Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section


 
previousརི་ཁྲོད་མའི་སྒྲུབ་ཐབས།next

རི་ཁྲོད་མའི་སྒྲུབ་ཐབས།


TNT15_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། རྣམ་འཕྲུལ་དུ་མ་མཐའ་ཡས་པས། །འགྲོ་བའི་ནད་གདོན་ཞི་མཛད་པ། །རི་ཁྲོད་མ་ལ་རབ་བཏུད་ནས། །སྒྲུབ་ཐབས་མདོ་ཙམ་བྲི་བར་བྱ། །སྐྱབས་སེམས་སྔོན་དུ་འགྲོ་བས། །རང་གི་སྙིང་གར་པད་ཟླ་ལ་པཾ། དེ་ལས་འོད་འཕྲོས། བླ་མ་མི་བསྐྱོད་པའི་རྣམ་པ་ཅན་གྱི་དབུ་བརྒྱན་པའི་ལྷ་མོ་རི་ཁྲོད་མ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ན་མོ་གུ་རུ་བྷྱཿ ན་མཿཔརྞ་ཤ་ཝ་རཱི་བུདྡྷ་བོ་དྷི་སཏྭ་ས་པཱ་རི་ཝཱ་རེ་བྷྱཿ ཞེས་ཕྱག་འཚལ། ཨོཾ་པརྞ་ཤ་ཝ་རཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ནས་ཤཔྟ་ཨཱཿཧཱུཾ་གི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་རྒྱུན་བཤགས་ལན་གསུམ། ཨོཾ་བཛྲ་མུཿ ཞེས་གཤེགས་སུ་གསོལ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཀྱི་ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྟོང་པར་སྦྱངས། སྟོང་


TNT15_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངང་ལས་རིན་པོ་ཆེའི་རི་བོ་མེ་ཏོག་དང་འབྲས་བུས་བརྒྱན་པའི་ནགས་ཚལ་སྣ་ཚོགས་དང་བཅས་པའི་རྩེ་མོར་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་སེམས་པཾ་སེར་པོ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་ནད་དང་སྡུག་བསྔལ་བསལ། སླར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་མ་རི་ཁྲོད་མ་ལོ་མ་ཅན་སྐུ་མདོག་གསེར་བཙོ་མ་ལྟ་བུ། ཞལ་གསུམ་ཕྱག་དྲུག་རྩ་ཞལ་སེར་བ་ཁྲོ་ཞིང་སྒེག་པའི་ཉམས་ཅན། གཡས་ཞལ་དཀར་ཞིང་ཞི་བ། གཡོན་ཞལ་དམར་ཞིང་ཆགས་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་པ། ཕྱག་གཡས་ཀྱི་དང་པོ་རྡོ་རྗེ་གསོར་བ། གཉིས་པས་དགྲ་སྟ། གསུམ་པས་མདའ། གཡོན་གྱི་དང་པོ་རྡོ་རྗེའི་ཞགས་པ་དཀྲིས་པའི་སྡིགས་མཛུབ། གཉིས་པས་མེ་ཏོག་དང་འབྲས་བུར་བཅས་པའི་ཤིང་ལོ་གསར་བའི་སྦྲང་ཡབ། གསུམ་པས་གཞུ་འཛིན་པ། ཞབས་གཡས་ཀྱི་རྟིང་པ་གསང་བར་བསྟད་ཅིང༌། དེ་ཉིད་ཀྱི་པུས་མོ་དང་གཡོན་གྱི་མཐིལ་གདན་ལ་བརྟེན་པས་ཕྱེད་བཞེངས་ཀྱི་སྟབས་ཀྱི་འགྱིང་བག་ཅན། དར་དམར་པོའི་སྟོད་གཡོགས་དང་ཤིང་ལོ་གསར་པ་བཤིབས་པའི་སྨད་གཡོགས་ཅན། རིན་པོ་ཆེ་དང་མེ་ཏོག་གི་རྒྱན་གྱིས་བརྒྱན་པ། སྦྲུལ་དཀར་པོས་སེ་རལ་ཁར་བྱས་པ། དབུ་སྐྲ་ཕྱེད་བཅིངས་སུ་བྱས་ཤིང༌། ལང་ཚོ་གསར་དུ་བདོ་བ།


TNT15_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་ཤིང་གྲིམ་ལ་ཅུང་ཟད་ཁྲོ་བའི་ཉམས་ཅན། འབར་བའི་འོད་དཔུང་མཐའ་ཡས་པ་དཀྲིས་པའོ། །དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། སྙིང་གི་ནང་དུ་ཉི་མ་ལ་གནས་པའི་པཾ་དེ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་ལྷ་མོ་རི་ཁྲོད་མ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཡང་འོད་འཕྲོས་དབང་གི་ལྷ་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ་ནས། ཤཔྟ་ཨཱཿཧཱུཾ་གིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ནས། ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུངས་ཤིང༌། བུམ་པའི་ཆུས་དབང་བསྐུར། སྐུ་ལུས་ཐམས་ཅད་གང༌། དྲི་མ་དགཆུ་ལྷག་མ་སྤྱི་བོར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། ཨརྒྷཾ་ནས་ཤཔྟའི་བར་གོང་ཚོགས་ཞིང་གི་སྐབས་ལྟར་མཆོད། རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ཡི། །ཆོ་འཕྲུལ་རྣམ་པར་འཕྲུལ་བ་ལས་བྱུང་བ། །ལྷ་མོ་གང་གི་བསྒྲུབ་པས་ནད་གདོན་བགེགས། །ཀུན་ཏུ་ཞི་མཛད་མ་ལ་ཕྱག་འཚལ་ལོ། །དེ་ནས་བཟླས་པ་ནི། ཨོཾ་པི་ཤ་ཙཱི་པརྞ་ཤ་ཝ་རཱི་ཧྲཱི་ཧཿཧཱུཾ་ཕཊ་སྭཱཧཱ། སྙིང་པོ་དང༌། ཨོཾ་པི་ཤ་ཙཱི་པརྞ་ཤ་ཝ་རཱི་སརྦ་ཛྭ་ར་པྲ་ཤ་མ་ཎ་ཡེ་སྭཱཧཱ། ཞེས་ལས་སྔགས་ཅི་ནུས་བཟླ་ཞིང༌། ཤེས་ཤིང་སྤྲོ་ན་གཟུངས་ཀྱང་བཟླའོ། །


TNT15_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་འཇོག་ཁར་བདག་བསྐྱེད་ཀྱི་ལྷ་ལ་གསོལ་བ་བཏབ་ཅིང༌། ཡེ་ཤེས་པ་མདུན་གྱི་ནམ་མཁར་བཞུགས་པར་བསམ་ལ། གོང་བཞིན་མཆོད་བསྟོད་བྱ། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ལན་གསུམ། མ་འབྱོར་པ་དང་སོགས་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་ནས་མུཿ ཞེས་གཤེགས་སུ་གསོལ། རང་ཉིད་དམ་ཚིག་པའི་ང་རྒྱལ་ཙམ་གྱིས་ཐུན་མཚམས་ཀྱི་བྱ་བའོ། །གཏོར་མ་དཀར་གཏོར་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ཨོཾ་ཨཱཿཧཱུཾ་ལས་གཏོར་མ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ལན་བདུན། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་ལྷ་མོ་རི་ཁྲོད་མ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས་ཨོཾ་པི་ཤ་ཙཱི་པརྞ་ཤ་ཝ་རཱི་ས་པ་རི་ཝཱ་ར་ཨི་དཾ་བཱ་ལིཾ་གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ། སརྦ་ཛྭ་ར་པྲ་ཤ་མ་ཎ་ཡེ་སྭཱཧཱ། ལན་གསུམ་གྱིས་ཕུལ། གོང་བཞིན་མཆོད་བསྟོད་དང༌། མཆོད་སྦྱིན་གཏོར་མ་ནས་ཀུན་འགྲུབ་ཤོག་གི་བར་གྱིས་འདོད་དོན་གསོལ་བཏབ་བྱ། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ། སྨོན་ལམ་རྣམས་ཀྱང་གོང་དང་འདྲའོ། །དེའི་རྗེས་གནང་གི་ཆོ་ག་ནི་སྒྲུབ་ཐབས་བརྒྱ་རྩ་དང་འདྲ་ལ། འོན་ཀྱང་དེའི་རྗེས་གནང་གི་གཞི་འགོད་པ་ལ། འདིར་སྐུའི་རྗེས་གནང་དང༌། དངོས་གཞི་ལུང་གསུམ་ལ་གསུང་གི་རྗེས་གནང་དང༌། རྗེས་སྙིང་གར་ལྷ་བསྟིམ་པ་ལ་ཐུགས་ཀྱི་རྗེས་གནང་གི་ཐ་སྙད་མཛད་


TNT15_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། ཟུར་བཀར་གྲགས་པ་འདིའི་ཁྱད་པར་ཡིན་ཞིང༌། བསྙེན་པའི་ཐུན་ཐུན་མཚམས་སྐབས་དང༌། རྗེས་གནང་གི་རྗེས་ཆོག་གི་སྐབས་བདག་བསྐྱེད་ཀྱི་ཡེ་ཤེས་པ་གོང་བཞིན་གཤེགས་སུ་གསོལ་བ་ཡང་ལག་ལེན་གྱི་ཁྱད་པར་སྣང་ངོ༌། །རྗེས་གནང་གི་རྗེས་ཆོག་གི་ཚེ། བདག་བསྐྱེད་ཀྱི་ཡེ་ཤེས་པ་སྔོན་དུ་གཤེགས་ནས། དམ་ཚིག་པའི་ང་རྒྱལ་གྱིས་རྗེས་ཆོག་བྱེད་པ་དང༌། མདུན་བསྐྱེད་ཀྱི་རྗེས་ཆོག་གྲུབ་ནས་བདག་བསྐྱེད་གཤེགས་པ་དང༌། བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བཞུགས་པར་གྱུར། ཞེས་བརྗོད་ནས། མཆོད་བསྟོད་མན་ཆད་ཆབས་གཅིག་ཏུ་བྱེད་པའི་ལག་ལེན་གསུང་སྣང་བ། དང་པོ་མི་བདེ་ཞིང༌། ཕྱི་མ་གཉིས་པོ་གང་རུང་བྱའོ། །འདི་ལྟ་བུའི་སྒྲུབ་མཆོད་བྱེད་པའི་རིགས་ལ། བདག་མདུན་གྱི་བར་དུ་བདག་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས་སུ་གསོལ་བའི་ལག་ལེན་གྱིས་དེང་སང་ས་སྟེང་ཁྱབ་མོད་ཀྱི། ཤིན་ཏུ་ནོར་བ་ཡིན་པས་མི་བྱ་ལ། སྤྱིར་ཆོ་གའི་ཡན་ལག་གཞན་ཐམས་ཅད་བླ་མེད་དང་ཆོག་སྒྲོས་ཐུན་མོང་ཡིན་པའི་ཕྱིར། བདག་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས་སུ་གསོལ་བ་བྱེད་མི་དགོས་མོད། བ་རི་ལོ་ཙྪ་བ་ཚུན་ཆད་ཀྱི་བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་ཡིན་ཞིང༌། འདི་ཉིད་ཐུགས་ལ་བཞག་ནས་བདག་བསྐྱེད་སྒྲུབ་ཐབས་ཡོད་པ་ནི། རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས། ཞེས་སྒྲོག་པར་མཛད་པ་ཡིན་ནོ། །འདིའི་མཚོན་ནས། འདི་རིགས་ཀྱི་སྒྲུབ་ཐབས་གོང་འོག་ཐམས་ཅད་ལ་རིགས་འགྲེ་བར་བྱའོ། །རྒྱལ་བ་ཀུན༵་གྱིས་བྱིན་རླབས་པས། །རི་ཁྲོད་


TNT15_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོའི་སྒྲུབ་ཐབས་ནི། །ཉུང་གསལ་དགའ༵་བ་འདིར་བཤད་ཀྱི། །སྙིང༵་པོ༵་ལེན་འདོད་རྣམས་ཀྱིས་ལོང༌། །རི་ཁྲོད་མ་ལོ་མ་གྱོན་མ་སེར་མོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །


previousརི་ཁྲོད་མའི་སྒྲུབ་ཐབས།next