Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  collapse section
སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་ཤེས་རབ་ཀྱི་ལྷའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བཅུ་གཉིས་པ།
   
   
   
   
   
   
   
   
   
   
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section


 
previousསྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་ཤེས་རབ་ཀྱི་ལྷའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བཅུ་གཉིས་པ།next

སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་ཤེས་རབ་ཀྱི་ལྷའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བཅུ་གཉིས་པ།

གསུང་གི་མངའ་བདག་འཇམ་པའི་དབྱངས་སྒྲུབ་ཐབས།


TNT15_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། གང་གི་མཚན་ཙམ་ཐོས་པས་ཀྱང༌། །བདུད་རྣམས་ཐམས་ཅད་སྤ་སྐོང་བ། །གསུང་གི་མངའ་བདག་འཇམ་དབྱངས་ལ། །གུས་པས་ཕྱག་འཚལ་སྒྲུབ་ཐབས་བཤད། །འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ལན་གསུམ་གྱིས་སྐྱབས་འགྲོ། ཤེས་རབ་སྙིང་རྩེ་དང་བཅས་པས། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བཅས་ཏེ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང༌། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ལན་གསུམ་གྱིས་ཚད་མེད་བསྒོམ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་བཾ་ལས་འོ་མའི་རྒྱ་མཚོ་དཀར་ལ་དྭངས་པ། མཚོ་མཐའ་ནེའུ་གསིང་མེ་ཏོག་དང་འབྲས་བུའི་ནགས་ཚལ་དུ་མས་རྣམ་པར་བརྒྱན་པ། གླང་ཆེན་ཐལ་དཀར་གྱི་ཁྱུ་ཚོགས་ཉེ་བར་རྒྱུ་བ། ལྷ་དང་དྲང་སྲོང་རིག་འཛིན་དུ་མ་གནས་པའི་གཞི་མཚོའི་སྟེང་ཐམས་ཅད་མེ་ཏོག་སྣ་ཚོགས་པས་རྣམ་པར་བཀྲ་བ། ཆུ་བྱ་སྣ་ཚོགས་དྲེགས་པའི་སྐད་སྙན་སྒྲོག་པ། དེའི་དབུས་སུ་པཾ་ལས་པདྨའི་སྡོང་པོ་རབ་ཏུ་རྒྱས་པ། ཡལ་ག་གཉའ་ཤིང་ཙམ་ལ་གསེར་གྱི་ལོ་འདབ་ཤིང་རྟའི་འཕང་ལོ་ཙམ་གྱིས་གཡོགས་པ། རྩེ་མོར་པདྨ་དཀར་པོ་འདབ་མ་སྟོང་ལྡན་ཟེའུ་


TNT15_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་དམར་སེར་དུ་ཡོད་པའི་སྟེང་དུ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་སེམས་ཨ་ཡིག་དཀར་པོ། དེ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པར་མུན་པ་བསལ། ཤེས་རབ་ཀྱི་སྣང་བ་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་འཇམ་དབྱངས་སྐུ་མདོག་ཟླ་བ་ནོར་བུའི་ཕུང་པོ་ལྟར་དཀར་བ་ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་དང༌། གཡོན་པའི་མཐེབ་སྲིན་གྱིས་ཨུཏྤ་ལའི་སྡོང་བུའི་རྩ་བ་ཐུགས་ཀར་བཟུང་བར་རབ་ཏུ་རྒྱས་པ་སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་གླེགས་བམ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང༌། དབུ་སྐྲ་རལ་པའི་ཟུར་ཕུད་ལྔ་དང་ལྡན་པ། དར་དཀར་པོའི་སྟོད་གཡོགས་དང་སྣ་ཚོགས་པའི་དར་གྱི་སྨད་དཀྲིས་གསོལ་བ། བརྒྱད་གཉིས་ལོན་པའི་ལང་ཚོ་ཅན་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་རྫོགས་པའོ། །རང་གི་སྙིང་རྩེ་མོ་གྱེན་བསྟན་པདྨ་འདམ་བ་བརྒྱད་ཁ་འབུས་ཀྱི་རྣམ་པར་ཁ་བྱེ་བའི་དབུས་སུ་འཁོར་ལོ་དཀར་པོ། རྩིབས་དྲུག་པའི་རྩེ་མོ་རྣོ་བ། ལྟེ་བར་ཟླ་བ་ལ་ཨ། རྩིབས་དྲུག་ལ་མདུན་ནས་གཡས་སྐོར་གྱི། ཨོཾ་ཝཱ་ཀྱཻ་དཾ་ན་མ། ཞེས་པའི་གསང་སྔགས་ཡི་གེ་དྲུག་པ་སྟེ། ཡིག་འབྲུ་རྣམས་རེག་ལ་མ་འབྱར་བའི་ཚུལ་དུ་གནས་པ། དེ་ཉིད་འཁོར་ལོ་གཡས་སྐོར་དང་ཡིག་འབྲུ་གཡོན་སྐོར་དུ་འཁོར་བས་སྡིག་སྒྲིབ་མཐའ་དག་དག་པར་འགྱུར། ཨོཾ་ཝཱ་ཀྱཻ་དཾ་ན་མ། ཞེས་པ་ཅི་ནུས་སུ་བཟླའོ། །མཐར་ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཨཱརྻ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་


TNT15_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱཧཱ། དེ་བཞིན་དུ་པུཥྤེ། དྷུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་ཏེ། ཤཔྟ་རྣམས་ཀྱིས་མཆོད། མཎྜལ་ཚོམ་བུ་བདུན་མ་བཤམས་ལ་ཕུལ། བསྟོད་པ་ནི་མཚན་བརྗོད་དམ་པཎྜི་ཏ་མ་ཏིས་མཛད་པའི་བསྟོད་པ་ཡོངས་རྫོགས་ཀྱིས་བསྟོད། ཤིན་ཏུ་བསྡུ་ན། ངོ་བོ་མ་ནོར་ཆོས་ཉིད་རབ་མཁྱེན་ཞིང༌། །རྣམ་པ་མ་ལུས་འཇའ་ཚོན་ལྷང་ངེར་གཟིགས། །ཐུགས་རྗེ་ཆེ་དང་ཐབས་ཚུལ་དཔག་མེད་ཀྱིས། །སྲིད་མཚོ་མཐའ་ཡས་སྐྱོབ་ལ་ཕྱག་འཚལ་ལོ། །འཇམ་དབྱངས་མགོན་ཁྱོད་གུས་པས་རྗེས་དྲན་ཞིང༌། །བསྒོམས་བཟླས་ལེགས་མཆོད་མངོན་པར་བསྟོད་པ་ཡིས། །བློ་ངན་མ་རིག་འཐིབས་པོའི་ཚོགས་རྣམས་ཀུན། །སྤྲིན་མེད་ཉི་ཤར་ཇི་བཞིན་དྭངས་པར་མཛོད། །བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱིས་བདག་ལ་ཤེས་རབ་ཕུན་སུམ་ཚོགས་པ་སྩལ་དུ་གསོལ། ཞེས་གསོལ་བ་དྲག་ཏུ་བཏབ། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ། རྒྱ་སྟོན་གྱི་ཡི་གེ་ལྟར་ན། མདུན་དུ་མཎྜལ་བཤམས་པའི་སྟེང་དུ། བདག་བསྐྱེད་གྱི་ལྷ་བྱོན་པར་བསམས་ནས། རང་ཐ་མལ་བའི་ང་རྒྱལ་གྱིས་མཆོད་པ་མན་ཆད་བྱེད་པ་ཡིན་ནའང༌། བདག་བསྐྱེད་ལ་ཡེ་ཤེས་པ་སྤྱན་འདྲེན་མེད་པས་མི་ལེགས་སོ། །དེའི་ཕྱིར་གཞུང་གི་དགོངས་པ་བདག་བསྐྱེད་ཉིད་ལ་མཆོད་པ་ཡིན་ནོ། །བསྙེན་པའི་སྐབས་གཏོར་མ་འབུལ་བར་འདོད་ན་འོག་ནས་འཆད་པ་བཞིན་འབུལ། ཕྱིས་ཀྱི་ཡི་གེ་འགའ་ན། ཞིང་ཁམས་ཐུགས་ཀར་བསྡུ་བ་དང༌། མཆོད་བསྟོད་སོགས་མཎྜལ་མཆོད་ཆོག་ཏུ་བྱས་གདའ་ནའང་སྒྲུབ་ཐབས་གཞན་འགའ་ཞིག་གིས་རྒྱས་བཀབ་པར་ཟད་ལ། མཎྜལ་གྱི་སྐབས། འཛམ་བུའི་གླིང་ངམ་གླིངགཞན་དག་ཅེས་སོགས་བརྗོད་པའི་ཚེ། རྒྱལ་སྲིད་སྣ་བདུན་ཀར་འབུལ་བའི་དབང་དུ་བྱས་


TNT15_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་ནའང༌། སྤྱིར་མཆོད་པའི་རྣམ་གྲངས་མང་གིན་བཟང་བ་ཡིན་མོད། འདིའི་མན་ངག་ཏུ་ངེས་པར་དགོས་པ་ནི་མ་ཡིན་ཏེ། རྒྱ་སྟོན་གཤིན་རྗེ་གཤེད་ཀྱི་ཕྱོགས་ལ་ཐུགས་བག་ཆགས་བརྟས་པའི་རྣམ་འགྱུར་ཙམ་མོ། །བསྙེན་པའི་སྐབས་གཏོར་ཆོག་ཀྱང་ངེས་པར་དགོས་པ་མ་ཡིན་ལ། ཐུན་མཚམས་སུ་འཕགས་པ་འཇམ་དཔལ་གྱི་སྐུ་བརྙན་ལ་ཕྱག་མཆོད་བསྟོད་པ་སོགས་ཅི་ནུས་སུ་བྱེད་པ་ནི་གལ་ཆེའོ། །དེ་ལ་འདིའི་རྗེས་གནང་བྱེད་པར་འདོད་པས། རྡུལ་ཚོན་དཀར་པོས་པདྨ་འདབ་བརྒྱད་བྲིས་ལ། དེའི་སྟེང་དུ་འཇམ་དབྱངས་ཀྱི་སྐུ་དང་འཇམ་དཔལ་མཚན་བརྗོད་ཀྱི་གླེགས་བམ་བཞུགས་སུ་གསོལ་བའི་མཐའ་སྐོར་དུ། བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག་གི་སྣོད་བཤོམ་པ་ནས་གཟུང་སྟེ། མཆོད་པ་སྤྱི་འགྲོ་ལྟར་བཤམ། ཤར་དུ་དཀར་གཏོར་གཅིག་བཤམས་ལ། དེ་ནས་སློབ་དཔོན་གྱིས་མདུན་གྱི་མཆོད་པ་རྣམས་ཨོཾ་བཛྲ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཅེས་སོགས་མཆོད་པ་སྤྱི་འགྲོ་ལྟར་དང༌། ཨོཾ་བཛྲ་དྷརྨ་ར་ཎི་སོགས་གསུམ་གྱིས་བྱིན་གྱིས་བརླབས། དེ་ནས་སྐྱབས་འགྲོ་ནས་བརྩམས་ཏེ་བདག་བསྐྱེད་སྒྲུབ་ཐབས་ནས་འབྱུང་བ་བཞིན་བསྒོམས་ནས་བཟླས་པ་ཅི་ནུས་བྱ། དེ་ནས་བདག་བསྐྱེད་ལ་མཆོད་བསྟོད་བྱ། མདུན་བསྐྱེད་སྒྲུབ་པ་ནི་བསངས་སྦྱངས། སྟོང་པའི་ངང་ལས་བཾ་ལས་ཞེས་སོགས་བདག་བསྐྱེད་ལྟར་བསྐྱེད་ལ། དེའི་དཔྲལ་བར་ཨོཾ་དཀར་པོ་སོགས་གནས་གསུམ་བྱིན་གྱིས་བརླབས། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རྗེས་བཙུན་འཇམ་པའི་དབྱངས་ལ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿཞེས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ


TNT15_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

དགུག་གཞུག་བྱ། སླར་ཡང་ཐུགས་ཀའི་སོགས་ནས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དགཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཞེས་བརྗོད་ཅིང་བསམ་མོ། །དེ་ནས་ཕྱག་རྒྱ་དང་བཅས་པས། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཨརྻ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་ཤཔྟའི་བར་དུ་ཕུལ་ལ། བསྟོད་པ་ཅི་ཤེས་པས་བསྟོད། དེ་ནས་གཏོར་མ་ལ་ཆབ་བཏང་ལ་བསངས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམས་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་སོགས་ལན་གསུམ་གྱིས་བྱིན་གྱིས་བརླབས། ན་མཿསརྦ་ཏ་ཐཱ་ག་ཏ་ཨཱརྻ་མཉྫུ་ཤྲཱི་ཨི་དཾ་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་བཅས་པས་ལན་གསུམ་མམ་ལྔའམ་བདུན་གྱིས་ཕུལ་ལ། མཆོད་བསྟོད་བྱས་ལ། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་ནས། ཤེས་བྱ་ཐམས་ཅད་བདེ་བླག་ཏུ་རྟོགས་པར་མཛད་དུ་གསོལ། དེ་ནས་སློབ་མ་རྣམས་ཁྲུས་བྱས། ཕྱག་དང་ཡོན་ཕུལ་ཏེ་གྲལ་ལ་འཁོད། ལས་ཀྱི་རྡོ་རྗེས་མེ་ཏོག་བཀྱེ་བསྡུ་བྱས་ནས་འདུག་པ་ལ། སློབ་དཔོན་


TNT15_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཆོས་བཤད་ཅུང་ཟད་བྱས་ལ། འདིར་སློབ་དཔོན་གྱིས་ལས་སུ་གྱུར་པ་བདག་བསྐྱེད་སྔོན་དུ་བཏང་ནས་མདུན་བསྐྱེད་བསྒྲུབས་ཏེ། མཆོད་བསྟོད་གཏོར་མ་འབུལ་དགོས་པ་རྣམས་ལེགས་པར་གྲུབ་པ་ཡིན། གཉིས་པ་སློབ་མའི་བྱ་བ་ལ། རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་གཅིག་ཕུལ་མཛོད། མཎྜལ་འབུལ། དེ་ནས་རྡོ་རྗེ་གུར་ལས། གང་གི་སློབ་དཔོན་གསོལ་བ་བཏབ། །དེ་ཡི་རིགས་སུ་སྐྱེ་བ་མེད། ཅེས་དང༌། ཚུལ་ཇི་ལྟ་བུས་གསོལ་བ་འདེབས་ན། མདུན་དུ་དུལ་བར་འདུག་པ་དང༌། །གོས་སོགས་ཚུལ་ནི་སྡོམ་པ་དང༌། །པུས་བཙུགས་ཐལ་མོ་སྦྱར་བ་ཡིས། །ཉན་སོགས་འདོད་པས་གསོལ་གསུམ་གདབ། །ཅེས་གསུངས་པས་ན། ཁྱེད་རྣམས་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་གྱི་བར་དུ་མཛོད་ཅིགདུས་གསུམ་སངས་རྒྱས་ཐམས་ཅད་དང༌། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྗེས་གནང་སྩལ་དུ་གསོལ། །ཞེས་དང༌། མདུན་བསྐྱེད་རྗེ་བཙུན་འཇམ་པའི་དབྱངས་ཀྱི་མཐའ་སྐོར་དུ་བརྒྱུད་པའི་བླ་མ་རྣམས་དང༌། སངས་རྒྱས་བྱང་ཆུབ་སེམས་དཔའ་སྤྲིན་ཕུང་འཐིབས་པ་བཞིན་དུ་བཞུགས་པར་བསམས་ནས། ཁྱེད་རང་གིས་སྔར་བྱས་པའི་སྡིག་པ་དྲན་པ་དང་མི་དྲན་པ་ཐམས་ཅད་ལ་འགྱོད་པ་བསྐྱེད་པ་དང༌། ཕྱིན་ཆད་སྲོག་ལ་བབ་ཀྱང་སྡིག་པ་མི་བྱེད་དོ་སྙམ་དུ་བསམས་པ་དང༌། འཁོར་འདས་ཀུན་གྱི་དུས་གསུམ་དུ་བསགས་པའི་དགེ་བ་ལ་རྗེས་སུ་ཡི་རང་ངོ༌། །སྙམ་པ་དང༌། སྟོང་པ་


TNT15_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་མཚན་ཉིད་ཅན་གྱི་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཚུལ་བཞིན་དུ་བསྒོམ་པར་བགྱིའོ་སྙམ་དུ་ཡི་དམ་འཆའ་བ་དང༌། རྡོ་རྗེ་ཐེག་པའི་དཀོན་མཆོག་གསུམ་ལ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོའོ་སྙམ་པ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱེད་དོ་སྙམ་པའི་སྨོན་པའི་སེམས་བསྐྱེད་པ་དང༌། སངས་རྒྱས་དེ་ཐོབ་པའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་ལ་བསྒྲུབ་པར་བྱའོ་སྙམ་པ་འཇུག་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང༌། དེ་ལྟར་བགྱིས་པའི་དགེ་བའི་རྩ་བ་དེས་བདག་དང་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག་གུ་སྙམ་པའི་བསམ་པ་དང་ལྡན་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད་ཅིགདཀོན་མཆོག་གསུམ་ལ་སོགས་ལན་གསུམ་བྱ། གསུམ་པ་གཉིས་ཀའི་བྱ་བ་ལ། སྐུའི་རྗེས་གནང་དང༌། གསུང་གི་དང༌། ཐུགས་རྣམ་པར་མི་རྟོག་པའི་དང༌། ཡོན་ཏན་འཕྲིན་ལས་ཀྱི་རྗེས་གནང་དང་བཞི་ཡོད་པ་ལས། དང་པོ་སྐུའི་རྗེས་གནང་གི་དོན་དུ་གསོལ་བ་བཏབ་པ་འདིའི་རྗེས་ཟློས་མཛོད་ཅིགགང་ཚེ་ལྟ་བར་འདོད་པའམ་ཞེས་ཤོ་ལོ་ཀ་གཅིག་ལན་གསུམ་བྱ། དེ་ལྟར་གསོལ་བ་བཏབ་ནས། ཁྱེད་རང་དམིགས་པ་འདི་བཞིན་དུ་མཛོད། ངེད་ཀྱིས་ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་པས་ཁྱེད་རང་གི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་མི་དམིགས་པར་སྟོང་པ་ཉིད་དུ་སངས་ཏེ་སོང་བའི་རྗེས་སུ་བཾ་ལས། སོགས་བདག་བསྐྱེད་ལྷར་གསལ་བཏབ་ལ་བསྒོམ་དུ་


TNT15_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་ལ། དེ་ལྟར་ཁྱེད་རང་འཇམ་པའི་དབྱངས་སུ་གསལ་བའི་སྤྱི་གཙུག་ཏུ་རྗེ་བཙུན་འཇམ་པའི་དབྱངས་གཅིག་བྱོན་ནས་ཁྱེད་རང་ལ་ཐིམ་པའི་མོས་པ་མཛོད་ཅིག་བྱས་ལ། འཇམ་དབྱངས་ཀྱི་སྐུ་སློབ་མའི་སྤྱི་བོར་བཞག་ལ། སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་སྐུ་ཡིན་ཏེ། །སངས་རྒྱས་སྐུ་ཡིས་བྱིན་བརླབས་པས། །འཇམ་པའི་དབྱངས་ཀྱི་སྐུ་ཐོབ་ཤོག །ཛཿཧཱུཾ་བཾ་ཧོཿ ཞེས་བརྗོད་པས་ཁྱེད་རང་གི་ལུས་འཇམ་པའི་དབྱངས་ཀྱི་སྐུ་དང་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད། དེ་ལྟར་བྱས་པ་ལ་ཕན་ཡོན་གཉིས་ཏེ། གནས་སྐབས་སུ་ནད་མེད་པ་དང༌། འགྲོ་བ་གཞན་གྱིས་མཐོང་བ་ཙམ་གྱིས་དད་པར་འགྱུར་བ་དང༌། མཐར་ཐུག་ཏུ་མཚན་དཔེས་བརྒྱན་པའི་འཇམ་པའི་དབྱངས་ཀྱི་སྐུ་ཐོབ་པར་འགྱུར་བ་ཡིན་ནོ། །གཉིས་པ་གསུང་གི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བརྩེ་ལྡན་ཁྱོད་ཀྱིས་མཁྱེན་རབ་འོད་ཟེར་གྱིས། །སོགས་ཤོ་ལོ་ཀ་གཅིག་ལན་གསུམ། དེ་ནས་ཡང་དམིགས་པ་འདི་བཞིན་དུ་མཛོད་ཅིགབླ་མ་འཇམ་པའི་དབྱངས་སུ་གསལ་བའི་ཐུགས་ཀའི་འཁོར་ལོའི་སྟེང་བཾ་ཡིག་སྔགས་འཕྲེང་དང་བཅས་པ་ལས་སྔགས་ཀྱི་འཕྲེང་བ་འོད་ཟེར་འཕྲོ་བ་དང་བཅས་པ་བླ་མའི་ཞལ་ནས་ཐོན་ཏེ། ཁྱེད་རང་འཇམ་པའི་དབྱངས་སུ་གསལ་བའི་ཞལ་དུ་ཞུགས་ནས། སྙིང་གའི་བཾ་ཡིག་སྔགས་འཕྲེང་དང་བཅས་པ་ལ་ཐིམ་པའི་མོས་པ་གྱིས་ལ་འདིའི་རྗེས་ཟློས་མཛོད་ཅིག འཕྲེང་བ་ལག་ཏུ་འཛིན་དུ་བཅུག་ལ། ཨོཾ་


TNT15_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཝཱ་ཀྱཻ་དཾ་ན་མ། ཞེས་ཚར་:ཁ་ཅིག་[གཅིག]འདོན། དེ་ནས་ཁྱེད་རང་རྣམས་ཀྱིས་ངེད་ལ་མེ་ཏོག་གཏོར་ཞིང་འདིའི་རྗེས་ཟློས་མཛོད་ཅིགབཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ཞེས་ལན་གསུམ། དེ་ནས་ཁྱེད་རང་གིས་སློབ་དཔོན་ལ་མེ་ཏོག་ཕུལ་བ་དེ་སྔགས་སུ་བྱིན་གྱིས་བརླབས་ནས་དངོས་གྲུབ་ཀྱིས་ཚུལ་དུ་བྱིན་པའི་མོས་པ་མཛོད་ཅིག་བྱས་ལ་མེ་ཏོག་མགོ་ཐོག་ཏུ་བཞག་ནས། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །འདི་ལ་འགོ་བར་མཛད་དུ་གསོལ། སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །རྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྡོ་རྗེའི་སློབ་མ་འདི་རྣམས་ལ། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་གསུང་གི་བྱིན་གྱིས་བརླབས་པ་མ་ལུས་པ་འཇུག་པར་གྱུར་ཅིག །ཅེས་བརྗོད། དེ་ལྟར་བྱས་པ་ལ་ཕན་ཡོན་གཉིས་ཏེ། གནས་སྐབས་སུ་འཆད་རྩོད་རྩོམ་པའི་བྱ་བ་ལ་མཁས་པ་དང༌། མཐར་ཐུག་ཏུ་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པའི་འཇམ་པའི་དབྱངས་ཀྱི་གསུང་ཐོབ་པར་འགྱུར་བ་ཡིན་ནོ། །གསུམ་པ་ཐུགས་ཀྱི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད་ཅིགཤེས་པས་སྲིད་ལ་མི་གནས་ཤིང༌། །སྙིང་རྗེ་ཞི་ལ་མི་གནས་པས། །མྱ་ངན་འདས་དང་འཁོར་མི་གནས། །འཇམ་དབྱངས་ཐུགས་ལ་གསོལ་བ་འདེབས། །ཞེས་པ་ལན་གསུམ། དེ་ནས་དཔོན་སློབ་གཉིས་ཀས་ལུས་གནད་བཅའ་བ་ནི། རྐང་པ་སྐྱིལ་ཀྲུང༌། ལག་པ་མཉམ་བཞག


TNT15_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

སྒལ་ཚིགས་བསྲང༌། མིག་བར་སྣང་ལ་བསྟད་ནས། མདུན་གྱི་ནམ་མཁར་སྨིན་མཚམས་ཀྱི་ཐད་ཙམ་དུ་ཡི་གེ་ཨ་གཅིག་གསལ་བཏབ་ལ། དེ་ལ་སེམས་རྩེ་གཅིག་ཏུ་བསྟད་ནས་ཨ་ཨ་ཞེས་ཉི་ཤུ་རྩ་གཅིག་བརྗོད་པས། ཨ་དེ་འཇའ་ཡལ་བ་བཞིན་དུ་ཡལ་ནས་དམིགས་པ་མེད་པའི་སྟོང་པ་ཉིད་རྟོག་པ་ཐམས་ཅད་དང་བྲལ་བ་ལ་གསལ་ལེ་སིང་ངེ་ཡེ་རེ་བར་སེམས་ཅི་གནས་སུ་མཉམ་པར་བཞག་ནས། སློབ་མའི་སྤྱི་བོར་མེ་ཏོག་ཅིག་བཞག་ལ། ཨོཾ་ཨཱཿཧཱུཾ། ཞེས་དང༌། རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིགཞེས་ཀྱང་བརྗོད་དེ་བརྟན་པར་བསམ་མོ། །དེ་ལྟར་ཐུགས་ཀྱི་རྗེས་གནང་ཐོབ་པ་ལ་ཕན་ཡོན་གཉིས་ཏེ། གནས་སྐབས་སུ་ཆོས་ལ་བློ་འགྲོ་ཞིང་མཐར་ཐུག་ཏུ་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་རྡོ་རྗེ་ལྟ་བུ་ཐོབ་པར་འགྱུར་རོ། །བཞི་པ་ཡོན་ཏན་འཕྲིན་ལས་ཀྱི་རྗེས་གནང་གི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད་ཅིགདུས་འདི་ནས་ནི་གཟུང་ནས་སུ། །ཕྱི་མ་བྱང་ཆུབ་མ་ཐོབ་བར། །བཅོམ་ལྡན་འཇམ་དབྱངས་མགོན་གྱིས་ནི། །བདག་གིས་བླ་མ་མཛད་དུ་གསོལ། །ཞེས་པ་ལན་གསུམ། དེ་ནས་སློབ་མའི་ལག་ཏུ་མཚན་བརྗོད་གཏད་ལ། འདི་ནི་འཇམ་པའི་དབྱངས་ཀྱི་རྒྱུད་མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བ་ཚིག་ཉུང་ལ་དོན་ཟབ་པ། རྒྱུད་སྡེ་ཐམས་ཅད་ཀྱི་ཡང་རྩེ་ཡིན་པས་འདི་ལ་ཐོས་བསམ་དང༌། འདི་ནས་བསྟན་པའི་དོན་ཉམས་སུ་བླངས་ན། རྗེ་


TNT15_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་འཇམ་པའི་དབྱངས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་འགྱུར་བས། འདི་ལ་ཁྱེད་རང་རྣམས་ཐོས་བསམ་གྱིས་ལ་ཉམས་སུ་ལོང༌། གཞན་ལ་སྟོན་ལ་བཤད་པ་གྱིས་ལ་སེམས་ཅན་གྱི་དོན་དུ་གང་འགྱུར་གྱིས་ཤིགཅེས་རྗེས་སུ་གནང་བ་སྦྱིན་པ་ཡིན་ནོ། །དེ་ལྟར་བྱས་པ་ལ་ཕན་ཡོན་གཉིས་ཡོད་དེ། གནས་སྐབས་སུ་རིག་པའི་གནས་ལྔ་ལ་མཁས་ཤིང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་པ་དང༌། མཐར་ཐུག་ཏུ་འཇམ་པའི་དབྱངས་ལ་མངའ་བའི་ཡོན་ཏན་འཕྲིན་ལས་ཐམས་ཅད་དང་མཉམ་པའི་གནས་ཐོབ་པར་འགྱུར་རོ། །དེ་ལྟར་ཁྱེད་རྣམས་ཀྱི་དད་པ་དང་འདུན་པའི་སྒོ་ནས་ངེད་ལ་གསོལ་བ་བཏབ་ནས། དེ་ལ་ངེད་ཀྱིས་བརྩེ་བའི་བསམ་པས་ཅི་ཤེས་ཀྱི་སྒོ་ནས། རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བྱས་པ་འདི་ལ་ཕན་ཡོན་ཅི་ཡོད་པའི་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་གྱི་དོན་དུ་བསྔོས་ནས་ལས་བྱས་པ་འབྲས་བུ་དང་ལྡན་པར་བྱ་བའི་ཕྱིར་དུ་འདིའི་རྗེས་ཟློས་མཛོད་ཅིགའདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་བདག་གིས་གང་ཐོབ་པ། །དེ་ཡི་སྐྱེ་བོ་ཐམས་ཅད་ཀྱིས། །འཇམ་དབྱངས་ཤེས་རབ་ཐོབ་པར་ཤོག །ཅེས་པ་ལན་གསུམ། དེའི་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཐམས་ཅད་བླ་མའི་བཀའ་བཞིན་དུ་སྒྲུབ་བོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་སོགས་ལན་གསུམ། རྗེས་གནང་ཟབ་མོ་ཐོབ་པའི་མཎྜལ། དེང་ནས་བརྩམས་ཏེ་སོགས་གསུམ་བྱས་ནས། དེ་ལྟར་ན་རྗེ་བཙུན་འཇམ་དབྱངས་ཀྱི་རྗེས་གནང་ཟབ་མོ་གྲུབ་པ་ཡིན་པས། དེས་དགའ་བ་བསྒོམ་


TNT15_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་པར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཅེས་སོགས་ཀྱི་སྨོན་ལམ་འདེབས་ཤིང་ཕྱག་ཕུལ་ནས་འགྲོ་བར་གཞུག་གོ །དེ་ནས་སློབ་དཔོན་གྱིས་མདུན་བསྐྱེད་ཀྱི་མཆོད་པ་རྣམས་ཁ་གསོས་ནས། མདུན་བསྐྱེད་ལ་མཆོད་བསྟོད་སྔར་ལྟར་བྱས་ནས་འདོད་པའི་དོན་ལ་གསོལ་བ་བཏབ། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ཚར་གསུམ་དང༌། མ་འབྱོར་པ་དང་ཉམས་པ་དང༌། །ཞེས་སོགས་ཀྱིས་བཟོད་པར་གསོལ་ནས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་ཞེས་སོགས་དང༌། མདུན་བསྐྱེད་ལ་བརྟན་བཞུགས་བྱའོ། །དེ་ནས་སྨོན་ལམ་བཀྲ་ཤིས་བྱའོ། །མཆོད་གཏོར་རྣམས་བསྡུའོ། །ཀུན༵་ལ་ངོ་མཚར་ཆེར་གྲགས་པའི། །འཇམ་དཀར་སྒྲུབ་ཐབས་དག༵འ་བའི་ཏོག །སྙིང༵་གི་ཐིག་ལེ་འདིར་བཀོད་ཀྱི། །བློ་གསལ་རྣམས་ཀྱིས་མྱུར་པོ༵ར་ལོང༌། །འཇམ་དཀར་ཁ་ཆེ་པཎ་ཆེན་ལུགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། །།མངྒལཾ་བིསྟཱ་ར་ཀུ་རུ། །

འཇམ་དབྱངས་གཞོན་ནུའི་སྒྲུབ་ཐབས།


TNT15_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། མཐའ་ཡས་རྒྱལ་བའི་མཁྱེན་པ་ཀུན། །གཅིག་བསྡུས་འཇམ་དབྱངས་གཞོན་ནུའི་སྐུ། །དེ་ལ་བཏུད་ཅིང་གསོལ་བཏབས་ནས། །གང་དེའི་སྒྲུབ་ཐབས་བྲི་བར་བྱ། །འདིར་ཤིན་ཏུ་བྱིན་རླབས་ཀྱི་བཀའ་བབས་ཆེ་བ་འཇམ་དབྱངས་ཨ་ར་པ་ཙ་ན་དམར་སེར་ས་ལུགས་ཀྱི་སྒྲུབ་ཐབས་ནི། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བའི་སྒོ་ནས། རང་གི་སྙིང་འོད་ཀྱི་གུར་ཁང་ཁ་གྱེན་དུ་བསྟན་པའི་ནང་དུ། པད་ཟླའི་གདན་ལ་དྷཱིཿདམར་སེར་དེ་ལས་འོད་འཕྲོས། རང་གི་མི་ཤེས་པའི་དྲི་མ་


TNT15_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས། བ་སྤུའི་བུ་ག་ནས་སྤྲོས། འཕགས་པ་མཆོད། སེམས་ཅད་གྱི་དོན་བྱས། སླར་འདུས་ཏེ་ཐིམ་པ་ལས་རང་ཉིད་འཕགས་པ་འཇམ་དཔལ་གཞོན་ནུ་གྱུར་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་གུར་གུམ་གཞོན་ནུའི་མདངས་ཅན་འོད་ཀྱི་དྲ་བ་འགྱེད་པ། ཞི་ཞིང་འཛུམ་ལ་སྒེག་པ་ཞལ་གཅིག་ཕྱག་གཉིས། གཡས་ཤེས་རབ་ཀྱི་རལ་གྲི་སྔོ་སངས་དཔུང་པའི་ཐད་ཀར་འཕྱར་བ། གཡོན་ཨུཏྤལ་སྔོན་པོའི་རྩ་བ་ཐུགས་ཀར་འཛིན་ཞིང་སྙན་གྱི་ཐད་ཀར་ཁ་བྱེ་བ་རབ་ཏུ་རྒྱས་པའི་སྟེང་དུ་གསུང་རབ་ཀུན་འདུས་པའི་པོ་ཏི་དང་བཅས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་དབུ་སྐྲ་རལ་པའི་ཟུར་ཕུད་ལྔ་དང་ལྡན་པ། རིགས་བདག་མི་བསྐྱོད་པས་སྤྲས་པ། ཟླ་བའི་འོད་ཀྱི་རྒྱབ་ཡོལ་ཅན་ནོ། །བསྡུ་ན་དེ་ཙམ་གྱིས་ཆོག་ལ། སྤྲོ་ན། དཔྲལ་བར་ཨོཾ་ལས་འཇམ་དཔལ་དཀར་པོ། མགྲིན་པར་ཨཱཿལས་འཇམ་དཔལ་དམར་པོ། སྙིང་གར་ཧཱུཾ་ལས་འཇམ་དཔལ་སྔོན་པོ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་དྷཱིཿདེ་ལས་འོད་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རང་ཉིད་ལ་ཞུགས་པར་གྱུར། དྷཱིཿའི་མཐའ་མར་སྔགས་ཀྱིས་བསྐོར་བ་དང༌། ལྕེའི་རྩ་བར་ཡང་དྷཱིཿཡིག་མགོ་ཕུག་ཏུ་གནས་པར་བསམས་ལ། ཨོཾ་ཨཱ་ར་པ་ཙ་ན་དྷཱིཿ ཞེས་ཅི་ནུས་སུ་བཟླས་ཤིང༌། ན་མོ་མཉྫུ་ཤྲཱི་ཡེ། ཀུ་མ་ར་བྷུ་ཏཱ་ཡ། བོ་དྷཱི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨཱ་ར་ཛེ། བི་ར་ཛེ། ཤུདྡྷེ། བི་ཤུདྡྷེ། ཤོ་དྷ་ཡ། བི་ཤོ་དྷ་ཡ། ཨ་མ་ལེ། བི་མ་ལེ། ནིར་མ་ལེ། ཛ་ཡ་ཝ་རེ། རུ་


TNT15_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ཙ་ལེ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ཞེས་ཤེས་རབ་བློ་འཕེལ་གྱི་གཟུངས་ཉིད་ཅི་རིགས་པར་བཟླས་ནས། ཐུན་འཇོག་པའི་དུས་སུ་དབུགས་ཐོག་གཅིག་ལ་དྷཱིཿབརྒྱ་རྩ་བརྒྱད་བཟླས་པས་ལུས་དྷཱིཿཡིག་གཅིག་ཏུ་གྱུར་པར་བསམ། ཐུན་འཇོག་མཚམས་སུ་ཡང་ལྷའི་ང་རྒྱལ་ལ་གནས་པའི་སྒོ་ནས་གཙང་སྦྲ་དང་མཆོད་པ་ལ་བརྩོན་པར་བྱའོ། །འདིའི་རྗེས་གནང་ནི། མཎྜལ་ཚོམ་བུ་ཅན་མཆོད་པ་ཅི་འབྱོར་དང་དཀར་གཏོར་གཉིས་དང་བཅས་པ་བཤམ། བདག་བསྐྱེད་གོང་བཞིན་བྱས་ནས། མཆོད་པ་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། མདུན་བསྐྱེད་བསངས་སྦྱངས། པད་ཟླ་ལ་ཞེས་པ་ནས། གནས་གསུམ་བྱིན་རླབས་ཀྱི་བར་བདག་བསྐྱེད་བཞིན། ཡེ་ཤེས་པ་སྤྱན་དྲངས། དབང་བསྐུར་རྒྱས་བཏབ། མཆོད་ཡོན་ཕལ་ཆེར་སོགས་ཚིགས་བཅད་སྔགས་དང་བཅས་པས་མཆོད། གཞོན་ནུའི་སྐུ་ལུས་འཆང་བ་པོ་སོགས་དང༌། རྒྱལ་སྲས་གཞོན་ནུ་མཁྱེན་པའི་དཀྱིལ་འཁོར་ཅན། །གུར་གུམ་མདོག་ཅན་འོད་ཀྱི་དྲ་བས་མཛེས། འོད་འབར་རལ་གྲི་གླེགས་བམ་ཕྱག་ན་བསྣམས། །ལྷ་ཡི་བླ་མ་ཁྱེད་ལ་ཕྱག་འཚལ་ལོ། །རྡོ་རྗེ་རྣོན་པོ་གསང་སྔགས་ཡི་གེ་དྲུག །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྒོ་རུ་བསྟན། །གསུང་མཆོག་མཚུངས་མེད་རིག་སྔགས་རྒྱ་མཚོ་ཡིས། །གཏི་མུག་ཉིད་ལོག་སློང་བར་མཛད་ལ་འདུད། །གང་ཐུགས་ནམ་མཁའི་དཀྱིལ་ལྟར་དག་པ་ལ། །ཐུགས་རྗེའི་ཆར་རྒྱུན་རྒྱུན་ཆད་མེད་པ་ཡིས། །འགྲོ་ཀུན་སྒྲིབ་གཉིས་དྲི་མ་འཁྲུད་མཛད་པའི། །ཐུགས་རྗེའི་མངའ་བདག་འཇམ་དབྱངས་ཁྱོད་ལ་འདུད། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །མགོན་པོ་འཇམ་དབྱངས་


TNT15_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་དང་འབྲལ་མེད་ཅིང༌། །བདག་དང་མ་ལུས་འགྲོ་བ་ཐམས་ཅད་ཀྱིས། །དོན་རབ་རྒྱ་ཆེན་འགྲུབ་པར་མཛད་དུ་གསོལ། ཞེས་པའམ་ཤེས་ཤིང་སྤྲོ་ན་རྒྱ་བོད་ཀྱི་བསྟོད་པ་ངོ་མཚར་ཅན་དུ་མ་ཡོད་པ་རྣམས་ཀྱིས་བསྟོད་དོ། །གཏོར་མ་དང་པོ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ། རྗེ་བཙུན་འཇམ་དབྱངས་ལ་འབུལ། གཏོར་མ་ཕྱི་མ་ཕྱོགས་སྐྱོང་བཅུ་ལ་ཆ་གསུམ་ནང་ལྟར་བཏང༌། འདིའི་འཇིག་རྟེན་འདས་གཏོར་ཡིག་རྙིང་ལས་མ་བཤད་ཀྱང་ཕྱིས་ཀྱི་ཕྱག་ལེན་ཡིན། མདུན་བསྐྱེད་ཀྱི་བཟླས་པ་ཅི་འགྲུབ་བྱ་སྟེ། སློབ་དཔོན་གྱི་བྱ་བའི་རིམ་པའོ། །རྗེས་གནང་གི་ངོ་བོ་ནི། ཕལ་ཆེར་སྒྲུབ་ཐབས་བརྒྱ་རྩའི་ཆིངས་དང་འདྲ། འོན་ཀྱང་མི་འདྲ་བའི་ཁྱད་པར་དང༌། གོ་རིམ་རྣམས་བཤད་ན་སློབ་མ་རྣམས་ཁྲུས་བྱས། ཕྱག་དང་མཎྜལ་ཕུལ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་སོགས། ཤོ་ལོ་ཀ་གཉིས་ཀྱིས་གསོལ་པ་བཏབ། རྒྱུན་བཤགས་བྱ། སློབ་མ་ལྷར་བསྐྱེད་ཡེ་ཤེས་པ་བསྟིམ། བཟླས་ལུང་གི་སྐབས། དཔོན་སློབ་གཉིས་ཀའི་ཐུགས་ཀར་ཤེས་རབ་ཀྱི་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་ཨོཾ་ཨ་དྷཱིཿ རྩིབས་བཞི་ལ་ར་པ་ཙ་ན་རྣམས་བཀོད་ལ། སློབ་དཔོན་གྱི་ཐུགས་ཀའི་དེ་ལས་དེ་འདྲ་བ་གཉིས་པ་ཆད་ནས། ཞལ་ནས་ཐོན། ཁ་སྒོར་ཞུགས། སློབ་མའི་སྙིང་གའི་འཁོར་ལོ་སྔགས་འཕྲེང་དང་བཅས་པ་ལ་ཐིམ་པར་བསམས་ལ། སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱ། སློབ་མའི་ལྕེའི་རྩ་བར་དྷཱིཿམགོ་ཕུག་བསྟན། དྷཱིཿའི་འོད་ཀྱིས་ངག་གི་སྐྱོན་ཐམས་ཅད་སྦྱངས། སློབ་དཔོན་ཀྱི་ཐུགས་ཀའི་འོད་ཀྱིས་སངས་རྒྱས་བྱང་སེམས་ཀྱི་ཡོན་ཏན་ཐམས་ཅད་བསྡུས་ཏེ་དྷཱིཿཅི་ནུས་ཤིག་རྗེས་ཟློས་བྱེད། དེ་ནས་དམ་


TNT15_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

བཅའ་བའི་ལུང་དང༌། བྱིན་གྱིས་བརླབ་པའི་ལུང་བྱས་ལ་དམ་ཚིག་ཁས་བླངས། མཎྜལ་འབུལ། དེང་ནས་བརྩམས་ཏེ་སོགས་དང༌། ཡོན་འབུལ། རྗེས་ཆོག་ནི་མཆོད་པ་ཁ་གསོས། མཆོད་པ་བྱིན་གྱིས་བརླབས། མཆོད་བསྟོད་ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ་སྨོན་ལམ་བཀྲ་ཤིས་རྣམས་བྱའོ། །གྲུབ་བརྙེས་མཁས་པ་ཆེན་པོ་ཛི་ཏཱ་རིས། །ལོ་བདུན་ལོན་ཚེ་འདི་ཉིད་ཞལ་གཟིགས་པས། །བློ་གྲོས་མཆོག་གྱུར་མཁས་པའི་གྲགས་པས་ཁྱབ། །རྡོ་རྗེ་གདན་པ་གཉིས་ཀྱིའང་འདི་གྲུབ་ཅིང༌། །བ་རི་ལོཙྪཱ་རིག་སྔགས་འདི་གྲུབ་ནས། །འཇམ་དབྱངས་ཞལ་གཟིགས་ཤེས་རབ་ཆེར་གྱུར་ལ། །ས་ཆེན་མཁྱེན་པའི་བདག་པོའང་འདི་ཡིས་མཐུ། །ཞལ་གཟིགས་བརྒྱུད་པ་མང་པོར་བྱིན་ཀྱིས་བརླབས། །བློ་ཆེན་ཀུན༵་དག༵འ་རྒྱལ་མཚན་དཔལ། ཁུ་དབོན་གསུང་གི་བཅུད་བསྡུས་ནས། །སྙིང༵་པོ༵་ཙམ་ཞིག་བཀོད་པ་ལ། །ཉེས་པ་མཆིས་ན་བཟོད་པར་གསོལ། །རྗེ་བཙུན་འཇམ་པའི་དབྱངས་ཨ་ར་པ་ཙ་ན་དམར་སེར་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།

འཇམ་དབྱངས་བསྟོད་པའི་སྒྲུབ་ཐབས།


TNT15_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །མཁྱེན་དངོས་འཇམ་དབྱངས་ལ་བཏུད་ནས། །རྡོ་རྗེ་མཚོན་ཆས་མཛད་པ་ཡི། །བསྟོད་པའི་སྒྲུབ་ཐབས་བཤད་པར་བྱ། །བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་དང༌། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྣམས་སྔོན་དུ་བཏང་ནས། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ཟླ་ལ་འཁོར་ལོ་དམར་སེར་རྩིབས་ལྔ་པ་ལྟེ་བ་ལ་དྷཱིཿ རྩིབས་རྣམས་ལ་ཨ་ར་པ་ཙ་ན་དང་བཅས་པ་ལས་འོད་འཕྲོས། འདུས་ཡོངས་སུ་གྱུར་པ་ལས་རང་དང་མདུན་གྱི་ནམ་མཁར་འཕགས་པ་


TNT15_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་གུར་གུམ་གྱི་མདོག་ཅན་རལ་གྲི་དང་པོ་ཏི་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་བརྒྱན་པ། མཚན་དཔེ་ཡོངས་སུ་རྫོགས་པའི་སྐུ་ཅན་རེ་རེ་གྱུར། རང་གི་སྙིང་གར་སྔགས་ཀྱི་འཁོར་ལོ། མདུན་བསྐྱེད་ཀྱི་ཐུགས་ཀར་དྷཱིཿསངས་རྒྱས་བྱང་སེམས་ཐམས་ཅད་ཡེ་ཤེས་པའི་རྣམ་པར་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ སྙིང་གའི་སྔགས་འཁོར་ལས་འོད་འཕྲོས། སངས་རྒྱས་མཆོད། སེམས་ཅན་ཐམས་ཅད་ཀྱི་དོན་བྱས་པར་བསམ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མདུན་བསྐྱེད་མཆོད། སྙིང་གའི་འོད་ཟེར་ལས་མཆོད་པ་དཔག་ཏུ་མེད་པ་སྤྲུལ་ནས། མདུན་གྱི་འཇམ་དབྱངས་ལ་མཆོད་ཅིང་གསོལ་བ་འདེབས་པར་བསམས་ལ། གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བ། །བདེན་གཉིས་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན། །གང་དག་སྲིད་པའི་བརྩོན་རར་མ་རིག་མུན་འཐོམས་སྡུག་བསྔལ་གྱིས་གཟིར་བའི། །འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང༌། །འབྲུག་ལྟར་ཆེར་སྒྲོགས་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་གྲོལ་མཛད་ཅིང༌། །མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས། །གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ། །བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་པའི་དབྱངས་ལ་འདུད། །ཅེས་ཉེར་གཅིག་ལ་སོགས་པས་བསྟོད་ཅིང༌། མཐར་


TNT15_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་གྱི་འཇམ་དབྱངས་འོད་དུ་ཞུ་ནས་རང་ལ་ཐིམ། སྙིང་གའི་འཁོར་ལོ་དྲག་ཏུ་འཁོར་བར་བསམས་ལ། ཨ་ར་པ་ཙ་ན་དྷཱིཿ ཞེས་པ་བརྒྱ་རྩ་ལ་སོགས་པ་བཟླའོ། །མཐར་སྟོང་པ་ཉིད་ལ་མཉམ་པར་བཞག་སྟེ། དགེ་བ་བསྔོ། འོད་ཟེར་དགུ་ཕྲུགས་ཀྱི་བྱིན་རླབས་བྱེད་པར་འདོད་པས། སྤྲོ་ན་འཕགས་པ་འཇམ་དཔལ་གྱི་སྐུའི་དྲུང་དུ་མཆོད་པ་བཤམས་ལ་བྱིན་རླབས་བྱ། དེ་རྣམས་མེད་ཀྱང་རུང་སྟེ། སློབ་དཔོན་གྱིས་བསྟོད་སྒྲུབ་ཚར་གཅིག་ཉམས་སུ་ལེན། སློབ་མས་མཎྜལ་འབུལ། ཡན་ལག་བདུན་པ་ཚར་གསུམ་བྱེད། སློབ་དཔོན་འཕགས་པ་འཇམ་དཔལ་དུ་གསལ་བའི་དཔྲལ་བ་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ལ་མཆོད་པ་ཕུལ། འོད་ཟེར་དཔྲལ་བར་ཕོག་པས་ཐུགས་རྒྱུད་ཡོངས་སུ་བསྐུལ་ནས། འོད་ཟེར་གྱི་རྣམ་པས་དཔྲལ་བ་ནས་བྱུང༌། སློབ་དཔོན་གྱི་དཔྲལ་བར་ཐིམ། སློབ་དཔོན་འཇམ་དཔལ་དུ་གསལ་བ་ལ་མོས་གུས་དུང་བས་བསྟོད་པ་ཚར་གཅིག་གམ་གསུམ་གྱིས་གསོལ་བ་བཏབ། སློབ་དཔོན་གྱི་དཔྲལ་བ་ནས་འོད་ཟེར་བྱུང༌། སློབ་མའི་དཔྲལ་བར་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་བྱང་ཞིང༌། སྐུའི་བྱིན་རླབས་ཞུགས་པར་མོས་སུ་བཅུགདེ་བཞིན་དུ། མགྲིན་པ་ནས་འོད་ཟེར་སྤྲོ་བསྡུ་དང༌། ངག་གི་སྡིག་སྒྲིབ་དགགསུང་གི་བྱིན་རླབས་ཞུགས་པ་དང༌། ཐུགས་ཀ་ནས་འོད་ཟེར་སྤྲོ་བསྡུ་དང༌། ཡིད་ཀྱི་སྡིག་སྒྲིབ་དགཐུགས་ཀྱི་བྱིན་རླབས་ཞུགས་པའང་རིགས་འགྲེ། རྗེས་ཀྱི་བྱ་བ་རྣམས་སྤྱི་དང་འདྲ། འདི་ལ་མདུན་བསྐྱེད་ལ་རྗེས་ཆོག་བྱེད་པ་ནི་མེད་དོ། །མཁས་མཆོག་ཀུན༵་གྱིས་བསྔགས་པ་ཡི། །བསྟོད་སྒྲུབ་ཟབ་མོ་རབ་དག༵འ་བ། །


TNT15_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡིས་རང་གཞན་དོན་བྱེད་ཚུལ། །སྙིང༵་པོ༵་ཙམ་ཞིག་བྲིས་པ་ལགས། །འཇམ་དཔལ་ཡོན་ཏན་ཡེ་ཤེས་བཟང་པོའི་བསྟོད་སྒྲུབ་ཏུ་གྲགས་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།

འཇམ་པའི་རྡོ་རྗེའི་སྒྲུབ་ཐབས།


TNT15_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། རྒྱལ་བའི་ཡེ་ཤེས་མཁྱེན་པ་རྣམས། །གཅིག་བསྡུས་འཇམ་པའི་རྡོ་རྗེ་ལ། །གུས་པས་བཏུད་ནས་དེའི་སྒྲུབ་ཐབས། །དམ་པའི་མན་ངག་བཤད་པར་བྱ། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་བཏང༌། ཤཱུ་ནྱ་ཏཱས་སྟོང་པར་བསྒོམ། སྟོང་པའི་ངང་ལས་གཙོ་བོའི་གནས་དང་དེའི་མདུན་དུ་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ། གཙོ་བོའི་གདན་པད་ཟླའི་སྟེང་དུ་སཾ་ལས་སེང་གེ་སྔོན་པོ་མགོ་བོ་གཡས་སུ་བསྟན་ཞིང་གདོང་གྱེན་དུ་ཕྱོགས་པ། རལ་པ་དམར་སེར་གྲོལ་བ་ཉལ་སྟབས་སུ་གནས་པའི་སྟེང་དུ། པད་ཉི་ལ་གནས་པའི་དྷཱིཿཡིག་གུར་གུམ་གཞོན་ནུའི་མདོག་ཅན་དང༌། གདན་མདུན་མའི་སྟེང་དུ་ཧྲཱིཿཡིག་སྔོ་སངས་ས་བོན་དེ་གཉིས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་འཇམ་དབྱངས་སྐུ་མདོག་ལི་ཁྲིའི་ཕུང་པོ་ལྟ་བུ་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པའི་མཐེབ་མཛུབ་ཀྱི་བར་ནས་བྱུང་བ་ཨུཏྤ་ལའི་སྡོང་བུ་སྙན་གཡས་གཡོན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་གཡས་ན་རལ་གྲི་དང་གཡོན་ན་གླེགས་བམ་ཅན། བཅུ་དྲུག་ལོན་པའི་ལང་ཚོ་དང་ལྡན་པ། དབུ་སྐྲ་ཟུར་ཕུད་ལྔ་དང་བཅས་ཤིང༌། ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་སེང་གེ་ལ་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞི་བ་དང་འཛུམ་པ་དང་སྒེག་པའི་ཆ་ལུགས་ཅན།


TNT15_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་འཕགས་མ་དབྱངས་ཅན་མ་སྐུ་མདོག་ཨིནྡྲ་ནཱི་ལ་ལྟར་སྔོ་བ་ལྷ་མོའི་ཆ་ལུགས་ཡོངས་སུ་རྫོགས་ཤིང༌། ཞབས་ཙོག་པུའི་ཕྱེད་ཀྲུང་གིས་བཞུགས་པ། བུད་མེད་སྒྱུ་མའི་ང་རྒྱལ་གྱིས་འགྱིང་ཞིང་མཚན་ཉིད་གཞན་ཐམས་ཅད་ཡབ་དང་མཚུངས་པའོ། །གཉིས་ཀའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཡེ་ཤེས་སེམས་དཔའ་དང་དབང་གི་ལྷ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཡབ་ཡུམ་གཉིས་ཀ་ལ་མི་བསྐྱོད་པས་དབུ་བརྒྱན། བཟླས་པའི་དམིགས་པ་གསལ་བཏབ་ལ། ཨོཾ་ཧྲཱིཿདྷཱི་མ་མེ་ཏི་པ་སྭ་ར་སྭ་སྟི། མཉྫུ་ཤྲཱི་མུཾ་ཧྲཱིཿ པྲཛྙཱ་ཝརྡྷ་ནི་ཧྲཱིཿདྷཱིཿསྭཱཧཱ། ཞེས་ཅི་ནུས་སུ་བཟླ། འཇུག་ཏུ་ལྷ་སྐུ་མི་དམིགས་པར་སྦྱངས་ཤིང་དགེ་བ་བསྔོ། ཐུན་མཚམས་སུ་འཇམ་དཔལ་གྱི་སྐུ་གཟུགས་ལ་མཆོད་བསྟོད་གང་འགྲུབ་བྱ། འོག་ནས་འབྱུང་བ་ལྟར་གཏོར་མའང་འབུལ། བསྙེན་པ་ལན་གཅིག་ཐོན་ནས། སྒྲུབ་རྫས་སུ་དཔའ་བོའི་རིལ་བུ་སྒྲུབ་སྟེ། སྤང་རྒྱན་གླ་རྩི་མཚལ་དཀར་གསུམ། །ཡུང་བ་ཙན་དན་ཨ་ཀ་རུ། །སྤང་སྤོས་ཨཀ་རུ་ཤུ་དག་གསུམ། །ཤིང་མངར་རྒྱ་སྐྱེགས་ཨ་རུ་ར། །དཔའ་བོ་བཅུ་གཉིས་བསྡུས་པ་ནི། །ཞིབ་པར་བཏགས་ལ་སྦྲང་རྩི་དང༌། །བ་དམར་འོ་མས་རིལ་བུར་བྱ། །ཞེས་པ་ལྟར་ཡིན་ལ། དར་དཀར་ལ་རྒྱ་སྐྱེགས་དང་རང་བྱུང་གིས་ཕོ་འཁོར་བྲིས་པ་ལ་སྟེང་ནས་བཀབ། དར་དམར་ལ་བ་ལ་དང་ཡུར་བས་མོ་འཁོར་བྲིས་ཏེ་འོག་ཏུ་བཏིང༌། གཉིས་ཀའང་རྩིབས་བརྒྱད་དམ་འདབ་བརྒྱད། མུ་ཁྱུད་གསུམ་པ། མུ་ཁྱུད་ལ་ཨཱ་ལི་ཀཱ་ལི་ཡེ་དྷར་དང་བཅས་པ་བྲི། རིལ་བུ་དབྱངས་ཅན་མ་བསྐྱེད་ཅིང་སྒྲུབ། ཨོཾ་ཡ་མཱནྟ་ཀ་ཧཱུཾ་གིས་བར་ཆད་


TNT15_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང༌། འདིའི་རྗེས་གནང་གི་ལག་ལེན་ནི། མཎྜལ་གྲུ་བཞིའི་དབུས་སུ་པདྨ་འདབ་བརྒྱད་ལྟེ་བ་དམར་སེར་ཅན་བྲི། དེར་བུམ་པ་ཁ་རྒྱན་ཅན། ཤར་དུ་འཇམ་དཔལ་གྱི་ཙ་ཀ་ལི། ལྷོར་དཔའ་བོའི་རིལ་བུ། ནུབ་ཏུ་མཚན་བརྗོད། བྱང་དུ་རལ་གྲི་རྣམས་བཀོད། མདུན་དུ་མཆོད་གཏོར་བསྒྲིགས། བདག་བསྐྱེད་སྔོན་བཞིན་བྱས་ལ་མཆོད་པ་བྱིན་རླབས་སྤྱི་དང་མཐུན། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་བུམ་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་པཾ་ལས་པདྨ་ནས། དབུ་རྒྱན་གྱི་བར་བདག་བསྐྱེད་བཞིན་བྲིས་སྐུ་དྷཱིཿལས་འཇམ་དབྱངས་ཞལ་ཕྱག་ཡོངས་སུ་རྫོགས་པ། རིལ་བུ་ཧྲཱིཿལས་དབྱངས་ཅན་མ་པོ་ཏི་ཨཱ་ལི་ཀཱ་ལི་བྱུང་བའི་མཚན་བརྗོད་ཀྱི་གླེགས་བམ། རལ་གྲི་དྷཱིཿལས་བྱུང་བའི་ཕྱག་མཚན་ཡེ་ཤེས་ཀྱི་མེ་འབར་བ་རྣམས་སུ་གྱུར། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། གཞོན་ནུའི་སྐུ་ལུས་འཆང་བ་པོ། །སོགས་ཀྱིས་བསྟོད། མདུན་གྱི་རྟེན་ཐམས་ཅད་ལ་དམིགས་ལ་བཟླས་པ་ཅི་འགྲུབ་བྱ། གཏོར་མ་བསངས་སྦྱངས། ཨ་ལས་བྱུང་བའི་ཀ་པཱ་ལའི་ནང་དུ་གཏོར་མ་ཤ་ལྔ་བདུད་རྩི་ལྔ་ཞུ་བ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ཞེས་ལན་བདུན་གྱིས་བྱིན་གྱིས་བརླབས། སྙིང་པོའི་མཐར་ཨ་ཀཱ་རོ་བཏགས་ལ་ལན་གསུམ་གྱིས་ཕུལ། མཆོད་བསྟོད་འདོད་དོན་གསོལ་བ་བཏབ། སློབ་མས་མཎྜལ་ཕུལ། རྡོ་རྗེ་འཛིན་པ་སོགས་གསོལ་བཏབ་དང༌། ཡན་ལག་བདུན་པ་སྤྱི་དང་འདྲ། སྐུའི་རྗེས་གནང་ལ་སྐུ་བསྐྱེད་བསྟིམ་སྤྱི་དང་འདྲ་ཞིང༌། དེ་ནས། སངས་རྒྱས་ཀུན་གྱིས་བྱིན་རླབས་པ། །རྒྱུ་བཟང་རིན་ཆེན་བུམ་པ་འདི། །འཇམ་པའི་དབྱངས་


TNT15_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བྱིན་རླབས་ནས། །མི་བསྐྱོད་ཆུ་ཡིས་དབང་བསྐུར་རོ། །སྙིང་པོའི་མཐར་ཨ་བྷི་ཥིཉྩ་ཞེས་བཏགས་ལ་ཆུ་དབང་བསྐུར། ཙ་ཀ་ལི་སྤྱི་བོར་བཞགཚིག་རྐང་དང་པོ་དང་གསུམ་པ་གཉིས་འདྲ་བ་ལས། གཉིས་པར། དབྱིབས་ལེགས་གཟུགས་སྐུ་དམ་པ་འདི། །ཞེས་དང༌། བཞི་པར། རྣམ་སྣང་སྐུ་ཡིས་དབང་བསྐུར་རོ། །ཞེས་འདོན་པ་སྤོ་ཞིང་སྔགས་ཀྱང་འདྲ། སྐུའི་རྗེས་གནང་ངོ༌། །དེ་བཞིན་དུ་རིལ་བུ་སྦྱིན་ལ། དཔའ་བོ་བཅུ་གཉིས་སྦྱར་བའི་བཅུད། །དབྱངས་ཅན་ལྷ་མོ་ཞེས་དང༌། རིན་འབྱུང་ཡོན་ཏན་དབང་བསྐུར་རོ། །ཞེས་འདོན་པ་སྤོ། ཡོན་ཏན་གྱི་རྗེས་གནང་ངོ༌། །པོ་ཏི་གཏད་ལ། རྒྱུད་ཀུན་གྱི་ནི་བདག་པོ་མཆོག །ཨཱ་ལི་ཀཱ་ལིར་ཞེས་དང༌། དཔག་མེད་གསུང་གི་ཞེས་འདོན་པ་སྤོ། བར་འདིར་བཟླས་ལུང་སྤྱི་དང་མཐུན་པར་སྦྱིན་པ་ལས། རྗེས་ཟློས་ལན་ཉེར་གཅིག་བྱེད། ཨཱ་ལི་ཀཱ་ལི་དཔག་ཏུ་མེད་པ་མགྲིན་པར་ཐིམ་པར་བསམ། གསུང་གི་རྗེས་གནང་ངོ༌། །རལ་གྲི་གཏད་ལ། ཤེས་རབ་རལ་གྲི་རྣོན་པོ་འདི། །ཡེ་ཤེས་སེམས་དཔར་ཞེས་དང༌། ཕྱག་མཚན་ཐུགས་ཀྱི་དབང་བསྐུར་རོ། །ཞེས་འདོན་པ་སྤོ། ཐུགས་ཀྱི་རྗེས་གནང་ངོ༌། །ཡང་མཎྜལ་ཕུལ་ནས་གསོལ་བ་བཏབ། ཡང་སློབ་དཔོན་དང་མདུན་བསྐྱེད་ཀྱི་དཔྲལ་བ་ནས། དབྱངས་ཅན་དཀར་མོ་དཔག་ཏུ་མེད་པ་སྤྲོས་སློབ་མའི་དཔྲལ་བར་ཐིམ། དེ་བཞིན་དུ་མགྲིན་པ་ནས་དམར་མོ། སྙིང་ག་ནས་སྔོན་མོ། ལྟེ་བ་ནས་སེར་མོ། གསང་གནས་ནས་ལྗང་ཁུ་རྣམས་སྤྲོས་ཏེ། སློབ་མའི་གསང་བར་ཐིམ་པའི་བར་དམིགས་པ་རྣམས་ཕོག་སྟེ་འཕྲིན་ལས་ཀྱི་རྗེས་


TNT15_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

གནང་ངོ༌། །རྗེས་ཀྱི་བྱ་བ་ཐམས་ཅད་ནི་སྤྱི་དང་འདྲའོ། །ཡང་མངོན་རྟོགས་ཅུང་ཟད་རྒྱས་པར་བྱེད་ན། ཚོགས་ཞིང་སྤྱན་དྲངས་ནས་ཕྱག་འཚལ་མཆོད་པ་ཡན་ལག་བདུན་པ་རྣམས་བྱེད་ཅིང༌། གཤེགས་སུ་གསོལ་བ་རྣམས་སྤྱི་དང་འདྲ། ཡེ་ཤེས་པ་དང་དབང་ལྷ་ལ་ཡང་མཆོད་པ་འབུལ་ཞིང༌། རྒྱས་བཏབ་ཀྱི་རྗེས་སུ་མཆོད་བསྟོད་རྒྱས་པ་དང༌། བཟླས་པའི་རྗེས་སུ་ཡང་མཆོད་བསྟོད་བྱེད་པ་ལག་ལེན་ཡིན་ནོ། །མཆོག་ཏུ་ངོ་མཚར་སྒྲུབ་པའི་ཐབས། །ཀུན༵་ལས་ཟབ་ཅིང་དག༵འ་བར་བསྔགས། །གསར་རྙིང་ཡི་གེ་ཕུང་པོ་ལས། །དོན་སྟོན་སྙིང༵་པོ༵ར་བླངས་པ་འདིའོ། །དམ་པ་སངས་རྒྱས་ཀྱི་ཐུགས་དམ་ལྷའི་གཙོ་བོ་འཇམ་དཔལ་སྨྲ་སེང་གི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།འཇམ་དབྱངས། དམ་པ། ཁ་ཆེ་གུ་ཧྱ་བ། གླན་སྒོམ་ཡབ་སྲས། བླ་མ་འོད་ཤཀ སློབ་དཔོན་འོད་ཟེར་མགོན། སློབ་དཔོན་ཤཀ་གཞོན། སྤྱན་སྔ་བཀྲ་ཤིས་རྒྱལ་མཚན། འཁོན་བཟོད་པ་དཔལ། འཁོན་བསོད་ནམས་འོད་ཟེར། འཁོན་ཤེར་མགོན། ཤར་པ་ངོར་ཆེན། དར་རྒྱས་འཕེལ། །

འཇམ་པའི་དབྱངས་ཟླ་འབྱུང་སྦས་པའི་སྒྲུབ་ཐབས།


TNT15_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། རྒྱལ་བ་སྲས་བཅས་མཁྱེན་པའི་དངོས། །འཇམ་པའི་དབྱངས་ལ་རབ་བཏུད་ནས། །ཟླ་འབྱུང་སྦས་པའི་སྒྲུབ་ཐབས་བཞིན། །ཤེས་རབ་འཁོར་ལོའི་མན་ངག་བཤད། །སྐྱབས་སེམས་སྔོན་དུ་བཏང༌། སྙིང་འོད་ཀྱི་གུར་ཁང་དུ་གྱུར་དབུས་སུ་ཟླ་བ་ལ་དྷཱིཿདེའི་འོད་ཀྱིས་མཆོད་འོས་རྒྱ་མཚོའི་ཚོགས་རྣམས་བཛྲ་ས་མཱ་ཛཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། རྡོ་རྗེ་གུར་ནས་འབྱུང་བ་ལྟར་བདུན་རྣམ་དག་དང༌། ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ། སྟོང་པ་ཉིད་ཀྱི་དོན་བསམ་ཞིང༌། སྭ་བྷཱ་ཝས་སྔགས་དང༌། ཤཱུ་ནྱ་ཏཱ་གཉིས་བརྗོད།


TNT15_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བ་ལ་དྷཱིཿལས་རལ་གྲིའི་ཡུ་བ་དང་རྩེ་མོར་རྡོ་རྗེས་མཚན་པ་དྷཱིཿས་བརྒྱན་པ། དེའི་འོད་ཀྱིས་སྣོད་གཞལ་ཡས་ཁང་བཅུད་འཇམ་དཔལ་དུ་གྱུར། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་འཕགས་པ་མཁས་གྲུབ་ཐམས་ཅད་ཀྱི་བྱིན་རླབས་རྣམས་འོད་ཟེར་གྱི་རྣམ་པས་ཚུར་བསྡུས་ཡོངས་སུ་གྱུར་པ་ལས་འཇམ་དབྱངས་དཀར་པོ་ཕྱག་གཡས་རལ་གྲི་དཀར་པོ་འཕྱར་ཞིང༌། གཡོན་ཐུགས་ཀར་གཏད་པས་པོ་ཏི་དང་འཁོར་ལོས་མཚན་པའི་ཨུཏྤལ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། འཇམ་དཔལ་ཞི་བའི་མཚན་ཉིད་རྫོགས་པའི་ཐུགས་ཀར་ཟླ་བ་ལ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཡང་དྷཱིཿརྩིབས་བརྒྱད་ལ་སྔགས་འབྲུ་བརྒྱད། དེ་རྣམས་ལས་འོད་ཟེར་འཕྲོས། འོག་མིན་ནས་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཨརྒྷཾ་ལ་སོགས་པས་མཆོད་ཅིང་གསོལ་བ་བཏབ། ཛཿཧཱུཾ་བཾ་ཧོཿ སྙིང་གའི་དྷཱིཿལ་ཐིམ་པས་རང་འདྲའི་ཡེ་ཤེས་སེམས་དཔར་གྱུར། དེའི་ཐུགས་ཀར་ཡང་ཟླ་བ་ལ་དྷཱིཿཏིང་ངེ་འཛིན་སེམས་དཔའ་འོ། །དེ་ནས་འཇམ་དཔལ་གྱི་སྤྲོ་བསྡུ་དང་ལྷ་སྐུ་སྣང་སྟོང་ལ་སེམས་གཏད། བཟླས་པའི་ཚེ་ལྟེ་བ་མི་འཁོར་རྩིབས་འཁོར་ཞིང༌། འཁོར་ལོ་ཡིག་འབྲུ་བསྣོལ་མར་འཁོར་བ་ལ་སེམས་གཏད་ལ། ཨོཾ་ཨ་ར་པ་ཙ་ན་དྷཱིཿཧཱུཾ་ཞེས་འབྲུ་འབུམ ་བཟླའོ། །རྟགས་སྤྱི་དང་མཚུངས་པ་ལས། ཐུན་མོང་མ་ཡིན་པ་ནི་གཟའ་པ་སངས་ཤར་བ་མཐོང་བའོ། །མཐར་རྗེས་གཞིག་གི་རིམ་པས་འོད་གསལ་དུ་བསྡུས་ནས། སྡང་བའི་ཚེ་དགེ་བ་


TNT15_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོ། གཏོར་མ་བསངས་སྦྱངས་འབྲུ་གསུམ་གྱིས་བྱིན་གྱིས་བརླབས། མགྲོན་སྤྱན་དྲངས། ཨོཾ་ཨ་ར་པ་ཙ་ན་དྷཱིཿབཱ་ལིང་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་ཕུལ། མཆོད་བསྟོད་སོགས་འཇམ་དབྱངས་སྤྱི་དང་འདྲའོ། །འདིའི་རྗེས་གནང་སྦྱིན་པར་འདོད་ན། སྔོན་འགྲོ་གཏོར་མ་བཏང༌། མཎྜལ་གྱི་ཆོ་ག་རྒྱས་པ་བྱང་ཆུབ་གཞུང་ལས་སོགས་ནས་འབྱུང་བ་འགྲུབ་ན་རབ་མིན་ནའང་མཎྜལ་བཤམས་ལ། ཞིང་ཁམས་སུ་མོས། ཚོམ་བུ་བཀོད་དེ་གདན་དུ་མོས། མཆོད་པ་སྣ་ལྔ་བཟང་དུ་བཤམ། བཤོས་གཙང་གཏོར་མ་དང་མཆོད་པའི་མཎྜལ་ཡང་བཤམས། མཆོད་པ་བྱིན་རླབས་སྤྱི་དང་མཐུན། གོང་ལྟར་བདག་བསྐྱེད་ཀྱི་མཐར་བཟླས་པ་ཅི་འགྲུབ་བྱ། མདུན་བསྐྱེད་ཀྱང་བདག་བསྐྱེད་ཀྱི་རིགས་འགྲེ་ཞིང༌། མཆོད་བསྟོད་གཏོར་འབུལ་བཟླས་པ་རྣམས་བྱ། འགྲུབ་ན་ཆ་གསུམ་གཏོར་མའང་བཏང༌། སློབ་མའི་དོན་དུ་གསོལ་བ་དྲག་ཏུ་བཏབ། སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད་པ་ལ། བགེགས་སྦྱང་བ་དེའི་སྡིག་སྒྲིབ་སྦྱང་བ་སྤྱི་དང་མཐུན། མཎྜལ་ཕུལ། འགྲོ་རྣམས་བསྒྲལ་འདོད་སོགས་ཀྱི་སྐྱབས་འགྲོ་སེམས་བསྐྱེད་བྱ། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། སོགས་ཀྱིས་གསོལ་བ་ལན་གསུམ་བཏབ། སློབ་མ་སེམས་དཔའ་སུམ་བརྩེགས་སུ་སྐད་ཅིག་གིས་བསྐྱེད་པའི་སྙིང་གར་སྔགས་འཁོར་ཕྱི་རོལ་དུ་ཨཱ་ལི་ཀཱ་ལིས་བསྐོར་བ་བསྒོམ། སློབ་དཔོན་གྱི་ཐུགས་ཀར་ཡང་དེ་བཞིན་དུ་བསྒོམ་པ་མུ་ཏིག་གི་འཕྲེང་བ་ལྟར་ཞལ་ནས་འཐོན་ཏེ་སློབ་མའི་སྙིང་གའི་དེ་ལ་བསྟིམ། རྗེས་ཟློས་ལན་གསུམ། བཅོམ་ལྡན་བདག་གི་སོགས་བྱིན་གྱིས་བརླབས་པའི་ལུང་བྱ། དེ་ཉིད་ལན་གསུམ་བསྐྱར་ཞིང༌། འཇུག་ཏུ་ཡི་གེ་བརྒྱ་པ་ལན་གསུམ་གྱིས་བརྟན་བཞུགས་


TNT15_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། རྗེས་སྤྱི་དང་མཐུན་ནོ། །ཤེས་རབ་སྒྲུབ་ཐབས་བླ་མེད་པ། །ཀུན༵་ནས་དག༵འ་བའི་མན་ངག་ནི། །ཤིན་ཏུ་མང་བའི་སྙིང༵་པོ༵་ཙམ། །བཀོད་འདིའང་བློ་གསལ་ཡིད་བདེའི་གནས། ཁ་ཆེ་པཎ་ཆེན་གྱི་མན་ངག་འཇམ་དབྱངས་ཤེས་རབ་འཁོར་ལོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །

རྒྱལ་ཚབ་མི་ཕམ་ཆོས་ཀྱི་རྗེའི་སྒྲུབ་ཐབས།


TNT15_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དགའ་ལྡན་གནས་ཀྱི་འཁོར་ལོས་བསྒྱུར། །ལྷ་རྒྱལ་དྲང་སྲོང་ཆེན་པོའི་ཚུལ། །རྒྱལ་ཚབ་མི་ཕམ་ཆོས་ཀྱི་རྗེར། །བཏུད་ནས་སྒྲུབ་ཐབས་བྲི་བར་བྱ། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་སོང་ནས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ཟླའི་གདན་ལ། རང་སེམས་མཻཾ་གསེར་མདོག་ཡོངས་སུ་གྱུར་པ་སྤྱི་བླུགས་ཀྱི་མཚན་པའི་ཀླུ་ཤིང་གི་ཡལ་ག་མཻཾ་གིས་མཚན་པ། དེའི་འོད་ཀྱི་འཕྲོ་འདུས་ལས་རང་ཉིད་འཕགས་པ་བྱམས་པ་གསེར་མདོག་མཚན་དཔེ་ཡོངས་སུ་རྫོགས་པ། ཕྱག་གཡས་ཐུགས་ཀར་ཆོས་འཆད་དང༌། གཡོན་མཉམ་བཞག་གི་ཚུལ་གྱི་ཀླུ་ཤིང་གི་ཡལ་གའི་རྩ་བ་བཟུང་ཞིང་མེ་ཏོག་སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་ན་རིལ་བ་སྤྱི་བླུགས་དང་བཅས་པ། རལ་པའི་ཅོད་པན་གྱི་ངོས་ལ་མཆོད་རྟེན་གྱིས་སྤྲས་པ། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་ཅིང་ཚངས་སྐུད་ཅན་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཅན། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་མཻཾ་དེ་ལས་འོད་ཟེར་འཕྲོས། དགའ་ལྡན་གྱི་གནས་ནས་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ས་བོན་གྱི་མཐར་སྔགས་ཀྱིས་འཕྲེང་བ་བསྒོམས་ཏེ། ཨོཾ་མཻཾ་མཻ་ཏྲི་ཡེ་སྭཱཧཱ། འབུམ་ཕྲག་


TNT15_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་རྩ་བའི་བསྙེན་པ་ཡིན་ལ། ཨོཾ་མ་ཏི་མ་ཏི་སྨྲྀ་ཏི་སྭཱཧཱ། ཞེས་བཟླས་པས་ཤེས་རབ་ཕུན་སུམ་ཚོགས་པ་བསྐྱེད་པ་དང༌། ཨོཾ་མོ་ཧི་མོ་ཧི་མཧཱ་མོ་ཧི་སྭཱཧཱ། ཞེས་བཟླས་པས་འགྲོ་དོན་ཆེན་པོར་འགྱུར་རོ། །རྗེས་ཚད་མེད་བཞི་ཡུན་རིང་དུ་བསྒོམས་ནས་སྨོན་ལམ་བཏབ། ཐུན་མཚམས་སུ་ཕྱག་མཆོད་དང༌། བྱམས་པའི་མཚན་བརྒྱ་དང༌། དམ་བཅས་པའི་གཟུངས་འདོན་པའམ་ཀློགགཞན་ཡང་ཆོས་སྤྱོད་འཕེལ་ཞིང༌། ཚུལ་ཁྲིམས་དག་པ་ལ་གཙང་སྦྲ་དང་ལྡན་པས་འགྲུབ་ན། རྟགས་རྣམས་མྱུར་དུ་འབྱུང་ཞིང༌། སྤྱིར་ནི་བྱིན་རླབས་ཤིན་ཏུ་ཆེའོ། །འདིའི་རྗེས་གནང་ནི། སྤྱིའི་ཆོ་གས་རིགས་འགྲེ་ཞིང༌། རྡོ་རྗེ་འཛིན་པ་སོགས་ཀྱིས་གསོལ་བཏབ་དང༌། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སོགས་ཀྱི་སྐྱབས་སེམས་ལན་གསུམ་འཛིན། རྒྱུན་བཤགས་མི་དགོས་ཐུགས་ཀྱི་རྗེས་གནང་ཕྱག་མཚན་བསྟིམ་པ་ཡིན། འདི་ལ་ཡི་དམ་གྱི་གཏོར་ཆོག་མི་དགོས་ཤིང༌། སྤྲོ་ན་ཆ་གསུམ་གཏོར་མ་གཏོང་ངོ༌། །བྱམས་པའི་སྒྲུབ་ཐབས་ཀུན༵་གྱི ་ཕུལ། །བྱིན་རླབས་བཀའ་བབས་དག༵འ་བའི་ཏོག །ནི་རི་ཏི་པའི་རྒྱ་གཞུང་ནི། །ཞལ་གདམས་བཅས་པའི་སྙིང༵་པོ༵་འདིའོ། །བྱམས་པའི་སྒྲུབས་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །རྒྱལ་བ་སྐྱེད་

ཤེར་ཕྱིན་སེར་མོའི་སྒྲུབ་ཐབས།


TNT15_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། སྤྲོས་བྲལ་ནམ་མཁའི་རྡོ་རྗེ་ནི། །རྒྱལ་བ་སྐྱེད་མཛད་ལྷ་མོའི་ཚུལ། །ཤེས་རབ་ཕ་རོལ་ཕྱིན་བཏུད་ནས། །དེ་ཡི་སྒྲུབ་ཐབས་མདོ་ཙམ་བྲི། །སྐྱབས་སེམས་སྔོན་དུ་འགྲོ་བས། སྭ་བྷཱ་ཝས་སྟོང་པར་སྦྱངས། པཾ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་རང་ཉིད་སྐད་ཅིག་གིས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་


TNT15_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་སེར་མོ་ཞབས་རྡོ་རྗེའི་སྐྱིལ་ཀྲུང༌། ཕྱག་དང་པོ་གཉིས་ཆོས་འཆད་དང་མཉམ་བཞགའོག་མ་གཉིས་པོ་ཏི་དང་འཕྲེང་བ། ལྷ་མོའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའོ། །ཐུགས་ཀར་འཁོར་ལོ་རྩིབས་དྲུག་པའི་ལྟེ་བར་ཨ་དཀར་པོ། རྩིབས་རྣམས་ལ་གཡས་བསྐོར་གྱིས། ཏདྱ་ཐཱ། ག་ཏེ། ག་ཏེ། པ་ར་ག་ཏེ། པ་ར་སཾ་ག་ཏེ། བོ་དྷི་སྭཱཧཱ། ཞེས་པའི་སྔགས་ཚན་དྲུག་གིས་བསྐོར་བ། ཨ་ལས་འོད་འཕྲོས། ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཡན་ལག་བདུན་པ་གང་ཡང་རུང་བ་ཞིག་བྱ་བ་ལས། བཟང་སྤྱོད་ལྟར་མཛད་པ་གཙོ་ཆེ། བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར། ཛཿཧཱུཾ་བཾ་ཧོཿརང་ལ་ཐིམ། སྐུ་སྣང་སྟོང༌། གསུང་གྲག་སྟོང༌། ཐུགས་རིག་སྟོང༌། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེས་ཀུན་ནས་བསླངས་སྟེ། གོང་གི་སྔགས་འདི་ཉིད་དྲག་ཏུ་བཟླས་པས། རང་དང་རིགས་དྲུག་གི་སྡིག་སྒྲིབ་ཐམས་ཅད་དག་པར་བསམ། འཇུག་ཏུ་དགེ་བ་བསྔོ། ཐུན་མཚམས་སུ་ཤེར་ཕྱིན་གྱི་མདོ་ཀློགཔོ་ཏི་ལ་ཕྱག་མཆོད་དང་མཚན་བརྒྱ་འདོན་པ་སོགས་བྱ། འདི་ལ་རྗེས་གནང་མི་དགོས། སྒོམ་ལུང་ཙམ་གྱིས་ཆོག་གོ །འདི་དང་ཕྱོགས་མཚུངས་པ་ཞིག་བཀའ་གདམས་ལུགས་ལའང་གནང་མོད་ཀྱི། འདི་ནི་བི་བྱཱ་ཁྱ་ཏ་དེ་ཝ་དང༌། བུདྡྷ་ཤྲཱི་ནས་བརྒྱུད་པའོ། །ཀུན༵་ནས་ངོ་མཚར་ཤེར་ཕྱིན་གྱི། །སྒྲུབ་ཐབས་ཟབ་ཅིང་ཆེས་དག༵འ་བ། །འདི་ལ་སྙིང༵་ནས་ཉམས་ལེན་བྱོས། །བློས་གྲོས་གསལ་པོ༵་སྐྱེ་བར་འགྱུར། །ཤེར་ཕྱིན་སེར་མོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།

ཤེས་རབ་ཕ་རོལ་ཕྱིན་མའི་སྒྲུབ་ཐབས།


TNT15_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །རབ་དཀར་ཤེས་རབ་ལྷ་མོའི་ཚུལ། །ཤེས་རབ་ཕ་རོལ་ཕྱིན་དངོས་ལ། །གུས་པར་བཏུད་ནས་སྒྲུབ་ཐབས་བཤད། །སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྣམས་སྔོན་དུ་བཏང༌། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་སྡོང་བུ་དང་བཅས་པའི་པདྨ་དཀར་པོའི་སྟེང་དུ། སླར་ཡང་པདྨ་དཀར་པོ་འདབ་མ་གསུམ་པ་ལ་གནས་པའི་ཨ་ལས་ཟླ་བ། དེའི་སྟེང་དུ་རང་སེམས་ཨོཾ་དཀར་པོ་འོད་ཟེར་སྣ་ལྔ་འཕྲོ་བ་ལས་པདྨ་དཀར་པོ་ཨོཾ་གྱིས་མཚན་པ། དེ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། བུང་བ་ལྟར་གནག་པའི་དབུ་སྐྲ་གཡོན་ངོས་སུ་འཁྱིལ་བ། ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པའི་ཕྱག་མཐིལ་གཡས་ལ་པདྨ་དཀར་པོ་དང་གཡོན་ལས་དམར་པོའི་རྩ་བ་སྐྱེས་ཤིང་སྙན་གཉིས་ཀྱི་ཐད་ཀར་ཁ་བྱེ་བའི་སྟེང་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་བཞུགས་པ། སྐེད་སྐབས་ཕྲ་ཞིང་ནུ་འཕུར་རྒྱས་པ། བཅུ་དྲུག་ལོན་པའི་ལང་ཚོ་ཅན། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །ཐུགས་ཀར་པདྨ་དཀར་པོ་འདབ་བརྒྱད་ཀྱི་ལྟེ་བར་


TNT15_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཡང་པད་ཟླ་ལ་ཨོཾ་དཀར་པོ་ཏིང་ངེ་འཛིན་སེམས་དཔའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་དབང་གི་ལྷ་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དམ་ཡེ་གཉིས་སུ་མེད་པར་གྱུར། དབང་གི་ལྷ་རྣམས་ཀྱིས། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུངས་ཞིང་དབང་བསྐུར་རོ། །འོད་དཔག་ཏུ་མེད་པས་དབུ་བརྒྱན། དབང་གི་ལྷ་རྣམས་ཀྱང་རང་ལ་ཐིམ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་ཤེས་རབ་ཕ་རོལ་ཕྱིན། །འཕགས་པ་ཐམས་ཅད་བསྐྱེད་བྱེད་ཡུམ། །དེ་ལ་གུས་པས་ཕྱག་འཚལ་ལོ། །ཞེས་བསྟོད། འཁོར་ལོའི་བཟླས་པའམ། སྤྲོ་བསྡུའི་བཟླས་པའི་དམིགས་པ་གསལ་བཏབ་ལ། ཨོཾ་པི་ཙུ་པི་ཙུ་པྲཛྙཱ་ཝརྡྷ་ནི། ཛྭ་ལ་ཛྭ་ལ་མེ་དྷ་ཝརྡྷ་ནི། དྷི་རི་དྷི་རི། བུདྡྷི་ཝརྡྷ་ནི་སྭཱཧཱ། ཞེས་ཅི་འགྲུབ་ཏུ་བཟླས། ཐུན་འཇོག་ཁར་ལྷ་སྐུ་སྟོང་ཉིད་དུ་སྦྱངས། གནས་གསུམ་བྱིན་གྱིས་བརླབས་ནས་དགེ་བ་བསྔོའོ། །ཐུན་མཚམས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་བཀླག་པ་དང༌། མཚན་བརྒྱ་ཅི་ནུས་སུ་འདོན་པ་སོགས་དགེ་བ་ལ་འབད། གཏོར་མ་འབུལ་བར་འདོད་ན། དྲི་བཟང་དང་བ་བྱུང་གི་མཎྜལ་གྱི་སྟེང་དུ། བྲིས་འབུར་གྱི་སྐུ་གཟུགས་སམ། མེད་ན་ཚོམ་བུ་ཞིག་བཀོད། མདུན་དུ་མཆོད་གཏོར་བཤམས་ལ། མཆོད་པ་བྱིན་རླབས་སྤྱི་དང་མཐུན། མཎྜལ་བསངས་སྦྱངས།


TNT15_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་ངང་ལས་བྷྲཱུཾ་ལས་མཎྜལ་གཞལ་ཡས་ཁང་དུ་གྱུར་པའི་དབུས་སུ་ཚོམ་བུ་པདྨ་དང་ཟླ་བའི་གདན་དུ་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ པདྨ་ཀ་ལ་ཡེ་སྟྭཾ། གདན་ལ་བཞུགས་པར་གྱུར། གོང་བཞིན་མཆོད་བསྟོད་བྱས་ལ། གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་རིན་པོ་ཆེའི་གཏོར་སྣོད་ཡངས་པར། ཨོཾ་ཨཱཿཧཱུཾ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ སྙིང་པོའི་མཐར་ཨཱ་ཀཱ་རོ་བཏགས་པས་ལན་ལྔས་ཕུལ། གོང་བཞིན་མཆོད་བསྟོད་དང་འདོད་དོན་གསོལ་བཏབ་སོགས་རྗེས་ཀྱི་བྱ་བ་སྤྱི་དང་འདྲའོ། །གྲངས་བསྙེན་བཞི་འབུམ་དུ་བཤད་ཀྱང་འབུམ་ཕྲག་བཅུ་གཉིས་དུས་ཟླ་བ་དྲུག་གི་བར་དུ་བྱ། སྒྲུབ་པ་དང་ལས་སྦྱོར་རྒྱུད་ལས་ཤེས་པར་བྱའོ། །འདིའི་རྗེས་གནང་ཟུར་བཀའི་ལུགས་ཡིན་མོད་ཀྱིས། རྗེས་གནང་གི་ཆོ་ག་སྐུ་བསྐྱེད་བསྟིམ། གསུང་ལུང་གསུམ། ཐུགས་ཕྱག་མཚན་བསྟིམ་པ་རྣམས་སྤྱི་དང་འདྲ་ལ། ཁྱད་པར་ནི་བཟླས་ལུང་མཚན་བརྒྱའི་ལུང་ཀློག་པ་ཉིད་ཡིན་ནོ། །ཀུན༵་དག༵འི་གྲགས་ལྡན་འགའ་ཞིག་གིས། །སྒྲུབ་ཐབས་འཁྲུལ་བར་སྦྱར་མཐོང་ནས། །འཁྲུལ་མེད་སྙིང༵་པོ༵་མདོར་བསྡུས་ཙམ། །བསྙེན་པའི་བྱ་བ་འདི་ལྟར་སྨྲས། །ཤེར་ཕྱིན་དཀར་མོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །

དབྱངས་ཅན་མགོན་གྱི་སྒྲུབ་ཐབས།


TNT15_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། འཇིག་རྟེན་མགོན་པོས་རྣམ་སྤྲུལ་ཞིང༌། །འཇམ་དབྱངས་མགོན་དང་དབྱེར་མེད་པ། །དབྱངས་ཅན་མགོན་ལ་གུས་བཏུད་ནས། །བློ་དམན་མགོན་དུ་སྒྲུབ་ཐབས་བྲི། །པཎྜི་ཏ་བུདྡྷ་ཤྲཱི་ནས་བརྒྱུད་པའི་མན་ངག་འདི་ལ། རང་དབྱངས་ཅན་མར་གསལ་བའི་སྙིང་གར་ཧྲཱིཿལས་འོད་ཟེར་འཕྲོས། དབྱངས་ཅན་མས་ཐུགས་ཀ་ནས་སྔགས་ཀྱི་འཁོར་ལོ་བཛྲ་ས་མཱ་ཛཿ ཨོཾ་ཨེ་ཧྱ་ཧི། བཛྲ་དེ་བི་མཧཱ་ཙཀྲ་ས་མཱ་ཡཥྟ། ས་མ་ཡ་ཛཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། བློ་གྲོས་བསྐྱེད་པར་གསོལ་བ་བཏབ་པས། རང་གི་སྙིང་གར་ཐིམ། རིན་པོ་ཆེ་སྣ་བཞིའི་གཞལ་ཡས་ཁང་གི་དབུས། རང་ཉིད་དབྱངས་ཅན་མར་གྱུར་པ་ནི། སྐུ་མདོག་དང་ཞལ་གསུམ་དཀར་བ། ཕྱག་དང་པོ་གཉིས་ཀྱིས་རལ་གྲི་དང་ཨུཏྤལ། འོག་མ་གཉིས་ཀྱིས་པི་ཝཾ་བསྒྲེང་པ། པད་ཟླ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང༌། ལོ་བཅུ་དྲུག་ལོན་པ་ལྟར་ལང་ཚོ་ལ་བབ་པ། དར་དང་རིན་པོ་ཆེའི་བརྒྱན་པ། ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧྲཱིཿ འདབ་མ་བརྒྱད་ལ་དབྱངས་བཅུ་དྲུག་གཡས་སྐོར་ཡིག་འབྲུ་རྣམས་རལ་གྲི་ཕྱེད་པའི་གདན་ལ་གནས་པར་གྱུར། ཨོཾ་བཛྲ་དེ་ཝཱི་པི་ཙུ་པི་ཙུ་པྲཛྙཱ་ཝརྡྷ་ཧྲཱིཿཧཱུཾ། ཞེས་འབུམ་ཕྲག་གསུམ་བཟླ་བར་གསུངས་ནའང་བཅུ་གཉིས་བཟླའོ། །ཐུན་ཞབས་སུ་ལྷ་སྐུ་ལྟེ་བའི་འཁོར་ལོ་ལ་བསྡུ། དེ་ཡང་ཧྲཱིཿལ་བསྡུ། བསྙེན་པ་སོང་བས་གཞུང་ལས་བཤད་པའི་ལས་ཚོགས་རྣམས་སྒྲུབ་ཏུ་རུང་བ་ཡིན། འདི་ལ་གཏོར་ཆོག་མི་དགོས། གཞན་རྗེས་གནང་གི་བྱ་བ་སོགས་ནི་སྤྱི་དང་འདྲ། ཐུགས་ཀྱི་རྗེས་གནང་ཕྱག་མཚན་བསྟིམ་པ་ཉིད་ལ་མཛད་དོ། །དབྱངས་


TNT15_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཀུན༵་ལས་ཕྱག་བཞིའི་སྐུར། །སྟོན་མཛད་སྒྲུབ་ཐབས་རྙེད་དཀའ་བ། །བློ་གྲོས་མཆོག་གི་དག༵འ་སྟོན་ཅན། །སྒྲུབ་ཐབས་སྙིང༵་པོ༵འི་ཡི་གེའོ། །སློབ་དཔོན་ཟླ་བ་གཞོན་ནུའི་ལུགས་དབྱངས་ཅན་མ་ཕྱག་བཞི་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །

སྒྲ་དབྱངས་ལྷ་མོའི་མངོན་རྟོགས་ཤིན་ཏུ་མདོར་བསྡུས་པ།


TNT15_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། བླ་མ་དང་ནི་ལྷ་མོ་ལ། །བཏུད་ནས་སྒྲ་དབྱངས་ལྷ་མོ་ཡི། །མངོན་རྟོགས་ཤིན་ཏུ་མདོར་བསྡུས་པ། །མདོ་ཙམ་རྣམ་པར་བཀོད་པར་བྱ། །དབྱངས་ཅན་མ་དམར་མོ་བསྒོམ་པར་འདོད་པས། རང་གི་མདུན་དུ་བའི་ལྕི་བའི་མཎྜལ་བྱ། རྫ་བུམ་གཙང་མར་གཞོན་ནུ་མའི་ཆུ་བླུག །བུམ་རྫས་བཟང་བ་སིནྡྷུ་ར་དང་ཡོངས་གྲགས་རྣམས་མེ་ལོང་དུ་བསྲེས་ཏེ་གཞུགདར་ལེབ་རྒན་གྱིས་བཀབ་བོ། །སྐྱབས་སེམས་སྔོན་དུ་འགྲོ་བས་ཧྲཱིཿལས་རང་ཉིད་དབྱངས་ཅན་མ་དམར་མོ། ཕྱག་གཡས་ན་ནོར་བུ། གཡོན་མེ་ལོང་བསྣམས་པ། དར་དང་རིན་པོ་ཆེའི་བརྒྱན་པ། ཞབས་གཡས་བརྐྱང་བའི་བཞུགས་པའི་ཐུགས་ཀར་ཧྲཱིཿསྔགས་ཀྱིས་བསྐོར་བ། ཨོཾ་སྭ་ར་སྭ་སྟྱཻ་ཧྲིཾ་ཧྲིཾ་ཧྲིཾ་སྭཱཧཱ། ཐུན་འཇོག་ཁར་བདག་བསྐྱེད་ཀྱི་ལྷ་མོ་བུམ་པའི་ནང་དུ་བཞུགས་པར་བསམ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། བྱས་པས་གཞན་ཐམས་ཅད་ཀྱི་བློ་གྲོས་ཕྲོགས་ནས་རང་ལ་ཐིམ་པར་བསམ། དཀར་གཏོར་བསངས་སྦྱངས། རིན་པོ་ཆེའི་སྣོད་དུ་འབྲུ་གསུམ་ལས་བདུད་རྩིར་གྱུར་པར་བསམ། སྔགས་སྙིང་པོའི་མཐར་ཨི་དཾ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱཧཱ། ཞེས་ལན་བདུན་གྱིས་ཕུལ། འདི་བློ་གྲོས་བསྐྱེད་པ་ལ་ཆེས་མྱུར། བསྙེན་


TNT15_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐོན་ནས་བུམ་ཆུ་འཐུང་ངོ༌། །མངོན་རྟོགས་རྒྱས་པ་བསྒོམ་པར་འདོད་ན། ཡི་གེ་རྙིང་པ་འགའ་ཞིག་ཏུ་ཤེས་པར་བྱའོ། །འདིའི་རྗེས་གནང་བྱེད་ན། གཙང་སྦྲ་ཤིན་ཏུ་ཆེ་བའི་ངང་ནས། མཎྜལ་པད་མ་འདབ་མ་བརྒྱད་ཀྱི་སྟེང་དུ་བུམ་པ་བཅའ། སྔོན་འགྲོ་གཏོར་མ་བགེགས་གཏོར་གྱི་ཚུལ་དང༌། གཞི་བདག་གཏོར་མའང་སྤྱི་དང་མཐུན་པར་བཏང༌། མཆོད་པ་བྱིན་གྱིས་བརླབས། བདག་བསྐྱེད་སྔར་བཞིན་བསྒོམ་ནས། མདུན་བསྐྱེད་བུམ་པ་བསྐྱེད་ཆོག་སྤྱི་དང་མཐུན། བུམ་པའི་ནང་དུ་བདག་བསྐྱེད་བཞིན་ལྷ་མོ་བསྐྱེད་ལ་བཟླས་པ་བྱ། ཨརྒྷཾ་ལ་སོགས་པས་མཆོད། བསྟོད་པས་བསྟོད། དེ་ནས་སློབ་མའི་བྱ་བ་ནི། མཎྜལ་ཕུལ་ལ། བཟང་སྤྱོད་ཀྱི་ཡན་ལག་བདུན་པ་དང༌། སྐྱབས་སེམས་རྒྱས་བསྡུས་ལོང་སྐབས་དང་སྦྱར། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ཁྱོད་ཀྱིས་ལྷ་མོ་ཡི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དང༌། །བྱིན་གྱིས་བརླབ་པ་སྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ། སློབ་མ་དམ་ཚིག་པ་འཇམ་དབྱངས་དམར་སེར་དུ་སྐད་ཅིག་གིས་བསྐྱེད་པ་ལ། ཡེ་ཤེས་པ་དབྱངས་ཅན་ལྷ་མོར་བསྟིམ། བུམ་པའི་ཆུས་དབང་བསྐུར། སྙིང་པོའི་མཐར་ཇི་ལྟར་བལྟམས་པ་སོགས་བརྗོད། ལྷ་མོའི་སྐུ་ལས་བདུད་རྩིའི་རྒྱུན་བྱུང་སྟེ་སྤྱི་བོར་ཐིམ། གསུང་བཟླས་ལུང་སྤྱི་དང་འདྲ། ཐུགས་རྗེས་གཞིག་གི་རིམ་པས་སྟོང་པ་ཉིད་དུ་བསྡུ་བ་མཛད། ལྷག་མ་སྤྱི་དང་འདྲའོ། །དབྱངས་ཅན་སྒྲུབ་ཐབས་མ་ལུས་པ། ཀུན༵་ལས་བབ་ཅིང་དག༵འ་བའི་ཏོག །སྙིང༵་པོ༵་མདོར་བསྡུས་ཡི་གེ་བཀོད། །དགེ་དེས་བློ་གྲོས་མཚུངས་མེད་ཤོག །དབྱངས་ཅན་མ་དམར་མོ་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས། ཤེས་རབ་ཀྱི་ལྷའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བཅུ་གཉིས་པའོ། །ཞུས་དག །


previousསྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་ཤེས་རབ་ཀྱི་ལྷའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བཅུ་གཉིས་པ།next