྱའོ། ༈ ཡང་དོན་ཞགས་སེར་པོ་སྒོམ་པར་འདོད་ན། ཁྱད་པར་ནི་གཙོ་བོ་སྐུ་མདོག་སེར་


TNT15_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

པོར་བསྒྱུར། ས་བོན་གྱི་མདོག་དཀར་པོ་ཡིན། གནས་གསུམ་བྱིན་རླབས་མི་དགོས། བསྙེན་པའི་སྐབས་བདག་བསྐྱེད་ཁོ་ན་ལ་བརྟེན་ནས་བྱེད། བཟླས་པ་ཐོན་པ་དང༌། བདག་བསྐྱེད་ཀྱི་ཡེ་ཤེས་པ་ལ་མཆོད་བསྟོད། འདོད་དོན་གསོལ་བཏབ། ཡིག་བརྒྱ་བཟོད་གསོལ། གཤེགས་གསོལ་རྣམས་བྱེད། གཏོར་ཆོག་མི་དགོས། འདི་རྒྱ་གཞུང་གི་དངོས་བསྟན་གྱི་ལུགས་ཡིན་ནོ། །གཉིས་ཀ་ལྟར་ཡང༌། བཟླས་པའི་སྐབས་གཟུངས་རིང་བཟླ་ནུས་ན་ཤིན་ཏུ་ཡང་ལེགས་སོ། །རྗེས་གནང་བྱ་བར་འདོད་ན་བདག་བསྐྱེད་མདུན་བསྐྱེད་གོང་དུ་བཤད་པ་དེ་ཁོ་ནས་འགྲུབ་ཅིང༌། སློབ་མས་འདི་ལྟར་གསོལ་བ་གདབ་སྟེ། སློབ་དཔོན་དགོངས་སུ་གསོལ། བདག་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྗེས་སུ་གནང་བ་མ་ལུས་པ་སྩལ་དུ་གསོལ། ཞེས་ལན་གསུམ། སློབ་དཔོན་གྱིས་མདུན་བསྐྱེད་ལ་གསོལ་བ་འདེབས་པ་ནི། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་སྐྱེ་བ་དང༌། འཕེལ་བ་དང༌། བྱིན་གྱིས་བརླབ་ཏུ་གསོལ། དབང་བསྐུར་དུ་གསོལ། ཞེས་ལན་གསུམ་གྱིས་གནང་བ་ཐོབ་པར་བསམ། བཟང་སྤྱོད་ཀྱི་ཡན་ལག་བདུན་པ་སྔོན་དུ་འགྲོ་བས་སྐྱབས་འགྲོ་སེམས་བསྐྱེད་རྒྱས་པར་བླང་བའམ། བསྡུ་ན་གུར་ནས་འབྱུང་བའི་ཡན་ལག་བདུན་པ་བྱ། སྐུའི་རྗེས་གནང་གི་གསོལ་བཏབ། སློབ་དཔོན་དགོངས་སུ་གསོལ། བདག་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུའི་རྗེས་སུ་གནང་བ་སྩལ་དུ་གསོལ། ལུས་གྱི་སྡིག་སྒྲིབ་སྦྱང་དུ་གསོལ། ལུས་བདེ་བ་དང་ལྡན་པར་བྱིན་གྱིས་བརླབ་


TNT15_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གསོལ། ལན་གསུམ། དེ་བཞིན་དུ་གསུང་གི༴ ངག་གི༴ ངག་ནུས་པ་དང་ལྡན་པར༴ ཐུགས་ཀྱི༴ སེམས་ཀྱི༴ སེམས་ཏིང་ངེ་འཛིན་དང་ལྡན་པར༴ ཞེས་འདོན་པ་སྤོས་ལ་ལན་གསུམ་གསུམ། སྐུའི་རྗེས་གནང་སྤྱི་དང་མཐུན་པར་བྱས་ནས། ཐོག་མར། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །ཞེས་བྱིན་གྱིས་བརླབ་པའི་ལུང་བྱ། གསུང་གི་རྗེས་གནང་ནི། རྗེས་སུ་བཟླས་པའི་ལུང་སྤྱི་དང་མཐུན་པར་བྱ། འདི་སྐབས་སྔགས་ཐུང་རྣམས་ཀྱི་བཟླས་ལུང་གྲུབ་མཚམས། དོན་ཞགས་ཀྱི་གཟུངས་མདོ་ཆུང་བ་འདི་ཉིད་ཚར་གྱིས་བཀླགས། གཟུངས་རིང་ལ་རྗེས་བཟློས་ལན་གསུམ་གྲུབ་ན་ཤིན་ཏུ་ལེགས། བཤད་ཚོད་ཀྱང་ཡིན་མོད་ཀྱི། ཕྱིས་ལག་ལེན་ལ་མི་བྱེད་པར་སྣང་ངོ༌། །དེ་ནས་དམ་བཅའ་བའི་ལུང་ཡང་སྤྱི་དང་མཐུན་ནོ། །ཐུགས་ཀྱི་རྗེས་གནང་ནི། སེམས་མི་རྟོག་པ་སྤྲོས་བྲལ་དུ་ངོ་སྤྲོད་པ་ཙམ་ལས་གཞན་མི་མཛད་དོ། །སློབ་མའི་རྗེས་ཀྱི་བྱ་བ་སྤྱི་དང་འདྲ་ཞིང༌། དཀྱིལ་འཁོར་གྱི་རྗེས་ཀྱི་བྱ་བ་གོང་དུ་བཤད་པ་ཉིད་ཡིན་ནོ། །དོན་ཞགས་སེར་པོའི་རྗེས་གནང་གི་སློབ་མའི་བྱ་བ་རྣམས་སྒྲུབ་ཐབས་བརྒྱ་རྩའི་ལག་ལེན་ཁོ་ན་བཞིན་ཡིན་ནོ། །སྒྲིབ་ཀུན༵་སྦྱངས་དང་དངོས་གྲུབ་ཀྱི། །དག༵འ་སྟོན་འགྱེད་པའི་ངོ་མཚར་རྒྱུད། །ཆོ་ག་ཞིབ་མོའི་སྙིང༵་པོ༵་ནི། །བསྡུས་པ་འདི་ཡིན་ཉམས་སུ་ལོང༌། །བ་རི་ལོ་ཙྪ་བའི་ལུགས་སུ་གྲགས་ཤིང༌། དོན་ཡོད་ཞགས་པའི་གཟུངས་ལས་བྱུང་བ་འཕགས་པ་ལྷ་ལྔའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེ་ལེགས་འཕེལ། །

དོན་ཞགས་ལྷ་ལྔའི་སྒྲུབ་ཐབས།


TNT15_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཞགས་ལྷ་ལྔའི་སྒྲུབ་ཐབས་བཞུགས། ཨོཾ་སྭཱ་སྟི། བསམ་པ་ཇི་བཞིན་འདུལ་མཛད་པའི། །དོན་ཡོད་ཞགས་པ་ལ་བཏུད་ནས། །སྒྲུབ་ཐབས་ཤཱཀྱ་ཤྲཱིའི་ལུགས། །མདོ་ཙམ་བདག་གིས་བཤད་པར་བྱ། །


TNT15_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

འདི་རྒྱས་པར་གྲགས་པ་དཔལ་བཟང་པོའི་ཡི་གེ་ལས་ཤེས་པར་བྱ་ཞིང༌། མདོར་བསྡུས་ཙམ་ནི། སྐྱབས་སེམས་སྔོན་དུ་སོང་བས། སྙིང་གར་ཧྲཱིཿདམར་པོ་ལས་པདྨ་དམར་པོ། དེའི་སྟེང་དུ་ཨ་ལས་ཟླ་བ་ལ་ཨ་དཀར་པོ་དེ་ལས་འོད་ཟེར་འཕྲོས། པོ་ཊ་ལ་ནས་དོན་ཞགས་ལྷ་ལྔའི་དཀྱིལ་འཁོར་བཛྲ་ས་མཱ་ཛཿ མགོན་པོ་ཧྲཱིཿཡིག་ལས་བྱུང་ཞིང༌། །ཐུགས་ནི་བདེ་བ་ཆེས་བརླན་པ། །དོན་ཡོད་ཞགས་པ་ཞེས་བྱ་བའི། །འཇིག་རྟེན་མགོན་ལ་བདག་ཕྱག་འཚལ། །ཨོཾ་ཨ་མོ་གྷ་པཱ་ཤ་ལོ་ཀེ་ཤྭ་རཱ་ཡ། ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། པདྱཱཾ། ཨཉྩ་མ་ནཾ། པུཥྤེ་ནས་ཤཔྟའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་བྱ། ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ། ཨོཾ་སྭ་བྷཱ་ཝས་སྔགས་ཀྱི་སྒྱུ་མ་ལྟ་བུར་སྦྱངས། སྙིང་གའི་ཧྲཱིཿཡིག་གི་འོད་ཀྱིས་རྗེས་གཞིག་གིས་སྟོང་པར་བསྡུས་ལ། ཤཱུ་ནྱ་ཏའི་སྔགས་བརྗོད། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨ། ཨ་ལས་ཟླ་བ། དེའི་སྟེང་དུ་ཧྲཱིཿཡིག་འོད་ཀྱིས་འཕྲོ་འདུ་ལས་ལྷ་ལྔའི་རྣམ་པར་གྱུར་པ་ནི། རང་ཉིད་དབུས་སུ་དོན་ཡོད་ཞགས་པ་དཀར་པོ་ཞལ་གཅིག་ཕྱག་བརྒྱད་པ། གཡས་པ་རྣམས་རིམ་པས། སྐྱབས་སྦྱིན། མཆོག་སྦྱིན། ཞགས་པ། བགྲང་འཕྲེང༌། གཡོན་རྣམས་རིམ་པས་དབྱུག་གུ་རྩེ་གསུམ། གླེགས་བམ། པདྨ། སྤྱི་བླུགས་འཛིན་པ། དར་དཀར་པོའི་ན་བཟའ་དང༌། སྟག་གི་ལྤགས་པའི་སྨད་དཀྲིས་ཅན། དཀའ་ཐུབ་ཀྱི་ཆ་བྱད་དང་ལྡན་པ། དེའི་གཡས་སུ་ནོར་བཟང་གཞོན་ནུ་སེར་པོ་མཆན་ཁུང་གཡོན་པར་པོ་ཏི་བཅུག་


TNT15_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཐལ་མོ་སྦྱར་བ། དེའི་གཡས་ཟུར་དུ་སྒྲོལ་མ་ལྗང་ཁུ། གཡོན་པས་ཨུཏྤལ་བསྣམས་ཤིང་གཡས་པས་ཁ་འབྱེད་པ། དེ་གཉིས་དར་དང་རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པ། གཙོ་བོའི་གཡོན་ངོས་སུ་རྟ་མགྲིན་དམར་པོ་མིའུ་ཐུང་གི་རྣམ་པ་ཅན། སྤྱན་གསུམ་མཆེ་གཙིགས་སྐྲ་སེར་གྱེན་དུ་བརྫཻས་པ་སོགས་ཁྲོ་བོའི་མཚན་ཉིད་ཡོངས་སུ་རྫོགས་པ། སྟག་ལྤགས་དང་སྦྲུལ་གྱིས་བརྒྱན་པ། གཡས་ཕྱག་འཚལ་བའི་ཚུལ་དང༌། གཡོན་དབྱུག་པ་དཀར་པོ་ལ་བརྟེན་པ། དེ་ཉིད་ཀྱི་གཡོན་ངོས་སུ་ཁྲོ་གཉེར་ཅན་དམར་སེར་ཕྱག་གཡོན་གཉིས་ན་སྤྱི་བླུག་དང་དབྱུག་གུ་རྩེ་གསུམ། གཡས་གཉིས་བགྲང་འཕྲེང་དང་ཕྱག་བྱེད་པའི་ཚུལ། དཀའ་ཐུབ་ཀྱི་ཆ་བྱད་འཛིན་པ། འཁོར་རྣམས་གཙོ་བོའི་ཞལ་ལ་ལྟ་བ། གཙོ་འཁོར་ཐམས་ཅད་མཉམ་པར་བཞེངས་པ། རང་གི་སྙིང་གར་པད་ཟླའི་གདན་ལ་ཧྲཱིཿདེ་ལས་འོད་འཕྲོས་པོ་ཊ་ལ་ནས་ལྷ་ལྔ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དེ་དང་སྟབས་གཅིག་ཏུ་བྱོན་པའི་དབང་གི་ལྷ་རིགས་ལྔ་ཡུམ་བཞི་ལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །སོགས་ཀྱིས་གསོལ་བ་བཏབ་པས། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་གསུང་ཞིང་དབང་བསྐུར། གཙོ་འཁོར་ཐམས་ཅད་ལ་འོད་དཔག་མེད་ཀྱིས་དབུ་བརྒྱན། ཨོཾ་ཨ་མོ་གྷ་པཱ་ཤ་ཧྲཱིཿསྭཱཧཱ། ཞེས་བཟླས་སོ། །སྤྲོ་ན་འཁོར་རྣམས་ཀྱི་སྔགས་ཀྱང་བཟླ་སྟེ། ཨོཾ་སུཾ་སུ་དྷ་ན་ཀུ་མ་ར་ཡ་སྭཱཧཱ། ཨོཾ་ཏཾ་ཏ་ར་ཡེ་སྭཱཧཱ། ཨོཾ་ཧཾ་ཧ་ཡ་གྲྀ་ཝ་ཡ་སྭཱཧཱ། ཨོཾ་བྷྲིཾ་བྷི་ཀུཊྱཻ་སྭཱཧཱ། ཞེས་པའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། འཁོར་


TNT15_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རང་ལ་ཐིམ། རང་ཉིད་ཕྱག་གཉིས་པར་གྱུར། དགེ་བ་བསྔོ། ཐུན་མཚམས་སུ་གཟུངས་ཀྱི་མདོ་བཀླག་པར་བྱའོ། །འདིའི་རྗེས་གནང་བྱེད་པར་འདོད་པས། པདྨ་འདབ་བརྒྱད་ཟླ་གདན་ཚོམ་བུ་དཀར་པོ་དང་བཅས་པ་ཞིག་བཀོད། དེའི་གཡས་གཡོན་དུ་དྲི་བཟང་གི་ཐིག་ལེ་གཉིས་གཉིས་ལ་ཚོམ་བུ་རེ་དགོད། ལྷ་གྲངས་དང་མཉམ་པའི་མཆོད་པ་བཤམས། སྣོད་གཙང་མར་དཀར་གཏོར་ཞིག་དང༌། འཇིག་རྟེན་པའི་གཏོར་མ་ཆ་གསུམ་ཡང་བཤམས། མཎྜལ་གྱི་སྟེང་དུ་མཉྫི་ལ་བུམ་པ་སྤྱི་དང་མཐུན་པར་བཤམས། བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས། མཆོད་པ་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངས་ལས་ཧཱུཾ་ལས་བྱུང་བའི་བསྲུང་འཁོར་གྱི་དབུས་སུ། བྷྲུཾ་ལས་གཞལ་ཡས་ཁང༌། དེའི་དབུས་སུ་པཾ་ལས་སྣ་ཚོགས་པདྨ་ཞེས་པ་ནས། བཞེངས་པའོ། །ཞེས་པའི་བར་བདག་བསྐྱེད་བཞིན། གཙོ་བོའི་དབུ་ལ་འོད་དཔག་མེད། འདབ་མ་བརྒྱད་ལ་ཤར་དུ་རྣམ་སྣང༌། ལྷོར་རིན་འབྱུང༌། ནུབ་ཏུ་མི་བསྐྱོད་པ། བྱང་དུ་དོན་ཡོད་གྲུབ་པ། ཤར་ལྷོར་སྤྱན་མ། ལྷོ་ནུབ་ཏུ་མཱ་མ་ཀཱི ནུབ་བྱང་དུ་གོས་དཀར་མོ། བྱང་ཤར་དུ་དམ་ཚིག་སྒྲོལ་མ་རྣམས་བཞུགས་པར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། པོ་ཊ་ལ་ནས་ཞེས་པ་ནས་བཟླས་པའི་བར་གོང་བཞིན། གཙོ་འཁོར་ཐམས་ཅད་ཀྱི་བཟླས་པ་ཅུད་ཟད་བྱ། དེ་ནས་ཆུ་གསུམ་གོང་ལྟར་ཕུལ། དེ་མན་ཆད་སོ་སོར་འབུལ་ཏེ། ཨོཾ་ཧྲཱིཿཨ་མོ་གྷ་པཱ་ཤ་བཛྲ་པུཥྤེ་ཧཱུཾ་སྭཱཧཱ། ཨོཾ་ཧྲཱིཿཨ་མི་ཏ་བྷ་ཡ་བཛྲ་པུཥྤེ་ཧཱུཾ་སྭཱཧཱ། ཨོཾ་སུཾ་སུ་དྷ་ན་ཀུ་མ་རཱ་ཡ་བཛྲ་པུཥྤེ་ཧཱུཾ་སྭཱཧཱ།


TNT15_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

དེས་འཁོར་གཞན་གསུམ་ཀའང་འགྲེ། དེ་བཞིན་དུ། བྷྲུཾ་བཻ་རོ་ཙ་ན་ཡ་༴ ཏྲཾ་རཏྣ་སཾ་བྷ་ཝ་ཡ༴ ཧཱུཾ་ཨཀྵོ་བྷྱ་ཡ༴ ཁཾ་ཨ་མོ་གྷ་སིདྡྷི་ཡ༴ ལཾ་ལོ་ཙ་ན་ཡེ༴ མཾ་མཱ་མ་ཀཱི་ཡེ༴ པཾ་པཎྜ་རི་ཡེ༴ ཨོཾ་ཏཾ་ཏ་ར་ཡཻ་བཛྲ་པུཥྤེ་ཧཱུཾ་སྭཱཧཱ། དེ་བཞིན་དུ། དྷུ་པེ་ནས། ཤཔྟའི་བར་དུ་སྦྱར་རོ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །ཡོན་ཏན་དམ་པ་ཀུན་གྱིས་བརྒྱན། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །མགོན་པོ་ཧྲཱིཿཡིག་སོགས་དང༌། ནོར་བཟང་འཕགས་མ་སྒྲོལ་མ་དང༌། །རྟ་མཆོག་ཁྲོ་གཉེར་ལྡན་མ་སྟེ། །རྒྱས་དང་དབང་དང་དྲག་པོ་དང༌། །ཞི་བས་གཞན་དོན་མཛད་ལ་འདུད། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །སོགས་དང༌། སྤྱན་མ་རྡོ་རྗེ་མཱ་མ་ཀཱི །གོས་དཀར་མོ་དང་སྒྲོལ་མ་ནི། །འབྱུང་བ་བཞི་པོ་རྣམ་དག་ཅིང༌། །ཚད་མེད་བཞིའི་དངོས་ལ་འདུད། །དཀར་གཏོར། ཨ་མྲྀ་ཏས་བསངས། ཨོཾ་ཨཱཿཧཱུཾ་ལན་བདུན་གྱིས་བྱིན་གྱིས་བརླབས། ཨོཾ་ཨཱ་མོ་གྷ་པཱ་ཤ་ལོ་ཀི་ཏེ་ཤྭ་ར་ཨི་དཾ་བཱ་ལིང༌། ཁ་ཁ་ཁཱ་ཧི་ཁཱ་ཧི། གྲྀཧྞ་གྲྀཧྞ་མ་མ་སརྦ་བིགྷྣཱན་ཤནྟིཾ་ཀུ་རུ་སྭཱཧཱ། ལན་ལྔས་འབུལ། གཟུངས་ཐག་ནས་བཟུང་ཞིང༌། བུམ་པའི་ནང་སྔགས་ཀྱི་ཡིག་འབྲུས་གང་བར་དམིགས་ལ། གཙོ་བོའི་སྔགས་བརྒྱ་རྩ་ཙམ་བཟླ། གཞན་རྣམས་ཉེར་གཅིག་རེ་བཟླ། བར་འདིར་ཆ་གསུམ་གཏོར་མ་གཏོང༌། གྲུབ་ན་གཟུངས་མདོ་འདོན་ཞིང༌། གཟུངས་རིང་ཀྱང་མང་དུ་བཟླའོ། །སློབ་མ་རྣམས་ཀྱིས་མཎྜལ་འབུལ། དུས་གསུམ་སངས་རྒྱས་ཐམས་ཅད་དང༌། སོགས་ཀྱིས་


TNT15_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སོགས་ཀྱིས་སྐྱབས་འགྲོ་སེམས་བསྐྱེད་བྱ། བདག་བསྐྱེད་ལྟར་རྒྱུན་བཤགས་ཀྱང་བྱ། མདུན་བསྐྱེད་ཀྱི་ལྷ་ཚོགས་མངོན་རྟོགས་བཞིན་བསྟན་ལ། སློབ་མ་ལ་སྐུའི་རྗེས་གནང་ནི། སྟོང་པར་སྦྱངས་པ་ནས། རིགས་བདག་གི་བར་མངོན་རྟོགས་བཞིན་འབོགས་པ་ལས། གཙོ་རྐྱང་མ་གཏོགས་འཁོར་མི་བསྐྱེད། དབང་བསྐུར་གྱི་ཚེ་བུམ་ཆུ་སྦྱིན། ཨོཾ་པདྨོ་དྡྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་པདྨ་ཁ་འབུས་ཀྱི་ཕྱག་རྒྱ་སྤྱི་བོར་གཏུགས། གསུང་གི་རྗེས་གནང་ལ་རྗེས་སུ་བཟླས་པའི་ལུང༌། དམ་བཅའ་བའི་ལུང༌། བྱིན་གྱིས་བརླབས་པའི་ལུང་གསུམ་སྤྱི་དང་འདྲ། སླར་ཡང་བུམ་པའི་ཆུས་སྤྱི་བོ་ནས་བླུག་ཅིང་འཐུང་དུ་བཅུགཡེ་ཤེས་ཀྱི་བདུད་རྩིས་ལུས་ཐམས་ཅད་གང་ཞིང་སྡིག་སྒྲིབ་སྦྱངས། བདེ་བས་ཁྱབ་པར་མོས། དེ་ནི་ཐུགས་ཀྱི་རྗེས་གནང་གི་དོད་ཡིན་ནོ། །སློབ་མའི་རྗེས་ཀྱི་བྱ་བ་དང༌། མདུན་བསྐྱེད་ཀྱི་རྗེས་ཀྱི་བྱ་བ། མཆོད་པ་བྱིན་རླབས། མཆོད་བསྟོད། དངོས་གྲུབ་བླང་བ། ཡིག་བརྒྱ་བཟོད་གསོལ། གཤེགས་གསོལ་སྨོན་ལམ་བཀྲ་ཤིས་རྣམས་ཀྱང་སྤྱི་དང་མཐུན་པར་བྱའོ། །མཁས་ཀུན༵་དག༵འ་བའི་པཎྜི་ཏ། །ཤཱཀྱ་ཤྲཱིས་ཞལ་གཟིགས་ནས། །སྒྲུབ་ཐབས་སྙིང༵་པོ༵་ཙམ་ཞིག་མཛད། །ལོཙྪ་རབ་མཆོག་དཔལ་གྱིས་བསྒྱུར། དོན་ཞགས་ཁ་ཆེ་པཎ་ཆེན་ལུགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །

སྤྱན་རས་གཟིགས་ཁ་སཪྤ་ཎ་ལྷ་ལྔའི་སྒྲུབ་ཐབས།


TNT15_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་རས་གཟིགས་ཁ་སཪྤ་ཎ་ལྷ་ལྔའི་སྒྲུབ་ཐབས། ན་མོ་གུ་རུ། གང་གིས་རྒྱལ་བ་ཐམས་ཅད་ཀྱང༌། །བྱང་ཆུབ་མཆོག་སེམས་བསྐྱེད་པ་པོ། །མགོན་པོ་དེ་ལ་གུས་བཏུད་ནས། །སྒྲུབ་ཐབས་ཅུང་ཟད་ཙམ་ཞིག་བྲི། །ཁྲུས་བྱས་སྐྱབས་སེམས་སྔོན་དུ་བཏང༌། རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་


TNT15_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

པོ། དེ་ལས་འོད་ཟེར་འཕྲོས། མདུན་གྱི་ནམ་མཁར་རྗེ་བཙུན་སྤྱན་རས་གཟིགས་གཙོ་བོར་གྱུར་པའི་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅན་སྤྱན་དྲངས་ཏེ་བཞུགས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་ནས་ཤཔྟའི་བར་དང༌། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྣ་ཚོགས་པའི་མཆོད་པ་ཐམས་ཅད་འབུལ་བར་བསམ། ལུས་དང་ངག་དང་ཡིད་ཀྱིས་གང་བགྱིས་པའི། །སྡིག་རྣམས་རྒྱལ་བ་རྣམས་ཀྱི་སྤྱན་སྔར་བཤགས། །འཇིག་རྟེན་གསུམ་གྱི་དགེ་བ་ཐམས་ཅད་ལ། །རབ་ཏུ་དགའ་བས་རྟག་ཏུ་རྗེས་ཡི་རང༌། །དཀོན་མཆོག་གསུམ་ལ་རྟག་ཏུ་བདག་སྐྱབས་མཆི། །རྒྱལ་བས་གསུངས་ལ་སྐྱབས་ཤིང་བརྟེན་པར་བགྱི། །ཇི་སྲིད་སྲིད་པ་བརྟན་གྱུར་དེ་སྲིད་དུ། །སྐྱེ་དགུའི་ཡབ་རྣམས་མྱ་ངན་མི་འདའ་ཞིང༌། །འདིར་ཡང་རྟག་ཏུ་སེམས་ཅན་དོན་མཛད་པས། །སངས་རྒྱས་སྲས་བཅས་དེ་རྣམས་བཞུགས་སུ་གསོལ། །ཐེ་ཚོམ་མཐར་བྱེད་ཇི་ལྟ་བ་ཡི་ཆོས། །ཀྱེ་ཀྱེ་མཐུ་ཆེན་ཁྱོད་ཀྱིས་བསྟན་དུ་གསོལ། །འཁོར་བའི་རྒྱ་མཚོར་འགྲོ་རྣམས་ལྷན་ཅིག་དེར། །གང་གིས་ཕ་རོལ་འགྲོ་ཞིང་དགེ་བསགས་པ། །བསོད་ནམས་རབ་ཏུ་གང་བསགས་འདི་ཀུན་ཀྱང༌། །རྫོགས་པའི་བྱང་ཆུབ་བདག་གིས་བསྔོ་བར་བགྱི། །རྒྱལ་བ་རྣམས་དང་དེ་ཡི་སྲས། །འགྲོ་བའི་བླ་མ་དག་བཅས་ལ། །བདག་གིས་དངོས་པོ་ཐམས་ཅད་ནི། །ཐམས་ཅད་དུ་ནི་དབུལ་བར་བགྱི། །ཞེས་ལན་གསུམ་རྒྱུན་བཤགས་བྱ། ཨོཾ་ཨཱཿཧཱུཾ་མུཿ ཞེས་གཤེགས་སུ་གསོལ། ཚད་མེད་བཞི་སྤྱི་དང་མཐུན་པར་


TNT15_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་རང་སེམས་ཟླ་བ་ལ་གནས་པའི་ཧྲཱིཿདཀར་པོ་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་པའི་སྤྱན་རས་གཟིགས་དཔལ་ལྡན་མཁའ་སྤྱོད་ཀྱི་སྐུར་གྱུར་པ་ནི། ཟླ་བ་དྲི་མ་མེད་པའི་མདོག་ཅན། རྒྱལ་བ་འོད་དཔག་ཏུ་མེད་པས་དབུ་ལ་བརྒྱན་པ། ཕྱག་གཡས་མཆོག་སྦྱིན་མཛད་པ། དེ་ལས་བདུད་རྩིའི་རྒྱུན་འབབ་པ་སྲིད་པ་ཅན་མཐའ་དག་ཚིམ་པར་མཛད་པ། སྙན་གྱི་ཐད་ཀར་ཁ་འབུས་པའི་པདྨ་དཀར་པོའི་སྡོང་བུའི་རྩ་བ་ཕྱག་གཡོན་པའི་མཐེབ་སྲིན་གྱི་ཐུགས་ཀར་འཛིན་པ། ཞབས་གཡས་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་རོལ་བས་བཞུགས་པ། འཛུམ་བག་དང་བཅས་ཤིང༌། རལ་པའི་ཅོད་པན་ཅན། པདྨའི་འདབ་མ་ལྟར་རབ་ཏུ་ཡངས་བའི་སྤྱན་ཟུང་རྣམ་པར་བཀྲ་བ་ལ་སོགས་པ། མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པ། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་ཅིང༌། དར་དཀར་གྱིས་སྨད་དཀྲིས་པ། རྒྱན་ཐམས་ཅད་ཀྱིས་སྤྲས་ཤིང་འོད་དང་འོད་ཟེར་རབ་ཏུ་འབར་བའི་སྐུ་ཅན། ཤིང་རྟའི་འཕང་ལོ་ཙམ་གྱི་པདྨ་དཀར་པོའི་ལྟེ་བར། རི་དྭགས་ཀྱིས་རྙོག་པ་དང་བྲལ་བའི་བསིལ་ཟེར་ཅན་གྱི་གདན་ལ་བཞུགས་པའོ། །གཡས་སུ་སྒྲོལ་མ་ལྗང་ཁུ་མཆོག་སྦྱིན་དང་ཨུཏྤལ་འཛིན་པ། ལང་ཚོ་ལ་བབ་ཅིང༌། ནུ་མ་རྒྱས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དེའི་གཡས་སུ་ནོར་བཟང་གཞོན་ནུ་གསེར་གྱི་མདོག་ཅན་ཐལ་མོ་སྦྱར་བ།


TNT15_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

མཆན་ཁུང་གཡོན་དུ་པོ་ཏི་བཅུག་པ། བྱིས་པའི་རྒྱན་དང་ཆ་ལུགས་ཀྱིས་སྤྲས་པ། གཙོ་བོའི་གཡོན་དུ་ཁྲོ་གཉེར་ཅན་མ་གསེར་མདོག་རྒྱན་སྤངས་པ་རལ་བའི་ཅོད་པན་ཅན། ཕྱག་བཞིའི་གཡས་གཉིས་ཕྱག་འཚལ་བའི་ཚུལ་དང༌། བགྲང་འཕྲེང༌། གཡོན་གཉིས་དབྱུག་གུ་རྩེ་གསུམ་དང༌། སྤྱི་བླུགས་བསྣམས་པ། ཞི་བའི་སྤྱན་གསུམ་དང་ལྡན་ཞིང༌། ན་བཟའ་དམར་པོ་གསོལ་བའོ། །དེའི་གཡོན་དུ་རྟ་མགྲིན་དམར་པོ་བསྐལ་པའི་མེ་ལྟར་འབར་བ། ལྷོ་བ་འཕྱང་ཞིང༌། སྤྱན་གསུམ་པ། མཆེ་བ་གཙིགས་ཤིང༌། སྨ་ར། སྨིན་མ། དབུ་སྐྲ་གྱེན་དུ་བརྫཻས་པ། དབུའི་སྟེང་དུ་རྟ་མགོ་ལྗང་ཁུ་དང་བཅས་པ། གཡས་ཕྱག་འཚལ་བའི་ཚུལ་དང༌། གཡོན་པས་རྡོ་རྗེའི་དབྱུག་པ་དཀར་པོ་ཨོཾ་ཚུགས་སུ་འཛིན་པ། ཁྲོ་བོའི་ཆ་བྱད་ཡོངས་སུ་རྫོགས་པའོ། །འཁོར་བཞི་པོ་རྣམས་བཞེངས་པ་དང་བཞུགས་པ་སོགས་ཞབས་ཀྱི་བཞུགས་སྟངས་ཅི་བདེ་བར་བསྒོམ་པར་བྱའོ། །རང་གི་སྤྱི་བོར་ཟླ་བ་ལ་ཨོཾ། མགྲིན་པར་ཟླ་བ་དམར་སྐྱ་ལ་ཨཿ སྙིང་གར་པདྨ་དཀར་པོ་ལ་གནས་པའི་ཟླ་བ་ལ་ཧཱུཾ། དེའི་སྟེང་དུ་ཟླ་བ་ལ་གནས་པའི་ཧྲཱིཿདེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། འཇིག་རྟེན་མགོན་པོའི་གོ་འཕང་ལ་བཀོད། གདོད་ནས་གྲུབ་པའི་འཕགས་པ་སྤྱན་རས་གཟིགས་ཡེ་ཤེས་སེམས་དཔའ་འཁོར་དང་བཅས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ གོང་བཞིན་མཆོད། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །ཞེས་སོགས་ཀྱིས་བསྟོད། ཛཿཧཱུཾ་བཾ་ཧོཿ


TNT15_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལ་གཉིས་སུ་མེད་པར་ཐིམ། ཐལ་མོ་སྦུག་པོར་སྦྱར་བ་ལས་གུང་མོ་གཉིས་རྩེ་མོར་བྱས་ཤིང༌། སོར་མོ་གཞན་རྣམས་ཀྱང་རྩེ་མོ་ཅུང་ཟད་མ་རེག་པ་པདྨ་ཁ་འབུས་པའི་ཕྱག་རྒྱ་བྱས་ལ་སྤྱན་འདྲེན་པ་དང༌། མཉེས་པར་བྱེད་པ་དང༌། དམ་ཡེ་བསྲེ་བ་རྣམས་བྱའོ། །སླར་ཡང་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས། སྙིང་གའི་ཧྲཱིཿཡིག་ལས་རྗེ་བཙུན་གྱི་སྐུ་དཔག་ཏུ་མེད་པ་སྤྲོས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རིན་པོ་ཆེ་དང༌། བདུད་རྩིའི་ཆར་ཕབ། སེམས་ཅན་རྣམས་ལ་ཆོས་བསྟན་ཏེ་འཕགས་པ་སྤྱན་རས་གཟིགས་ཀྱི་གོ་འཕང་ལ་བཀོད། ཐམས་ཅད་ཀྱི་ཐུགས་ཀར་ཡང་ཧྲཱིཿཡིག་བསྒོམས་ལ། ཡང་དེ་རྣམས་སྤྲུལ་པ་དང་བཅས་པ་སྙིང་གར་བསྡུ་བའི་སྤྲོ་བསྡུ་བསྒོམ་བཞིན་དུ། ཨོཾ་ཧྲཱིཿསྭཱཧཱ། ཞེས་ཅི་ནུས་སུ་བཟླ་བར་བྱའོ། །ཐུན་འཇོག་པའི་ཚེ། འཁོར་བཞི་པོ་རང་གི་སྙིང་གར་བསྡུ་ཞིང༌། རང་ཉིད་ལྷ་སྐུ་སྒྱུ་མ་ལྟ་བུ་ལ་མཉམ་པར་བཞག་ནས་དགེ་བ་བསྔོ། ཅི་སྟེ་མཚན་མ་མེད་པའི་རྣལ་འབྱོར་བསྒོམ་པར་འདོད་ན། རྫོགས་པའི་རིམ་པ་རྣལ་འབྱོར་ཡན་ལག་དྲུག་པ་ཉིད་བསྒོམ་པར་བྱའོ། །མཆོད་གཏོར་འབུལ་བར་འདོད་པས། མཎྜལ་དྲི་བཟང་གི་ཐིག་ལེ་མེ་ཏོག་གི་ཚོམ་བུ་ལྔ་དང་བཅས་པ། མདུན་དུ་མཆོད་ཡོན་གྱི་དུང་ཆོས། མེ་ཏོག་གི་ཕོར་བ། མཆོད་པ་སྣ་ལྔ་སོགས་མཆོད་རྫས་རྣམས་དང༌། གཙང་ཞིང་བཟང་བའི་དཀར་གཏོར་དང་བཅས་པ་བཤམས། བདག་བསྐྱེད་སྔོན་དུ་འགྲོ་བའི་སྒོ་ནས། ཨ་མྲྀ་ཏས་བསངས། མཆོད་པ་བྱིན་རླབས་སྤྱི་དང་མཐུན་པ་ལས། བྱིན་དབབ་ཀྱི་སྔགས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་མེ་གྷ་པྲ་ས་ར་ས་མུ་དྲེ་ཧཱུཾ། ཞེས་ལན་ཉི་ཤུ་རྩ་གཅིག་གིས་བྱིན་གྱིས་བརླབས། མདུན་བསྐྱེད་བསངས་སྦྱངས།


TNT15_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་མ་ཎི་དྷ་རི་བཛྲི་ཎི་མཧཱ་པྲ་ཏི་ས་རེ་རཀྵ་མཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པས་བསྲུང་བ་བྱ། ཨོཾ་བཛྲ་རེ་གེ་ཧཱུཾ་ཞེས་བྱིན་གྱིས་བརླབས། ཞིང་ཁམས་རྣམ་པར་དག་པའི་དབུས་སུ་སེང་གེའི་ཁྲི་པདྨ་དཀར་པོ་དང༌། ཟླ་བའི་གདན་དང་བཅས་པ། དེའི་གཡས་གཡོན་དུ་སྣ་ཚོགས་པདྨའི་གདན་བཞི་ལ། གཡོན་གྱི་ཐ་མ་ལ་ཉི་མ། གཞན་རྣམས་ལ་ཟླ་བ་དང་བཅས་པར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། འཕགས་པ་སྤྱན་རས་གཟིགས་ལྷ་ལྔ་འཁོར་དང་བཅས་པ་སྤྱན་དྲངས། ཨོཾ་ཨཱཿགཙྪ་བྷ་ག་ཝན་མཎྜ་ལ་ཀ་སིངྷ་ཨ་ས་ནེ་ཨོཾ་ཨ། ཨོཾ་པདྨ་ཀ་མ་ལ་ཡེ་སྟྭཾ་གྱིས་གདན་ཕུལ་བཞུགས་པར་བསམ། ཨོཾ་ཏཾ་སུཾ་བྷྲིཾ་ཧཾ་ཕཊ་སྭཱཧཱ། ཞེས་ས་བོན་གྱི་སྔགས་ལན་གསུམ་གྱིས་གསོལ་བ་བཏབ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ལ་ལི་ཏ་ན་མ་མི་ཏྲེར་ན་ན་མི་བྷ་ག་ཝན་ཏཾ། ཛཿཧཱུཾ་བཾ་ཧོཿ པྲ་ཏཱིཙྪ་ཀུ་སུ་མ་ཨཉྫ་ལི་ན་ཐ་ཧོ། ཞེས་མེ་ཏོག་འཐོར་ཞིང་ཕྱག་འཚལ། ས་བོན་གྱི་སྔགས་ཀྱི་མཐར། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ན་མཿ ལན་ལྔས་མཆོད་ཡོན་དང༌། ཡང་ས་བོན་ཀྱི་སྔགས་ཀྱི་མཐར། ཨོཾ་བཛྲ་པུཥྤེ་ཧཱུཾ། ཨོཾ་བཛྲ་དྷུ་པེ་ཧཱུཾ། ཨོཾ་བཛྲ་གནྡྷེ་ཧཱུཾ། ཨོཾ་བཛྲ་དཱི་པེ་ཧཱུཾ། ཨོཾ་བཛྲ་ཨ་ཧཱ་རེ་ཧཱུཾ། ནམ་མཁའ་མཛོད་ཀྱི་སྔགས་དང༌། རོལ་མོའི་སྒྲས་མཆོད། གཏོར་མ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ནས། ས་བོན་གྱི་སྔགས་ཀྱི་མཐར། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། གྲྀཧྞ་གྲྀཧྞ། གྲྀཧྞནྟུ། སརྦ་བྷུ་ཏི་ཀཱ། ཨི་དཾ་བཱ་ལིང་ཏ་སྭཱཧཱ། ཞེས་ལན་བདུན་གྱིས་འབུལ། བསྟོད་པ་ཅི་ཤེས་པས་བསྟོད། འདོད་དོན་གསོལ་བ་བཏབ། ཡིག་བརྒྱ། བཟོད་གསོལ་གཤེགས་གསོལ་


TNT15_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྤྱི་དང་མཐུན་པ་ལས། ཨོཾ་མུ་སྭཱཧཱ། ཞེས་གཤེགས་སུ་གསོལ་སྔགས་སོ། །འདིའི་སློབ་མ་རྗེས་བཟུང་ནི། བཤད་མ་ཐག་པའི་ཆོ་ག་དེ་རྣམས་ཚང་བར་བྱས་ནས། རྗེས་གནང་གི་ངོ་བོ་སྒྲུབ་ཐབས་རྒྱ་མཚོ་དང་འདྲ། མཐར་བུམ་པ་དང༌། ཐོད་པ་དང༌། རྡོ་རྗེ་དང༌། མེ་ལོང་གི་སྟེང་དུ་སིནྡྷུ་ར་བཀྲམ་པ་ལ་ཆོས་འབྱུང་ཧྲཱིཿཡིག་དང་བཅས་པ་བྲིས་པ་རྣམས། རྗེ་བཙུན་སྤྱན་རས་གཟིགས་ལྷ་ལྔར་དཔོན་སློབ་གཉིས་ཀར་གྱིས་བསྐྱེད། ཡི་གེ་འབྲུ་གསུམ་མང་དུ་བཟླས། སློབ་མ་ལ་བུམ་ཆུ་སྦྱིན་ཏེ། ཁྲུས་བྱེད་དུ་གཞུགདྲི་མ་རགས་པ་འཁྲུ་བ་བུམ་དབང་གི་བརྡའོ། །ཐོད་པ་མགོ་བོར་གཏུགས་ཤིང༌། བུ་རམ་ལ་སོགས་པའི་རོ་མངར་བ་སྦྱིན། ཐོད་པ་མི་རྟོག་པ་དང༌། རོ་ཉམས་མྱོང་མཚོན་ཏེ། གསང་དབང་གི་བརྡའོ། །རྡོ་རྗེ་སྙིང་གར་གཏུགས། ཨོཾ་ཨཱཿཧཱུཾ་ཞེས་བརྗོད། ཀུན་རྫོབ་ཀྱི་རྐྱེན་གྱིས་དོན་དམ་འགྱུར་བ་མེད་པའི་གནས་ལ་འཁྲིད་པ། ཤེས་རབ་ཡེ་ཤེས་ཀྱི་བརྡའོ། །མེ་ལོང་སྙིང་གར་གཏུགས་ལ། སིནྡྷུ་རས་སྤྱི་བོར་བྱུགས། མེ་ལོང་ལ་གཟུགས་བརྙན་འཆར་བ་ཡེ་ཤེས་ཀྱི་དཀྱིལ་འཁོར་རྡུལ་ཕྲ་རབ་ཀྱི་ཆོས་ལས་འདས་པ། ཆོས་འབྱུང་སྟོང་པ་ཉིད། ཧྲཱིཿཡིག་བདེ་བ་ཆེན་པོ་མཚོན་ཏེ། དབང་བཞི་པའི་བརྡའོ། །ཞེས་སློབ་མ་ལ་ངོ་སྤྲོད་པ་ནི་ཁྱད་པར་རོ། །དཔེ་མེད་མཚོ་ཡི་གཞུང་ཀུན༵་ལས། །དག༵འ་བའི་སྙིང༵་པོ༵་ཙམ་ཞིག་བསྡུས། །བདག་ཉིད་ཀྱི་ནི་ལྷག་པའི་ལྷར། །མོས་པས་ཅུང་ཟད་རྒྱས་པར་ཕྱེ། །སྒྲུབ་ཐབས་འདི་སྒྲུབ་ཐབས་རྒྱ་མཚོ་ནའང་བཞུགས་མོད། ཐུན་མོང་མ་ཡིན་པའི་ལག་ལེན་དང་བཅས་པ་འདི་གྲུབ་ཆེན་ཨ་ནུ་པ་མ་རཀྵི་ཏིའི་ལུགས་ཀྱི་སྦྱོར་དྲུག་དང་བརྒྱུད་པ་གཅིག་པའི་ཟུར་བཀའ་ཁྱད་པར་ཅན་ལགས་སོ། །སྤྱན་རས་གཟིགས་ཁ་སཪྤ་ཎ་ལྷ་ལྔའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།

སྤྱན་རས་གཟིགས་ཡིད་བཞིན་ནོར་བུ་ལྷ་ལྔའི་སྒྲུབ་ཐབས།


TNT15_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་སྤྱན་རས་གཟིགས་དབང་ནི། །ཡིད་བཞིན་ནོར་བུ་ལྷ་ལྔ་ཡི། །ཚོགས་བཅས་གུས་པས་བཏུད་བཅས་ཏེ། །ཨ་ཏི་ཤ་ཡི་གཞུང་བཞིན་བྲི། །སྐྱབས་སེམས་སྔོན་དུ་འགྲོ་བས། སྤྲོ་ན་གཞུང་ནས་འབྱུང་བ་ལྟར། ཚོགས་ཞིང་སྤྱན་དྲངས་ཏེ། བདུན་རྣམ་དག་བྱ། ཤཱུ་ནྱ་ཏས་སྟོངས་པར་སྦྱངས། ཡཾ་རཾ་བཾ་ལཾ། སུཾ་ལས་འབྱུང་བཞི་རི་རབ་དང་བཅས་པའི་རྩེ་མོར་པཾ་ལས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཨ་ལས་ཟླ་བ་དེར་ཧྲཱིཿཡིག་འོད་ཀྱི་འཕྲོ་འདུ་ལས། འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དམར་པོ། ཕྱག་དང་པོ་གཉིས་པདྨ་དམར་པོའི་སྡོང་བུ་འཛིན་ཞིང་ཁ་འབྱེད་པ། གཉིས་པ་གཉིས་ཀྱིས་བགྲང་འཕྲེང་དང༌། གྷུནྡྷེ་འཛིན་པ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རི་དྭགས་ཀྱི་པགས་པ་དང༌། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འོད་དཔག་མེད་ཀྱིས་དབུ་བརྒྱན། ཐུགས་ཀར་ཟླ་བ་ལ་རྡོ་རྗེའི་ལྟེ་བར་པདྨ་ཧྲཱིཿས་མཚན་པ། དེ་ལས་ལྷ་མོ་བཞི་སྤྲོས་ཏེ་ཕྱོགས་ཀྱི་འདབ་མར་འཁོད་པ་ནི། ཤར་དུ་ཧ་ལས་རྡོ་རྗེ་ཞགས་པ་མ་ཞགས་པ་དང་ནོར་བུ་འཛིན་པ། ལྷོ་རུ་ཏྲཾ་ལས་རྡོ་རྗེ་རིན་ཆེན་མ་ནོར་བུ་དང་དྲིལ་བུ་འཛིན་པ། ནུབ་ཏུ་ཧྲཱིཿལས་རལ་གཅིག་མ་པདྨ་དང་བགྲང་འཕྲེང་འཛིན་པ། བྱང་དུ་ཊ་ལས་ཁྲོ་གཉེར་མ་སྣ་ཚོགས་རྡོ་རྗེ་དང་། གྷུནྡྷེ་བསྣམས་པ། སྐུ་མདོག་ཆ་ལུགས་གཙོ་བོ་དང་མཚུངས་པའོ། །ཡེ་ཤེས་དགུག་གཞུག་སྤྱི་དང་འདྲ། དབང་བསྐུར་ཡང་སྤྱི་དང་འདྲ་བ་ལས། ཡུམ་བཞིའི་དབང་བསྐུར། རིགས་བདག་རྒྱས་གདབ་མི་དགོས།


TNT15_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གསུམ་བྱིན་རླབས་དྲན་པར་བྱས་ནས་བཟླས་པ་བྱ་སྟེ། སྙིང་གར་འཁོར་ལོ་རྩིབས་དྲུག་པའི་ལྟེ་བ་དང་རྩིབས་ལ་ཉེ་སྙིང་བཀོད། མུ་ཁྱུད་ལ་རྩ་བའི་སྔགས་བསྒོམ་སྟེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱཪྱ་ཨ་བ་ལོ་ཀེ་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་ས་ཏྭཱ་ཡ། མཧཱ་ཀ་རུ་ཎི་ཀ་ཡ། ཏདྱ་ཐཱ། ཨོཾ་ཙཀྲ་ཝརྟི་ཙིནྟ་མ་ཎི་མཧཱ་པདྨ་རུ་རུ་ཏིཥྛ་ཛྭ་ལ། ཨ་ཀརྵ་ཡ་ཧཱུཾ་ཕཊ་སྭཱཧཱ། ཞེས་རྩ་སྔགས་དང༌། ཨོཾ་བྷ་ར་ཏ་པདྨེ་ཧཱུཾ། ཞེས་ཉེ་སྙིང་གང་ནུས་བཟླས་ལ། སྙིང་པོ་བཟླ་བ་ལ་མོས་ན། ཨོཾ་པདྨ་ཙིནྟ་མ་ཎི་ཛྭ་ལ་ཧཱུཾ། ཞེས་བཟླའོ། །འདིའི་རྗེས་གནང་གི་ཆོ་ག་ནི། སྒྲུབ་ཐབས་བརྒྱ་རྩ་ཇི་ལྟ་བ་བཞིན་ཡིན་ལ། སྔོན་སྒྲུབ་ཐབས་བརྒྱ་རྩའི་ནང་ན་བཞུགས་པ། བར་སྐབས་སུ་ལོགས་སུ་གར་བ་ཡིན་གསུང༌། ས་སྟེང་ཀུན༵་ཏུ་རྙེད་དཀའ་བ། །རབ་དག༵འ་འཕགས་པའི་སྒྲུབ་ཐབས་འདི། །སྙིང༵་ནས་གུས་པ་ཆེན་པོ༵་ཡིས། །བསྒྲུབས་ན་འཕྲལ་དུ་དོན་ཆེན་འགྲུབ། །སྤྱན་རས་གཟིགས་ཡིད་བཞིན་ནོར་བུ་ལྷ་ལྔའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།

སེམས་ཉིད་ངལ་གསོའི་སྒྲུབ་ཐབས།


TNT15_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། འཇིག་རྟེན་མགོན་པོ་ཐུགས་རྗེའི་གཏེར། །དེ་ལ་བཏུད་ནས་དེའི་སྒྲུབ་ཐབས། །དེ་སྲས་མི་ཏྲ་ཛོ་གིའི་བཞེད། །མདོར་བསྡུས་བྱིན་རླབས་བླ་མེད་བྲི། །སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང༌། སྟོང་པའི་ངང་ལས་པད་ཟླའི་གདན་ལ་རང་སྐད་ཅིག་གི་ཇོ་བོ་ཁ་སཪྤ་ནི་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན་དང༌། གཡོན་གདན་ལ་བརྟེན་པས་པདྨ་དཀར་པོ་འདབ་མ་བརྒྱད་པ་ཡུ་བ་དང་བཅས་པ་འཛིན་པ། ཞབས་གཡས་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་རོལ་པས་བཞུགས་པ། དར་དང་རིན་པོ་ཆེའི་བརྒྱན་པ། རི་


TNT15_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་པ། སྐུ་ལས་འོད་ཟེར་སྣ་ལྔ་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ཀྱིས་དོན་བྱས་པར་གྱུར། ཨོཾ་ཨཱཿཧྲཱིཿཧཱུཾ། ཞེས་ཅི་ནུས་བཟླ། མཇུག་ཏུ་དགེ་བ་བསྔོས་ལ། ཐུན་མཚམས་ལྷའི་ང་རྒྱལ་བྱ། གཏོར་ཆོག་ནི། མདུན་དུ་སྐད་ཅིག་གིས་སྤྱན་རས་གཟིགས་བཞུགས་པར་གྱུར། གཏོར་སྣོད་རིན་པོ་ཆེའི་སྣོད་དུ། ཨོཾ་ཨཱཿཧཱུཾ་ལན་གསུམ་བརྗོད་པས་གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཤྲཱི་ལོ་ཀ་ནཱ་ཐ་ས་པ་རི་ཝཱ་ར་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་མ་མ་རཀྵ་རཀྵ་ཧཱུཾ། ཞེས་ལན་གསུམ་གྱིས་ཕུལ། འདོད་དོན་གསོལ་བ་བཏབ་ལ། མི་དམིགས་པར་སྦྱངས། འདིའི་རྗེས་གནང་ནི། ཙནྡ་དཀར་པོའི་ས་དཀར་གྱི་བྱུགས་པའི་མཎྜལ་གྱི་དབུས་སུ་མེ་ཏོག་དཀར་པོའི་ཚོམ་བུ་བཀོད། གཞན་སྒྲུབ་ཚུལ་རྗེས་གནང་སྤྱི་དང་འདྲ། བསྟོད་པའང་སྤྱན་རས་གཟིགས་སྤྱིའི་རིགས་འགྲེ། རྡོ་རྗེ་འཛིན་པ་སོགས་གསོལ་བཏབ་དང༌། རྒྱུན་བཤགས་གུར་བཞིན་བྱ། སློབ་མ་ཁ་སཪྤ་ཎིར་བསྐྱེད་པ་ལ། སློབ་དཔོན་གྱི་གནས་གསུམ་ནས། ཇོ་བོ་དཀར་དམར་མཐིང་གསུམ་རིམ་པས་སྤྲོས་ནས། སློབ་མའི་གནས་གསུམ་དུ་བསྟིམ་པ་ཉིད། སྐུ་གསུང་ཐུགས་ཀྱི་རྗེས་གནང་ཡིན་ནོ། །དེ་ནས་བཟླས་ལུང་སྤྱི་དང་མཐུན་པར་སྦྱིན་ལ་རྗེས་ཟློས་ལན་བརྒྱ་རྩ་བྱའོ། །རྗེས་སོགས་སྤྱི་དང་འདྲ། སྒྲུབ་ཐབས་ཀུན༵་ལས་ཟབ་པ་ཡི། །སེམས་ཉིད་ངལ་གསོ་དག༵འ་བསྐྱེད་འདི། །སྙིང༵་ནས་སྤྲོ་མེད་ལ་དགའ་བའི། །ལྷའི་རྣལ་འབྱོར་ཟབ་པོར་སྣང༌། སེམས་ཉིད་ངལ་གསོའི་སྒྲུབ་ཐབས་ཀྱི་ལེན་ཚན་ནོ།། །།དར་རྒྱས་འཕེལ། །

རྗེ་བཙུན་མི་ཏྲ་ཛོ་གིའི་ལུགས་འཇིག་རྟེན་དབང་ཕྱུག་གསང་བའི་སྒྲུབ་པ་ཞེས་བྱ་བའི་སྒྲུབ་ཐབས།


TNT15_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། འཕགས་པ་སྤྱན་རས་གཟིགས་དབང་ལ། །བཏུད་ནས་གསང་བའི་སྒྲུབ་ཐབས་ནི། །མི་ཏྲ་ཛོ་གའི་མན་ངག་བཞིན། །མདོར་བསྡུས་ཙམ་ཞིག་ཡེ་གེར་འགོད། །སྐྱབས་སེམས་སྔོན་དུ་འགྲོ་བས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བསྲུང་འཁོར་གྱི་ནང་ཆོས་འབྱུང་གི་དབུས་སུ་འབྱུང་བཞི་རི་རབ་དང་བཅས་པའི་རྩེ་མོར་གཞལ་ཡས་ཁང༌། དབུས་སུ་པད་ཟླའི་གདན་ལ་ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ་ཡོངས་སུ་གྱུར་པ་ལས་རང་ཉིད་འཇིག་རྟེན་མགོན་པོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་ཞལ་གཅིག་ཕྱག་གཉིས་ཡིད་ཙམ་ཁྲོ་བ་སྤྱན་གསུམ་དང་ལྡན་པ། ཕྱག་གཡས་མུ་ཏིག་གི་འཕྲེང་བ་དང༌། གཡོན་པདྨའི་སྡོང་བུ་འཛིན་པས་ཡུམ་ལ་འཁྱུད་པ། རུས་པའི་རྒྱན་གྱིས་བརྒྱན་པ། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས༌། དེ་ལ་འཁྱུད་པའི་ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོ་ཌ་མ་རུ་དང་ཐོད་ཁྲག་འཛིན་པ་རྡོ་རྗེ་ཕག་མོ་དང་མཚུངས་པ། རིགས་བཞི་མཁའ་འགྲོའི་འཁོར་གྱིས་བསྐོར་བ། ཕྱི་སྐོར་དུ། ཐུབ་པ་འཇམ་དཔལ་འོད་དཔག་མེད། །ཕྱག་རྡོར་ཤེས་རབ་ཕ་རོལ་ཕྱིན། །སྒྲོལ་མ་དང་ནི་རིག་བྱེད་མ། ཁྲོ་གཉེར་ཅན་སོགས་དཔག་ཡས་བཞུགས། །གནས་གསུམ་བྱིན་རླབས། ཡེ་ཤེས་སྤྱན་དྲངས། དབང་བསྐུར་རྒྱས་གདབ་རྣམས་སྤྱི་དང་འདྲ་བ་ལས། ཡབ་ཡུམ་གཉིས་ཀ་ལ་འོད་དཔག་མེད་ཀྱིས་དབུ་བརྒྱན། རང་གི་ལྟེ་བ་དང༌། ཡུམ་གྱི་མཁའ་ནང་དུ་དགའ་འཁྱིལ་གྱི་ལྟེ་བར་གཙོ་བོ་ཡབ་ཡུམ། ལག་བཞི་ལ་མཁའ་འགྲོ་མ་བཞི། དེ་གཡོན་སྐོར་དུ་འཁོར་བ་ལ་སེམས་གཏད་དེ་འགོག་པའི་བཟླས་པ་བྱའོ། །དེ་ནས་སྤྲོ་བསྡུའི་དམིགས་པ་གསལ་བཏབ་སྟེ། ཨོཾ་མ་ཎི་པདྨེ་ཧཱུཾ།


TNT15_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཌཱ་ཀི་ནཱི་ཧ་རི་ནི་ས་ཧཱུཾ། འབུམ་ཕྲག་བཅུ་བཞི་བཟླའོ། །ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །སོགས་དང༌། བདེ་སྟོང་གཉིས་སུ་མེད་པ་ཡི། །གསང་བ་ཡེ་ཤེས་ལ་འདུད་དོ། །འཕྲིན་ལས་རྣམ་བཞི་སྒྲུབ་མཛད་པ། །མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །མཐར་སྣོད་བཅུད་ཐམས་ཅད་དཀྱིལ་འཁོར་ལ་བསྡུ། དེ་ཡང་འོད་གསལ་དུ་བསྟིམ། ཐུན་འཚམས་སུ་ལྷ་སྐུར་ལངས་ཏེ་དགེ་བ་བསྔོ། གཏོར་ཆོག་ནི། བླ་མེད་སྤྱི་དང་འདྲ་བ་ལས། སྙིང་པོའི་མཐར་ཨི་དཾ་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པས་འབུལ། འདི་ལ་དབང་ཆོག་རྒྱས་པ་སྦྱོར་བའི་སྲོལ་ཡང་བྱུང་ཞིང༌། རྒྱ་སྟོན་གྱིས་ཀྱང་བྱིན་རླབས་ཀྱི་ཆོ་ག་རྒྱས་པ་ཞིག་མཛད་ནའང༌། དེ་དག་རྙིང་མ་སོགས་གཞན་ནས་བསྲེས་པར་གདའ། འདིའི་རང་ལུགས་བྱིན་རླབས་ནི། སྤྱན་རས་གཟིགས་ཡི་གེ་བདུན་པ་མི་ཏྲིའི་ལུགས་ཉིད་འདོད་པ་སྤོས་པས་བྱ་བ་ཉིད་དོ། །ཀུན་ཏུ་ཟབ་པར་རབ་བསྔགས་ཤིང༌། །རབ་དག༵འི་དང་པ་སྐྱེད་བྱེད་པ། །འཇིག་རྟེན་མགོན་པོའི་སྒྲུབ་ཐབས་ཀྱི། །ཡང་སྙིང༵་གསལ་པོ༵ར་བཀོད་འདི་མཚར། །རྗེ་བཙུན་མི་ཏྲ་ཛོ་གིའི་ལུགས་འཇིག་རྟེན་དབང་ཕྱུག་གསང་བའི་སྒྲུབ་པ་ཞེས་བྱ་བའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །

སྤྱན་རས་གཟིགས་ནམ་མཁའི་རྒྱལ་པོའི་སྒྲུབ་ཐབས།


TNT15_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། འཁོར་ལོས་བསྒྱུར་རྒྱལ་སྟོང་རྩ་དང༌། །སངས་རྒྱས་སྟོང་གི་སྤྲུལ་པའི་གཞི། །ནམ་མཁའི་རྒྱལ་པོར་རབ་གྲགས་པ། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་ཚར་གསུམ་བྱ། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན། སྟོང་ཉིད་བསམ་ཞིང་སྭ་བྷཱ་ཝ་བརྗོད་


TNT15_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང༌། སྙིང་རྗེ་དུང་བ་བསྒོམ། པད་ཟླ་ལ་ཧྲཱིཿལས་རང་ཉིད་འཕགས་པ་སྤྱན་རས་གཟིགས་ནམ་མཁའི་རྒྱལ་པོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། རྩ་ཞལ་གསུམ་དཀར་ལ་ཞི་བ། དེ་སྟེང་གསུམ་སེར་ལ་བཞད་པ། དེའི་སྟེང་གཉིས་མཐིང་ནག་ཁྲོས་པ། དེའི་སྟེང་གཉིས་དམར་སྨུག་མཆེ་བ་གཙིགས་པ། དེ་རྣམས་སྤྱན་གསུམ་གསུམ་དང་ལྡན་ཞིང༌། ཀུན་གྱི་སྟེང་ན་འོད་དཔག་མེད་ཀྱི་ཞལ་ལོ། །ཆོས་སྐུའི་རྩ་ཕྱག་བཅུ་ལས་དང་པོ་གཉིས་ཐལ་མོ་སྦྱར་བ། ལྷག་མ་གཡས་པའི་མུ་ཏིག་གི་འཕྲེང་བ། འཁོར་ལོ། མཆོག་སྦྱིན། སངས་རྒྱས་ཀྱི་སྐུ་གཟུགས། གཡོན་པས་པདྨ་སྤྱི་བླུགས། རིན་པོ་ཆེ། མདའ་གཞུ་སྦྲགས་པའོ། །ཡན་ལག་གི་ཕྱག་སུམ་ཅུ་རྩ་བརྒྱད་ལས། གཡས་རྣམས་རིན་ཆེན་ཞགས་པ་ལྷུང་བཟེད་རལ་གྲི་རྡོ་རྗེ་རྒྱ་གྲམ་ཆུ་ཤེལ་མེ་ཤེལ་གཞུ་སེར་པོ། །ལྕུག་མ་རྔ་ཡབ་ཕུབ་དང་བུམ་པ་དགྲ་སྟ་འཕྲེང་བ་པད་སྔོན་གྷུནྡྷེའི་ཉི་མ་དཀར་པོའོ། །གཡོན་རྣམས་སྤྲིན་དཀར་རལ་པ་པད་སེར་རལ་གྲི་དུང་དང་ཐོད་དབྱུག་འཕྲེང་བ་དྲིལ་བུ་རྡོ་རྗེ་དང༌། །ལྕགས་ཀྱུ་བསིལ་ཡབ་སྤྲུལ་སྐུ་ཁང་བཟང་གླེགས་བམ་འཁོར་ལོ་སྦྲུལ་གཟུགས་དགུན་འབྲུ་པད་དམར་ནོར་བུའོ། །ཉིང་ལག་གི་ཕྱག་སྟོང་རྩ་གཉིས་མཆོག་སྦྱིན་མཛད་པ། ཕྱག་ཐམས་ཅད་ཀྱི་མཐིལ་ན་སྤྱན་མངའ་བ། ཞབས་གཉིས་མཉམ་པར་བཞེངས་པ། རི་དྭགས་ཀྱི་པགས་པ། ཕྲག་པ་ལ་གཟར་བ། དར་དང་རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། མཚན་དཔེ་


TNT15_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་རྫོགས་པའོ། །གནས་གསུམ་དུ་ཨོཾ་ཨཱཿཧཱུཾ། དེ་བཞིན་གཤེགས་པ་རྣམས་ཀྱི་བུམ་པའི་ཆུས་དབང་བསྐུར་བར་གྱུར། ལོངས་སྐུ་དང་སྤྲུལ་སྐུའི་ཞིང་ཁམས་ཐམས་ཅད་དུ་འགྲོ་དོན་མཛད་པར་བསམ། བཟླས་དམིགས་གསལ་བཏབ་ལ། མགྲིན་སྔོན་ཅན་གྱི་གཟུངས་ཅི་རིགས་པར་འདོན། དེ་འཛིན་དཀའ་ན། ཕལ་ཆེར་བོད་སྐད་དུ་སྟོན་ཀྱང་རུང་ལ། དེ་ཡང་མ་གྲགས་པས་མི་ཤེས་ན། ཡིག་དྲུག་ཁོ་ནས་ཀྱང་ཆོག་སྟེ། འདིའི་སྔགས་ཀྱི་གཙོ་བོའང་ཡིན་པས། མ་ཎི་ཉིད་ཅི་ནུས་སུ་འདོན་ནོ། །མཐར་རྩ་བྲལ་གྱི་ངང་ལ་བློ་བཞགཐུན་འཚམས་ཐམས་ཅད་དུ་སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་དང་མ་བྲལ་བར་བྱ། མཆོད་པ་བྱེད་པར་འདོད་ན་ཁྲུས་དང་གཙང་སྦྲ་སྔོན་དུ་འགྲོ་བས། བྲིས་སྐུའམ་ལུགས་སྐུའི་མདུན་དུ་མཆོད་གཏོར་གཙང་སྦྲ་རྒྱ་ཆེར་བཤམས། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་དང༌། མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་གྱིས་བྱིན་གྱིས་བརླབས། མ་ལུས་སེམས་ཅན་སོགས་ཀྱི་སྤྱན་འདྲེན། བཅོམ་ལྡན་ཐུགས་རྗེས་བྱོན་པ་སོགས་མཆོད་ཡོན། ཁྲུས་གསོལ་བཞུགས་གསོལ་རྣམས་བྱ། མཆོད་ཡོན་ཕལ་ཆེར་སོགས་ཀྱིས་མཆོད། སྐྱོན་གྱིས་མ་གོས་སོགས་དང༌། དུས་གསུམ་བདེ་བར་སོགས་ཀྱིས་བསྟོད་ཅིང༌། གཞན་ཡང་མཚན་བརྒྱ་སོགས་ཅི་ནུས་སུ་ཀློག་གོ །གཏོར་མ་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་ཨཱཿཧཱུཾ། ཞེས་ཕུད་གཙོ་བོ་ལ་ཟུར་ཙམ་བསྔོས་ལ། ལྷག་མ་ཨ་ཀཱ་རོའི་སྔགས་ཀྱིས་འབྱུང་པོ་ཐམས་ཅད་ལ་སྦྱིན། འདོད་དོན་གསོལ་བ་གདབ། སྐུ་གཟུགས་ལ་ཡེ་དྷརྨས་རབ་གནས་བྱ། མགྲོན་རྣམས་ཡ་ཧི་ཞེས་པས་


TNT15_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་སུ་གསོལ། འདིའི་སློབ་མ་རྗེས་འཛིན་ནི། བཤད་མ་ཐག་པའི་བདག་བསྐྱེད་མདུན་བསྐྱེད་སྔོན་དུ་སོང་ནས། སློབ་མ་རྣམས་ཁྲུས་བྱ། བཟང་སྤྱོད་ལྟར་ཡན་ལག་བདུན་པ་དང༌། སྐྱབས་འགྲོ་སེམས་བསྐྱེད་གང་འོས་ཕོག་ནས། སྒོམ་ལུང་སྦྱིན་པ་ཁོ་ནས་ཆོག་གོ །འདིའི་སྒྲུབ་ཐབས་རྒྱལ་པོ་བཀའ་འབུམ་ནའང་བཞུགས་མོད་ཀྱི། དེང་སང་དེའི་སྲོལ་འཛིན་པ་རྣམས་དང༌། འདིའི་ལག་ལེན་ཅུང་མི་འདྲ་བར་སྣང་ངོ༌། །འཕྲུལ་སྣང་འཕགས་པའི་ཆོས་སྐོར་འདི། །བོད་ཆོས་ཀུན༵་གྱི་ཐོག་མར་གྲགས། །འདི་ལ་དག༵འ་མགུ་ཡི་རང་བས། །བསྒྲུབས་ན་སྙིང༵་པོ༵འི་དོན་མཆོག་འགྲུབ། །སྤྱན་རས་གཟིགས་ནམ་མཁའི་རྒྱལ་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ།

སྤྱན་རས་གཟིགས་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས།


TNT15_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། འཕགས་པ་འཇིག་རྟེན་དབང་ཕྱུག་གི །སྒྲུབ་ཐབས་ངོ་མཚར་དགའ་བའི་ཏོག །ཡིད་བཞིན་ནོར་བུ་འཁོར་ལོས་བསྒྱུར། །འདོན་ཐབས་བདག་གིས་བཤད་པར་བྱ། །འཕགས་པ་སྤྱན་རས་གཟིགས་ཡིད་བཞིན་ནོར་བུའི་འཁོར་ལོས་བསྒྱུར་བའི་སྒྲུབ་ཐབས་མདོར་བསྡུས་སུ་ཉམས་སུ་ལེན་པར་འདོད་པས། སངས་རྒྱས་ཆོས་དང་སོགས་ལན་གསུམ་བྱ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ཟླ་ལ་རང་སེམས་ཧྲཱིཿལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྩ་བའི་ཞལ་དཀར་བ། དེའི་སྟེང་དུ་ཁྲོ་ཞལ་སྔོན་པོ། སྟེང་ཞལ་འོད་དཔག་མེད་ཀྱི་ཞལ་དམར་བ། ཕྱག་གཡས་ཡིད་བཞིན་གྱི་ནོར་བུ། གཡོན་གྱི་འཁོར་ལོ་ཐུགས་ཀར་གཏོད་པ། ཞབས་མཉམ་པའི་སྟབས་ཀྱིས་བཞེངས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་


TNT15_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱིཿདེ་ལས་འོད་འཕྲོས། རྒྱལ་བ་འོད་དཔག་མེད་དང༌། འཕགས་པ་སྤྱན་རས་གཟིགས་གཙོ་བོར་གྱུར་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས། མ་ལུས་སེམས་ཅན་ཀུན་གྱི་སོགས་ཤོ་ལོ་ཀ་གཅིག་བརྗོད། རང་གི་སྙིང་གའི་ཧྲཱིཿཡིག་གི་མཐར། གཟུངས་སྔགས་གསལ་བཏབ་སྟེ། གཟུངས་བཟླས་པས་དེའི་འོད་ཟེར་གྱིས་མདུན་དུ་བཞུགས་པའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་བརྒྱུད་བསྐུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས་འོད་ཟེར་གྱི་རྣམ་པས་ཕྱིར་འཕྲོས། རང་གི་སྤྱི་བོ་ནས་ཞུགས། སྙིང་གའི་གཟུངས་ལ་ཐིམ་པར་བསམ། ཨོཾ་ཙིནྟ་མ་ཎི་ཙཀྲ་ཝརྟི་མ་ཎི་པདྨེ་ཨ་ཧྲཱིཿཧཱུཾ་ཕཊ་སྭཱཧཱ། རྩ་སྔགས་སོ། །ཨོཾ་པདྨ་བྷ་ར་ཏ་ཀེ་ཨཱཿཧྲཱིཿཧཱུཾ་ཕཊ་སྭཱཧཱ། སྙིང་པོའོ། །དེ་ལྟར་ཅི་ནུས་སུ་བཟླས་ནས། སངས་རྒྱས་བྱང་སེམས་རྣམས་རང་ལ་བསྟིམ་པའམ། བཛྲ་མུཿས་གཤེགས་སུ་གསོལ། དགེ་བ་བསྔོ། ཤིན་ཏུ་བསྡུས་པར་ན། རང་སྤྱན་རས་གཟིགས་སུ་གསལ་བཏབ་ནས། སྔགས་བཟླས་པས་ཀྱང་རུང་ངོ༌། །འདིའི་བཟླས་ལུང་ལ་སྔོན་དུ་མཎྜལ་མཆོད་པ་གྲུབ་ན་ལེགས། མ་གྲུབ་ཀྱང་འགལ་བ་མེད་དོ། །དངོས་གཞི་ནི་མཎྜལ་ཕུལ། གོང་དུ་བཤད་པའི་མངོན་རྟོགས་ཀྱི་དམིགས་པ་རྣམས་འབོགས་པ་ཡིན་པ་ལ། སློབ་མ་སྤྱན་རས་གཟིགས་སུ་སྒོམ་དུ་བཅུགསྤྱན་འདྲེན་གདན་འབུལ། མཆོད་བསྟོད་རྣམས་ལ་རྗེས་ཟློས་བྱེད། བཟླས་པའི་དོད་དུ་བཟླས་ལུང་སྟེར་བ་ཡིན་ནོ། །སྒྲུབ་ཐབས་ཀུན༵་ལས་ཆེས་དཀོན་པའི། །ཡིད་བཞིན་འཁོར་ལོ་དག༵འ་བའི་ཏོག །མཆོག་གྱུར་སྙིང༵་པོ༵འི་སྒྲུབ་ཐབས་འདི། །བྱིན་རླབས་བླ་ན་མེད་པ་ཡིན། །སྤྱན་རས་གཟིགས་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།

བཅུ་གཅིག་ཞལ་འཇིགས་པ་བརྒྱད་སྐྱོབ་ཀྱི་སྒྲུབ་ཐབས།


TNT15_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཅིག་ཞལ་འཇིགས་པ་བརྒྱད་སྐྱོབ་ཀྱི་སྒྲུབ་ཐབས་སོ། །ཨོཾ་སྭཱ་སྟི། སྙིང་རྗེ་ཆེན་པོ་ཀུན་དངོས་གྲུབ། །མཐའ་དག་རྒྱལ་བའི་སྲས་ཀྱི་ཚུལ། །དེ་ལ་གུས་པས་བཏུད་བྱས་ནས། །འཇིགས་པ་ཀུན་སེལ་སྒྲུབ་ཐབས་བཤད། །འཕགས་པ་བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་སྒྲུབ་ཐབས་དང་འདྲ་བ་ལས། པདྨ་འདབ་མ་བརྒྱད་པའི་དབུས་སུ། འཕགས་པ་བཅུ་གཅིག་ཞལ་དཔལ་མོ་ལུགས་བཞིན་ལས། ཞབས་སྐྱིལ་ཀྲུང་གིས་བཞུགས་པ། འདབ་མ་བརྒྱད་ལ་ཧྲཱིཿཡིག་རེ་རེ་ལས། འཇིགས་པ་བརྒྱད་སྐྱོབ་པའི་འཕགས་པ་སྤྱན་རས་གཟིགས་བརྒྱད་དུ་གྱུར་པ་ནི། ཤར་དུ་མེའི་འཇིགས་པ་ལས་སྐྱོབ་པ་དཀར་པོ། གཡས་སྐྱབས་སྦྱིན་དང་རྔ་ཡབ། གཡོན་པདྨ་དང་ཆུ་ཤེལ་འཛིན་པ། ལྷོ་རུ་ཆུའི་འཇིགས་སྐྱོབ་དཀར་པོ། གཡས་སྐྱབས་སྦྱིན་དང་རིན་པོ་ཆེ། གཡོན་པདྨ་དང་འཁོར་ལོ། དེ་བཞིན་དུ་འོག་མ་རྣམས་ལ་ཡང༌། ཕྱག་དང་པོ་གཉིས་སྐྱབས་སྦྱིན་དང་པདྨ་ཁོ་ནར་ཤེས་པ། ནུབ་ཏུ་སེངྒེ་འཇིགས་སྐྱོབ་སེར་པོ་ནོར་བུ་དང་པོ་ཏི། བྱང་དུ་གླང་པོའི་འཇིགས་སྐྱོབ་དམར་སེར་ཨུཏྤལ་དང་མེ་ཤེལ། ཤར་ལྷོར་ཆད་པའི་འཇིགས་སྐྱོབ་དམར་པོ་ལྕགས་ཀྱུ་དང་ཞགས་པ། ལྷོ་ནུབ་ཏུ་ཀླུའི་འཇིགས་སྐྱོབ་ལྗང་ཁུ་རྒྱལ་མཚན་དང་གྷུནྡྷེ་ཅན་ཆུ་སྲིན་ལ་གནས་པ། ནུབ་བྱང་དུ་མཁའ་འགྲོའི་འཇིགས་སྐྱོབ་ནག་པོ་རྩེ་གསུམ་དང་བ་དན་ཅན། བྱང་ཤར་དུ་མི་རྒོད་འཇིགས་སྐྱོབ་དམར་པོ་རྡོ་རྗེ་དང་དྲིལ་བུ། དེ་ཐམས་


TNT15_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱང་ཁྲོ་བོའི་ཉམས་ཅན། ཁྲོ་བོའི་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པ། གཡོན་བརྐྱང་གི་སྟབས་ཅན་ནོ། །མངོན་རྟོགས་ཀྱི་ལྷག་མ་དང༌། གཟུངས་སྔགས་ཀྱི་དཔལ་མོ་ལུགས་ཇི་ལྟ་བ་བཞིན་དུ་བྱ། འདི་ལ་གཏོར་ཆོག་མི་དགོས། རྗེས་གནང་ཡང་མི་དགོས་ཏེ་ལུང་ཙམ་གྱིས་འགྲུབ་བོ། །སློབ་དཔོན་ཙནྡྲ་གོ་མའི་བཞེད་པར་གྲགས་པ། དཔལ་ལྡན་ཨ་ཏི་ཤའི་ལུགས་ཀྱི་མན་ངག་གོ །འཇིགས་པ་ཀུན༵་ལས་སྐྱོབ་པ་ཡི། །སྒྲུབ་ཐབས་མཆོག་ཏུ་ཉམས་དག༵འི་གནས། །ཡིག་སྙིང་རྒྱས་པའི་ཚིགས་ཆེན་གྱིས། །སྙིང༵་པོ༵་བསྡུས་པ་འདི་ཙམ་ལགས། །བཅུ་གཅིག་ཞལ་འཇིགས་པ་བརྒྱད་སྐྱོབ་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། མངྒ་ལཾ། །

སྤྱན་རས་གཟིགས་རྡོ་རྗེ་སྙིང་པོ་རབ་ཏུ་འཇོམས་པའི་སྒྲུབ་ཐབས།


TNT15_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། གང་ཞིག་བསྒོམས་ཤིང་བཟློས་པ་ཡིས། །དཀོར་དང་སྦགས་པའི་ཉེས་པ་སོགས། །ཀུན་འཇོམས་སྤྱན་རས་གཟིགས་ཀྱི་ནི། །སྒྲུབ་ཐབས་དམ་པ་བཤད་པར་བྱ། །ཐུན་གྱི་མགོར་སྡིག་བཤགས་གང་འགྲུབ་དང༌། སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། རང་སྐད་ཅིག་གིས་ཇོ་བོ་སྤྱན་རས་གཟིགས་སྐུ་མདོག་དཀར་ལ་ཞལ་དབུས་མ་ལྔ་བརྩེགས་ཤིན་ཏུ་ཁྲོས་པ་སྔོན་པོ། གཡས་གསུམ་བརྩེགས་དཀར་བ་དང༌། གཡོན་གསུམ་བརྩེགས་དམར་བ་ཞི་བ། ཕྱག་དང་པོ་གཉིས་སྔོན་པོ་ཐུགས་ཀར་ཐལ་མོ་སྦྱར་བ། གཞན་རྣམས་དཀར་བའི་གཉིས་པ་གཉིས་རྡོ་རྗེའི་འཕྲེང་བ་དང་པདྨ་དམར་པོ། གསུམ་པ་གཉིས་འཁོར་ལོ་དང་མདའ་གཞུ། བཞི་པ་གཉིས་ལྕགས་ཀྱུ་དང་མེ་དཔུང་བསྣམས་པ་མེ་དཔུང་འབར་བའི་དབུས་ན་མཉམ་པར་བཞེངས་པ། མཚན་ཉིད་གཞན་སྤྱི་དང་མཐུན། སྙིང་གར་ཧྲཱིཿཡིག་ལ་སྔགས་གསུམ་རིམ་དུ་བསྐོར་


TNT15_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསམས་ནས། ཨོཾ་ཨཱཿཧྲཱིཿཧཱུཾ། ཞེས་པ་དང༌། ཨོཾ་མ་ཎི་པདྨེ་ཧཱུཾ་དང༌། ན་མོ་རཏྣ་ཏྲཱ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ། མཧཱ་ཀཱ་རུ་ཎི་ཀཱ་ཡ། བཛྲ་ས་ར་པྲ་མརྡྷ་ནི། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ། ཝཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། སརྦ་ཀླེ་ཤ སརྦ་ཀརྨ་ཨ་ཝ་ར་ཎ་ནི། ཤུདྡྷེ་ཤུདྡྷེ། བི་ཤུདྡྷེ་བི་ཤུདྡྷེ། ག་ག་ན་སྭ་བྷཱ་ཝ་བི་ཤུདྡྷེ་སྭཱཧཱ། ཞེས་པ་རྣམས་ཅི་འགྲུབ་ཏུ་བཟླའོ། །འཇུག་ཏུ་སྟོང་པ་ཉིད་ཀྱི་དོན་བསྒོམ། དགེ་བ་བསྔོ། འདི་ནི་མི་ཏྲ་ཛོ་གིའི་གདམས་ངག་སྟེ། སྤྱན་རས་གཟིགས་ཀྱི་ཆོས་སྐོར་གཞན་ཐོབ་པ་ལ་ལུང་གིས་འགྲུབ་པའོ། །སྡིག་སྒྲིབ་སྦྱང་བར་ཀུན་ཏུ་བསྔགས། །བསྲུང་བ་ཀུན༵་ལས་དག༵འ་བའི་ཏོག །འདི་ལ་ཉམས་ལེན་སྙིང༵་པོ༵ར་བགྱིས། །བྱིན་རླབས་བླ་མེད་ཡོད་པར་ངེས། །སྤྱན་རས་གཟིགས་རྡོ་རྗེ་སྙིང་པོ་རབ་ཏུ་འཇོམས་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །

འཕགས་པ་སྤྱན་རས་གཟིགས་སེང་གེའི་སྒྲའི་སྒྲུབ་ཐབས།


TNT15_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ཐུགས་རྗེ་ཆེན་པོའི་བདག་ཉིད་ནི། །འཇིག་རྟེན་དབང་ཕྱུག་ལ་བཏུད་ནས། །ནད་ཀུན་སེལ་མཛད་སེང་གེའི་སྒྲའི། །སྒྲུབ་ཐབས་ཅུང་ཟད་བྲི་བར་བྱ། །འདིར་སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་གཞུང་དང༌། གཟུངས་མདོ་ཆུང་ངུ་ལ་བརྟེན་པའི་ལག་ལེན་ཟུར་བཀར་གྲགས་པ། ས་ལུགས་དང༌། དཔྱལ་ལུགས་སོ་སོར་ཐོབ་མོད་ཀྱི། དོན་གཅིག་ཏུ་འདུ་ཞིང༌། ས་ལུགས་ལ་ཡང་ལོ་ཆེན་རིན་བཟང་ནས་བརྒྱུད་པ་ལ་ཐུན་མོང་བ་ཟེར་ཞིང༌། ཧང་དུ་དཀར་པོ་ལ་མལ་ལོས་ཞུས་པའི་ལུགས་ཚོགས་བསགས་བཅུ་གསུམ་སོགས་བྱེད་པ་འདི་ལ་ཐུན་མོང་མ་ཡིན་པ་ཟེར་བའི་བརྡ་ཆད་མཛད་ཀྱིན་འདུག་ཅིང༌། རྗེས་གནང་ཡང་སོ་སོར་མ་བྱས་ན་མི་རུང་བ་ལྟར་བྱེད་མོད།


TNT15_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྔགས་དང་ཆོ་གའི་དངོས་གཞི་ལ་མི་འདྲ་བ་ཅང་མེད་པས། འདིར་གཅིག་ཏུ་བསྡོམ་སྟེ་བཤད་པར་བྱའོ། །སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། རང་གི་སྙིང་གར་ཟླ་བའི་སྟེང་དུ་ཧྲཱིཿདེའི་འོད་ཀྱིས་ལུས་གང༌། ལུས་འོད་ཀྱི་གོང་བུར་གྱུར། སྡིག་སྒྲིབ་སྦྱངས། ཕྱིར་འཕྲོས་ཏེ་རང་བཞིན་གྱི་གནས་ནས། བླ་མ་དང༌། རྗེ་བཙུན་སེང་གེ་སྒྲ་འཁོར་བཅས་བཛྲ་ས་མཱ་ཛཿ ན་མོ་གུ་རུ་བྷྱཿ ན་མོ་བྷཊྚ་ར་ཀ་སིངྷ་ན་དེ་བྷྱཿ ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭེ་བྷྱཿ ཨོཾ་སིདྷ་ན་ད་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟ་པྲ་ཏཱི་ཙྪ་སྭཱ་ཧཱའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་སོགས་ལན་གསུམ། ཚད་མེད་བཞི་སྤྱི་དང་མཐུན། ཤཱུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་དམར་པོའི་སྟེང་དུ། མིང་ལས་སེང་གེ་དཀར་པོ་ཉལ་སྟབས་མགོ་གཡས་སུ་ཕྱོགས་ཤིང༌། གདོང་པ་གྱེན་དུ་ཕྱོགས་པ་རལ་པ་དམར་སེར་ཐུར་དུ་འཕྱང་ཞིང་རིན་པོ་ཆེའི་དྲ་བས་གཡོགས་པའི་སྟེང་དུ། ཨ་ལས་ཟླ་བ་ལ་ཧྲཱིཿདཀར་པོ་རེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། འཕགས་པ་སྤྱན་རས་གཟིགས་ཀྱི་གོ་འཕང་ལ་བཀོད། ཚུར་འདུས་ཧྲཱིཿཐིམ་པ་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་སེང་གེ་སྒྲ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་པུས་མོ་གཡས་ཀྱི་སྟེང་དུ་བརྐྱང་ཞིང༌། གཡོན་རྒྱབ་ཀྱི་ཆར་གདན་ལ་བརྟེན་པ། སྤྱན་གསུམ་དང་ལྡན་ཞིང༌། རལ་པའི་ཐོར་ཚུགས་ཅན། ཞབས་གཡོན་བརྐྱང་པའི་རྒྱལ་པོ་རོལ་པའི་སྟབས་ཀྱིས་ཞུགས་པ། རྒྱན་སྤངས་པ་དཀའ་ཐུབ་ཀྱི་


TNT15_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ལུགས་ཅན། ཚངས་པའི་སྐུད་པ་དང་ལྡན་པ། དར་དམར་པོའི་ཤམ་ཐབས་དང༌། རི་དྭགས་ནག་པོའི་པགས་པས་ནུ་མ་གཡོན་པ་བཀབ་པ། སྐུའི་གཡས་ལོགས་སུ་ཏྲི་ཤུ་ལ་ལྗང་ཁུ་ལ་སྦྲུལ་དཀར་པོས་དཀྲིས་པ་དང༌། གཡོན་ལོགས་སུ་པདྨའི་སྟེང་དུ་ཐོད་པ་མེ་ཏོག་སྣ་ཚོགས་ཀྱིས་གང་བ་དང༌། པད་དཀར་གྱི་སྡོང་པོ་སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་ན་ཤེས་རབ་ཀྱི་རལ་གྲི་མེ་འབར་བ་དང་བཅས་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་དབུས་སུ་ཟླ་བ་ལ་ཧྲཱིཿདེ་ལས་འོད་འཕྲོས། རྗེས་བཙུན་སེང་གེ་སྒྲ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ གོང་ལྟར་མཆོད། ཛཿཧཱུཾ་བཾ་ཧོཿ ཡང་འོད་འཕྲོས། དབང་གི་ལྷ་རྒྱལ་བ་རིགས་ལྔ་བཛྲ་ས་མཱ་ཛཿ ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་པ་ནས། ཤྲཱི་ཡེ་ཧཱུཾ་ཞེས་གསུང་ཞིང༌། བུམ་པའི་ཆུས་དབང་བསྐུར་སྐུ་གང༌། དྲི་མ་དགཆུ་ལྷག་མ་ཡར་ལུད་པ་ལས། འོད་དཔག་མེད་ཀྱིས་དབུ་བརྒྱན། སྤྱི་གཙུག་ཏུ་རྣམ་སྣང༌། དཔུང་པ་གཡས་ལ་མི་བསྐྱོད་པ། གཡོན་ལ་འོད་དཔག་མེད། དཔྱི་གཡས་པར་རིན་འབྱུང༌། གཡོན་པར་དོན་གྲུབ་རྣམས་སྤྲུལ་པ་དཔག་ཏུ་མེད་པ་འཕྲོ་ཞིང་བཞུགས་པར་གྱུར། བཟླས་དམིགས་གསལ་བཏབ་ལ། ཨོཾ་ཨཱཿཧྲཱིཿསིདྷ་ན་ད་ཧཱུཾ་ཕཊ།


TNT15_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་སྙིང་པོ་དང༌། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱཪྱ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་ས་ཏྭཱཡ། མཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཊཾ་ཀ་ཊེ། ཀ་རོ་ཊེ་ཀ་རོ་ཊེ། བིདྱེ་སྭཱཧཱ། ཞེས་པ་གཟུངས་ཏེ། ཅི་འགྲུབ་ཏུ་བཟླའོ། །མཐར་ལྷ་སྐུ་མི་དམིགས་པར་སྦྱངས་ཏེ་སྟོང་པ་ལ་མཉམ་པར་གཞགསླར་ཡང་ལྷའི་ང་རྒྱལ་གྱིས་དགེ་བ་བསྔོས་ནས། ཐུན་འཚམས་ལ་འཇུག་གོ །འདི་ལ་བདག་བསྐྱེད་ཀྱི་ཡེ་ཤེས་པ་མཆོད་ནས་གཤེགས་གསོལ་བྱེད་པ་ནི། གྲུབ་མཐའི་ཞེན་དུ་དམིགས་ནས་བྱས་པར་ཟད་ཀྱི། འདི་ཉིད་ཀྱི་མན་ངག་རྙིང་པ་རྣམས་ལའང་མེད་ལ། དོན་ལ་དགོས་པའང་མ་ཡིན་ནོ། །རྗེས་གནང་གི་ཆོ་ག་ནི། ནཱ་རོ་པའི་མན་ངག་གི་ལུགས་དེ་དང་མཐུན་པར་བྱས་ན་གཅིག་ཤོས་ཞོར་ལ་ཐོབ་པར་འགྱུར་བ་ཡིན་པས། དེ་བཞིན་བྱ་སྟེ། མཎྜལ་པདྨ་འདབ་བརྒྱད་དཀར་པོ་ཚོམ་བུ་ཅན་ཞིག་བྱ། ཕྱོགས་གང་ཡང་རུང་བར་བུམ་པ་སྤྱི་དང་མཐུན་པར་བཤམས། མཆོད་པ་དང་དཀར་གཏོར་གང་འོས་སྒྲིགབདག་བསྐྱེད་སྔོན་དུ་འགྲོ་བས་མཆོད་པ་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། མདུན་བསྐྱེད་བུམ་པ་དང་བཅས་པ་བསངས་སྦྱངས། སྟོང་པའི་ངང་ལས་མཎྜལ་གྱི་སྟེང་དང༌། བུམ་པའི་ནང་དུ་པཾ་ལས་ཞེས་པ་ནས། དབུ་བརྒྱན་གྱི་བར་གོང་བཞིན་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། མི་འཇིགས་ཐོགས་མེད་སེང་གེའི་ཁྲི་སྟེང་དུ། །རྣམ་དག་འོད་གསལ་ཟླ་བའི་དཀྱིལ་འཁོར་མཛེས། །སྐུ་མདོག་དཀར་གསལ་གངས་རིའི་ཕུང་པོ་འདྲ། །རྗེ་བཙུན་སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །བདུད་ཀྱི་གཡུལ་བཟློག་


TNT15_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་དམར་མཚན་དཔེས་སྤྲས། །ཆོས་སྐུ་སྟོང་ཉིད་ནམ་མཁའ་ལྟ་བུ་ལ། །གཟུགས་སྐུ་འགྲོ་བའི་དོན་དུ་ཅིར་ཡང་སྤྲུལ། །དཔའ་བོ་སེང་གེ་སྒྲ་ལ༴ འགྲེ། ཕྱག་གཡས་རྩེ་གསུམ་རྒྱལ་རིགས་སྦྲུལ་གྱིས་དཀྲིས། །གཡོན་ན་ཐོད་པ་རལ་གྲི་འབར་བ་ཡིས། །སྒྲུབ་པ་པོ་ལ་དངོས་གྲུབ་བློ་སྩོལ་བའི། །དམ་པ་སྐྱེས་མཆོག་ཁྱོད་ལ༴ སྐུ་ལས་དེ་བཞིན་གཤེགས་པ་ལྔ་སྤྲོ་ཞིང༌། །སློབ་དཔོན་འོད་དཔག་མེད་པས་དབུ་ལ་བརྒྱན། །སྤྱན་གསུམ་གཟིགས་པས་སྡུག་བསྔལ་ཞི་བར་མཛད། །རྗེ་བཙུན་ཐུགས་རྗེ་ཅན་ལ༴ སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །གྲོང་གི་ཆ་དང་ཡུལ་ལྗོངས་སྤངས་པའི་སར། །བག་མེད་ཉལ་དང་སྤྱོད་ལམ་ཐམས་ཅད་དུ། །རྗེ་བཙུན་ཁྱེད་ཀྱིས་ཐུགས་རྗེས་བཟུང་དུ་གསོལ། །ཅེས་བསྟོད་ཅིང་གསོལ་བ་བཏབ་ནས། མཎྜལ་དང༌། བུམ་པའི་ལྷ་ལ་དམིགས་ནས་བཟླས་པ་ཅི་འགྲུབ་བྱ། དེ་གཉིས་ལ་ཐུན་མོང་དུ། གཏོར་མ་བསངས་སྦྱངས། འབྲུ་གསུམ་གྱིས་བྱིན་གྱིས་བརླབས། གཟུངས་རིང་གི་སྭཱཧཱའི་གོང་དུ་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཅུག་པ་ལན་ལྔས་མདུན་བསྐྱེད་དང་བུམ་པ་གཉིས་ཆར་ལ་དམིགས་ནས་འབུལ། ཨརྒྷཾ་ལ་སོགས་པས་མཆོད། ཆོས་སྐུ་མཉམ་ཉིད་ངང་ལས་མ་གཡོས་ཀྱང༌། །མཐའ་ཡས་འགྲོ་བའི་སྡུག་བསྔལ་ཞི་བའི་ཕྱིར། །ཀླུ་འདུལ་བྱམས་པའི་རང་བཞིན་གཟུགས་སྐུར་བསྟན། །འཕགས་པ་སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །ཞེས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་སོགས། འདོད་དོན་གསོལ་བ་བཏབ། མཆོད་


TNT15_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཕུལ་བས་བུམ་ནང་གི་ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་དུ་ཞུ་བར་བསམ། སྤྲོ་ན་ཀླུ་གཏོར། རྒྱལ་ཆེན་བཞིའི་གཏོར་མ་ཆ་གསུམ་དང་བཅས་པ་རྣམས་བཏང༌། སློབ་མའི་བྱ་བ་ནི་རྗེས་གནང་གི་ངོ་བོ་སྒྲུབ་ཐབས་རྒྱ་མཚོའི་ཆིངས་དེ་ཉིད་དང་མཐུན་པ་ལས། ཐོག་མར་བགེགས་གཏོར་བཏང༌། བཀྲུ་བྱབས་བསྲུང་གསུམ་བྱེད་སྐུའི་རྗེས་གནང་གི་མཐར་མངོན་རྟོགས་ལྟར་དབང་བསྐུར། སློབ་དཔོན་གྱི་སྐུའི་རིགས་ལྔ་ལས་རིགས་ལྔ་དཔག་ཏུ་མེད་པ་སྤྲོས་ཏེ་བསྟིམ། བཟླས་ལུང་གིས་སྐབས་སྙིང་གར་ས་བོན་གྱི་མཐར་སྙིང་པོ་དང༌། དེའི་མཐར་གཟུངས་ཀྱིས་བསྐོར་བ། སློབ་དཔོན་གྱི་ཐུགས་ཀ་ནས་སློབ་མའི་སྙིང་གར་སྤྲོ་བའི་དམིགས་པ་བྱེད། ཆོ་ག་ལྷག་མ་སྤྱི་དང་འདྲ། ཐུན་མོང་བར་གྲགས་པའི་རྗེས་གནང་ནི། སྐུ་གསུང་ཐུགས་ཀྱི་རྗེས་གནང་དུ་མིང་འདོགས་བསྒྱུར་བ་མ་གཏོགས། སྒྲུབ་ཐབས་བརྒྱ་རྩའི་ཆིངས་ཁོ་ན་བཞིན་ནོ། །ཟབ་མོར་གྲགས་ཤིང་གྲུབ་པ་ཡི། །མན་ངག་ཡི་གེ་ཀུན༵་མཐོང་ནས། །དག༵འ་བའི་ཡིད་ཀྱིས་སྙིང༵་པོ༵་ཙམ། །བསྡུས་ལ་ཉེས་སྐྱོན་མེད་པར་སེམས། །འཕགས་པ་སྤྱན་རས་གཟིགས་སེང་གེའི་སྒྲའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། མངྒལཾ། །

འཕགས་པ་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས།


TNT15_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། འཇིག་རྟེན་མགོན་ལ་བཏུད་བྱས་ཏེ། །རྒྱལ་བ་རྒྱ་མཚོའི་ཆོས་སྐོར་ནི། །ཤིན་ཏུ་མང་ཡང་དེའི་སྙིང་པོ། །ཟབ་ལ་འདྲིལ་བ་ཅུང་ཟད་བཤད། །སྐྱབས་སེམས་ཡན་ལག་བདུན་པ་དང་བཅས་སྔོན་དུ་བཏང༌། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས་ནས། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནོ། །སྙིང་རྗེ་དུང་བ་བསྒོམ་སྟེ། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནོ། །པད་ཟླ་ལ་རང་སེམས་ཧྲཱིཿཡིག་བསྒོམ་སྟེ། རྒྱུའི་ཏིང་ངེ་འཛིན་ནོ། །དེ་ལས་རང་ཉིད་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་སྐུ་མདོག་


TNT15_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་ཕྱག་དང་པོ་གཉིས་ཐལ་མོ་སྦྱར་བ། གཡས་འོག་མ་མུ་ཏིག་དམར་པོའི་འཕྲེང་བ། གཡོན་འོག་མས་པདྨ་དམར་པོ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང༌། དར་དང་རིན་པོ་ཆེས་བརྒྱན་པ། སྤྱི་བོར་སངས་རྒྱས་འོད་དཔག་མེད། ཐུགས་ཀར་རྟ་མགྲིན་རྡོ་རྗེ་འཕྱར་ཞིང་སྡིགས་མཛུབ་མཛད་པ། ལྟེ་བར་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོ་ཕྱག་གཡས་གཉིས་ན་རལ་གྲི་དང་ཌཱ་མ་རུ། གཡོན་གཉིས་ན་རྩེ་གསུམ་དང་ཐོད་ཁྲག་འཛིན་པ་རུས་པའི་རྒྱན་ཅན་ནོ། །ལྷ་ཐམས་ཅད་ཀྱི་གནས་གསུམ་བྱིན་རླབས། ཡེ་ཤེས་པ་སྤྱན་འདྲེན། དབང་བསྐུར་ཙམ་བྱེད། རྒྱས་བཏབ་རང་ཆས་སུ་ཡོད་པས་བྱེད་མི་དགོས་སོ། །ཨོཾ་ཨཱཿཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ། དྷུ་མ་གྷ་ཡེ་ན་མ་ཧ་རི་ནི་ས། ར་ཙ་ཧྲཱིཿཡ། ཞེས་བཟླས་པ་བྱ། གཏོར་མ་འབྲུ་གསུམ་གྱིས། བདུད་རྩིར་བྱིན་གྱིས་བརླབས་ལ། ཨ་ཀཱ་རོས་འབུལ། བདག་བསྐྱེད་ལ་ཡང་གཏོར་འབུལ་དགོས་གསུང༌། འདིའི་བྱིན་བརླབ་ནི། མདུན་བསྐྱེད་ཀྱི་རྟེན་པདྨ་འདབ་བཞི་ཚོམ་བུ་ཅན་ལ་བུམ་པ་བཅུད་ལྡན་དང་ཐོད་པ་ཆང་གིས་གང་བ། སིནྡྷུ་རའི་དཀྱིལ་འཁོར་སྔགས་ཅན། རྡོ་རྗེ་རྣམས་བརྩེགས་ཏེ་བཞགབདག་མདུན་དབྱེར་མེད་བཟླས་པ་དང་བཅས་པ་སོང་ནས། གཏོར་མ་འབུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། མགོན་པོ་ཐུགས་རྗེ་ཆེན་པོ་ནི། །འོད་དཔག་མེད་པས་དབུ་ལ་བརྒྱན། ཁྲོ་བོའི་མཁའ་འགྲོ་ལས་ལ་བསྐུལ། །ཕྱག་འཚལ་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་བསྟོད། མཎྜལ་འབུལ། དགའ་ཆེན་ཁྱོད་བདག་སོགས་ཀྱིས་གསོལ་བ་བཏབ་གུར་ནས་འབྱུང་བའི་རྒྱུན་བཤགས་བྱ། མཎྜལ་དབུས་ཀྱི་ལྷས་བུམ་པའི་དབང་བསྐུར་བར་བསམ་ལ།


TNT15_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་བལྟམས་པ་སོགས་བརྗོད། ཐོད་པའི་དབུས་ན་བཞུགས་པའི་འཕགས་པ་སྤྱན་རས་གཟིགས་ཡབ་ཡུམ་གྱིས་བྱང་ཆུབ་སེམས་ཀྱི་དབང་བསྐུར་བར་བསམས་ལ། ཨོཾ་ཨཱཿཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་ནང་མཆོད་སྦྱིན། སིནྡྷུ་རའི་ལྷས་རིག་མ་གཏད་ཅིང༌། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བར་བསམ་ཞིང༌། ཨོཾ་དྷུ་མ་གྷ་ཡེ་ན་མ་ཧཱུཾ་ཞེས་མེ་ལོང་སྙིང་གར་གཏུགས། ཧ་རི་ནི་ས་ར་ཙ་ཧྲཱིཿཡ་ཞེས་བརྗོད་ཅིང༌། སིནྡྷུ་ར་གནས་བཞིར་བྱུགས་རྡོ་རྗེ་བསྟན་ཏེ། སེམས་སྣང་སྟོང་བརྗོད་བྲལ་དབང་བཞི་པའི་དོན་དུ་ངོ་སྤྲད། རྗེས་ཀྱི་བྱ་བ་སྤྱི་དང་འདྲ། བྱིན་རླབས་ཀྱི་རྗེས་སུ་བསྒོམ། ལུང་རེ་གནང་བའི་སྲོལ་ཀྱང་གདའོ། །རྒྱལ་བ་རྒྱ་མཚོ་ལྷ་བཅུ་གསུམ་མའི་དབང་ཆོག་ཆེན་མོ་ཡང་ཐོས་མོད་ཀྱི། སྙིང་པོ་འདི་ཁོ་ན་ངོ་མཚར་ཆེ་བ་ཡིན་གསུང༌། སྒྲུབ་ཐབས་འདིའི་ལུགས་ཐ་དད་པ་ཕལ་ཆེར་གྱི་ཡི་གེ་སྣ་རེ་རེ་སྣང་ཞིང༌། བྱིན་རླབས་ཀྱི་ཆོ་ག་ནི་བླ་མའི་གསུང་ལས་བྱུང་བའོ། །དབང་སྡུད་ལྷ་རྣམས་ཀུན༵་གྱི་ཕུལ། །རབ་དག༵འ་སེམས་ཀྱིས་འབད་ནས་ཞུས། །གཞན་ལ་མེད་པ་སྙིང༵་པོ༵འི་དོན། །སྒང་སྟེ་དྲིལ་ནས་གནང་བ་ཡིན། །སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་བདེ་གཤེགས་བཞི་སྒྲིལ་དུ་གྲགས་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས། འཕགས་པ་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་དྲུག་པའོ། །ཞུས་དག །མངྒལཾ། །


previousསྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་འཕགས་པ་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་དྲུག་པ།next