Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བརྒྱད་པ།
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section


 
previousསྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བརྒྱད་པ།next

སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བརྒྱད་པ།

དཔལ་ཕྱག་ན་རྡོ་རྗེ་ཨུ་ཙཪྱའི་སྒྲུབ་ཐབས།


TNT15_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་གསང་བ་འཛིན་པ་ཡི། ཁྲོ་རྒྱལ་གནོད་སྦྱིན་སྡེ་དཔོན་ཚུལ། །དེ་ལ་བཏུད་ནས་སྒྲུབ་ཐབས་བཤད། །དྲག་སྔགས་ཀྱི་ཆེ་བ་ཕྱག་ན་རྡོ་རྗེ་ཨུ་ཙཪྱའི་སྒྲུབ་ཐབས་ནི། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན། རང་གི་སྤྱི་བོར་བླ་མ་མི་བསྐྱོད་པའི་རྣམ་པ་ཅན། དཔལ་ལྡན་བླ་མ་དམ་པས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ལན་གསུམ། བླ་མ་འོད་དུ་ཞུ། རང་ལ་ཐིམ། ཆོས་ཐམས་ཅད་སྟོང་པར་གྱུར། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ལན་གསུམ་བརྗོད། ཧཱུཾ་སྟོང་པའི་ངང་ལས་རང་སེམས་ཧཱུཾ་དུ་གྱུར། བཛྲ་ཧཱུཾ་ལས་གནམ་ལྕགས་ཀྱི་རྡོ་རྗེར་གྱུར། ཨོཾ་བཛྲ་པཱ་ཎི་ས་མ་ཡ་སྟྭཾ། ལན་


TNT15_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། རྡོ་རྗེ་ཡོངས་སུ་གྱུར་པ་ལས། རང་ཉིད་ཕྱག་ན་རྡོ་རྗེ་སྐུ་མདོག་དུས་མཐའི་སྤྲིན་ལྟར་གནག་པ། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་འཕྱར་བ། གཡོན་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཐུགས་ཀའི་ཐད་ནས་གནོད་བྱེད་ལ་སྡིགས་པ། སྤྱན་གསུམ་མེ་སྟག་ལྟར་འབར་བ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་ཀླུ་འབུམ། གཉན་ཁྲི། ས་བདག་སྟོང་སྤུངས་པའི་སྟེང་དུ། པདྨ་ཟླ་བ་ཉི་མའི་གདན་ལ་རྣམ་པར་འགྱིང་བ། སྟག་ལྤགས་ཀྱི་ཤམ་ཐབས་དང༌། ཐོད་སྐམ་ལྔའི་དབུ་བརྒྱན། རློན་པ་ལྔ་བཅུའི་དོ་ཤལ་ཅན། ཁྲག་གི་ཐིག་ལེ་ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུས་བརྒྱན་པ། རིན་པོ་ཆེ་དང་རུས་པའི་རྒྱན་དང༌། དར་གྱི་སྟོད་གཡོགས་ཅན། སྨ་ར་སྨིན་མ་དབུ་སྐྲ་ཁམ་སེར་གྱེན་དུ་འབར་ཞིང༌། ནོར་རྒྱས་དུང་སྐྱོང་སེར་པོས་དབུ་ལ་བརྒྱན་པ། དགའ་བོ། ཉེར་དགའ་དམར་པོའི་སྙན་ཆ། པདྨ། ཆུ་ལྷ་དཀར་པོའི་དཔུང་བརྒྱན་དང༌། འདབ་བཟང་དང་རིགས་ལྡན་ནག་པོས་སེ་རལ་ཁ་བྱས་པ། ཞལ་མཆེ་བ་གཙིགས་ཤིང་ལྗགས་འགྲིལ་གཤིན་རྗེ་ལྟར་ཁྲོས་པ། སྐུ་བོང་ཆེ་བས་ཞབས་རྒྱ་མཚོའི་གླིང་དུ་སླེབ་ཅིང༌། དབུས་ཚངས་པའི་གནས་རིགས་ཁྱབ་པ། ཞལ་ནས་དྲག་སྔགས་ཀྱི་སྒྲ་སྒྲོག་པ། ཁྱུང་ཆེན་རིགས་ལྔ་ཕོ་ཉར་འགྱེད་པ། བ་སྤུའི་བུ་ག་ནས་ཁྲོ་བོའི་ཚོགས་སྤྲོ་ཞིང༌། ཁྲོ་བོས་གཏམས་པ། དུག་ལྔ་སྲེག་བྱེད་མེ་དཔུང་


TNT15_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་སྣ་ལྔ་པའི་ཀློང་ན་བཞུགས་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་ལས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་གསང་བདག་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་ཡེ་ཤེས་སེམས་དཔའི་བདག་ལ་དབང་བསྐུར། སྐུ་གང༌། དྲི་མ་དགཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། ཛཿཧཱུཾ་བཾ་ཧོཿ རང་དང་གཉིས་སུ་མེད་པར་ཐིམ། ཐུགས་ཀར་ཉི་མའི་དབུས་སུ་ཧཱུཾ། དེ་ལས་འོད་འཕྲོས། སེམས་ཅན་གྲོལ་བར་བྱས་ཏེ་བདག་ཉིད་ལ་ཐིམ་པར་གྱུར། རྡོ་རྗེ་ཁུ་ཚུར་ཁ་སྦྱོར་བཅིངས་ལ། རང་གི་ལྕེ་རྡོ་རྗེ་རྩེ་མོ་དགུ་པ་རྭ་རེ་རེ་ལ་སྙིང་པོའི་སྔགས་དང་བཅས་པ། སྙིང་གར་ཡང་རྡོ་རྗེ་རྩེ་དགུ་པ། ལྟེ་བར་ཁྲོ་ཆུང་ཚོན་གང་བ། དེའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུཾ་གི་མཐའ་སྐོར་དུ་སྔགས་འཕྲེང་དམར་པོས་བསྐོར་བ། ཧཱུཾ་ལས་སྟེང་འོག་ཏུ་རཾ་གཉིས་གཉིས་སྤྲོས། སྤྱི་བོ་དང་རྐང་མཐིལ་གཉིས་སུ་གནས་པར་གྱུར། སྔགས་ཀྱི་འཁོར་ལོ་གཡས་སུ་བསྐོར་བ་ལས། མེའི་ཚ་ཚ་སྤྲོས་རྒྱ་ཇེ་ཆེར་སྟེང་འོག་ཏུ་ཆད་དེ། ལུས་ཀྱི་ནང་ཐམས་ཅད་གང༌། རཾ་གཉིས་པ་ལས་བྱུང་བའི་མེ་དང་ལྷན་ཅིག་ཏུ་གྱུར། སྟོད་ཀྱི་ཡེ་ཤེས་ཀྱི་མེ་ཐུར་ལ་འབར་ཞིང་སྨད་ཀྱི་མེ་གྱེན་ལ་འབར་བས་རང་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས་པར་གྱུར། མཧཱ་རོ་ཥ་ཎ་ཨེ་རཾ་ཕཊ། ལན་གསུམ་བརྗོད། བ་སྤུའི་རྩ་བར་གནས་པའི་ཁྲོ་ཆུང་རྣམས་ཀྱིས་སྔགས་དི་རི་རི་བཟླས།


TNT15_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་ལས་ཁྲོ་བོ་མཚོན་ཆ་ཐོགས་པ་མེ་དཔུང་དང་བཅས་པ་ཕྱོགས་བཅུར་སྤྲོས། གནོད་བྱེད་ཐམས་ཅད་ཚར་བཅད་ཞལ་དུ་གསོལ་སླར་ཡང་ཁྲོ་ཆུང་རྣམས་ལ་ཐིམ། ཨུ་ཙ་ཙརྻ་ཡཀྵ་སེ་ན་ཨངྐུ་ཤ་ཛ་ཛ་ཧཱུཾ་ཧཱུཾ་ཕཊ། ཅེས་འབུམ་ཕྲག་གསུམ་བཟླ་བར་བཤད་ཀྱང༌། འབུམ་ཕྲག་བཅུ་དྲུག་གོ །བཞི་བཅུ་ཞེ་བརྒྱད་བཟླའོ། །དྲག་སྔགས་བཟླ་བར་འདོད་ན། རང་ལྷ་སྐུ་སྣང་སྟོང་དུ་བསྒོམ་པའི་ངང་ནས། སྔར་གྱི་དམིགས་པའི་སྟེང་དུ་མདུན་དུ་སྤྲུལ་པའི་ལས་མཁན་ཁྱུང་ནག་མགོ་བོ་དགུ་པ་དང༌། དེའི་གཡས་སུ་མགོན་པོ་ནག་པོ་གྲི་གུག་ཅན་དང༌། གཡོན་དུ་ལྷ་མོ་བོང་ཞོན་མ། སྐུའི་མཐའ་སྐོར་དུ་ཕྱོགས་སྐྱོང་བཅུ་སོགས་གཙང་རིས་བདུན་ཅུ་རྩ་ལྔ་ཡོད་པར་བསྒོམ་སྟེ། བཀའ་བསྒོ་བའི་ཚུལ་གྱིས། ཨུ་ཙ་ཙརྻ་ཡཀྵ་སེ་ན་ཨངྐུ་ཤ་ཛ་ཛ། པུ་པུ་དན་དུ། ནག་པོ་བབ། ཙི་ཙི་རྒྱས། ཏྲག་ཤ་སྙིང་ལ་ཐུར། ཉམས་ཉམས་རྩ་བཞི་བསྐུམས། ཤན་ཤན་སྲོག་ལ་ཤན། ཙ་ཏུར་ནག་པོ་སོད། གནོད་བྱེད་འབྱུང་པོའི་སྙིང་ལ་མཱ་ར་ཡ་རྦད། ཏིཥྛ་ཨ་བེ་ཤ་ཡ་རྦད། ནཱ་ག་གུ་ཧྱེ་རྦུད། པི་པི་པ། ལི་ལི་ཀ་དྷ་དྷ་ཧཱུཾ་ཧཱུཾ་ཕཊ། ཅེས་འབུམ་ཕྲག་གཅིག་བཟླས་པས་ལས་ཐམས་ཅད་ཐོགས་པ་མེད་པར་འགྲུབ་བོ། །དུས་བཞིར་ལས་བཞི་དང་སྦྱར་བའི་དམིགས་པ་སྤྱི་དང་འདྲ། འཕྲེང་བ་རཀྵ་དང༌། ལུང་ཏང་དང༌། ཐོད་འཕྲེང་རྣམས་ཤེས་སོ། །ཐུན་འཇོག་ཁར་འཁོར་རྣམས་རང་ལ་བསྡུ། ལྷ་སྐུ་མི་དམིགས་པ་སྦྱངས་ཏེ། དགེ་བ་བསྔོ། ཐུན་མཚམས་སུ་


TNT15_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ལྷའི་ང་རྒྱལ་དང་མ་བྲལ་བར་བྱའོ། །ལས་དང་པོ་པས་ཨོཾ་གྱི་མགོ་དྲངས་ཏེ་སྔགས་བཟླས་ན། རྒྱུད་འཇམ་པ་ཡིན་ནོ། །ཞེས་བླ་མ་རྣམས་གསུང་ངོ༌། །གཏོར་མ་འབུལ་བ་ནི། ཐོད་པའི་ནང་དུ་དམར་གཏོར་ཞིག་དང༌། རིན་པོ་ཆེའི་ནང་དུ་དཀར་གཏོར་ཞིག་དང༌། གཞན་རྫ་སྣོད་ལྟ་བུ་ཞིག་ཏུ་ཤོ་ལུ་ཆང་བུ་དང་མཐེབ་ཀྱུ་ཅན་གཅིག་བྱ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གཏོར་མ་དང་པོ་གཉིས། ཡཾ་ལས་རླུང༌། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་བུ། ཨ་ལས་ཐོད་པ། དེའི་ནང་དུ་ཧཱུཾ་བྷྲུཾ་ཛྲིཾ་ཨཾ་ཁཾ། དེ་རྣམས་ལས་འོད་ཟེར་ཁ་དོག་སྣ་ལྔ་པ་འཕྲོས་གནོད་བྱེད་དགྲ་བགེགས་ཐམས་ཅད་བཀུགསེམས་ཡིག་འབྲུ་ལྔ་ལ་ཐིམ་པ་ཡེ་ཤེས་ལྔར་གྱུར། ལུས་ཤ་ལྔ་བདུད་རྩི་ལྔར་གྱུར། དེ་ཐམས་ཅད་ཞུ་བ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུཾ་ལན་ལྔ་བརྗོད། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སངས་རྒྱས་བྱང་སེམས་སྤྲུལ་པ་ཡེ་ཤེས་ཁྲོ་བོའི་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པ། ནང་གི་ལས་མཁན་གསུམ། ཕྱིའི་ལས་མཁན་དཔལ་མགོན་བདུན་ཅུ་རྩ་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལ་ཡེ་སྟྭཾ། མཆོད་པ་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། ནང་མཆོད་བསངས་སྦྱངས། ཨོཾ་ཨཱཿཧཱུཾ། ལན་ལྔས་བྱིན་གྱིས་བརླབས། དེ་ནས་ཨོཾ་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་ཤཔྟའི་བར་གྱིས་མཆོད། གཏོར་མ་དང་པོ་


TNT15_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

དེ། སྙིང་པོའི་མཐར་སརྦ་དུཥྟཱཾ་སརྦ་ཤཱ་ཏྲུན་ཐུཾ་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་ལན་གསུམ་གྱིས་གཙོ་བོ་ལ་ཕུལ། གཏི་མུག་ཤ་ཡི་མཆོད་པ་བཞེས། །ཞེ་སྡང་རུས་པའི་མཆོད་པ་བཞེས། །འདོད་ཆགས་ཁྲག་གི་མཆོད་པ་བཞེས། །བདག་འཛིན་ལ་སོགས་དགྲ་བགེགས་རྣམས། །བདག་མེད་དབྱིངས་སུ་བསྒྲལ་དུ་གསོལ། །དེ་ལྟར་བསྒྲལ་བའི་དགྲ་བགེགས་དེ། །གནོད་པའི་བསམ་པ་ཞི་བ་དང༌། །གཉིས་མེད་ཡེ་ཤེས་རྟོགས་པར་ཤོག །སླར་ཡང་གོང་བཞིན་མཆོད། སྙིང་པོའི་མཐར་ཨོཾ་ཨཱཿཧཱུཾ་ཞེས་བས་ནང་མཆོད་ཕུལ། གཉིས་པ་དཀར་གཏོར་དེ་ལས་མཁན་རྣམས་ལ་འབུལ་ཏེ། ཨ་ཀཱ་རོའི་མཐར་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པ་ལན་གསུམ་གྱིས་ཕུལ། མཆོད་སྦྱིན་གྱི་གཏོར་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་འདི་ཕྱི་ནང་གསང་བའི་ལས་མཁན་རྣམས་ལ་འབུལ་ལ། བར་ཆད་ཐམས་ཅད་ཞི་བ་དང༌། དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། ནས་ཤཔྟའི་བར་གྱིས་མཆོད། དྲིལ་བུ་སོགས་རོལ་མོའི་སྒྲ་དང་བཅས་པའི་བསྟོད་པ་ནི། གདུག་པ་འདུལ་བྱེད་གནོད་སྦྱིན་རྒྱལ། །འདུལ་དབང་ཆེན་པོ་སྤྲུལ་པའི་སྐུ། །འཇིགས་བྱེད་ཆེན་པོ་དྲག་པོ་ནི། །སྐུ་མདོག་མཐིང་ནག་གོས་སྔོན་ཅན། །ཕྱག་གཡས་ལྕགས་ཀྱི་རྡོ་རྗེ་བསྣམས། །བགེགས་རིག་བརྒྱད་ཁྲི་རྡུལ་དུ་རློག །གཡོན་པ་སྡིགས་མཛུབ་སྡེ་བརྒྱད་འདུལ། །ཉི་ཟླ་པདྨ་ལ་སོགས་དང༌། །ཀླུ་འབུམ་ཁྲི་སྟོང་གདན་ལ་བཞུགས། །སྐུ་ཞལ་ཤིན་ཏུ་རྒྱས་པ་སྟེ། །སྦྲུལ་གྱི་ཆས་ཀྱིས་རྣམ་


TNT15_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

པར་བརྒྱན། །སྟག་ལྤགས་རློན་པའི་ཤམ་ཐབས་ཅན། །སྤྱན་གསུམ་གདུག་པ་ཅན་ལ་གཟིར། །འཇིག་རྟེན་འདུལ་བའི་དབང་ཕྱུག་ཅན། །དྲེགས་པ་འཇོམས་པའི་སྟོབས་པོ་ཆེ། །འཇིག་རྟེན་སྐྱོང་བའི་ཐུགས་རྗེ་ཅན། ཁྱོད་ལ་བདག་ཅག་ཕྱག་འཚལ་བསྟོད། །ལྕང་ལོ་ཅན་གྱི་གནས་མཆོག་ན། །གསང་བདག་ཕྱག་ན་རྡོ་རྗེ་ནི། །ཡོན་ཏན་ཐམས་ཅད་སྐུ་ལ་རྫོགས། །སྐྱོན་མེད་སྐུ་ལ་ཕྱག་འཚལ་བསྟོད། སྐུའི་བ་སྤུའི་ཁུང་བུ་ལས། །བདུན་འབུམ་སུམ་ཁྲིའི་ཁྲོ་བོ་སྤྲུལ། །ཕོ་ཉ་ཉི་ཟེར་རྡུལ་དང་མཚུངས། །གསང་བའི་བཀའ་སྡོད་རྣམས་ལ་བསྟོད། ཁྱུང་ཆེན་ཐུགས་ལས་སྤྲུལ་པ་སྟེ། །གསུང་གི་ཕྱག་བརྙན་རེ་མ་ཏཱི། །སྐུ་ལས་མགོན་པོ་ནག་པོ་བྱུང༌། །ནང་གི་བཀའ་སྡོད་གསུམ་ལ་འདུད། །བདེ་གཤེགས་མྱ་ངན་འདུས་གྱུར་ཀྱང༌། །ཐུགས་རྗེས་འཁོར་བའི་ཚུལ་འཛིན་པ། །ཕྱོགས་སྐྱོང་གཙང་རིགས་བདུན་ཅུ་ལྔ། །ཕྱིའི་ལས་མཁན་རྣམས་ལ་བསྟོད། །ཅེས་བསྟོད། གཏོར་མ་གསུམ་པ། ཆང་བུ་འཐེབ་ཀྱུར་བཅས་པའི་གཏོར་མ་དེ། ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་གྱིས་བརླབས། ལྷ་སྲིན་སྡེ་བརྒྱད་གཞི་བདག་དང་བཅས་པ་བཛྲ་ས་མཱ་ཛཿ ཐམས་ཅད་ཀྱང་ཕྱག་ན་རྡོ་རྗེའི་སྐུར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ལན་བདུན་ནམ་ཉེར་གཅིག་གིས་བསྔོས། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་གནས་བདག་གཞི་བདག་གྲོང་བདག་གཉུག་མར་གནས་པ་ཐམས་ཅད་ལ་འབུལ་ལོ། །འགལ་རྐྱེན་བར་ཆད་ཞི་བ་དང༌། མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་འབྱོར་བ་


TNT15_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། འཕྲིན་ལས་རྣམ་བཞི་ཐོགས་པ་མེད་པར་འགྲུབ་པའི་གདོང་གྲོགས་མཛད་དུ་གསོལ། ཡི་གེ་བརྒྱ་པ་ལན་གསུམ། རྫོགས་པའི་སངས་རྒྱས་ཐམས་ཅད་ལྷ་རྣམས་དང༌། །དེ་ཡི་སྲས་དང་ཚངས་ལ་སོགས། །འཇིག་རྟེན་སྐྱོང་རྣམས་ཆོ་ག་འདི། །མ་ཚང་བ་ནི་བཟོད་པར་གསོལ། །གང་ཞིག་ནུས་པ་མ་མཆིས་པས། །མ་ཚང་དེ་བཞིན་མ་མཉེས་དང༌། །ཉེས་པའི་དྲི་མར་གྱུར་པ་ཀུན། །དེ་ཡང་ཁྱེད་ཀྱིས་བཟོད་པར་གསོལ། །ཨོཾ་བཛྲ་མུཿ ཞེས་ལན་གསུམ་གྱིས་འཁོར་འཇིག་རྟེན་པ་རྣམས་གཤེགས་སུ་གསོལ། མཆོད་པ་ཁ་གསོས་ལ། ཨརྒྷཾ་ནས་ཤཔྟའི་བར་དང༌། ནང་མཆོད་ཀྱིས་སླར་ཡང་གཙོ་བོ་ལ་མཆོད། ལྕང་ལོ་ཅན་གྱི་གནས་མཆོག་སོགས་ཤོ་ལོ་ཀ་གཅིག་གིས་བསྟོད། ཧཱུཾ་གསང་བའི་བདག་པོ་ཨུ་ཙརྻ། །ཡེ་ཤེས་ཁྲོ་བོ་ནང་འཁོར་བཅས། །མཆོད་གཏོར་བཟང་པོས་མཉེས་གྱུར་ནས། །བདག་ཀྱང་ཁྱེད་དང་མཉམ་པར་མཛོད། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་འདོད་དོན་གསོལ་བ་བཏབ། ཨོཾ་བཛྲ་མུཿ ཞེས་གཤེགས་སུ་གསོལ། དཔྲལ་བར་ཨོཾ་མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། སྨོན་ལམ་དང་བཀྲ་ཤིས་ཅི་རིགས་པར་བྱ། ཉལ་བའི་ཚེ་བསྲུང་འཁོར་བསྒོམས་ནས། འོད་གསལ་གྱི་ངང་དུ་ཉལ། ལྡང་བའི་ཚེ་སྙིང་པོ་ལན་གསུམ་བརྗོད་ནས། ལྷ་སྐུ་སྣང་སྟོང་དུ་ལྡང༌། རྨི་ལམ་ཡང་ལོངས་སྐུའི་ལམ་ཁྱེར་དུ་བྱའོ། །སྐབས་འདིར་སྙིང་པོ་དང་རྩ་སྔགས་དོན་གཅིག་ཅིང༌། དྲག་སྔགས་ལ་འཕྲེང་བའི་སྔགས་ཞེས་ཟེར་རོ། །དེའི་རྗེས་གནང་བྱེད་པར་འདོད་པས། མཎྜལ་ཟླུམ་པོའི་དབུས་སུ་ཆོས་འབྱུང་གྲུ་


TNT15_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མཐིང་ནགགྲུ་བཅད་དམར་པོ། མཐའ་རྡོ་རྭ་མེ་རིས་བསྐོར་བ་རྡུལ་ཚོན་གྱིས་བྲི། བསྡུ་ན་མཎྜལ་ལ་ཚོམ་བུ་བཀོད་པས་ཀྱང་བཏུབ། དེའི་སྟེང་དུ་མཉྫི་ལ་གཏོར་མ་ནག་པོ་གྲུ་གསུམ་རྟེན་གཏོར་དུ་བཀོད། མདུན་དུ་མཆོད་གཏོར་རྒྱ་ཆེར་བཤམས། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ། ནང་མཆོད། འཐོར་ནས་སོགས་ཉེར་མཁོ་ཚོགས་པར་བྱ། བུམ་ཆོག་བྱེད་པ་ལྟར་ན། བུམ་པའང་སྤྱི་དང་མཐུན་པར་བཅའ། མཆོད་པ་བྱིན་རླབས་སྤྱི་དང་མཐུན་པར་བྱས་ལ། བཟླས་པའི་བར་བདག་བསྐྱེད་གོང་བཞིན། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་མཎྜལ་དང༌། གཏོར་མ་དང༌། བུམ་པའི་ནང་དུ་པདྨ་ཟླ་ཉིའི་གདན་ལ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་རེ་རེ་ཡོངས་སུ་གྱུར་པ་ལས་ཕྱག་ན་རྡོ་རྗེའི་སྐུ་རེ་རེར་གྱུར་པ་ན། སྐུ་མདོག་དུས་མཐའི་སྤྲིན་ལྟར་གནག་པ། ཞེས་པ་ནས། ཛཿཧཱུཾ་བཾ་ཧོཿ དམ་ཚིག་སེམས་དཔའ་དང༌། ཡེ་ཤེས་སེམས་དཔའ་གཉིས་སུ་མེད་པར་ཐིམ། ཞེས་པས་བར་བདག་བསྐྱེད་བཞིན་ལས་བདག་ལ་དབང་བསྐུར་ཞེས་པ་མདུན་བསྐྱེད་ལ་ཞེས་པར་འདོན་པ་སྤྲོ། གཏོར་མ་ཨ་མྲྀ་ཏས་བསངས་བ་ནས། ཨོཾ་ཨཱཿཧཱུཾ་ལན་ལྔའི་བར་གོང་བཞིན། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སངས་རྒྱས་བྱང་སེམས་སྤྲུལ་པ་ཞེས་པ་ནས། ཐོགས་[པ་མེད་པར་འགྲུབ་པའི་གཏོང་གྲོགས་མཛད་དུ་གསོལ་གྱི་བར་གོང་བཞིན། ཨོཾ་བཛྲ་མུཿ ཞེས་སྡེ་བརྒྱད་དང་གཞི་བདག་རྣམས་རང་རང་གི་གནས་སུ་གཤེགས་སུ་གསོལ། ཞེས་བརྗོད། མཆོད་པ་ཁ་གསོ་བ་ནས། འདོད་པ་ཀུན་འགྲུབ་ཤོག་གི་བར་ཀྱང་གོང་བཞིན། མདུན་བསྐྱེད་མཎྜལ་དང་གཏོར་མ་ལ་ཆབས་གཅིག་ཏུ་


TNT15_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ནས་བཟླས་པ་ཅུང་ཟད་བྱ། བུམ་ནང་གི་ལྷའི་སྐུ་ལས་བདུད་རྩིའི་རྒྱུན་བབས། བུམ་པ་གང་བར་གྱུར། གཟུངས་ཐག་ནས་བཟུང་སྟེ་སྙིང་པོ་བརྒྱ་ཙམ་བཟླ། སླར་ཡང་ཨརྒྷཾ་སོགས་ཀྱིས་མཆོད། ལྕང་ལོ་ཅན་སོགས་ཤོ་ལོ་ཀ་གཅིག་གིས་བསྟོད། ཨོཾ་ཨཱཿཧཱུཾ་ཞེས་ནང་མཆོད་ཐིག་པ་གཅིག་བུམ་ནང་དུ་བླུགབུམ་པའི་ལྷ་འོད་དུ་ཞུ་སྟེ་ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོར་གྱུར། ཡི་གེ་བརྒྱ་པ་ལན་གསུམ་བརྗོད། དེ་ནས་རྗེས་གནང་དངོས་ནི། སློབ་མ་རྣམས་ལ་ཁྲུས་ཆབ་བཏང༌། གྲལ་ལ་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་བྱ། སེམས་བསྐྱེད་གསལ་བཏབ། ཆོས་བཤད་ཅུང་ཟད་བྱ། ཕྱག་ན་རྡོ་རྗེ་ལ་ཆེ་བ་བཞིའི་དྲུག་ཏུ་གྲགས་པ་ལས། ཨུ་ཙར་དྲག་སྔགས་ཀྱི་ཆེ་བ་ཡིན་པས་འདིའི་རྗེས་གནང་ཞུ་བའི་དོན་དུ་མཎྜལ་ཕུལ་ཞེས་བརྡ་སྤྲད། སློབ་མས་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད་བྱས་ལ། རྡོ་རྗེ་འཛིན་པ་དགོངས་སུ་གསོལ་སོགས་ལན་གསུམ། རྒྱུན་བཤགས་ཀྱི་དམིགས་པ་བརྡ་སྤྲད་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ། སྐུའི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད་བྱས་ལ། སློབ་དཔོན་དགོངས་སུ་གསོལ། བདག་ལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་འཕགས་པ་ཨུ་ཙཪྱའི་སྐུའི་རྗེས་སུ་གནང་བ་མ་ལུས་པ་སྩལ་དུ་གསོལ། ལུས་ཀྱི་སྡིག་སྒྲིབ་སྦྱང་དུ་གསོལ། ལུས་བདེ་བ་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ། སློབ་དཔོན་ལ་མོས་གུས་དུང་བ་བྱས་པས། སློབ་དཔོན་གྱི་ཐུགས་


TNT15_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་བརྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས། རྣམ་སྨིན་ཤ་ཁྲག་བརྡོས་བཅས་ཀྱི་ཕུང་པོས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་སྟོང་པ་ཉིད་དུ་སྦྱངས། ཨོཾ་སྭ་བྷཱ་ཝ་ནས་ཐུགས་ཀར་ཧཱུཾ་གི་བར་མངོན་རྟོགས་བཞིན་ལ་རང་སེམས་ཞེས་པ་ཁྱེད་རང་རྣམས་ཀྱི་སེམས། རང་ཉིད་ཅེས་པ་ཁྱེད་རང་རྣམས་ཀྱི་ཞེས་འདོན་པ་སྤོ། སློབ་དཔོན་ལ་མོས་གུས་དུང་བ་བྱས་པས། ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་ཀྱང་འོད་ཟེར་འཕྲོས་ཏེ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་གསང་བདག་ཕྱག་ན་རྡོ་རྗེའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ། ཁྱད་པར་ལྕང་ལོ་ཅན་གྱི་གནས་ནས། གསང་བདག་ཕྱག་ན་རྡོ་རྗེའི་ལྷ་ཚོགས་འཁོར་དང་བཅས་པ་སྤྱན་དྲངས། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཀྱང༌། ཕྱག་ན་རྡོ་རྗེའི་སྐུ་ཆེ་བ་རི་རབ་ཙམ། ཆུང་བ་ཡུངས་འབྲུ་ཙམ། ཡང་ཆུང་རྡུལ་ཕྲན་ཙམ་བསམ་གྱིས་མི་ཁྱབ་པ་བྱོན། དེ་དག་ཐམས་ཅད་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་མོས་མཛོད། ཅེས་བརྗོད། རོལ་མོའི་སྒྲ་དྲག་ཏུ་བྱ་ཞིང༌། སྙིང་པོ་ལན་གསུམ་དྲག་སྔགས་ལན་གཅིག་གི་མཐར། ཨོཾ་བཛྲ་པཱ་ཎི་ཀཱ་ཡ་ཨ་དྷིཿཏིཥྛ་ཨོཾ། ཞེས་བཟླས། དེ་བརྟན་པར་བྱ་བའི་ཕྱིར། བུམ་པའི་ཆུས་དབང་བསྐུར་བར་ཡང་མོས་པ་གྱིས། ཞེས་བརྗོད་ལ། ཇི་ལྟར་བལྟམས་


TNT15_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནས། ཤྲཱི་ཡེ་ཧཱུཾ། དབང་བསྐུར། སྐུ་གང༌། དྲི་མ་དགཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། ཅེས་བརྗོད་ཅིང་བུམ་ཆུས་དབང་བསྐུར་རོ། །དེ་ལྟར་སྐུའི་རྗེས་གནང་ཐོབ་པས། ལུས་ཀྱི་སྡིག་སྒྲིབ་སྦྱངས། བར་ཆད་ཞི་ལུས་ལྷ་སྐུར་སྒོམས་པ་ལ་དབང༌། གསང་བའི་བདག་པོའི་སྐུ་དང༌། རང་གི་ལུས་དབྱེར་མེད་པར་གྱུར་པའི་མོས་པ་མཛོད། ཅེས་བརྗོད། དེ་ནས་གསུང་གི་རྗེས་གནང་ལ། སློབ་དཔོན་དགོངས་སུ་གསོལ། བདག་ལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་འཕགས་པ་ཨུ་ཙཪྱའི་གསུང་གི་རྗེས་སུ་གནང་བ་མ་ལུས་པ་རྩལ་དུ་གསོལ། ངག་གི་སྡིག་སྒྲིབ་སྦྱང་དུ་གསོལ། ངག་ནུས་པ་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ། ཁྱེད་རང་རྣམས་གསང་བའི་བདག་པོའི་སྐུར་གསལ་བའི་སྙིང་གར་གནས་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པའི་ལྟེ་བ་སྦུབས་སྟོང་དུ་གནས་པའི་ནང་དུ་ཉི་མ་ལ་ཧཱུཾ་མཐིང་ནགལྕེ་ཡང་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་དགུ་པར་གྱུར། མདུན་བསྐྱེད་ཀྱི་ཐུགས་ཀར་རྡོ་རྗེའི་ལྟེ་བར་ཉི་མའི་སྟེང་དུ། དབུས་སུ་ཧཱུཾ་མཐའ་སྐོར་དུ་རྩ་སྔགས་གཡས་སྐོར་དུ་བསྐོར་བ་དེའི་ཕྱིར་སྐོར་དུ་འཕྲེང་བའི་སྔགས་ཀྱིས་བསྐོར་བ་གསལ་བཏབ་ལ། སློབ་དཔོན་ལ་མོས་གུས་དུང་བ་བྱས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་བརྒྱུད་བསྐུལ། ཐུགས་ཀའི་སྔགས་འཕྲེང་ལས་སྔགས་འཕྲེང་གཉིས་པ་ཞིག་ཆད། ཞལ་ནས་ཐོན། རང་གི་


TNT15_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་དུ་ཞུགས། ཐུགས་ཀའི་ཧཱུཾ་གི་མཐའ་སྐོར་དུ་ལྕེའི་རྡོ་རྗེའི་རྭ་རྣམས་ལ་སྤར་བཏབ་པ་བཞིན་དུ་འཁོད་པར་མོས་ལ། འདིའི་རྗེས་ཟློས་མཛོད། ཅེས་བརྡ་སྤྲད་ལ། རྩ་སྔགས་ལན་གསུམ། འཕྲེང་སྔགས་ལན་གཅིག་རྗེས་ཟློས་བྱེད་དུ་འཇུགཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ནས། མདུན་བསྐྱེད་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་རང་རང་གི་གསུང་གི་རིགས་སྔགས་ཐམས་ཅད་གསང་བདག་ཕྱག་ན་རྡོ་རྗེའི་ཨུ་ཙཪྱའི་སྔགས་ཀྱི་ཡིག་འབྲུའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྙིང་ག་དང༌། ལྕེ་སྟེང་གི་སྔགས་ཀྱི་ཡིག་འབྲུ་རྣམས་ལ་ཐིམ། ཞེས་བརྗོད་རོལ་མོའི་སྒྲ་བྱ། སྙིང་པོ་དྲག་སྔགས་དང་བཅས་པའི་མཐར། ཨོཾ་བཛྲ་པཱ་ཎི་ཝཱ་ཀ་ཨ་དྷི་ཏིཥྛ་ཨཱཿ ཞེས་བཟླ། ཡང་སྔགས་ཀྱི་དངོས་གྲུབ་མྱུར་དུ་འགྲུབ་པའི་དོན་དུ། སློབ་དཔོན་ལ་མེ་ཏོག་འཐོར་བཞིན་པས་འདིའི་རྗེས་བཟློས་ཀྱིས། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། དེ་ལྟར་ཕུལ་བའི་མེ་ཏོག་དེ་ཉིད་སྔགས་འཕྲེང་དུ་བྱིན་གྱིས་བརླབས་ཏེ། ཁྱེད་རང་རྣམས་ལ་གཏོར་མ་སྤྱི་བོ་ནས་ཞུགས་ཏེ། སྙིང་གའི་སྔགས་འཕྲེང་ལ་ཐིམ་པས་སྔགས་རྣམས་ནུས་པ་མཐུ་ཅན་དུ་བགྱིས་པར་མོས་པར་མཛོད། ཅེས་བརྗོད་ཅིང༌། མེ་ཏོག་འཐོར་བཞིན་དུ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་གསང་


TNT15_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཕྱག་ན་རྡོ་རྗེ་འཕགས་པ་ཨུ་ཙཪྱའི་གསུང་རིགས་སྔགས་ཀྱི་ནུས་མཐུ་ཐམས་ཅད་ཐོགས་མེད་དུ་འཇུག་པར་གྱུར་ཅིགསླར་ཡང་བུམ་པའི་ཆུས་སྔར་བཞིན་དབང་བསྐུར་བ་ལས། ཆུ་ལྷག་མ་ཡར་ལུད་པ་མི་བསྐྱོད་པར་གྱུར་པ། སྔར་གྱི་རིགས་བདག་དང་གཉིས་སུ་མེད་པར་ཐིམ། ཞེས་བརྗོད་པ་ནི་ཁྱད་པར་རོ། །དེ་ལྟར་གསུང་གི་རྗེས་སུ་གནང་བ་ཐོབ་པས་ངག་གི་སྡིག་སྒྲིབ་སྦྱངས། བར་ཆད་ཞི། ངག་སྔགས་བཟླ་བ་ལ་དབང༌། གསང་བའི་བདག་པོའི་གསུང་དང་རང་གི་ངག་དབྱེར་མེད་དུ་གྱུར་པར་མོས་མཛོད། དེ་ནས་ཐུགས་ཀྱི་རྗེས་གནང་ལ་གསོལ་བཏབ་ནི། ཐུགས་ཀྱི་རྗེས་སུ་གནང་བ་སྩལ་དུ་གསོལ། ཡིད་ཀྱི་སྡིག་སྒྲིབ་སྦྱང་དུ་གསོལ། ཡིད་ཏིང་ངེ་འཛིན་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོན་པ་སྤོ། སློབ་དཔོན་ལ་མོས་གུས་དུང་བ་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་དང༌། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་རྣམས་རྡོ་རྗེ་རྩེ་དགུ་པ་དཔག་ཏུ་མེད་པའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ཧཱུཾ་གི་ཡི་གེ་ལ་གཉིས་སུ་མེད་པར་ཐིམ་པར་མོས་མཛོད། ཅེས་བརྗོད་ལ། རོལ་མོ་དང༌། སྔགས་ཀྱི་མཐར། ཨོཾ་བཛྲ་པཱ་ཎི་ཙིཏྟ་ཨ་དྷི་ཏིཥྛ་ཧཱུཾ། ཞེས་བཟླས། སླར་ཡང་བུམ་པའི་ཆུས་དབང་བསྐུར་བ་གསུང་གི་རྗེས་གནང་བཞིན། དེ་ལྟར་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ་པས་ཡིད་ཀྱི་སྡིག་སྒྲིབ་བྱང༌། བར་


TNT15_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་ཞི། ཡིད་སྟོང་ཉིད་སྒོམ་པ་ལ་དབང༌། གསང་བདག་གི་ཐུགས་དང་རང་གི་ཡིད་དབྱེར་མེད་དུ་གྱུར་པར་མོས་མཛོད། དེ་ནས་གཏོར་དབང་ནི། གཏོར་མ་འདི་ཉིད་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཨུ་ཙཪྱ་དངོས་སུ་མོས། དེ་ལ་མོས་གུས་དུང་བ་བྱས་པས། ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན། རྒྱུད་བྱིན་གྱིས་བརླབས་པ་ཡིན་སྙམ་པ་གྱིས། གཏོར་མ་མགོ་བོར་བཞག་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་བྱིན་བརླབས་ཤིང༌། །དངོས་གྲུབ་རྣམ་གཉིས་འབྱུང་འགྱུར་བའི། །གཏོར་མའི་དབང་བསྐུར་བྱིན་པར་བྱ། །རོལ་མོའི་སྒྲ་དང་བཅས་ཏེ། སྔགས་ཉིད་དྲག་ཏུ་བརྗོད། མཐར་ཕྱག་ན་རྡོ་རྗེ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་གསང་བདག་དངོས་སུ་གྱུར་པ་ཡིན་སྙམ་པ་གྱིས། ཞེས་བརྗོད། སླར་ཡང་གསུང་གི་རྗེས་གནང་གི་སྐབས་ལྟར་བུམ་པའི་ཆུས་དབང་བསྐུར། དེ་ནས་སློབ་མ་ལ་མཆོད་བསྟོད། བརྟན་བཞུགས། བཀྲ་ཤིས་རྣམས་བྱེད་པའི་ལུགས་ཀྱང་ཡོད་པས་སྤྲོ་ན་བྱ། བསྡུ་ན་བུམ་ཆོག་མི་བྱེད་པས། ཆུ་དབང་ལན་བཞི་པོ་དེ་རྣམས་བསྐུར་མི་དགོས་སོ། །རྗེས་གཙོ་བོས་ཇི་ལྟར་སོགས་དང༌། མཎྜལ་དང༌། དེང་ནས་བརྩམས་ཏེ་སོགས་སྤྱི་དང་འདྲ། མཆོད་པ་ཁ་གསོས། སྤྱི་དང་མཐུན་པར་བྱིན་རླབས་བྱ། མཆོད་བསྟོད་འདོད་དོན་གསོལ་བཏབ་རྣམས་གོང་བཞིན། ཡིག་བརྒྱ་ལན་གསུམ། བཟོད་གསོལ། གཤེགས་གསོལ་བྱས་ནས། བཀྲ་ཤིས་ཀྱི་བར་གོང་བཞིན། འདི་ལ་སྒྲུབ་ཐབས་གསར་པ་མང་ན་ཡང༌། ནོར་པ་རྒྱ་འབྱམས་བྲིས་བཤུས་ཁོ་ན་ལས། རྩ་བའི་གཞུང་དང་མཐུན་པ་ཉུང་མཐོང་ནས། རང་ལུགས་གཙང་མར་


TNT15_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་ཞིབ་པར་བྲིས། དྲག་སྔགས་ཀུན༵་ལས་སྟོབས་ཆེན་ཞིང༌། །མཆོག་ཏུ་དག༵འ་འདི་ཡིག་རྙིང་དང༌། འཕགས་པས་མཛད་པ་གྲགས་པའི་གཞུང༌། །སྙིང༵་པོ༵ར་བསྡུས་པའི་སྙིང་ཁུ་ལགས། །དཔལ་ཕྱག་ན་རྡོ་རྗེ་ཨུ་ཙཪྱའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།

ནཱ་གཱརྫུ་ན་གོས་སྔོན་ཅན་གྱིས་གཟུངས་ལས་བྱུང་བའི་ཕྱག་རྡོར་གྱི་སྒྲུབ་ཐབས།


TNT15_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་གཱརྫུ་ན་གོས་སྔོན་ཅན་གྱིས་གཟུངས་ལས་བྱུང་བའི་ཕྱག་རྡོར་གྱི་སྒྲུབ་ཐབས་སོ། །ན་མོ་བཛྲ་དྷ་རཱ་ཡ། གང་ཞིག་བསྒོམས་ན་དངོས་གྲུབ་མཆོག་སྟེར་བའི། །སྒྲུབ་ཐབས་ཛེ་ཏྭ་རི་ལས་བརྒྱུད་པའ། །མཁའ་འགྲོ་གསེར་གླིང་པའམ་ཇོ་བོ་རྗེ། །འགར་དགེ་:གྱེད་[གྱང་]ཕུ་བ་དང་ས་སྐྱ་པ། །དེ་ལས་བརྒྱུད་པའི་ལུགས་བཞིན་ཏེ། །གོས་སྔོན་གཟུངས་དང་བླ་མེད་རྒྱུད། །རྡོ་རྗེ་མཁའ་འགྲོ་ལས་ཀྱང་གསུངས། །དེ་ཡི་སྒྲུབ་ཐབས་བཤད་པར་བྱ། །འདིར་གསང་བའི་བདག་པོའི་གཟུངས་རིང་ལ་བརྟེན་པའི་སྒྲུབ་ཐབས་ནི། སྔོན་འགྲོ་བསོད་ནམས་ཚོགས་བསོག་ནི། །སྐྱབས་འགྲོ་བྱམས་དང་སྙིང་རྗེ་སེམས་བསྐྱེད་བསྒོམ། །ཞེས་པ་སྟེ་སྤྱི་དང་མཐུན། ཡེ་ཤེས་ཚོགས་བསོག་ཡན་ལག་བཞི་ནི་བསྲེགས་དང་སེམས་དང་སྒྱུ་མ་སྣང་མེད་བཞི། དེ་ཡང་རང་གི་སྙིང་གའི་ཧཱུཾ་གིས་ཕུང་ཁམས་སྐྱེ་མཆེད་ནད་གདོན་ཉོན་མོངས་ཐམས་ཅད་བསྲེགས། ཆོས་ཐམས་ཅད་སེམས་ཙམ། ཨོཾ་སྭ་བྷཱ་ཝ་སོགས། སེམས་དེ་ཡང་སྒྱུ་མ་ལྟ་བུའོ། །སྒྱུ་མར་སྣང་བ་ཡང་མི་དམིགས་པར་གྱུར། ཨོཾ་ཤཱུ་ནྱ་ཏཱ་སོགས། དངོས་གཞི་ཡན་ལག་བཞི་ནི། ལྷར་བསྐྱེད་གནས་གསུམ་བྱིན་རླབས་དགུག་གཞུག་དང༌། རྒྱས་བཏབ་རྣམས་ནི་དངོས་གཞིའི་རིམ་པ་ཡིན། ཞེས་པ་ལྟར་ཏེ། ཧཱུཾ་ཞེས་བརྗོད་པ་ཙམ་གྱིས་རང་ཉིད་དཔལ་ཕྱག་ན་རྡོ་རྗེ། སྐུ་མདོག་མཐིང་


TNT15_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ནག་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ། གཡོན་སྡིགས་མཛུབ་མཛད་པ། པདྨའི་གདན་ལ་ཞབས་གཡས་བསྐུམ་པས་ཉི་མ་དང༌། གཡོན་བརྐྱང་བས་ཟླ་བ་མནན་པ། སྟག་ལྤགས་ཀྱི་ཤམ་ཐབས་དང༌། སྦྲུལ་གྱི་རྒྱན་དང༌། རིན་པོ་ཆེའི་ཅོན་པན་ཅན། སྤྱན་གསུམ་མཆེ་གཙིགས། སྨ་ར་དང༌། སྨིན་མ་དང༌། དབུ་སྐྲ་མེ་ལྟར་འབར་བ། མེ་དཔུང་འབར་བའི་ཀློང་ན་བཞུགས་པའོ། །རྒྱས་པར་སྤྲོ་ན། གནོད་སྦྱིན་བྱེ་བ་སྟོང་ཕྲག་བྱེ་བ་དཔག་ཏུ་མེད་པའི་ཚོགས་ཀྱིས་བསྐོར་བ། ཞེས་ཉམས་ཉི་ཤུ་རྩ་ལྔ་པོ་དག་ཏུ་ཡང་འདོན། མ་བརྗོད་ཀྱང་ཆོགདཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། རང་ལ་ཐིམ། ཡང་ཧཱུཾ་ལས་འོད་འཕྲོས། དབང་གི་ལྷ་སྤྱན་དྲངས། ཡིད་ཀྱིས་མཆོད་བསྟོད་གསོལ་བ་བཏབ་པས། དབང་བསྐུར་ཏེ། མི་བསྐྱོད་པས་དབུ་བརྒྱན། བཟླས་པ་ཡན་ལག་བཞི་ནི། བྱིན་རླབས་སྔགས་བཟླས་བཟོད་གསོལ་སྨོན་ལམ་མོ། །དེ་ཡང་སྙིང་གའི་ཧཱུཾ་ལས་འོད་འཕྲོས། སངས་རྒྱས་བྱང་སེམས་མདུན་གྱི་ནམ་མཁར་སྤྱན་དྲངས། ཡིད་ཀྱི་མཆོད་པས་སྔགས་བཟླ་བར་གནང་བ་སྩལ། སྔགས་བཟླ་གྲོགས་མཛད་པར་བསམས་ལ། བཟླས་བྱའི་སྔགས་དངོས་ནི། ཏདྱ་ཐཱ། བྷོ་བྷོ་པཾ་ནཱ་ག་ཨ་དྷི་པ་ཏ་ཡེ། ཨི་དཾ་ནི་ལཱཾ་བ་ར་དྷ་ར་ཤ་རི་རཾ་བཛྲ་པཱ་ཎི་ཧྲི་ད་ཡཾ། ཡཿས་མཱ་ཏི་ཀྲ་མ་ཐཱ། ཨུཏ་པཱ་ཏ་ནཾ་བྷ་བི་ཎྱ་ཏི། ཏདྱ་ཐཱ། བུདྡྷ་བུདྡྷ། བི་བུདྡྷ་བི་བུདྡྷ། མ་ཏི་ཀྲ་མ་ཐཱ། ཧ་ར་ཧ་ར། ནཱ་ག་ནཾ། པྲ་ཧ་ར་པྲ་


TNT15_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ར། ནཱ་ག་ནཾ། ཙྪིནྡྷ་ཙྪིནྡྷ། ནཱ་ག་ཧྲི་ད་ཡ་ནི། བྷིཾ་ད་བྷིཾ་ད། ནཱ་ག་མརྨ་ནི། བྷི་ཤིརྻནྟུ། ནཱ་ག་ཤི་རཱི་ར་ཎི། བི་སྥོ་ཊ་ཡ་ནཱ་ག་ནཱ་ཡ་ནི། ཏདྱ་ཐཱ། ཧཱུཾ་ཕཊ། ནཱ་ག་བི་དཱ་ར་ཎ་ཡ་ཕཊ། རཱ་གོ་ཏ་པཱ་དཱ་ན་ཡ་ཕཊ། ནི་ལ་བ་ས་ནཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏ་པཱ་ལ་པ་ཌཱ་ཀྲ་མཱ་ཡ་ཕཊ། ཀྲི་ཏྲཱཾ་ཏཱ་ཡ་ཕཊ། ཀྲི་ཏཱན་ཏ་རུ་པ་ཡ་ཕཊ། རོ་ཥ་ཎཱ་ཡ་ཕཊ། ཏྲ་པ་ནཱ་ཡ་ཕཊ། ཀུམྦྷ་ཎྜོཏྤཱ་དཱ་ནཱ་ཡ་ཕཊ། པྲེ་ཏ་པི་ཤཱ་ཙཱ་བི་ནཱ་ཤ་ཀ་ར་ཡ་ཕཊ། ཡཀྴ་ཨ་པ་སྨཱ་ར། བི་ནཱ་ཤཱ་ཀ་ར་ཡ་ཕཊ། ཧ་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། སརྦ་བིགྷྣཱན། བི་ནཱ་ཤཱ་ཀ་ར་ཡ་ཕཊ། སརྦ་ཤ་ཏྲཱུཾ་སཾ་གྷ་བི་ནཱ་ཤཱ་ཀཱ་ར་ཡ་ཕཊ། ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱཧཱ། དེ་ནས་སངས་རྒྱས་རྣམས་ལ་ཡི་གེ་བརྒྱ་པས་བཟོད་པར་གསོལ། སངས་རྒྱས་རྣམས་ཀྱིས་ཀྱང་རྗེས་སུ་ཡི་རང་མཛད་དེ། མི་དམིགས་པར་གཤེགས། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ། རྗེས་ཀྱི་ཡན་ལག་བཞི་ནི། སྤྱོད་ལམ་ཁ་ཟས་གཏོར་མ་ཉལ་བ་བཞི། དང་པོ་ནི། བདག་དང་སྣང་བ་ཐམས་ཅད་ལྷ་སྐུར་བསྒོམ་པའོ། །གཉིས་པ་ནི། ཁ་ཟས་བྱིན་གྱིས་བརླབས་ལ་ལྷའི་ང་རྒྱལ་གྱིས་ཟའོ། །གསུམ་པ་གཏོར་མ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ། མདུན་དུ་ཧཱུཾ་ལས་བདག་བསྐྱེད་བཞིན་བསྐྱེད། ཡེ་ཤེས་པ་སྤྱན་དྲངས། གཟུངས་རིང་ལན་གསུམ་བཟླས་ལ་ཕུལ། མཆོད་བསྟོད་སོགས་རྗེས་ཀྱི་བྱ་བ་རྣམས་སྤྱི་དང་མཐུན་ནོ། །བཞི་པ་ནི། འོད་གསལ་གྱི་ངང་དུ་ཉལ་ཞིང་ལྷའི་སྣང་བར་ལྡང་བའོ། །དེ་ལྟར་ཡན་ལག་ཉི་ཤུ་དང་ལྡན་པས་བསྙེན་པ་འབུམ་ཕྲག་བཞི་བྱའོ། །དེ་ནས་སྦྱིན་སྲེག་དང་མཆོད་བསྟོད་ལ་བསྟེན་ནས་ལྷ་ཉེ་བར་སྒྲུབ་པ་


TNT15_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། བུམ་པའི་ཆོ་ག་སོགས་དང་འབྲེལ་བའི་ལས་ཚོགས་མང་དུ་གསུངས་པ་རྣམས་བསྒྲུབ་པར་བྱའོ། །འདིའི་རྗེས་གནང་ནི་ཀླུ་དབང་གི་རྒྱལ་པོའི་རྗེས་གནང་གི་རིགས་འགྲེ་སྟེ། བདག་ནི་ཀླུ་དབང་རྒྱལ་པོ་ཡི། །ཞེས་པ། བདག་ནི་གསང་བའི་བདག་པོ་ཡི། །ཞེས་པར་འདོན་པ་སྤོ་བ་སོགས་བྱས་པས་འགྲུབ་བོ། །གསུང་གི་རྗེས་གནང་གི་སྐབས། གཟུངས་མདོ་ཆུང་ཆུང་དེ་ལན་གསུམ་ཀློག་པ་ནི་ཁྱད་པར་རོ། །ཀུན༵་ནས་ཤིན་ཏུ་ཟབ་མོའི་གསང༌། །དག༵འ་ཞིང་ཡི་གེའི་ལམ་དུ་སྤེལ། །སྙིང༵་ནས་ཆོས་འདིར་མོས་པའི་དགེས། །སྒྲུབ་པོ༵་བདག་གིས་ཞལ་མཐོང་ཤོག །ཅེས་པ་ནི་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་གཟུངས་ལས་བྱུང་བའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།ཌཱ་ཀི་ནཱི། ཨ་ཝ་དྷཱུ་ཏཱི། ཇོ་བོ། འགར་དགེ གྱང་ཕུ་བ། ས་སྐྱ་བ། །

ཕྱག་རྡོར་ས་ལུགས་ཀྱི་སྒྲུབ་ཐབས།


TNT15_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྡོར་ས་ལུགས་ཀྱི་སྒྲུབ་ཐབས་སོ། །ན་མོ་གུ་རུ། དཔལ་ལྡན་རྡོ་རྗེ་དབང་ཕྱུག་གཙོ། །གདུལ་དཀའ་འདུལ་བ་ལ་བཏུད་ནས། །གསང་བདག་སྙིང་པོའི་སྒྲུབ་ཐབས་གང༌། །མདོ་ཙམ་བདག་གིས་བྲི་བར་བྱ། །སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། སྒྲུབ་ཐབས་འགའ་ཞིག་གི་ལུགས་ལྟར་ན། ཤཱུ་ནྱ་ཏས་སྟོང་པར་སྦྱངས་ནས། པད་ཉི་ལ་ཧཱུཾ་ལས་བསྐྱེད་པའམ། འདི་ཉིད་ཀྱི་མན་ངག་ཐུན་མོང་མ་ཡིན་པ་ལྟར་ན། རང་གི་སྙིང་ནང་དུ་ཉི་མའི་སྟེང་དུ་ཧཱུཾ་སྔོན་པོ་དེ་ལས་འོད་འཕྲོས། སྤྱི་གཙུག་ནས་རྐང་མཐིལ་ཡན་ཆད་གང༌། ཐ་མལ་བའི་ལུས་དང་སྡིག་སྒྲིབ་སྦྱངས་ནས། རང་ཉིད་ཕྱག་ན་རྡོ་རྗེར་གྱུར་པ་ནི། པདྨ་དང་ཉི་མའི་གདན་ལ་གཡས་བསྐུམ་གཡོན་བརྐྱང་གི་སྟབས་ཀྱིས་བཞེངས་པ། སྐུ་མདོག་སྔོན་པོ། ཞལ་གཅིག་


TNT15_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཉིས་གཡས་རྡོ་རྗེ་རྩེ་ལྔ་ནམ་མཁའ་ལ་འཕྱར་བ། གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་ཞིང༌། སྐྲ་སེར་གྱེན་དུ་བརྫེས་པ། ཀླུ་ཆེན་པོ་བརྒྱད་དང༌། རིན་པོ་ཆེས་བརྒྱན་ཞིང༌། སྟག་ལྤགས་ཀྱི་ཤམ་ཐབས་ཅན། མི་བསྐྱོད་པས་དབུ་བརྒྱན་ཞིང༌། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །བཟླས་པ་བྱ་བར་འདོད་པས། སྙིང་གི་ནང་དུ་ཉི་མའི་སྟེང་དུ། ཧཱུཾ་གི་མཐའ་སྐོར་དུ་སྔགས་ཀྱི་འཕྲེང་བས་བསྐོར་བར་དམིགས་ལ། སྔགས་བཟླས་པ་དེ་ལས་འོད་འཕྲོས། རང་གི་སྡིག་སྒྲིབ་སྦྱང༌། བགེགས་རྣམས་བཅོམ། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། བྱིན་རླབས་ཐམས་ཅད་ཚུར་འདུས་ཏེ། ས་བོན་སྔགས་འཕྲེང་དང་བཅས་པ་ལ་ཐིམ་པར་བསམ་ལ། ཨོཾ་ནཱི་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་ར་ཛྙཱ་པ་ཡ་ཏི་སྭཱཧཱ། ཞེས་འབུམ་ཕྲག་བཅོ་བརྒྱད་བཟླས་སོ། །འཇུག་དགེ་བ་བྱང་ཆུབ་ཏུ་བསྔོ། གཏོར་མ་དཀར་གཏོར་བསངས་སྦྱངས། ཨོཾ་ལས་རིན་པོ་ཆེའི་སྣོད་དུ། ཨཱཿལྷའི་བདུད་རྩི། དབུས་སུ་ཧཱུཾ་ལས་ཡེ་ཤེས་ཀྱི་བདུད་རྩིར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ་བརྗོད། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་དང་བཅས་པ་ཐམས་ཅད་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལ་ཡེ་སྟྭཾ། ཨོཾ་ནཱི་ལཾ་ནས། བ་ཡ་ཏི་ས་པཱ་རི་


TNT15_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཝཱ་ར་ཨི་དཾ་བཱ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱཧཱ། ལན་གསུམ་གྱིས་ཕུལ། ཉེར་སྤྱོད་ལྔས་མཆོད། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང༌། །སོགས་ཀྱིས་བསྟོད། འདོད་དོན་གསོལ་བ་བཏབ། ཡིག་བརྒྱ། བཟོད་གསོལ། གཤེགས་པར་གསོལ་བ་རྣམས་སྤྱི་དང་མཐུན་པར་བྱ་ཞིང༌། རྟག་ཏུ་ལྷའི་ང་རྒྱལ་ལ་གནས་པར་བྱའོ། །འདིའི་རྗེས་གནང་སྒྲུབ་ཐབས་བརྒྱ་རྩ་ཁོ་ན་ལྟར་ཡིན་ལ་ཕྱིས་ཀྱི་ལག་ལེན་ལྟར་ན། མནྚལ་གྱི་སྟེང་དུ་གཏོར་མ་བཞགརྗེས་གནང་གི་འཇུག་ཏུ་གཏོར་དབང་རེ་ཡང་བྱེད་ཀྱིན་སྣང་ངོ༌། །གསང་བ་ཀུན༵་བདག་དག༵འ་ཆེན་གྱི། །སྒྲུབ་ཐབས་ཀུན་གྱི་རྩ་བ་འདི། །སྙིང༵་པོ༵འི་དོན་ཙམ་བསྡུས་པ་སྟེ། །དགྲ་ལས་རྣམ་རྒྱལ་ལས་བརྒྱུད་པའོ། །དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་ས་ལུགས་ཀྱི་ལེ་ཚན་ནོ།། །།དགེའོ། །

ཕྱག་རྡོར་གཏུམ་ཆེན་བསྲུང་བའི་མཁར་ཞེས་གྲགས་པའི་སྒྲུབ་ཐབས།


TNT15_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། བདུད་ཀུན་འཇོམས་པའི་ཡེ་ཤེས་ནི། །ཐུགས་རྗེས་ཁྲོ་བོའི་སྐུར་སྟོན་པ། །རྡོ་རྗེ་གཏུམ་པོ་ལ་བཏུད་ནས། །གསང་སྒྲུབ་ཆེན་པོའི་སྒྲུབ་ཐབས་བཤད། །དེ་ལས་སྒྲུབ་ཐབས་བསྲུང་བའི་མཁར་ཞེས་བྱ་བ་སྒོམ་པར་འདོད་པས། སྐྱབས་སེམས་སྔོན་དུ་སོང་ནས། རང་རྡོ་རྗེ་གཏུམ་པོར་གསལ་བའི་ཐུགས་ཀའི་འོད་ཀྱིས་བླ་མ་དང་ཡི་དམ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ གང་གིས་འཁོར་བའི་ཉེས་པ་ནི། །དྲན་པ་ཙམ་གྱིས་འཇོམས་མཛད་ཅིང༌། །བླ་མེད་བྱང་ཆུབ་ཐོབ་མཛད་པ། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ལྕང་ལོ་ཅན་གྱིས་གནས་མཆོག་ན། །བཅོམ་ལྡན་རྡོ་རྗེ་གཏུམ་པོ་ནི། །ཡོན་ཏན་ཐམས་ཅད་སྐུ་ལ་རྫོགས། །སྐྱོན་མེད་སྐུ་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་སྟོང་པའི་ངང་ལས་


TNT15_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཡོས་ཀྱང༌། །ཐབས་ལ་མཁས་པས་སྣ་ཚོགས་སྐུར་སྟོན་ཞིང༌། །སྡེ་བརྒྱད་དྲེགས་པ་མཐའ་དག་ཟིལ་གནོན་པའི། །རྒྱལ་སྲས་ཁྱུང་གི་ཚོགས་ལ་ཕྱག་འཚལ་ལོ། །ནམ་མཁའ་མཛོད་ཀྱི་སྔགས་རྒྱས་མཆོད་པ་སྤྲུལ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་གསོལ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུཾ་ནས། ཤཔྟའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ཡན་ལག་བདུན་པ་བྱ། ཚོགས་ཞིང་རྣམས་རང་ལ་ཐིམ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷ྄ོ྅ཧཾ། སྙིང་རྗེ་ཆེན་པོར་བསྐྱེད་ལ། སྟོང་ཉིད་མ་རྟོགས་པའི་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོའི་གོ་འཕང་ལ་འགོད་པར་བྱའོ། །ཞེས་བརྗོད། སྟོང་པའི་ངང་ལས། པད་ཉི་ལ་གནས་པའི་ཧཱུཾ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པར་གྱུར། དེ་ལས་བསྲུང་བའི་འཁོར་ལོ་སྤྲོས། རྡོ་རྗེ་ཉིད་འོད་དུ་ཞུ། ཨོཾ་བཛྲ་པཱ་ཎི་ཧཱུཾ་ཕཊ། རང་སྐད་ཅིག་གིས་བཅོམ་ལྡན་འདས་རྡོ་རྗེ་གཏུམ་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ། སྨ་ར་སྨིན་མ་དབུ་སྐྲ་མེ་ལྟར་འབར་ཞིང༌། མཆེ་བ་རྣོན་པོ་གཙིགས་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་འཕྱར་ཞིང་གསོར་བ། གཡོན་དྲིལ་བུ་བཀུར་བསྟེན་པ། ཞབས་གཡས་བསྐུམས་པས་དབང་ཕྱུག་དང༌། གཡོན་བརྐྱང་བས་དབུ་མ་མནན་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། སྦྲུལ་དཀར་པོས་དབུ་བརྒྱན། སེར་པོས་རྣ་ཆ་དང་དཔུང་གདུབ། དམར་པོས་མགུལ་རྒྱན་དང་སྐེ་རགས། ནག་པོས་ཞབས་གདུབ་


TNT15_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

དང་ག་ཞ། ལྗང་ཁུས་ཕྱག་གདུབ་བྱས་པའོ། །ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ། སྤྱི་བོར་རྡོ་རྗེ་རྒྱ་གྲམ་ཧཱུཾ་གིས་མཚན་པ། དེ་ལས་སྤྲོས་པའི་རྡོ་རྗེའི་གོ་ཁྲབ་ཀྱིས་རྐང་མཐིལ་ཡན་ཆད་གཏམས། བུདྡྷ་ག་རུ་ཌ་ཨོཾ། སྤྱི་བོར་འཁོར་ལོའི་ཁྱུང་དཀར་པོ་འཁོར་ལོ་འཛིན་པ། པདྨ་ག་རུ་ཌ་ཧྲཱིཿ མགྲིན་པར་པདྨའི་ཁྱུང་དམར་པོ་པདྨ། བཛྲ་ག་རུ་ཌ་ཧཱུཾ། སྙིང་གར་རྡོ་རྗེའི་ཁྱུང་སྔོན་པོ་རྡོ་རྗེ། རཏྣ་ག་རུ་ཌ་ཏྲཾ། ལྟེ་བར་རིན་པོ་ཆེའི་ཁྱུང་སེར་པོ་རིན་པོ་ཆེ། ཀརྨ་ག་རུ་ཌ་ཨ། ལས་ཀྱི་ཁྱུང་ལྗང་ཁུ་རལ་གྲི། ཨེ། དཔྱི་གཡས་སུ་མེ་ཏོག་གི་ཁྱུང་དམར་པོ་མེ་ཏོགབཾ། གཡོན་པར་བདུག་སྤོས་ཀྱི་ཁྱུང་སྔོན་མོ་བདུག་སྤོས། མ། དཔུང་པ་གཡས་པར་མར་མེ་ཁྱུང་དམར་པོ་མར་མེ། ཡ། གཡོན་པར་དྲི་ཆབ་ཀྱི་ཁྱུང་ལྗང་མོ་དྲི་ཆབ། ཨ། བྲང་གཞོལ་དུ་གནོད་སྦྱིན་གདུལ་བའི་ཁྱུང་སྔོན་པོས་རལ་གྲི། སྭ། སོག་ཕྲག་ཏུ་གཤིན་རྗེ་འདུལ་བའི་ཁྱུང་བེ་ཅོན། ཧྲཱིཿ ལྟེ་འོག་ཏུ་ཀླུ་འདུལ་བའི་ཁྱུང་དམར་པོ་ལྕགས་སྒྲོགཧཱུཾ། ཚང་རར་དྲི་ཟ་འདུལ་བའི་ཁྱུང་ལྗང་ཁུ་རྡོ་རྗེ། ཛཿ སྣ་ལ་ལྕགས་ཀྱུའི་ཁྱུང་དཀར་པོ། ཧཱུཾ། ཁ་ལ་ཞགས་པའི་ཁྱུང་སེར་པོ། བཾ། གསང་བར་ལྕགས་སྒྲོག་གི་ཁྱུང་དམར་པོ། ཧོ། བཤང་སྒོར་དྲིལ་བུའི་ཁྱུང་སྔོ་སངས། ཐམས་ཅད་ཀྱང་ཕྱག་གཡོན་པས་རང་མདོག་དང་མཚུངས་པའི་སྤྲུལ་བཟུང་ནས་ཞལ་དུ་གསོལ་བའོ། །ཨོཾ་ཨཱཿཧཱུཾ། ས་མ་ཡ་སྟྭཾ། སྤྱི་བོ་ནས་སྙིང་གའི་བར་སྤྲུལ་པའི་བྱ་ཁྱུང་ཞལ་གཅིག་ཕྱག་གཉིས་པ་རྣམས་དང༌། ཨོཾ་ཨཱཿཧཱུཾ། ས་མཱ་


TNT15_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཛཿ དེ་ནས་ལྟེ་བའི་བར་ཡང་སྦྲུལ་གྱི་ཁྱུང་ཞལ་གཅིག་ཕྱག་བཞི་པ་རྣམས་དང༌། ཨོཾ་ཨཱཿཧཱུཾ། ས་མ་ཡ་ཨཱཿ དེ་ནས་རྐང་མཐིལ་བར་ཉིང་སྦྲུལ་གྱི་ཁྱུང་ཞལ་གཅིག་ཕྱག་དྲུག་པ་དང༌། ཨོཾ་ཨཱཿཧཱུཾ་ས་མ་ཡ་ཧོ། སྤྱི་བོ་ནས་རྐང་མཐིལ་གྱི་བར་ཕྱི་ནང་ཐམས་ཅད་དུ་བསམ་གྱིས་མི་ཁྱབ་པའི་ཁྱུང་དབུ་དགུ་པ་ལ་སོགས་པ་དབུ་ཕྱག་མ་ངེས་པ་རྣམས་ཀྱིས་གང་བར་གྱུར། རྣམ་སྤྲུལ་གྱི་ཁྱུང་དེ་རྣམས་ཐམས་ཅད་སྐུ་མདོག་དང་ཕྱག་མཚན་སྣ་ཚོགས་པའོ། །ཨོཾ་བཛྲ་ཛྭ་ལ་རཾ། བདག་ལུས་དང་ཁྱུང་ཐམས་ཅད་ལས་མེ་དཔུང་འབར་བར་གྱུར། རང་གི་སྙིང་གར་པད་ཉི་ལ་ཧཱུཾ་སྔགས་ཀྱི་འཕྲེང་བས་བསྐོར་བ། དེ་ལས་འོད་འཕྲོས། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཡང་འོད་འཕྲོས་དབང་གི་ལྷ་བཛྲ་ས་མཱ་ཛཿ པུཥྤེ་ནས། ནཻ་ཝི་ཏེའི་བར་གྱིས་མཆོད། ཨོཾ་ཨ་བྷི་ཥིཉྩ་ཏུ་མཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར། མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔས་དབུ་བརྒྱན། ཨོཾ་བཛྲ་པཱ་ཎི་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། སྐུའི་སྔགས། ཨོཾ་བཛྲ་ཀྲོ་དྷ་ནཱི་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། གསུང་གི་སྔགས་ཏེ་འབུམ་ཕྲག་རེ་རེའོ། །ཨོཾ་བཛྲ་ཙཎྜ་མཧཱ་རོ་ཥ་ན་ཧཱུཾ་ཕཊ། ཐུགས་ཀྱི་སྔགས་ཏེ་སུམ་འབུམ་ཉི་ཤུ་རྩ་གཅིག་གོ །ཤམ་བུ་ཐུང་འདོགས་ནི། རོ་ཥ་ཎའི་རྗེས་སུ། བཛྲ་ག་རུ་ཌ་ཧཱུཾ་ཧཱུཾ་ཕཊ་ཕཊ།


TNT15_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ། དུ་ཏ་མཱ་ར་ཡ་སྭཱཧཱ། རིང་འདོགས་ནི། ཕཊ་ཕཊ་ཀྱི་རྗེས་སུ། བཛྲ་བ་ཏི་ག་རུ་ཌ་བེ་གེ་ཧཱུཾ་ཧཱུཾ་ཛ་ཛ་རི་ཛ་པྲི་ཛ་ཧཱུཾ་ཕཊ། ག་རུ་ཌ་ཙ་ལེ་སོགས་འདྲ། དྲག་སྔགས་ནི། ཧཱུཾ་ཧྲིལ་ཧྲིལ། དཱི་མ་དཱི་མ། ཕོབ་ཕོབ། ཤར་ཤར། དི་རི་དི་རི། ཁ་ཐམ་ཁ་ཐམ་ཐུམ། ཛ་རེ་ཛ་རེ་བྷྱོ། ཧ་ས་ཧ་ས། ཏེ་པ་ཏེ་པ། ཀྲི་ད་ཧ་ཀྲི་ད་ཧ། གྲི་ཁུག་ཀྲི་ཁུགཚལ་པ་ཚལ་པ། སྲེག་སྲོག་ཚིག་ནན་རྦད། ལུས་དུ་ལ་མཱ་ར་ཡ་རྦད། རཾ་རཾ་ཛྭ་ལ་ཛྭ་ལ། ཤི་ཤི རྡུལ་བུན་རྦད་སོད། ཅེས་འདོགས་པའོ། །ཤམ་བུ་རྣམས་ལ་བསྙེན་པའི་ཚེ་གྲངས་ཀྱི་ངེས་པ་མེད་དོ། །མཐར་མི་དམིགས་པར་བྱས་ཏེ་དགེ་བ་བསྔོ། གཏོར་མ་བསངས་སྦྱངས། ཡཾ་ལས་རླུང་རཾ་ལས་མེ། འབྲུ་གསུམ་ལས་བྱུང་བའི་མི་མགོ་སྒྱེད་པུ། ཨ་ལས་ཐོད་པ། དེའི་ནང་ཉི་མའི་སྟེང་དུ། ཧཱུཾ་བྷྲཱུཾ་ཨཾ་ཛྲིཾ་ཁཾ་ལས་བདུད་རྩི་ལྔ། ན་གོ་ཀུ་གོ་ཧ་ལས་ཤ་ལྔ། སྟེང་གི་ནམ་མཁའ་ལ་ཨ་ལས་ཟླ་བ་དང་ཧཱུཾ་ལས་རྡོ་རྗེ། རླུང་གཡོས། མེ་སྦར་རྫས་རྣམས་བསྐོལ་ཞིང༌། དྲི་མ་སྦྱངས། ཟླ་བ་རྡོ་རྗེ་ཞུ་ཞིང་ཐིམ་པས་བདུད་རྩིར་གྱུར། སྣོད་བཅུད་ཀྱི་བདུད་རྩི་ཐམས་ཅད་བཀུག་སྟེ་བསྟིམ་པས་རྒྱ་ཆེར་སྤེལ། ཨོཾ་ཨཱཿཧཱུཾ། ཞེས་བྱིན་གྱིས་བརླབས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རྡོ་རྗེ་གཏུམ་པོ་བྱ་ཁྱུང་གི་ཚོགས་དང་བཅས་པ་བཛྲ་ས་མཱ་ཛཿ མདུན་དུ་དཔག་བསམ་གྱི་ཤིང་རབ་ཏུ་རྒྱས་པའི་རྩེ་མོར་བཞུགས་པར་གྱུར། སྙིང་པོའི་མཐར། ཨ་ཀཱ་རོ་བཏགས་པས་འབུལ། ཚོགས་ཞིང་གི་སྐབས་སུ་བཤད་པ་ལྟར་མཆོད་བསྟོད་བྱ། མཆོད་སྦྱིན་གཏོར་མ་འདི་


TNT15_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་ལ། །ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི་བར་འདོད་དོན་གསོལ་བ་བཏབ། ཡིག་བརྒྱ་ལན་གསུམ་བརྗོད། མ་འབྱོར་བ་དང་སོགས་ཀྱི་མཐར་བཛྲ་མུཿ ཞེས་གཤེགས་སུ་གསོལ། དམ་ཚིག་ཏུ་འདབ་ཆགས་དང༌། རྨིག་གཅིག་པའི་ཤ་དང༌། སྒོ་ང་མི་ཟ། ཀླུ་གཏོར་རྒྱུན་དུ་གཏོང༌། རྟགས་བརྒྱད་ནི། ལུས་ལ་མེ་འབར་བ་དང༌། རྐང་པ་མཚོ་ནང་དུ་སྐྱོད་པ། རི་ཀླུང་ལ་བསྐོར་བ། རུས་པ་འཇོམས་པ། སྦྲུལ་གྱིས་བརྒྱན་བྱེད་པ། སྐུ་གཟུགས་བཞད་པ། མེ་ཏོག་སྔོན་པོ་འཐུ་བ། གནོད་སྦྱིན་གྱི་སྡེ་དཔོན་བྱེད་པ་རྣམས་སོ། །འདིའི་བྱིན་རླབས་བྱེད་པར་འདོད་པས། མཎྜལ་པདྨ་འདབ་བརྒྱད་མེ་རིས་བསྐོར་བའི་དབུས་སུ་ཉི་གདན་ལ་ཚོམ་བུ་སྔོན་པོ་བཀོད་སྟེང་མཉྫི་ལ་བུམ་པ་སྤྱི་དང་མཐུན་པར་བཤམས། མཆོད་གཏོར་སྤྱི་དང་མཐུན་པར་བསྐོར། སློབ་དཔོན་གྱིས་མཁའ་འགྲོ་སྤྱི་གཏོར་གྱི་ཆོ་གས་སྔོན་འགྲོ་གཏོར་མ་བཏང༌། གནས་ཡོ་བྱིན་རླབས་སྤྱི་དང་མཐུན། སྐྱབས་འགྲོ་ནས་ཚོགས་ཞིང་རང་ལ་བསྟིམ་པའི་བར་གོང་བཞིན་བྱས་ལ། མདུན་བསྐྱེད་མཎྜལ་དང་བུམ་པ་བསངས། སྭ་བྷཱ་ཝ་ནས། བཟླས་པའི་བར་གོང་བཞིན་བྱ་སྟེ། བདག་མདུན་ཕྱོགས་གཅིག་ཏུ་སྒྲུབ་པ་ཡིན་ལ། དམིགས་པ་ནི་ཐ་དད་དུ་སྒོམ་པ་ཡིན་ནོ། །བུམ་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ནང་དུ་པད་ཉི་ལ་ཧཱུཾ་ལས། ཞེས་པ་ནས། ཕྱག་གདུབ་བྱས་པའོའི་བར་གོང་བཞིན། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཡེ་ཤེས་པ་སྤྱན་འདྲེན་དང༌། དབང་བསྐུར་རྒྱས་བཏབ་བདག་བསྐྱེད་ཀྱི་རིགས་འགྲེ། གཟུངས་ཐག་ནས་བཟུང་ལ་སྔགས་བཟླ། མཆོད་བསྟོད་བྱ། དུང་ཆོས་ཀྱི་ཆུ་ཕུལ་བས་ལྷ་ཞུ་ནས་བུམ་ཆུར་གྱུར། གཏོར་ཆོག་ལྟར་མདུན་བསྐྱེད་ལ་གཏོར་


TNT15_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཕུལ། མཁའ་འགྲོ་སྤྱི་གཏོར། ཀླུ་གཏོར་གཞི་བདག་གཏོར་མ་སོགས་ཀྱང་བཏང༌། སློབ་མ་རྣམས་ཁྲུས་བྱས། གྲལ་ལ་འཁོད། མཎྜལ་ཕུལ། སློབ་དཔོན་གྱིས་བདག་ལ་རྡོ་རྗེ་གཏུམ་པོའི་རྗེས་སུ་གནང་བ་སྩལ་དུ་གསོལ། ལན་གསུམ་གྱིས་གསོལ་བ་བཏབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ། སྟོང་ཉིད་སྒོམ་པ་ནས། མེའི་གོ་བགོ་བའི་བར་མངོན་རྟོགས་ལྟར་དམིགས་པ་ཕོགདེ་ནས་གནས་གསུམ་བྱིན་གྱིས་བརླབས། ཡེ་ཤེས་པ་བསྟིམ་པ་རྗེས་གནང་སྤྱི་དང་འདྲ། དབང་བསྐུར་རྒྱས་བཏབ་མངོན་རྟོགས་དང་འདྲ་བ་ལས། སློབ་དཔོན་གྱིས་བུམ་པ་ཐོགས་ནས། ཇི་ལྟར་བལྟམས་པ་སོགས་དང༌། ཨོཾ་ཙཎྜ་མཧཱ་རོ་ཥ་ཎ་ཨ་བྷི་ཥེ་ཀ་ཏ་ག་ཏ་ཌ་ཙཱ་ལེ་ཙཱ་ལེ། དུནྚ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་བུམ་པས་དབང་བསྐུར་བ་ནི་ཁྱད་པར་རོ། །དེ་ནས་བཟླས་ལུང་དང༌། བྱིན་གྱིས་བརླབས་པའི་ལུང་སྤྱི་དང་འདྲ། དེ་ཡང་ཁྱེད་ཀྱིས་རྡོ་རྗེ་གཏུམ་པོའི་སྒོ་ནས་ཕྲིན་ལས་རྣམ་བཞིས་སེམས་ཅན་གྱི་དོན་སྒྲུབ་པར་མཛོད་ཅིགཅེས་གནང་བར་བྱིན། སློབ་མའི་རྗེས་ཀྱི་བྱ་བ་དང༌། མདུན་བསྐྱེད་ཀྱི་རྗེས་ཆོག་ཀྱང་སྤྱི་དང་འདྲ་བ་ལས། གཏོར་མ་གསར་བ་རེ་བཤམས་ནས། མདུན་བསྐྱེད་དང་ཆོས་སྐྱོང་རྣམས་ལ་འབུལ་བ་ནི་ཁྱད་པར་རོ། །ཡང་གཏོར་དབང་ལ་དགའ་བ་རྣམས་ཀྱི་ངོར་མཎྜལ་གྱི་རྒྱབ་ཏུ་གཏོར་མ་ནག་པོ་གྲུ་གསུམ་ཞིག་བཤམས། སྐད་ཅིག་གིས་གསང་བའི་བདག་པོར་བསྐྱེད། མཆོད་བསྟོད་ཞིག་བྱས་ལ་བཞགདབང་བསྐུར་རྒྱས་བཏབ་ཀྱི་རྗེས་སུ་གཏོར་དབང་སྤྱི་དང་མཐུན་པར་བསྐུར། རྗེས་ཆོག་གི་སྔོན་དུ་དེའི་ཡེ་ཤེས་པ་མདུན་དུ་སྤར་ལ། གཏོར་མ་དེ་འབུལ་གཏོར་དུ་བྱེད་པའི་ལག་ལེན་ཡང་ཁ་ཅིག་ལ་འདུག་མོད་ཀྱི། བརྒྱུད་པ་


TNT15_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་ལུགས་ཀྱི་ཡི་གེ་རྣམས་ལས་གཏོར་དབང་མ་བཤད་ཅིང༌། རྗེ་སྟག་ལུང་པ་ཡབ་སྲས་ཀྱི་ཕྱག་ལེན་ལའང་མི་མཛད་ཅིང༌། དོན་ལའང་མི་དགོས་པ་ཡིན་པར་མངོན་ནོ། །ཀུན༵་ཏུ་ཟབ་པར་རབ་གྲགས་པ། །བགེགས་འཇོམས་འདོད་རྣམས་ཡིད་དག༵འི་གནས། །རས་ཆུང་གདམས་པའི་སྙིང༵་པོ༵་ནི། །ལེགས་པར་སྙེད་གང་ངོ་མཚར་རོ། །ཕྱག་རྡོར་གཏུམ་ཆེན་བསྲུང་བའི་མཁར་ཞེས་གྲགས་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། མངྒལཾ། །

གཏུམ་པོ་ཁྲ་ཐོགས་ཀྱི་སྒྲུབ་ཐབས།


TNT15_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་པོ་ཁྲ་ཐོགས་ཀྱི་སྒྲུབ་ཐབས་སོ། །ན་མོ་བཛྲ་དྷ་ར་ཡཱ། གང་ཞིག་བསྒོམས་པས་གདུག་པ་ཀུན། །སྐད་ཅིག་གཅིག་གིས་ཉམས་འགྱུར་ལ། །འདོད་པའི་དངོས་གྲུབ་ཀུན་ཐོབ་པ། །བདག་སྙིང་ཡ་མཚན་སྐྱེས་ནས་བྲིས། །འདིར་ཤིན་ཏུ་ཟབ་པ་ལས་ཀྱང་ཆེས་ཟབ་པར་གྱུར་པའི་མན་ངག་སྟེ། སྒྲུབ་པོ་གང་ཞིག་འདི་ཉིད་ཀྱི་རྗེས་སུ་གནང་བ་ཡང་དག་པར་ཐོབ་པ་དག་གིས་ནན་ཏན་དུ་བྱའོ། །སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན། ཨོཾ་ཤཱུ་ནྱ་ཏཱའི་སྔགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས། ཨོཾ་བཛྲ་པཱ་ཎི་ཧཱུཾ་ཕཊ། ཅེས་པའི་སྒྲ་ལས་རང་ཉིད་རྡོ་རྗེ་གཏུམ་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་གཙིགས་པ། ཕྱག་གཡས་རྡོ་རྗེ་སེར་པོ་རྩེ་ལྔ་པ་ནམ་མཁའ་ལ་འཕྱར་བ། གཡོན་སྡིགས་མཛུབ་བརྐྱང་བས་བགེགས་རྣམས་ལ་གཟིར་བ། སྣ་ཚོགས་པདྨ་ཉི་མའི་སྟེང་དུ་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། སྦྲུལ་ནག་པོས་བརྒྱན་པ། ཁྲོ་བོའི་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པ། བ་སྤུའི་བུ་ག་ཐམས་ཅད་ཁྱུང་སྔོ་ནག་གིས་གཏམས་ཤིང༌།


TNT15_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །སྡིགས་མཛུབ་ཐུགས་ཀར་གཏོད་པས་ཀྱང་རུང་ངོ༌། །དམ་ཡེ་དབྱེར་མེད་ཀྱི་ངོ་བོར་མོས་པ་བྱ། ཀླུ་འདུལ་བ་གཙོ་བོར་འདོད་ན། སྦྲུལ་རིགས་ལྔའི་ཆུན་པོ་ཞབས་འོག་ཏུ་མནན་པ་སྒོམ་གསུང་དྲེགས་པ་རྣམས་ལྟ་ཅི་སྨོས། ཡེ་ཤེས་ཀྱི་ལྷ་རྣམས་ཀྱང་བཀའ་འོག་ཏུ་འདུས་སོ་སྙམ་པའི་ང་རྒྱལ་བསྐྱེད་ལ། སྤྱི་བོར་བླ་མ་མི་བསྐྱོད་པ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་དབུས་སུ་ཉི་མ་ལ་ཧཱུཾ་མཐིང་གའི་མཐར་སྔགས་ཀྱིས་བསྐོར་བ། དེ་རྣམས་ལས་མེ་གཡས་བསྐོར་དུ་འབར་ཞིང༌། ལུས་གང༌། སྡིག་སྒྲིབ་བསྲེགས་ཕྱིའི་མེ་དང་འདྲེས་ཏེ་ཆེར་འབར་བས་དགྲ་བགེགས་ཐམས་ཅད་ཚར་བཅད། ཧཱུཾ་གི་འོད་ཟེར་གྱིས་རྡོ་རྗེའི་གཞལ་ཡས་ཁང་དང་བསྲུང་བའི་འཁོར་ལོ་འགྲུབ་པར་གྱུར། ཨོཾ་བཛྲ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཅེས་བསྙེན་པ་འབུམ་ཕྲག་བཅུ་བྱའོ། །དེ་ནས་ཕྱག་གཡོན་གྱི་སྡིགས་མཛུམ་གྱི་རྩེ་ལ་ཁྱུང་ནག་པོ་སྦྲུལ་ནག་པོ་ཐོགས་པ་བསྐྱེད་ལ། ག་རུ་ཌ་ཙཱ་ལེ་ཙཱ་ལེ་ཧཱུཾ་ཕཊ། ཅེས་པ་བཏགས་ལ་འབུམ་ཕྲག་གསུམ་བཟླའོ། །དེ་ནས་སྣོད་བཅུད་ཐམས་ཅད་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་དུ་བསྒོམ་ཞིང༌། མེ་དང༌། བྱ་ཁྱུང་ནམ་མཁའ་གང་བ་སྤྲོས་ཏེ། གོང་གི་སྔགས་ཤམ་བུ་ཅན་ལ། ཧཱུཾ་ཕཊ་ཥ་ཎ་རོ་མཧཱ་ཙཎྜ་ག་རུ་དེ་བ་ཐེན་བྱུང༌། ས་ག་ནཱ་གའི་སྙིང་ལ་གཟེར། གནོད་བྱེད་འབྱུང་པོ་ཐུཾ་རི་ལི་ལི་རྦད། ཅེས་པ་བཏགས་ལ་བཟླའོ། །དེ་རྣམས་ཀྱི་བསྙེན་སྒྲུབ་ལེགས་པར་སོང་ནས་ལས་སྦྱོར་ཐམས་ཅད་སྒྲུབ་ཏུ་རུང༌། ཐུན་མཚམས་ཐམས་ཅད་དུ་ལྷའི་


TNT15_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ང་རྒྱལ་དང་མ་བྲལ་བར་བྱའོ། །གཏོར་མ་འབུལ་བར་འདོད་ན། བསངས་སྦྱངས། འབྲུ་གསུམ་གྱིས་བྱིན་གྱིས་བརླབས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ལྕང་ལོ་ཅན་ནས་གསང་བའི་བདག་བོ་འཁོར་དང་བཅས་པ་སྤྱན་དྲངས། ཨོཾ་བཛྲ་པཱ་ཎི་ཧཱུཾ་ཕཊ། ཨི་དཾ་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མཧཱ་རཀྟ་ཁཱ་ཧི། ཞེས་ལན་གསུམ་གྱིས་ཕུལ། ཨརྒྷཾ་ལ་སོགས་པས་མཆོད། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། །ཞེས་སོགས་ཀྱིས་བསྟོད། འདོད་དོན་གསོལ་བ་བཏབ་ལ་གཤེགས་སུ་གསོལ་བ་སོགས་སྤྱི་དང་མཐུན་ནོ། །འདིའི་རྗེས་གནང་ནི། མཎྜལ་དང༌། ཚོམ་བུའི་སྟེང་གཏོར་མ་གྲུ་གསུམ་འགོད། གཞན་སྐུའི་རྗེས་གནང་ཡན་ཆད་སྤྱི་དང་འདྲ། དེ་ནས་བླ་མའི་གནས་ལྔ་ནས་སློབ་མའི་གནས་ལྔར་ཁྱུང་རིགས་ལྔ་བསྟིམ། བཟླས་ལུང་སྤྱི་དང་མཐུན། དེ་ནས་གཏོར་དབང་བྱའོ། །ལྷག་མའང་སྤྱི་དང་འདྲའོ། །རྒྱུད་ཀུན༵་བདག་པོ་སྒྲུབ་པའི་ཐབས། ཡིད་དག༵འི་གསོས་འདི་བྲིས་པའི་མཐུས། །བདེ་གཤེགས་སྙིང༵་པོ༵་མངོན་གྱུར་ནས། །འཕྲོ་ཀུན་ཐར་མཆོག་ལ་འགོད་ཤོག །ཅེས་པ་ནི་སྐྱེས་མཆོག་རས་ཆུང་པའི་ཐུགས་ཀྱི་ཉིང་ཁུ་ཕྱག་རྡོར་གོང་ཁུག་མ་གཏུམ་ཆུང་མེ་འབར་མའམ། ཁྲ་ཐོགས་ཀྱི་མངོན་རྟོགས་བླ་མའི་གསུང་ལས་བྱུང་བ་ལྟར་བཀོད་པའི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །

ཕྱག་རྡོར་གཏུམ་ཆུང་དམར་པོའི་སྒྲུབ་ཐབས།


TNT15_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། སྐུ་ལས་དུ་མའི་འཕྲུལ་པ་འཆང༌། །ཡན་ལག་དྲུག་ཅུའི་གསང་བ་ཅན། །མ་རུང་ཐམས་ཅད་མཐར་མཛད་པ། །ཕྱག་ན་རྡོ་རྗེས་བདག་སྐྱོངས་ཤིག །སྐྱབས་སེམས་སྔོན་དུ་འགྲོ་བས། སྟོང་པར་བསྒོམ། སྟོང་པའི་ངང་ལས་པདྨ་དང་ཟླ་བ་ལ་རང་སེམས་ཧཱུཾ་དམར་


TNT15_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡོངས་སུ་གྱུར་པ་ལས། རང་ཉིད་ཕྱག་ན་རྡོ་རྗེ་སྐུ་མདོག་དམར་པོ། གཡས་རྡོ་རྗེ་ནག་པོ་རྩེ་ལྔ་པ་འཕྱར་བ། གཡོན་ཐུགས་ཀར་ཞགས་པ་འཛིན་པ། སྟག་ཤམ་དང༌། དར་གྱི་ཤམ་ཐབས་ཅན། རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། མི་བསྐྱོད་པས་དབུ་བརྒྱན་ཞིང༌། ཁྲོ་བོའི་རྒྱན་དང༌། ཆ་ལུགས་ཡོངས་སུ་རྫོགས་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པ། སྙིང་གར་རང་འདྲའི་ཡེ་ཤེས་སེམས་དཔའ་ནག་པོ་དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ། རྡོ་རྗེའི་ལྟེ་བར་ཧཱུཾ། དེ་ལས་འོད་ཟེར་འཕྲོས། གསང་བདག་མཐིང་གའི་ལྷ་ཚོགས་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ་པས། རང་ཉིད་སྐུ་མདོག་དམར་མཐིང་དུ་གྱུར། རང་གི་ཕྲག་གོང་གཡས་སུ་བྱ་ཁྱུང་ནག་པོ་དང༌། གཡོན་དུ་གཤོག་པ་གཡུ་མདོག་ཅན། གཉིས་ཀར་སྦྲུལ་ཟ་བར་བསྒོམས་ལ། རང་འདྲའི་འཁོར་དཔག་ཏུ་མེད་པས་བསྐོར་བར་བསམ། ཨོཾ་བཛྲ་པཱ་ཎི་ཧཱུཾ་ཕཊ། ཅེས་གནམ་ས་ཐམས་ཅད་སྔགས་ཀྱི་སྒྲས་དི་རི་རི་ཁེངས་པར་བསམ། བྲག་ཏུ་བཟླས། གཏོར་མའི་ཆོ་ག་ནི་ཕྱག་རྡོར་གཏུམ་ཆུང་དང་འདྲའོ། །འདི་ཕྱག་རྡོར་གཏུམ་པོ་དམར་པོ་བཟླས་ལུང་དང་འབྲེལ་བའི་སྒྲུབ་ཐབས་ཡིན་ཞིང༌། སྒྲུབ་ཐབས་རྒྱས་པ་དབང་དང་འབྲེལ་བ་ནི་ཁོ་བོས་ལོགས་སུ་བཀོད་ཟིན་ཏོ། །འདིའི་བཟླས་ལུང་སྟེར་ཚུལ་ནི། མངོན་རྟོགས་གཏོར་མ་དང་བཅས་པ་གོང་ལྟར་བྱས་ནས། སློབ་མ་ལ་སྒོམ་ལུང་སྤྱི་དང་མཐུན་པར་སྦྱིན་ནོ། །སྒྲུབ་ཐབས་ཀུན༵་ནས་ཆེས་དཀོན་པ། །དག༵འ་ཆེན་པདྨ་འབྱུང་གནས་གསུང༌། །རྒྱ་མཚོའི་སྙིང༵་པོ༵་ཐིག་པ་ཙམ། །བླ་མའི་གསུང་བཞིན་བཀོད་པ་ལགས། །ཕྱག་རྡོར་གཏུམ་ཆུང་དམར་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།

ཕྱག་ན་རྡོ་རྗེ་གོས་སྔོན་ཅན་འགྲོ་བཟང་ལུགས་ཀྱི་སྒྲུབ་ཐབས།


TNT15_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། རྒྱལ་བ་ཀུན་གྱིས་བྱིན་བརླབས་པ། །ཐུགས་ཀྱི་རྡོ་རྗེ་ཐུགས་ཀྱི་གཙོ། །གོས་སྔོན་འཛིན་པ་ཁྲོ་བོའི་རྒྱལ། །དེ་ལ་བཏུད་ནས་སྒྲུབ་ཐབས་བཤད། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་འགྲོ་བས། རང་སྐད་ཅིག་གིས་ཕྱག་ན་རྡོ་རྗེར་གསལ་བའི་སྙིང་གར་ཧྲཱིཿལས་སྣ་ཚོགས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་མཐིང་ནགདེ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས། རྒྱལ་བ་མི་བསྐྱོད་པ་ཕྱག་ན་རྡོ་རྗེ་རིགས་བརྒྱད་ཀྱིས་བསྐོར་བ་སྟེང་གི་ཆ་ལ་རྩ་བའི་བླ་མ། མཐའ་སྐོར་དུ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ། ཨོཾ་བཛྲ་ས་མཱ་ཛཿ ན་མོ་གུ་རུ་བྷྱཿ བཛྲ་པཱ་ཎི་བནྡྷ་ནཾ་ཀ་རོ་མི། ཞེས་ཕྱག་བྱས། ཨོཾ་ནཱི་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། པཱདྱཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་སྭཱཧཱ། དེ་བཞིན་དུ། དྷུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་ཏེ། ཤཔྟ། ཕྱག་ན་རྡོ་རྗེ་ཁྲོ་བོ་ཆེ། །གཏུམ་པོ་དྲག་པོ་རྡོ་རྗེའི་སྐུ། །མི་ཟད་ནམ་མཁའི་མདོག་འདྲ་བ། །འཇོམས་མཛད་ཁྱོད་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། ཚོགས་ཞིང་གི་ཐུགས་ཀ་ནས་འོད་ཟེར་བྱུང༌། རང་གི་ཚངས་བུག་ནས་ཞུགས། འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྦྱངས། རང་ཉིད་ལྷའི་སྐུ་དྭངས་ཤིང་གསལ་བ་འོད་ཀྱི་རང་བཞིན་དུ་གྱུར། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་ཕར་འཕྲོས་ཏེ།


TNT15_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོའི་ཐུགས་ཀར་རེག འོད་ཀྱི་ལམ་དེ་ལ་བརྒྱུད་ནས། རང་ཉིད་གཙོ་བོའི་ཐུགས་ཀར་ཐིམ། བདག་གིས་དགེ་བའི་རྩ་བ་དེས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིགཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། སྣོད་ཀྱི་འཇིག་རྟེན་འོད་དུ་ཞུ། བཅུད་ཀྱི་སེམས་ཅན་ལ་ཐིམ། དེ་རྣམས་ཚོགས་ཞིང་གི་ལྷ་ཚོགས་ལ་ཐིམ། དེ་རྣམས་རང་ལ་ཐིམ། དེ་ཧཱུཾ་ལ་ཐིམ། ཧཱུཾ་ཡང་ནཱ་དའི་བར་དུ་བསྡུས་ཏེ། ནཱ་ད་ཡང་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས། རྡོ་རྗེའི་ས་གཞི། རྭ་བ་དྲ་བ། གུར་བླ་བྲེ། བསྲུང་བའི་འཁོར་ལོའི་དབུས་སུ། པཾ་ལས་སྣ་ཚོགས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་མཐིང་ནག་ལས་འོད་འཕྲོས། སྣོད་ཐམས་ཅད་གཞལ་ཡས་ཁང་དང༌། བཅུད་ཐམས་ཅད་ཕྱག་ན་རྡོ་རྗེའི་སྐུར་གྱུར། ཚུར་འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ནག་པོ་རྩེ་ལྔ་པ་ལ་ཧཱུཾ་མཐིང་ནག་གིས་མཚན་པ། དེ་ལས་ཀྱང་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་ཕྱག་ན་རྡོ་རྗེའི་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། ཁྲོ་ཞིང་དྲེགས་པ་བཅུ་དྲུག་ལོན་པའི་ལང་ཚོ་ཅན། ཞལ་མཆེ་བ་གཙིགས་ཤིང་བཞད་པ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ། རྡོ་རྗེ་ཅོད་པན་ཅན། སྨ་ར་དང༌། སྨིན་མ་རབ་ཏུ་འབར་བ། སྤྱན་གཡས་ཟླ་བ། གཡོན་ཉི་མ། དབུས་མེའི་རང་བཞིན་ཅན།


TNT15_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཡས་རྡོ་རྗེ་རྩེ་ལྔ་འཕྱར་བའི་སྟབས་དང༌། གཡོན་ཐུགས་ཀར་སྡིགས་མཛུབ་གནོད་བྱེད་ཐམས་ཅད་ལ་སྡིགས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་ཤིང་སྟག་ལྤགས་ཀྱི་ཤམ་ཐབས་དང༌། དར་སྔོན་པོའི་སྟོད་གཡོགས་ཅན། རིན་པོ་ཆེའི་ཅོད་པན་དང༌། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་སྐུར་གྱུར། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་སངས་རྒྱས་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ གོང་བཞིན་ཕྱག་འཚལ་དང༌། མཆོད་བསྟོད་བྱ། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་བཛྲ་ས་མཱ་ཛཿ གོང་བཞིན་མཆོད་བསྟོད་བྱས་ལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་པ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་སླད་དུ། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཞེས་གསུང་ཞིང༌། བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དགཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། ཨརྒྷཾ་ནས་ཤཔྟའི་བར་གྱིས་གོང་བཞིན་མཆོད། བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །སྐུ་མཆོག་འབར་བའི་འོད་ཟེར་ཅན། །གདུག་པ་ཐམས་ཅད་འདུལ་མཛད་པ། །རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །


TNT15_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །གསུང་མཆོག་འབར་བའི་འོད་ཟེར་ཅན། །ངག་གི་ཉེས་པ་འཇོམས་མཛད་པ། །རིགས་སྔགས་གསུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །ཐུགས་མཆོག་འབར་བའི་འོད་ཟེར་ཅན། །རྟོག་པའི་དྲ་བ་གཅོད་མཛད་པ། །རྡོ་རྗེ་ཅན་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། བཟླས་པའི་དམིགས་པ་ནི། དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་རྩིབས་བཅུ་གཉིས་པའི་ལྟེ་བར་ཨོཾ། རྩིབས་ལ་ཡི་གེ་བཅུ་གསུམ་པ། མགྲིན་པར་ཨཱཿལས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཨཱཿ འདབ་མ་ལ་ཡི་གེ་བཅུ་གསུམ་པ། སྙིང་གར་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཉི་མ་ཧཱུཾ། དེའི་མཐའ་མར་ཡི་གེ་བཅུ་གསུམ་པས་བསྐོར་བར་གྱུར། ཨོཾ་ནཱི་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧཱུཾ་ཕཊ། ཅེས་ཅི་ནུས་སུ་བཟླས། སླར་ཡང་མཆོད་བསྟོད། ལྷ་སྐུ་སྟོང་པར་སྦྱངས། ཅུང་ཟད་མཉམ་པར་བཞགསླར་ཡང་ལྷ་སྐུར་ལངས་ལ། གནས་གསུམ་བྱིན་གྱིས་བརླབས་ལ་དགེ་བ་བསྔོ། འདིའི་རྗེས་གནང་གི་ཆོ་ག་ནི། རྒྱས་བསྡུས་གཉིས་ལས། དང་པོ་ཡིག་རྙིང་རྣམས་ལས་གསལ་བར་ཤེས་ལ། དེང་སང་ལག་ལེན་ཕྱི་མ་ལ་མཛད་པ་ལྟར་ན། མཎྜལ་པདྨ་འདབ་བརྒྱད་དབུས་སུ་ཧཱུཾ་ཡིག་དང་བཅས་པ་བྲི། མ་ལྕོགས་ན་ཚོམ་བུ་ཙམ་གྱིས་ཀྱང་ཆོགདེའི་སྟེང་དུ་མཉྫི་ལ་གཏོར་མ་བཀོད། མཐའ་མཆོད་གཏོར་གྱིས་བསྐོར། མཆོད་པ་བྱིན་རླབས་སྤྱི་དང་མཐུན། བདག་བསྐྱེད་བཟླས་པའི་བར་དུ་བྱ། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་ནས། བཟླས་པའི་བར་འདོན་པ་སྤོ། འབུལ་གཏོར། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཀྱི་


TNT15_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་ཁཾ་ཞུ་བ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎི་ཨདྱ་ནུཏྤནྣ་ཏྭ་ཏ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སདྷ་ནི་སྭཱཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་བྷྱོཿབི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། ལན་བདུན་བདུན་བརྗོད་པས་བྱིན་གྱིས་བརླབས། ཨོཾ་ནཱི་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་ཨོཾཛྙཱ་པ་ཡ་ཏི་ཨི་དཾ་བ་ལིང་གྲྀཧྣནྟུ། ས་མ་ཡ་རཀྵནྟུ་མ་མ་སརྦ་སིདྡྷི་མྨེ་པྲ་ཡ་ཙྪནྟུ། སརྦ་ཀརྨ་སཱ་དྷ་ཨ་མོ་གྷཱ་ཡ་སྭཱཧཱ། ཞེས་ལན་གསུམ་མཾ་བདུན་གྱིས་ཕུལ་གོང་བཞིན་མཆོད་བསྟོད་བྱ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་འདོད་དོན་གསོལ་བ་བཏབ། མདུན་བསྐྱེད་ཀྱི་སྐབས་སུ་བསྟོད་པ། བཅོམ་ལྡན་རྡོ་རྗེ་གོས་སྔོན་ནི། །སོགས་ལ་ལག་ལེན་ལ་མཛད་ནའང༌། བསྡུ་ན་སྔར་བཤད་པ་ཉིད་ཀྱིས་ཆོག་གོ །དེ་ནས་སློབ་མ་རྣམས་ཁྲུས་བྱས་ལ་གྲལ་དུ་འཁོད་པ་ལ། སྤྱི་དང་མཐུན་པར་བགེགས་གཏོར་ཞིག་བཏང་ལ། དམིགས་པས་བསྲུང་བ་བྱ། སེམས་བསྐྱེད་གསལ་བཏབ། ཆོས་བཤད་བྱ། མཎྜལ་ཕུལ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །གཙོ་བོ་འཁོར་དང་བཅས་པ་ཡི། །ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ། གུར་ནས་འབྱུང་བའི་རྒྱུན་བཤགས་ལན་གསུམ་བྱ། སྐུ་བསྐྱེད་བསྟིམ་དང༌། གསུང་བཟླས་ལུང་རྣམས་རྗེས་གནང་སྤྱི་དང་མཐུན། འདིའི་རང་ལུགས་ལ་ཐུགས་ཀྱི་རྗེས་


TNT15_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

གནང་གི་སྔོན་དུ་གཏོར་དབང་མཛད་ནའང༌། དེང་སང་ལག་ལེན་ཐུགས་ཀྱི་རྗེས་གནང་གི་རྗེས་སུ་མཛད་དོ། །དེ་ལ་ཐུགས་ཀྱི་རྗེས་གནང་ནི། སློབ་དཔོན་དང་མདུན་བསྐྱེད་ཐ་མི་དད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་མ་ལུས་པ་རྣམས་འོད་ཟེར་སྣ་ལྔ་པའི་རྣམ་པར་བསྡུས། སློབ་མའི་སྤྱི་གཙུག་ནས་ཞུགས། སྤྱི་མགྲིན་སྙིང་ལྟེ་གསང་བ་ནས་བརྒྱུད། ལུས་ཐམས་ཅད་འཇའ་འོད་ཀྱི་གང་བས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་རྣམས་སང་སང་དག །ལུས་སེམས་ཐམས་ཅད་བདེ་བས་གང་བར་བསམ། དེ་ལྟར་ལན་གསུམ་བསྒོམས་པའི་རྗེས་སུ་སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས། གསང་བདག་གཙོ་བོར་གྱུར་པའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་གྱི་བྱིན་རླབས་མ་ལུས་པ་བདུད་རྩིའི་རྣམ་པར་ཚུར་བསྡུས། སློབ་མའི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང་བར་བསམ་པའི་ངང་དུ་ཅུང་ཟད་མཉམ་པར་བཞག་གོ །དེ་ནས་གཏོར་དབང་དང་སློབ་མའི་རྗེས་ཀྱི་བྱ་བ་དང་མདུན་བསྐྱེད་ཀྱི་རྗེས་ཆོག་རྣམས་ནི་སྤྱི་དང་འདྲའོ། །གོས་སྔོན་སྒྲུབ་ཐབས་ཆོས་སྐྱོང་གི །ཀུན༵་ནས་ཆེ་བར་རབ་གྲགས་པའི། །སྒྲུབ་ཐབས་འཁྱེར་བདེ་རབ་དག༵འ་བ། །སྙིང༵་པོ༵་ཙམ་འདི་ངོ་མཚར་རྨད། །ཕྱག་ན་རྡོ་རྗེ་གོས་སྔོན་ཅན། །འགྲོ་བཟང་ལུགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།

ཕྱག་རྡོར་ཁང་བུ་བརྩེགས་པའི་སྒྲུབ་ཐབས།


TNT15_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། གསང་བདག་དེ་ལ་གུས་བཏུད་ནས། ཁང་བུ་བརྩེགས་པ་ཞེས་བྱ་བའི། །རྒྱུད་དོན་གྲྭ་པ་མངོན་ཤེས་ཀྱི། །གཏེར་མར་གྲགས་པའི་སྒྲུབ་ཐབས་བཤད། །སྐྱབས་སེམས་


TNT15_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མེད་བཞི་སྔོན་དུ་འགྲོ་བས། སྭ་བྷཱ་ཝས་སྟོང་བར་སྦྱངས། པད་ཉིའི་སྟེང་དུ་རང་སེམས་ཧཱུཾ་གི་འཕྲོ་འདུ་ལས། རང་ཉིད་ཕྱག་ན་རྡོ་རྗེ་ནམ་མཁའི་མདོག་ཅན་ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ནམ་མཁའ་ལ་འཕྱར་ཞིང༌། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཀྱིས་པད་ཉི་ལ་དབང་ཕྱུག་ཆེན་པོ་དང་ཨུ་མ་དེ་བ་མནན་པ། སྟག་ལྤགས་དང༌། དར་སྔོན་པོའི་ན་བཟའ་ཅན། སེང་གེའི་ལྤགས་པའི་སྟོད་གཡོགས་ཅན། རིན་པོ་ཆེ་དང༌། སྦྲུལ་དང་མི་མགོའི་འཕྲེང་བས་བརྒྱན་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །གནས་གསུམ་བྱིན་རླབས། ཡེ་ཤེས་པ་སྤྱན་དྲངས་ཤིང༌། དབང་བསྐུར་མི་བསྐྱོད་པས་རྒྱས་བཏབ། ཨརྒྷཾ་ལ་སོགས་པས་མཆོད། ལྕང་ལོ་ཅན་གྱི་སོགས་ཀྱིས་བསྟོད། ཨོཾ་ནཱི་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་ར་ཛྙཱ་པ་ཡ་ཏི་སྭཱཧཱ། ཞེས་ཅི་ནུས་བཟླས། འདི་ལ་དེང་སང་གསར་མ་དང་མཐུན་པའི་རྗེས་གནང་མཛད་པས། དེའི་ཚུལ་ནི། མཎྜལ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་གཏོར་མ་བཞགམཐའ་མཆོད་གཏོར་གྱིས་བསྐོར། བདག་མདུན་སྒྲུབ་ཚུལ་སྤྱི་དང་འདྲ། གཏོར་མ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ། སྙིང་པོའི་མཐར། ཨི་དཾ་བཱ་ལིང་གྲྀཧྞ་གྲྀཧྞ་ཧཱུཾ། བཏགས་པས་འབུལ། རྗེས་གནང་གི་སྐབས་རྡོ་རྗེ་འཛིན་པ། སོགས་ཀྱིས་གསོལ་བ་བཏབ། གུར་ནས་འབྱུང་བའི་རྒྱུན་བཤགས་བྱེད། སྐུ་བསྐྱེད་བསྟིམ། གསུང་བཟླས་ལུང༌། ཐུགས་ཕྱག་མཚན་བསྟིམ་པ། འཕྲིན་ལས་གཏོར་མའི་བཀའ་བསྒོ་དང་བཅས་པ་བྱེད། གནོད་སྦྱིན་ཞ་འོན་ལ་སོགས་ཀུན༵། །སྒྲུབ་ཚེ་འདི་ཉིད་དག༵འ་འོ་ཞེས། །རབ་གྲགས་གང་འདིའི་རྒྱུད་སོགས་ལས། །སྙིང༵་པོ༵་ཁོལ་ཕྱུང་དེ་ཙམ་ལགས། །ཕྱག་རྡོར་ཁང་བུ་བརྩེགས་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།

ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས།


TNT15_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། རྒྱལ་བ་ཀུན་ལ་ཕྱག་འཚལ་ནས། །ཀུན་གྱི་ཐུགས་དང་དབྱེར་མེད་པའི། །གསང་བའི་བདག་པོའི་སྒྲུབ་ཐབས་ནི། །འབྱུང་པོ་ཀུན་འདུལ་བཤད་པར་བྱ། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་སོང་ནས། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཧྲཱིཿལས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རང་སེམས་ཧཱུཾ་ལས་རྡོ་རྗེ་ནག་པོ་རྩེ་ལྔ་པ་ཧཱུཾ་གི་མཚན་པ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་སྐུ་མདོག་མིག་སྨན་ལྟར་གནག་པ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་ཞིང་ཞལ་གདངས་པ་ལྗགས་འགྲིལ་བ། མཆེ་བ་གཙིགས་པ། སྨ་ར་སྨིན་མ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཕྱག་དང་པོ་གཉིས་ཐུགས་ཀར་འབྱུང་པོ་འདུལ་བྱེད་ཀྱི་ཕྱག་རྒྱ་འཆིང་བར་མཛད་པ། གཡས་འོག་མས་འབར་བའི་རྡོ་རྗེ་འཕྱར་བ། གཡོན་འོག་མས་སྡིགས་མཛུབ་ཞགས་པ་དང་བཅས་པས་སྡིགས་པ་ཞབས་གཡས་བསྐུམ། གཡོན་བརྐྱང་བས་ཚོགས་བདག་གླང་པོ་ཆེའི་གདོང་ཅན་མནན་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། སངས་རྒྱས་མི་བསྐྱོད་པས་དབུ་ལ་བརྒྱན་ཞིང༌། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་ལས་འོད་


TNT15_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས། སངས་རྒྱས་ཐམས་ཅད་ཕྱག་ན་རྡོ་རྗེའི་རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཨོཾ་བྷུ་ཏ་ཌཱ་མ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ་ནས། ཤཔྟའི་བར་གྱིས་མཆོད། ལྕང་ལོ་ཅན་གྱི་གནས་མཆོག་སོགས་སམ། དཔལ་ཆེན་དྲི་མེད་ནམ་མཁའི་མདངས་དང་ལྡན། །དུས་མཐའི་སྤྲིན་ལྟར་ཧཱུཾ་སྒྲ་འབྲུག་སྟོང་ཆེ། །འབར་བའི་རྡོ་རྗེས་བགེགས་ཀྱི་ཀླད་པ་འགེམས། །ཕྱག་ན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། དེ་ནས་ཧཱུཾ་བཛྲ་ཕཊ། ཅེས་ཅི་ནུས་བཟླ་ཞིང༌། ཨོཾ་བྷུ་ཏ་ཌཱ་མ་ར་བྷུ་ཏ་ཨ་ཏི་པ་ཏི་ཨཀྵོ་བྷྱཿ ཀི་རི་ཊཱི་ན། སརྦ་བྷུ་ཏ་པྲེ་ཏ་པི་ཤ་ཙི་སཱ་དྷ་ཡ་སྭཱཧཱ། ཞེས་པའང་བཟླས་ལ་ཐུན་གྱི་མཐར་སྟོང་པ་ཉིད་དུ་བསྡུས་ལ་མཉམ་པར་བཞགསླར་ཡང་ལྷ་སྐུར་ལངས་ལ་གནས་གསུམ་བྱིན་གྱིས་བརླབས། དགེ་བ་འདི་ཡི་མྱུར་དུ་བདག་སོགས་བསྔོ་བས་རྒྱས་ཐེབས་པར་བྱ། གཏོར་ཆོག་ནི། བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཧཱུཾ་ཞུ་བ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུཾ། སྤྱན་དྲངས་ལ། ཨོཾ་བྷུ་ཏ་ཌཱ་མ་ར་ས་པ་རི་ཝཱ་རེ་བྷྱཿ ཨ་ཀཱ་རོ་སོགས་ལན་བདུན་གྱིས་འབུལ། མཆོད་བསྟོད་དང་འདོད་དོན་གསོལ་བཏབ་སྤྱི་དང་མཐུན་པར་བྱ། ཡིག་བརྒྱ་བཟོད་གསོལ། གཤེགས་གསོལ། སྨོན་ལམ་བཀྲ་ཤིས་རྣམས་ཀྱང་བྱ། འདི་ལ་སྒྲུབ་ཐབས་རྒྱས་པར་སྒོམ་ན། མགོར་ཚོགས་ཞིང་ཚོགས་བསག་སྦྱོར་ཞིང༌། དབང་བསྐུར་རྒྱས་བཏབ་ཀྱང་བྱ། གདན་ཟླ་གདན་དང༌། ཕྱག་དང་པོ་གཉིས་དང༌། ཕྱི་མ་གཉིས་རྣམ་འགྱུར་བརྗེས་པ་དང༌། འབྱུང་པོ་འདུལ་


TNT15_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཀྱི་ཕྱག་རྒྱའི་དོད་དུ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་མཛད་པ་དང༌། དར་སྔོན་པོའི་སྟོད་གཡོགས་དང༌། ཞབས་འོག་ཏུ་འབྱུང་པོ་གཞན་གྱིས་མི་ཐུབ་པ་མིག་གསུམ་ལག་བཞི་གྲི་ཐོད་ཌཱ་མ་རུ་རྩེ་གསུམ་རྣམས་འཛིན་པ་སྟེ། དབང་ཕྱུག་ཆེན་པོ་མནན་པ་སོགས་ནི་འདམ་ཀ་ཡིན་པས། སྒྲུབ་ཐབས་ཐ་དད་པ་ཡིན་པར་མི་བསམ་མོ། །འབྱུང་འདུལ་གསར་མ་ལྟར་ན། སྙིང་གར་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་དང༌། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་མཐིང་ནག་སྤུ་ཤད་ཙམ་གསལ་བཏབ། རྗེས་གནང་གི་བྱ་བ་ནི། ཐུན་མོང་བ་སྒྲུབ་ཐབས་རྒྱ་མཚོ་དང་འདྲ་ཞིང༌། ཁྱད་པར་ལྷག་པོར་གཏོར་དབང་བསྐུར་བའི་ལུགས་ཀྱང་ཡོད་ཅིང༌། འབྱུང་འདུལ་གསར་མ་ལ་ནི། གནས་ལྔ་ནས་འབྱུང་འདུལ་རིགས་ལྔ་སྤྲོས་ཏེ། སློབ་མའི་གནས་ལྔ་བསྟིམ་པས། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྗེས་གནང་ཐོབ་པར་མོས་ཤིང༌། དེ་ནས་སྐུའི་རྗེས་གནང་དང༌། གསུང་གི་རྗེས་གནང་སྤྱི་དང་འདྲ་བའི་སྒོམ་བཟླས་ཀྱིས་ལུང་ཕོག་ལ། ལྷ་སྐུ་སྤྲོ་བསྡུ། ཡིག་འབྲུ་སྤྲོ་བསྡུ། ཕྱག་མཚན་སྤྲོ་བསྡུ། མེ་དཔུང་ཁོ་ན་སྤྲོ་བསྡུ་སྟེ། འདུ་འཕྲོ་ཁྲོ་བོའི་ཏིང་ངེ་འཛིན། ཡིག་འབྲུ་སྔགས་ཀྱི་ཏིང་ངེ་འཛིན། གནམ་ལྕགས་དབུར་མོའི་ཏིང་ངེ་འཛིན། མེ་འབར་ཀློང་ཆེན་གྱི་ཏིང་ངེ་འཛིན། མི་དམིགས་བཞིར་གྲགས་པ་རྣམས་རིམ་པ་བཞིན་ཕོག་ལ། དེ་རེ་རེ་ལའང་གསོལ་བཏབ་རེ་མཛད་པའི་ལུགས་གདའ། གསར་མ་འདི་ལ་ཐུགས་ཀྱི་རྗེས་གནང༌། གཏོར་དབང་ཁོ་ན་ཡིན། འདི་ལ་མེ་དབང་གི་ཐ་སྙད་བྱའོ། །རྗེས་ཀྱི་བྱ་བ་སྤྱི་དང་འདྲའོ། །ཤིན་ཏུ་བྱིན་རླབས་ཆེའོ་ཞེས། །བློ་ལྡན་ཀུན༵་གྱིས་དག༵འ་བར་བསྔགས། །སྒྲུབ་ཐབས་


TNT15_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདྲ་སྣ་ཚོགས་ཀྱི། །དགོངས་པ་སྙིང༵་པོ༵་ཙམ་དུ་དྲིལ། །ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས། ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བརྒྱད་པའོ།། །།གཅིག་ཞུས། །


previousསྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བརྒྱད་པ།next