Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  collapse section
རིན་ཆེན་འབྱུང་གནས་ལས་ཉི་མ་སྦས་པའི་ལུགས་སྒྲོལ་མ་ཉི་ཤུ་རྩ་གཅིག་གི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བཅུ་བདུན་པ།
   
   
   
   
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section


 
previousརིན་ཆེན་འབྱུང་གནས་ལས་ཉི་མ་སྦས་པའི་ལུགས་སྒྲོལ་མ་ཉི་ཤུ་རྩ་གཅིག་གི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བཅུ་བདུན་པ།next

རིན་ཆེན་འབྱུང་གནས་ལས་ཉི་མ་སྦས་པའི་ལུགས་སྒྲོལ་མ་ཉི་ཤུ་རྩ་གཅིག་གི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བཅུ་བདུན་པ།

འཇམ་དཔལ་གྱི་ཐབས།


TNT15_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཀུན་སྲས་ཀྱི་ཐུ་བོ་ནི། །ཀུན་གྱི་མཆོག་གྱུར་འཇམ་དཔལ་ལ། །གུས་པས་བཏུད་ནས་སྒྲུབ་པའི་ཐབས། །ངོ་མཚར་ཆེན་པོ་འབྲི་བར་བྱ། འགྲུབ་ན་མཎྜལ་མཆོད་པ་སྔོན་དུ་བཏང༌། གང་ལྟར་ཡང་སྨོན་པ་བྱང་སེམས་དང་སྟོང་པ་ཉིད་བསྒོམ། ཤཱུ་ནྱ་ཏཱའི་སྔགས་བརྗོད། རང་གི་སྙིང་གར་པད་ཟླ་ལ་དྷཱིཿཡིག་འོད་ཀྱི་འཕྲོ་འདུ་ལས། རང་ཉིད་


TNT15_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་འཇམ་དཔལ་གུར་གུམ་གཞོན་ནུའི་མདོག་ཅན། ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་ཅིང༌། ཕྱག་གཡོན་པོ་ཏིས་མཚན་པའི་ཨུཏྤ་ལའི་སྡོང་བུ་འཛིན་པ། རོལ་པའི་སྟབས་ཀྱིས་བཞུགས་ཤིང༌། མི་བསྐྱོད་པས་དབུ་ལ་སྤྲས་པ། ཟུར་ཕུད་ལྔ་པའམ་རལ་པའི་ཐོར་ཚུགས་ཅན། དར་དང་རིན་པོ་ཆེས་བརྒྱན་པ། ཞབས་ཀྱི་དྲུང་དུ་ཁྲོ་བོ་གཤིན་རྗེ་གཤེད་པོ་མཐིང་ནག་ཐོད་པའི་འཕྲེང་བ་ཅན། གཡས་འཇམ་དཔལ་གྱི་ཞབས་ལ་བརྟེན་པའམ་ཕྱག་འཚལ་བ། གཡོན་ཐོ་བ་རྭ་ཉི་ཤུ་པ་འཛིན་ཞིང་ཁྲོ་བོའི་ཆ་བྱད་རྫོགས་པའོ། །ཡེ་ཤེས་སྤྱན་འདྲེན་གནས་གསུམ་བྱིན་རླབས་བྱ། ན་མཿས་མནྟ་བུདྡྷཱ་ནཱཾ། ཨོཾ་ར་ར་སྨ་ར་ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཾ། ཀུ་མཱ་ར་རཱུ་པ་དྷ་རི་ཧཱུཾ་ཕཊ་སྭཱཧཱ། ཐུན་མཚམས་སུ་འཇམ་དཔལ་གནས་པ་ཞེས་བྱ་བའི་མདོ་ཀློག་པ་དང༌། འཇམ་དཔལ་གྱི་མཚན་བརྒྱ་རྩ་བརྒྱད་པ་འདོན་པ་སོགས་ཆོས་སྤྱོད་ཅི་ནུས་སུ་བྱའོ། །བློ་ལྡན་ཀུན༵་ནས་དག༵འ་བ་ཡི། །སྒྲུབ་ཐབས་སྙིང༵་པོ༵་འདི་ཙམ་ཡིན། །མི་སྒོམ་ན་ནི་རྒྱས་པས་ཅི། །སྒོམ་ན་བསྡུས་ཀྱང་དོན་མཆོག་འགྲུབ། །ཉེ་བའི་སྲས་བརྒྱད་ལས་འཇམ་དཔལ་གྱི་སྒྲུབ་ཐབས་སོ།། །།

རྒྱལ་སྲས་ཀུན་གྱི་ཐུ་བོ་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས།


TNT15_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་མེད་ཐུགས་རྗེ་མཁའ་ལྟར་ཁྱབ། །རྒྱལ་སྲས་ཀུན་གྱི་ཐུ་བོ་ནི། །སྤྱན་རས་གཟིགས་དབང་ལ་བཏུད་དེ། །སྒྲུབ་ཐབས་མདོ་ཙམ་འབྲི་བར་བྱ། །ཐུགས་རྗེ་ཆེན་པོའི་དབང་ཕྱུག་མཚན་ཐོས་པ་དང་བཟུང་བ་ཙམ་གྱིས་མི་ལྡོག་པའི་ས་ཐོབ་པར་འགྱུར་བའི་འཕགས་མཆོག་དེ་ལ་བ་སྤུ་ལྡང་ཞིང་མཆི་མ་


TNT15_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུག་པའི་མོས་གུས་ཀྱི་སྒོ་ནས། ཕྱག་དང་མཆོད་པ་དང་བསྟོད་པ་དང་བསྐོར་བ་བྱས་ལ། བྱང་ཆུབ་ཀྱི་སེམས་སྒོམས། ཤཱུ་ནྱ་ཏཱའི་སྔགས་དོན་བསམ། རང་གི་སྙིང་གར་ཧྲཱིཿཡིག་འོད་ཀྱི་འཕྲོ་འདུ་ལས། འཇིག་རྟེན་མགོན་པོ་སྟོན་ཀའི་ཟླ་བ་ལྟར་དཀར་བའི་སྐུ་ལུས་རལ་པའི་ཐོར་ཚུགས་ཀྱི་ངོས་ལ་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་བཞུགས་པ། ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱའམ། གཡས་མཆོག་སྦྱིན་དང་གཡོན་གདན་ལ་བརྟེན་པས་པདྨ་དཀར་པོའི་སྡོང་བུ་འཛིན་པ། རི་དྭགས་ཀྱི་པགས་པ་ཕྲག་པ་གཡོན་པ་ལ་གནས་པ། དར་དང་རིན་པོ་ཆེའི་རྒྱན་ཅན། གཡས་བརྐྱང་བའི་རོལ་པའི་སྟབས་ཀྱིས་བཞུགས་པ། དེའི་དྲུང་དུ་ཁྲོ་རྒྱལ་རྟ་མགྲིན་དམར་པོ་བསྐལ་པའི་མེ་ལྟར་གཟི་བརྗིད་འབར་བ། དབུའི་སྟེང་ན་རྟ་མགོ་ལྗང་ཁུ་རྟ་སྐད་འཚེར་བ། ཕྱག་གཡས་ཕྱག་འཚལ་བ་དང་གཡོན་པས་བེ་ཅོན་དཀར་པོ་འཛིན་པའོ། །ཡེ་ཤེས་པ་སྤྱན་དྲངས། མཆོད་པས་མཆོད། རང་ལ་གཞུགཨོཾ་ཨཱཿཧཱུཾ་གིས་གནས་གསུམ་བྱིན་གྱིས་བརླབས། ན་མོ་ཨཱཪྱ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ནི་ཀཱ་ཡ། ཀཱ་རུ་ཎེ་ཀཱ་རུ་ནེ། མཧཱ་ཀཱ་རུ་ཎ། པྲ་ཏིཥྛེ་ཏི་ཀཱ་རུ་ཎཱ་ཡ་སྭཱཧཱ། ཞེས་ཅི་ནུས་སུ་བཟླས། ལྷ་སྐུ་འོད་གསལ་ཏུ་བསྡུས་ཏེ་དགེ་བ་བསྔོ། ཐུན་མཚམས་སུ་སྤྱན་རས་གཟིགས་ཀྱིས་ཞུས་པ་ཞེས་བྱ་བའི་མདོ་དང༌། ཟ་མ་ཏོག་བཀོད་པ་དང༌། འཕགས་མཆོག་འདི་ཉིད་ཀྱིས་མཚན་བརྒྱ་སོགས་


TNT15_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་ནོ། །ཀུན༵་ལས་དག༵འ་བའི་སྒྲུབ་ཐབས་འདི། །སྙིང༵་ནས་ཉམས་ལེན་བྱས་གྱུར་ན། །འཇིག་རྟེན་དབང་པོ་ཉིད་མཚུངས་པའི། །གོ་འཕང་ཐོབ་འགྱུར་ཨ་ལ་ལ། །འཕགས་པ་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་སོ།། །།

མཐུ་སྟོབས་དབང་ཕྱུག་གི་སྒྲུབ་ཐབས།


TNT15_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། སངས་རྒྱས་ཀུན་གྱི་གསང་གསུམ་ལ། །རང་བྱན་ཆུད་པ་མཐུ་སྟོབས་དབང༌། །རྡོ་རྗེ་འཆང་བ་ལ་འདུད་དོ། །བདག་ཀྱང་ཁྱེད་དང་མཚུངས་པར་ཤོག །སྔགས་དང་རྒྱུད་ལ་མངོན་པར་དགའ་བ་རྣམས་འཕགས་པ་ཕྱག་ན་རྡོ་རྗེ་ལ་བློ་བརྟད་འཆའ་དགོས་ཏེ། སྔགས་རྒྱུད་ཐམས་ཅད་ཀྱི་བདག་པོ་ཡིན་པའི་ཕྱིར་རོ། །སྐྱབས་སེམས་ཚད་མེད་སྟོང་ཉིད་སྒོམ་པ་སྔོན་དུ་འགྲོ་བས། སྭ་བྷཱ་ཝས་སྔགས་བརྗོད། ཧཱུཾ་ལས་བྱུང་བའི་སྲུང་འཁོར་གྱི་དབུས་སུ་ཉི་མ་ལ་ཧཱུཾ། དེ་ལས་འོད་འཕྲོས་དོན་གཉིས་བྱས་འདུས་པ་ལས་འཕགས་མཆོག་ཕྱག་ན་རྡོ་རྗེ་ཞི་བ་ལྗང་ཁུ། རིན་པོ་ཆེའི་དཔྲོག་ཞུ་ཅན། མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔས་དབུ་ལ་བརྒྱན་པ། ཕྱག་གཡས་ཐུགས་ཀར་འབར་བའི་རྡོ་རྗེ་གསོར་བའི་ཚུལ་དང༌། གཡོན་གདན་ལ་བརྟེན་པ། ན་བཟའ་མཆོག་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རབ་ཏུ་བཞད་ཅིང་རོལ་བའི་སྟབས་ཀྱིས་བཞུགས་པ། ཟླ་བའི་འོད་ཀྱི་རྒྱབ་ཡོལ་ཅན་ནོ། །ཡང་ན་སྐུ་མདོག་སྔོན་པོར་བྱས་ཀྱང་རུང༌། དེའི་དྲུང་དུ་བདུད་རྩི་འཁྱིལ་བ་ཁྲོ་བོའི་ཆ་བྱད་རྫོགས་ཤིང༌། ལྗང་ཁུའམ་སྔོ་སངས་དགྲ་སྟ་འཛིན་པའོ།


TNT15_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡེ་ཤེས་དགུག་གཞུག་དང༌། སྒོ་གསུམ་བྱིན་རླབས་བྱ། ན་མོ་བཛྲ་པཱ་ཎ་ཡེ། མཧཱ་བཛྲ། པྲ་ཏིཥྛི་ཏཱ་ཡ། སརྦ་ཏ་ཐཱ་ག་ཏ་ཤ་རཱི་རཱནྟ་རྒ་ཏཱ་ཡ། བཛྲ་ཤཱ་རཱི་རཾ། མེ་ཀུ་རུ་བཛྲ་ཨ་དྷིཥྛ་ན་སྭཱཧཱ། སྙིང་པོའོ། །དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་གསང་བའི་མདོ་དང༌། གསང་བདག་ཉིད་ཀྱི་མཚན་བརྒྱ་རྩ་བརྒྱད་པ་ཀློགམཆོད་པ་དང་གཏོར་མ་ལ་ཡང་བརྩོན་པར་བྱའོ། །བདེ་གཤེགས་ཀུན༵་གྱི་འཕྲིན་ལས་ནི། །རབ་དག༵ས་སྒྲུབ་མཛད་སེམས་དཔའ་ཆེ། །དེ་ཡི་མངོན་རྟོགས་སྙིང༵་པོ༵་ཙམ། །ཨུ་དུམ་བ་རའི་མེ་ཏོག་འདྲ། །ཉེ་བའི་སྲས་བརྒྱད་ལས་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་སོ། །ཞུས་དག །མངྒ་ལཾ།། །།

སྒྲོལ་མ་ཉེར་གཅིག་གི་སྒྲུབ་ཐབས་ཉི་མ་སྦས་པའི་ལུགས་དང་རྗེས་སུ་འབྲེལ་བ་འདུས་གསལ་གོ་བདེ།


TNT15_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མ་ཉེར་གཅིག་གི་སྒྲུབ་ཐབས་ཉི་མ་སྦས་པའི་ལུགས་དང་རྗེས་སུ་འབྲེལ་བ་འདུས་གསལ་གོ་བདེ་བ་བཞུགས། ༈ ན་མོ་གུ་རུ་ཨཱཪྱ་ཏཱ་རཱ་ཡཻ། མཐའ་དག་རྒྱལ་བ་བསྐྱེད་པའི་ཡུམ། །ལྷ་མོ་དེ་ལ་གུས་བཏུད་ནས། །སྒྲུབ་པའི་ཐབས་ཀྱི་རིམ་པ་རྣམས། །མ་འདྲེས་མཆོག་ཏུ་གསལ་བར་བཤད། །འདིར་ཕྱག་འཚལ་ཉི་ཤུ་རྩ་གཅིག་གི་སྒྲུབ་ཐབས་ཉམས་སུ་ལེན་པ་ལ། ཐོག་མར་སྤྱི་སྒྲུབ་ཉམས་སུ་བླང་དགོས་པས། དེའི་ཚུལ་ནི། སྤྲོ་ན་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང༌། རང་གི་སྙིང་གར་ཟླ་བ་ལ་གནས་པའི་ཏཱཾ་ཡིག་ལས་འོད་ཟེར་འཕྲོས། བླ་མ་རིགས་ཀྱི་བདག་པོའི་རྣམ་པ་ཅན་གྱིས་དབུ་བརྒྱན་པའི་འཕགས་མ་སྒྲོལ་མ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ། བཛྲ་ས་མཱ་ཡ


TNT15_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

་ཛཿ ཨོཾ་ཨཱརྻཱ་ཏཱ་ར་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ནས། ཤཔྟའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཡན་ལག་བདུན་པ་བྱ། བཛྲ་མུཿ གཤེགས་སུ་གསོལ། ཚད་མེད་བཞི་སྤྱི་དང་མཐུན་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ། ཏཱཾ་ཡིག་ལྗང་ཁུ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་མ་འཕགས་མ་སྒྲོལ་མ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་མ། གཡས་སྐྱབས་སྦྱིན་དང་གཡོན་མཐེབ་སྲིན་གྱིས་ཨུཏྤ་ལའི་སྡོང་བུ་ཐུགས་ཀར་འཛིན་པ། ཞབས་གཡས་བརྐྱང་པའི་སྐྱིལ་ཀྲུང་ཕྱེད་པའི་རོལ་པས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཟླ་བའི་འོད་ཀྱི་རྒྱབ་ཡོལ་ཅན། མིག་གཉིས་ལ་ཨོཾ་ཏཱ་རེ་སྭཱཧཱ། རྣ་བ་གཉིས་ལ་ཨོཾ་ཏུཏྟཱ་རེ་སྭཱཧཱ། མགྲིན་པ་ཨོཾ་ཏུ་སྭཱཧཱ། སྙིང་གར་ཨོཾ་རེ་སྭཱཧཱ། སྤྱི་བོར་ཨོཾ་ཏཱ་རེ་ཎི་སྭཱཧཱ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་འཕགས་མ་སྒྲོལ་མའི་རྣམ་པར་སྤྱན་དྲངས། ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དབང་གི་ལྷ་རིགས་ལྔ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ པུཥྤེ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་


TNT15_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་སོགས་ཀྱིས་དབང་བསྐུར། སྐུ་གང་དྲི་མ་དགཆུ་ལྷག་མ་ཡར་ལུད་པ་ལས་དོན་ཡོད་གྲུབ་པས་དབུ་བརྒྱན། ཐུགས་ཀར་ཟླ་བའི་སྟེང་དུ་ཏཱཾ་གི་མཐར་སྔགས་ཀྱིས་བསྐོར་བར་བསམ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་ཅི་ནུས་སུ་བཟླའོ། །གཏོར་ཆོག་ནི་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཧཱུཾ་ཞུ་བ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ རང་གི་སྙིང་ག་ནས་འོད་ཟེར་འཕྲོས། འཕགས་མ་སྒྲོལ་མའི་ལྷ་ཚོགས་ཐམས་ཅད་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལ་ཡེ་སྟྭཾ། ཡི་གེ་བཅུ་པའི་མཐར་ཨ་ཀཱ་རོ་བཏགས་པ་ལན་བདུན་གྱིས་འབུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཕྱི་མཆོད། འབྲུ་གསུམ་གྱིས་ནང་མཆོད། ལྷ་དང་ལྷ་མིན་ཅོད་པན་གྱིས་སོགས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་འདོད་དོན་གསོལ་བ་བཏབ། ཡི་གེ་བརྒྱ་པའི་མཐར། མ་འབྱོར་པ་དང་སོགས་བཟོད་གསོལ་དང༌། བཛྲ་མུཿ གཤེགས་སུ་གསོལ། ཚུལ་འདིས་བསྙེན་པ་ལེགས་པར་སོང་ནས། ལས་ཚོགས་ཀྱི་ལྷ་ཉི་ཤུ་རྩ་གཅིག་པོ་རྣམས་འོག་ནས་འབྱུང་བ་ལྟར། སོ་སོའི་སྒྲུབ་ཐབས་བསྒོམ་བཞིན་པས། རབ་ཏུ་བཟླས་པ་ཁྲི་ཕྲག་བཞི་བཞིའམ། འབྲིང་དུ་ཁྲི་ཕྲག་རེ་རེ། ཐ་མ་ཡང་སྟོང་ཕྲག་བཞི་བཞི་བྱས་


TNT15_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

པས། གཞུང་ལས་ཇི་སྐད་བཤད་པའི་ལས་ཚོགས་མཐའ་དག་སྒྲུབ་པ་ལ་དབང་བ་ཡིན་ཞིང༌། སྒྲོལ་མ་བླ་མེད་ལྷ་བཅུ་བདུན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་རྒྱུན་ཐོབ་ན། བསྙེན་པ་འདི་ཁོ་ནས་དེའི་དབང་བསྐུར་དུ་རུང་སྟེ། དེའི་དབང་བསྐུར་བའི་ཆོ་ག་ཡང་ཕྱག་འཚལ་ཉེར་གཅིག་གི་སྒྲུབ་ཐབས་འདི་ཉིད་ཀྱི་ལས་ཚོགས་སུ་སྣང་བས་སོ། ཁྱད་པར་སྤྱི་སྒྲུབ་འདི་དང་ལས་ཚོགས་ཀྱི་ལྷ་ཉི་ཤུ་རྩ་གཅིག་པོ་རྣམས་ཀྱི་རྗེས་གནང་གི་བཀའ་ངེས་པར་བསྒྲུབ་པར་བྱ་བ་ཡིན་ལ། སྒྲོལ་མ་ལུས་དཀྱིལ་དུ་གྲགས་པ་ཡང་འདི་ཉིད་ཀྱི་བྱིན་རླབས་ཁོ་ནར་འགྱུར་ཞིང༌། སྔོན་དུས་སྒྲོལ་མ་ཉེར་གཅིག་དཀྱིལ་འཁོར་གཅིག་ཏུ་བསྡུས་པའི་དབང་བཀའ་ཞིག་ཀྱང་བྱུང་བར་མངོན་ལ། བར་སྐབས་སུ་དེ་ལ་བརྟེན་ཏེ་གཙོ་བོ་གོ་འཕོ་རང་བཟོར་སྦྱར་ནས་དཀྱིལ་འཁོར་ཉི་ཤུ་རྩ་གཅིག་གི་དབང་བསྐུར་བྱེད་པ་བྱུང་སྣང་བ་ནི། གྲངས་མང་བ་ལ་དགའ་བ་ཙམ་སྟེ། ཚེགས་ཆེན་ལ་དོན་མེད་པའོ། །ཉི་མ་སྦས་པའི་ལུགས་སྒྲོལ་མ་ཉེར་གཅིག་གི་ཆོས་སྐོར་འདི་རྣམས་བླ་མེད་དུ་བཀྲལ་བ་ཤིན་ཏུ་ཟབ་ཅིང་བྱིན་རླབས་ཆེ་བ་ཡིན། སྔོན་དུས་བོད་དུ་འདི་དར་རྒྱས་ཆེ་ཞིང༌། ས་སྐྱ་བའི་རྗེས་བཙུན་དཀར་པོ་རྣམ་གསུམ་གྱི་རིང་ལ་ཆོས་སྐོར་འདིའི་ཕྱག་ལེན་ཤིན་ཏུ་དར། ལས་ཚོགས་རྣམས་མན་ངག་ཁྱད་པར་ཅན་དུ་ཐུགས་ཡིད་ཆེས་ཀྱང༌། གཞུང་གི་རྩོམ་རྒྱ་གར་མ་ཡིན་མིན་ཅུང་ཟད་དཔྱད་གཞི་ཡོད་པའི་སྐབས། རྗེ་བཙུན་ཆེན་པོའི་ཆོས་གྲྭར་ཁ་ཆེའི་དགེ་ཚུལ་ཞིག་བྱུང་བའི་ལག་ནས་འདིའི་རྒྱ་དཔེ་བྱུང༌། ཕྱིས་ཡུལ་ཐ་དད་ཀྱི་རྒྱ་དཔེ་


TNT15_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གསུམ་འཛོམས་པས། རྒྱ་གཞུ་རྩོད་མེད་དུ་གྱུར་ཏེ། སྐྱེས་མཆོག་དམ་པ་རྣམས་ཤིན་ཏུ་ཐུགས་ཡིད་ཆེས་པར་མཛད་དོ། །ད་ནི་སོ་སོའི་སྒྲུབ་ཐབས་བསྟེན་པར་བྱ་སྟེ། དེ་ཡང་འདི་རྣམས་ལ་སྐྱབས་སེམས་ཚད་མེད་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པ་ཉིད་དུ་སྦྱོང་བ་ནས་བརྩམས་ཏེ། བཟླས་པའི་བར་དུ་སྒྲུབ་ཐབས་སྤྱིའི་བྱ་བ་གོང་དང་མཚུངས་པ་ལས། མིག་བྱིན་རླབས་སོགས་མི་དགོས། ས་བོན་དང་སྐུའི་རྣམ་པ་དང་རིགས་བདག་རྣམས་རིམ་པས་འགྱུར་བའི་ཁྱད་པར་ཙམ་ཡིན་པར་ཤེས་པར་བྱས་ཏེ། ལྷག་མ་རྣམས་མཐུན་པར་ཉམས་སུ་བླང་ངོ༌། །དེ་ལ་དང་པོ་རབ་ཏུ་དཔའ་བའི་སྒྲོལ་མ་ནི། ཆོས་འབྱུང་གི་དབུས་སུ་པདྨ་སེར་པོ་དང་ཟླ་བའི་གདན་ལ་ཨོཾ་ལས་སྒྲོལ་མ་རབ་ཏུ་དཔའ་མོ་སྐུ་མདོག་དམར་མོ་མེ་དཔུང་འཕྲོ་བ། ཞལ་གཅིག་ཕྱག་བརྒྱད་ཀྱི་དང་པོ་གཉིས་སྤྱི་བོར་བསྣོལ་བའི་རྡོ་རྗེ་དང་དྲིལ་བུ་འཛིན་པ། གཉིས་པ་གཉིས་མདའ་དང་གཞུ། གསུམ་པ་གཉིས་འཁོར་ལོ་དང་དུང༌། བཞི་པ་གཉིས་རལ་གྲི་དང་ཞགས་པ་བསྣམས་པ། ཞི་བའི་སྐུ་ཅན་རིགས་བདག་རྣམ་སྣང་ངོ༌། །གཉིས་པ་དཀར་མོ་ཟླ་མདངས་ཀྱི་སྒྲོལ་མ་ནི། པད་ཟླ་ལ་ཏཱ་ཡིག་ལས་སྒྲོལ་མ་དཀར་མོ་དཀར་སྔོ་སེར་བའི་ཞལ་གསུམ་ཕྱག་བཅུ་གཉིས་ཀྱི་དང་པོ་གཉིས་མཉམ་བཞག གཡས་ལྷག་མས་ཁ་ཊྭཱཾ་ག འཁོར་ལོ་ནོར་བུ་རྡོ་རྗེ་མེ་ཏོག་གི་འཕྲེང་བ་འཛིན་པ། གཡོན་


TNT15_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་སྤྱི་བླུགས་ཨུཏྤལ་དྲིལ་བུ། བུམ་པ་པོ་ཏི་འཛིན་པ། རིགས་བདག་ནི་འོད་དཔག་མེད་དོ། །གསུམ་པ་གསེར་མདོག་ཅན་གྱི་སྒྲོལ་མ་ནི། པདྨ་ཉི་གདན་ལ་རེ་ཡིག་ལ་སྒྲོལ་མ་སེར་མོ་ཞལ་གཅིག་ཕྱག་བཅུ་མ་གཡས་རྣམས་ཀྱིས་འཕྲེང་བ། རལ་གྲི། མདའ། རྡོ་རྗེ། དབྱུག་གུ། གཡོན་རྣམས་ཀྱིས་དར་དཔྱངས། ཞགས་པ། པདྨ། དྲིལ་བུ། གཞུ་བསྣམས་པའོ། །རིགས་བདག་ནི་རིན་འབྱུང་ངོ༌། །བཞི་པ་གཙུག་ཏོར་རྣམ་པར་རྒྱལ་མའི་སྒྲོལ་མ་ནི། པདྨ་སེར་པོ་དང་ཟླ་བ་ལ་ཏུ་ཏ་ཡིག་ལས་སྒྲོལ་མ་སེར་མོ་གཅིག་ཕྱག་བཞི། གཡས་མཆོག་སྦྱིན་དང་འཕྲེང་བ། གཡོན་སྤྱི་བླུགས་དང་དབྱུག་པ་འཛིན་པ། སེམས་དཔའི་སྐྱིལ་ཀྲུང་ཅན་ནོ། །རིགས་བདག་ནི་དོན་གྲུབ་བོ། །ལྔ་པ་ཧཱུཾ་སྒྲ་སྒྲོག་པའི་སྒྲོལ་མ་ནི། ཟླ་བ་ལ་ཏཱ་ཡིག་ལས་སྒྲོལ་མ་སེར་མོ་ཞལ་གཅིག་ཕྱག་གཉིས། གཡས་སྐྱབས་སྦྱིན། གཡོན་པདྨ་སེར་པོ་བསྣམས་པ། རིགས་བདག་ནི་འོད་དཔག་མེད་དོ། །དྲུག་པ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་སྒྲོལ་མ་ནི། པདྨ་དམར་པོ་དང་ཉི་མའི་གདན་ལ་རེ་ཡིག་ལས་སྒྲོལ་མ་དམར་མོ་ཞལ་གཅིག་ཕྱག་བཞི་མ། གཡས་དང་པོ་རྡོ་རྗེ། གཉིས་པས་རལ་གྲི། གཡོན་དང་པོ་སྡིགས་མཛུབ། གཉིས་པས་ཞགས་པ་བསྣམས་པ། སེམས་


TNT15_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །རིགས་བདག་ནི་འོད་དཔག་མེད་དོ། །བདུན་པ་རྒོལ་བ་འཇོམས་པའི་སྒྲོལ་མ་ནི། པདྨ་སེར་པོ་དང་ཉི་མ་ལ་ཏུ་ཡིག་ལས་སྒྲོལ་མ་སྐུ་མདོག་ནག་མོ་ན་བཟའ་སེར་པོ་བསྣམས་པ། དྲག་མོ་དབུ་སྐྲ་གྱེན་དུ་བརྫེས་པ། ཞལ་གཅིག་ཕྱག་བཞི། གཡས་ཀྱི་ཐོག་མ་འཁོར་ལོ་ཕྱི་མ་རལ་གྲི། གཡོན་གྱི་ཐོག་མ་པདྨ་ལ་གནས་པའི་རྡོ་རྗེ་ཕྱི་མའི་སྡིགས་མཛུབ་མཛད་པ། ཞབས་གཡོན་བརྐྱང་གི་སྟབས་ཅན་ནོ། །རིགས་བདག་ནི་རིན་འབྱུང་ངོ༌། །བརྒྱད་པ་དབང་མཆོག་སྟེར་བའི་སྒྲོལ་མ་ནི། པདྨ་དམར་པོ་དང་ཟླ་བ་དང་ཆུ་སྲིན་རྣམས་བརྩེགས་པའི་གདན་ལ། དེ་ལས་སྒྲོལ་མ་སེར་མོ་ཞལ་གཅིག་ཕྱག་བཞི་མ། ཕྱག་དང་པོ་གཉིས་མྱ་ངན་མེད་པའི་ཤིང་གི་ཡལ་ག་དང་པདྨ། འོག་མ་གཉིས་ནོར་བུ་དང་བཅས་པའི་མཆོག་སྦྱིན་དང་བུམ་པ་བསྣམས་པ། ཞབས་སྐྱིལ་ཀྲུང་ཕྱེད་པའི་རོལ་སྟབས་ཀྱིས་བཞུགས་པའོ། །རིགས་བདག་ནི་དོན་གྲུབ་བོ། །དགུ་པ་ནི། བསྟོད་པ་རྣམ་དག་གཙུག་གི་ནོར་བུ་ལས། སེང་ལྡེང་ནགས་ཀྱི་སྒྲོལ་མ་མཛད་དེ། དེ་ཡི་ལྟར་ན་གོང་གི་སྒྲོལ་མ་སྤྱི་སྒྲུབ་ལྟར་ལས། ཕྱག་གཡས་མཆོག་སྦྱིན་མཛད་པ་ཙམ་ཡིན་ལ། སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས་ལོགས་སུ་ཡོད་པ་ལྟར་ན། གཙོ་མོ་དེ་ཉིད་དང་འདྲ་བ་ལས། གཡས་སུ་མཾ་ལས་


TNT15_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་ཅན་མ་སེར་མོ་རྡོ་རྗེ་དང་མྱ་ངན་མེད་པའི་ཤིང་གི་ཡལ་ག་འཛིན་པ། ཞི་བའི་ཆ་ལུགས་ཅན། གཡོན་དུ་ཧཱུཾ་ལས་རལ་གཅིག་མ་ནག་མོ་གྲི་གུག་དང་ཐོད་ཁྲག་འཛིན་པ། སྤྱན་གསུམ་སྟག་ལྤགས་དང༌། གླང་ལྤགས་ཀྱི་ན་བཟའ་ཅན། དྲག་མོའི་ཆ་ལུགས་རྫོགས་པ་གཉིས་ཀའང་རོལ་པའི་སྟབས་ཀྱིས་བཞུགས་པའོ། །འདིའི་རྗེས་གནང་གི་རྒྱུན་ནི་ལོགས་སུ་ཡོད་པ་ལྟར་འཕྲོས་དོན་དུ་བཀོད་པ་ཡིན་གྱི། དཀྱུས་ནི་སྒྲོལ་མ་ཉེར་གཅིག་གི་སྒྲུབ་ཐབས་ལྟར་ཡིན་པས། མཆོད་སྩོལ་བའི་སྒྲོལ་མ་ནི། པདྨ་དམར་པོ་དང་ཟླ་བ་ལ་སྭཱ་ཡིག་ལས་སྒྲོལ་མ་དམར་མོ་ཕྱག་བཞི་དང་པོ་གཉིས། རྡོ་རྗེ་དང་དྲིལ་བུ་འཛིན་པས་དགའ་བའི་ཕྱག་རྒྱ་སྤྱི་བོར་འཆིང་བ། གཡས་པ་གར་གྱི་ཚུལ་གྱིས་སེ་གོལ་གཏོགས་པ་དང༌། གཡོན་གཉིས་པས་ཨ་ཤྭ་ཀའི་ཡལ་ག་འཛིན་པས་འགྲོ་བ་རྣམས་ལ་རིན་པོ་ཆེའི་ཆར་འབེབས་པའོ། །དབུ་རྒྱན་ནི་དོན་གྲུབ་བོ། །བཅུ་པ་མྱ་ངན་སེལ་བའི་སྒྲོལ་མ་ནི། པདྨ་དམར་པོ་དང་ཟླ་བ་ལ་ས་ཡིག་ལས་སྒྲོལ་མ་དམར་མོ། ཕྱག་བཞིའི་དང་པོ་གཉིས་སྤྱི་བོར་ཐལ་མོ་སྦྱར་བ། འོག་མ་གཉིས་ཀྱིས་རལ་གྲི་དང་མྱ་ངན་མེད་པའི་ཡལ་ག་མེ་ཏོག་དམར་པོ་ཅན་འཛིན་པའོ། །རིགས་བདག་ནི་དོན་གྲུབ་བོ། །བཅུ་གཅིག་པ་འགྲོ་བ་འགུགས་པའམ། འཕོངས་པ་སེལ་བའི་སྒྲོལ་


TNT15_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནི། པདྨ་དང་ཉི་མའི་གདན་ལ་ཧཱ་ཡིག་ལས་སྒྲོལ་མ་ནག་མོ་དྲག་མོའི་སྐུ་ཅན། གཡས་གཟའ་བརྒྱད་འགུགས་པའི་ལྕགས་ཀྱུ་དང༌། གཡོན་འཕོངས་པ་སེལ་བའི་ལྕགས་ཀྱུ་ཞགས་པ་དང་བཅས་པ་བསྣམས་པ། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །རིགས་བདག་ནི་རིན་འབྱུང་ངོ༌། །བཅུ་གཉིས་པ་བཀྲ་ཤིས་སྣང་བའི་སྒྲོལ་མ་ནི། སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུ་ཨ་ཡིག་ལས་སྒྲོལ་མ་སེར་མོ་ཞལ་གཅིག་ཕྱག་བརྒྱད་ཀྱི་གཡས་རྣམས་རྩེ་གསུམ། ལྕགས་ཀྱུ་རྡོ་རྗེ་རལ་གྲི། གཡོན་རྣམས་ཐུགས་ཀར་གཏོད་པའི་རིན་པོ་ཆེ་ལྕགས་ཀྱུ། དབྱུག་གུ་བུམ་པའོ། །རིགས་བདག་ནི་རྣམ་སྣང་ངོ༌། །བཅུ་གསུམ་པ་ཡོངས་སུ་སྨིན་པར་མཛད་པའི་སྒྲོལ་མ་ནི། པདྨ་དམར་པོ་དང་ཉི་མ་ལ་བྷྲཱུཾ་ཡིག་ལས་སྒྲོལ་མ་དམར་མོ་དྲག་མོའི་སྐུ་ཅན། ཕྱག་གཡས་ཀྱི་དང་པོས་རལ་གྲི། གཉིས་པས་མདའ། གཡོན་གྱི་དང་པོས་འཁོར་ལོ། གཉིས་པས་གཞུ་འཛིན་པ། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །རིགས་བདག་ནི་འོད་དཔག་མེད་དོ། །བཅུ་བཞི་པ་ཁྲོ་གཉེར་གཡོ་བའི་སྒྲོལ་མ་ནི། པདྨ་དམར་སེར་ཉི་མ་ལ་མི་རོའི་གདན་གྱི་སྟེང་དུ། ཨ་ཏ་ཡིག་ལས་སྒྲོལ་མ་མཐིང་ག་ནག་དཀར་དམར་བའི་ཞལ་གསུམ་ཁྲོ་གཉེར་བསྡུས་ཤིང༌། མིའི་རྒྱུ་མ་ཞལ་དུ་གསོལ་བ། ཕྱག་


TNT15_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་གི་གཡས་པ་རྣམས་ཀྱིས་རལ་གྲི། ལྕགས་ཀྱུ། དབྱུག་པ། གཡོན་པ་རྣམས་ཀྱིས་ཐོད་པ་ཞགས་པ་ཚངས་མགོ་འཛིན་པ། མི་མགོའི་དབུ་རྒྱན་དང་དོ་ཤལ་ཅན། སྟག་ལྤགས་དང་སྦྲུལ་གྱིས་བརྒྱན་པ་ཕྱི་རོལ་ཕྱོགས་མཚམས་བརྒྱད་དུ་རིན་པོ་ཆེའི་ཤིང་གི་མྱུ་གུ་སྐྱེས་པའོ། །རིགས་བདག་ནི་དོན་གྲུབ་བོ། །བཅོ་ལྔ་པ་ཞི་བ་ཆེན་མོའམ་དགེ་ལེགས་སྟེར་བའི་སྒྲོལ་མ་ནི། པདྨ་དཀར་པོ་ལ་ཎི་ཡིག་ལས། སྒྲོལ་མ་དཀར་མོ་ཕྱག་གཡས་གསུམ་ན། འཕྲེང་བ་མཆོག་སྦྱིན་དབྱུག་པ། གཡོན་གསུམ་ན་པདྨ་རིལ་པ་པོ་ཏི་འཛིན་པའོ། །བསྟོད་པ་ལས་ནི་ཨུཏྤལ་ལ་གནས་པའི་པོ་ཏི་ཡིན་པར་བཤད་དོ། །རིགས་བདག་ནི་འོད་དཔག་མེད་དོ། །བཅུ་དྲུག་པ་ཆགས་པ་འཇོམས་པའི་སྒྲོལ་མ་ནི། པདྨ་དམར་སེར་དང་ཉི་མ་ལ་ཨེ་ལས་སྒྲོལ་མ་དམར་མོ། ཕྱག་གཡས་ཐུགས་ཀར་རྩེ་གསུམ་དང༌། གཡོན་སྡིགས་མཛུབ་འཕྱར་བས་སྙིང་པོ་དང་འབྲས་བུར་བཅས་པའི་ཤིང་འཛིན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །རིགས་བདག་ནི་མི་བསྐྱོད་པའོ། །འདི་ལ་རིག་པ་ཧཱུཾ་ལས་སྒྲོལ་མ་ཉིད་མ་ཞེས་གསུངས་པའི་ཕྱིར། ཧཱུཾ་ལས་བསྐྱེད་ན་ལེགས་པར་མངོན་ནོ། །བཅུ་བདུན་པ་བདེ་བ་སྒྲུབ་པའི་སྒྲོལ་མ་ནི། པདྨ་དཀར་པོ་དང་ཉི་མ་ལ་ཤ་ཡིག་ལས་སྒྲོལ་མ་དམར་སེར་ཕྱག་གཉིས་ཀྱིས་


TNT15_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་ཟླ་བའི་དཀྱིལ་འཁོར་བསྣམས་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །རིགས་བདག་ནི་དོན་ཡོད་གྲུབ་པའོ། །འདི་ཡང་ཧཱུཾ་ལས་བསྐྱེད་ན་ལེགས་པ་འདྲའོ། །བཅོ་བརྒྱད་པ་རབ་ཏུ་རྒྱས་པའི་སྒྲོལ་མ་ནི། པདྨ་དཀར་པོ་ཟླ་བ་དང་ངང་པའི་གདན་ལ་ཀི་ཡིག་ལས་སྒྲོལ་མ་དཀར་མོ་ཕྱག་བཞི་པ། དང་པོ་གཉིས་སྤྱི་བོར་བསྣོལ་བས་ལྕགས་ཀྱུ་འཛིན་པ། ལྷག་མ་གཉིས་མཆོག་སྦྱིན་དང་གླེགས་བམ་གྱིས་མཚན་པའི་ཨུཏྤལ་བསྣམས་པ། སེམས་དཔའི་སྐྱིལ་ཀྲུང་ཅན། རིགས་བདག་ནི་སྣང་བ་མཐའ་ཡས་སོ། །བཅུ་དགུ་པ་སྡུག་བསྔལ་སྲེག་པའི་སྒྲོལ་མ་ནི། པད་དཀར་དང་ཉི་མ་ལ་ཛ་ཡིག་ལས་སྒྲོལ་མ་དཀར་མོ་ཕྱག་གཉིས་ཀྱིས་ཐུགས་ཀར་མེ་ཐབ་བསྣམས་པ། ཅུང་ཟད་གཡས་བརྐྱང་བའི་སེམས་དཔའི་སྐྱིལ་ཀྲུང་ཅན་ནོ། །རིགས་བདག་ནི་རྣམ་སྣང་ངོ༌། །ཉི་ཤུ་པ་དངོས་གྲུབ་འབྱུང་བའི་སྒྲོལ་མ་ནི། པདྨ་དམར་པོ་དང་ཟླ་བ་ལ་ཙེ་ཡིག་ལས་སྒྲོལ་མ་དམར་སེར་ཕྱག་གཉིས་ཀྱིས་ཐུགས་ཀར་གསེར་གྱི་བུམ་པ་བསྣམས་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །རིགས་བདག་ནི་དོན་ཡོད་གྲུབ་པའོ། །ཉེར་གཅིག་པ་ཡོངས་རྫོགས་བྱེད་པའི་སྒྲོལ་མ་ནི། ཧ་ཡིག་ལས་བྱུང་བའི་ཁྱུ་མཆོག་གླང་དཀར་པོའི་སྟེང་ན་པདྨ་དང་ཟླ་བའི་སྟེང་དུ་ཕེ་ཡིག་ལས་སྒྲོལ་མ་དཀར་མོ་ཅུང་ཟད་ཁྲོ་ཞིང་སྤྱན་གསུམ་མ།


TNT15_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཡས་མདུང་རྩེ་གསུམ་དང༌། གཡོན་མུ་ཏིག་གི་འཕྲེང་བ་འཛིན་པ། སྐྱིལ་ཀྲུང་ཕྱེད་པས་བཞུགས་ཤིང་སྟག་ལྤགས་ཀྱི་ཤམ་ཐབས་ཅན་ནོ། །རིགས་བདག་ནི་རིན་ཆེན་འབྱུང་ལྡན་ནོ། །དེ་དག་རྣམས་ཀྱི་ས་བོན་ནི་ཐམས་ཅད་ཏཱཾ་ཡིག་འབའ་ཞིག་གིས་རུང་ལ། ཞབས་སྟབས་མི་གསལ་བ་རྣམས་རྡོ་རྗེའི་སྐྱིལ་ཀྲུང་ངོ༌། །དེ་ལྟར་ན་ཉི་ཤུ་རྩ་གཅིག་པོ་རྣམས་ཀྱི་ཡང་བསྙེན་པའི་དུས་དང་རྗེས་གནང་ངམ། བཟླས་ལུང་གི་གནས་སྐབས་སུ་ཡི་གེ་བཅུ་པ་ཉིད་བཟླ་ཞིང་སྦྱིན་པར་བྱ་བ་ཡིན་ལ། སོ་སོའི་ལས་ཚོགས་སྒྲུབ་པའི་སྔགས་ནི་རྒྱ་གཞུང་ན་གསལ་ལོ། །འདིའི་རྗེས་གནང་བྱེད་ཐབས་ནི། དང་པོར་སྤྱི་སྒྲུབ་ཀྱི་རྗེས་སུ་གནང་བ་སྦྱིན་དགོས་པས་མདུན་དུ་ཚོམ་བུ། མཆོད་གཏོར་དང་བཅས་པར་སྤྱི་དང་མཐུན་པར་བཤམ། རྡོར་དྲིལ་ནང་མཆོད། འཐོར་ནས་སོགས་ཡོ་བྱད་རྣམས་འཇོམས་པར་བྱས་ལ། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་ཞེས་པ་ནས། དབུ་བརྒྱན་ཞེས་པའི་བར་བདག་བསྐྱེད་དང་འདྲ་བ་ལས། རང་གི་ཟེར་བ་སོགས་དོར། དེ་ནས་མཆོད་བསྟོད་བྱས་ལ་སྙིང་པོ་ཅི་རིགས་པར་བཟླས། གོང་བཞིན་གཏོར་མ་ཕུལ། ཆོས་སྐྱོང་སོ་སོ་དང༌། མཁའ་འགྲོ་སྤྱི་གཏོར། གཞི་བདག་གཏོར་མ་སོགས་ཀྱང་སྤྲོ་ན་བྱ། དེ་ནས་བུམ་པ་ཞིག་བཅས་ལ། བུམ་པ་བསྐྱེད་ཆོག་སྤྱི་དང་མཐུན། བུམ་པའི་ནང་དུ་མདུན་བསྐྱེད་ལྟར་སྒྲོལ་མ་བསྐྱེད་ལ་བཟླས་པ་ཅུང་ཟད་བྱའོ། །མཆོད་བསྟོད་མཆོད་ཡོན་ཕུལ་བས་ལྷ་བདུད་རྩིར་ཞུ། སློབ་མའི་བྱ་བ་ནི། རྗེས་གནང་སྤྱིའི་གོ་བ་


TNT15_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པ་ཞིག་གིས་བྱ་སྟེ། འདིར་གོ་རིམ་ནི་ཕྱག་འཚལ་སེམས་བསྐྱེད་གསལ་བཏབ་ཆོས་བཤད་མཎྜལ་ཕུལ། དུས་གསུམ་སངས་རྒྱས་ཐམས་ཅད་དང་སོགས་ཀྱིས་གསོལ་བ་བཏབ། གུར་ནས་འབྱུང་བ་ལྟར་གྱི་རྒྱུན་བཤགས་རྣམས་བྱ་སྟེ་སྔོན་འགྲོའོ། །བླ་མ་དང་མདུན་བསྐྱེད་ཀྱི་ཐུགས་ཀའི་འོད་ཀྱིས་སློབ་མ་སྦྱངས་ལ། ཤཱུ་ནྱ་ཏཱའི་སྔགས་ནས་དབུ་བརྒྱན་ཞེས་པའི་བར་བདག་བསྐྱེད་ཀྱི་དམིགས་པ་ལྟར་སློབ་མ་ལ་འབོགས་པ་ནི་སྐུའི་རྗེས་གནང་ཡིན་ལ། ཡེ་ཤེས་པ་བསྟིམ་པའི་སྐབས་དྲིལ་སིལ་དང༌། དབང་བསྐུར་བའི་སྐབས་བུམ་ཆུ་སྦྱིན། གསུང་གི་རྗེས་གནང་ལ། རྗེས་སུ་བཟླས་པའི་ལུང་དང༌། དམ་བཅའ་བའི་ལུང་དང༌། བྱིན་གྱིས་བརླབས་པའི་ལུང་རྣམས་སྤྱི་དང་མཐུན། ཐུགས་ཀྱི་རྗེས་གནང་ཕྱག་མཚན་ཨུཏྤལ་བསྟིམ་པ་ཡིན། སློབ་མའི་རྗེས་ཀྱི་བྱ་བ། ཁས་བླང་མཎྜལ་འབུལ་བ་བྲན་དུ་བཟུང་བ་དགེ་བ་བསྔོ་བ་སོགས་བྱའོ། །དེ་ནས་མཆོད་པ་ཁ་གསོས་ནས་མདུན་བསྐྱེད་ལ་མཆོད་བསྟོད་དངོས་གྲུབ་བླང༌། ཡིག་བརྒྱ་བཟླ་བཟོད་གསོལ་གཤེགས་གསོལ་སྨོན་ལམ་བཀྲ་ཤིས་སོགས་སྤྱི་དང་མཐུན་ནོ། །ཉི་ཤུ་རྩ་གཅིག་པོ་སོ་སོའི་རྗེས་གནང་ལ། བུམ་པ་བཅའ་བ་མི་དགོས་ཤིང་སྐུའི་རྗེས་གནང་གི་སྐབས་རྣམ་སྣང་གི་དབུ་བརྒྱན་ཅན་ཞེས་སོགས་དབུ་བརྒྱན་རང་ཆས་སུ་བསྐྱེད་པ་ཙམ་ལས་དབང་བསྐུར་བ་མི་མཛད་དོ། །གལ་ཏེ་ཐུན་རེ་ལ་རྗེས་གནང་མང་དུ་བྱེད་པ་དང་མྱུར་བར་འདོད་ན། ཉི་མ་གཅིག་ལ་ཇི་ཙམ་བྱེད་པའི་ཚོམ་བུ་རྣམས་ཕྱོགས་གཅིག་ཏུ་བཤམས་ཏེ། གཏོར་མའང་དེ་ཉིད་ཀྱི་གྲངས་བཤམས།


TNT15_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོར་བདག་བསྐྱེད་རྣམས་ཀྱང་སྦྲེལ་ཏེ་བསྒོམ། མདུན་བསྐྱེད་དངོས་གཞི་ཡང་གོ་རིམ་བཞིན་ཏུ་སྦྲེལ། མཆོད་བསྟོད་གཏོར་མ་བྱིན་རླབས་རྣམས་ཕྱོགས་གཅིག་ཏུ་བྱས་ཏེ། སོ་སོ་ལ་དམིགས་ནས་གཏོར་མ་གོ་རིམ་བཞིན་དུ་འབུལ། ཡང་མཆོད་བསྟོད་སོགས་ཆབས་གཅིག་ཏུ་བྱ། རྗེས་གནང་གི་སྔོན་འགྲོ་རྣམས་གཅིག་གིས་ཆོག་པ་བྱ་ཞིང༌། རྗེས་ཀྱི་བྱ་བའང་གཅིག་གིས་རུང་ངོ༌། །འདི་ནི་ལག་ལེན་ཅུང་ཟད་བསྡུས་པ་ཡིན་ལ། ཅུང་ཟད་རྒྱས་པར་སྤྲོ་ན་རྗེས་གནང་དང་པོ་དེ་ཉིད་ལེགས་པར་བསྒྲུབས་ནས། སློབ་མ་ལའང་རྗེས་གནང་དང་པོའི་ཐུགས་ཀྱི་རྗེས་གནང་ཡན་ཆད་དངོས་གཞི་རྣམས་གྲུབ་པ་ན། དེའི་མཆོད་པ་ཁ་གསོས་རྗེས་ཆོག་བྱས་ལ། སླར་ཡང་ཚོམ་བུ་གསར་པ་བཀོད། མཆོད་པ་དང་གཏོར་མ་གསར་དུ་བཤམ་ཐུབ་ན་ལེགས་ཤིང༌། དེ་བཞིན་མིན་ན་ཁ་གསོས་ལ། རྗེས་གནང་གཉིས་པ་བསྒྲུབས། དེ་དག་གི་བར་དུ་སློབ་མ་རྣམས་ཕྱག་འཚལ་ཉེར་གཅིག་དང་ཡན་ལག་བདུན་པ་སོགས་འདོན། སྒྲུབ་ཐབས་ཟིན་མཚམས་སུ་རྗེས་གནང་གཉིས་པ་དེ་ཉིད་ཀྱི་དངོས་གཞི་སྐུ་གསུང་ཐུགས་ཀྱི་རྗེས་གནང་རྣམས་བྱ། ཡང་སྔར་བཞིན་སྒྲུབ་པ་སོགས་ཉི་མ་དེ་ཉིད་ལ་ཅི་འགྲུབ་བྱེད་པ་ཡིན་ཞིང༌། ཅི་ཙམ་བྱེད་པ་རྣམས་རྫོགས་པ་ན། རྗེས་གནང་རྗེས་མ་དེའི་ཐུགས་ཀྱི་རྗེས་གནང་སོང་མཚམས་སུ་གཙོ་བོས་ཇི་ལྟར་སོགས་སློབ་མས་རྗེས་ཀྱི་བྱ་བ་རྣམས་བྱས་ཏེ། དེའི་རྗེས་སུ་མདུན་བསྐྱེད་དེའི་རྗེས་ཆོག་བྱའོ། །སྤྱིར་ལག་ལེན་རྒྱས་བསྡུས་ཀྱི་རིམ་པ་འདི་དག་གསུང་རྒྱུན་དང་


TNT15_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་བརྒྱུད་པ་ལས་རྟོགས་པ་གལ་ཆེའོ། །ལམ་འདི་ཉིད་ལས་མཆོག་བརྙེས་པ། །གྲུབ་ཆེན་ཉི་མ་སྦས་པའི་བཞེད། །སྒྲོལ་མ་ཉེར་གཅིག་སྒྲུབས་པའི་ཐབས། །སློབ་མ་རྗེས་འཛིན་དང་བཅས་པ། །ལག་ལེན་རྒྱུན་ནི་མ་ཆད་ཀྱང༌། །ཉེར་མཁོ་གོ་བདེའི་ཡི་གེ་ནི། །སྔོན་ཆད་གསལ་པོ་མ་མཐོང་ཞིང༌། །བློ་ལྡན་གཞན་གྱིའང་བསྐུལ་བའི་ཕྱིར། །ཏཱ་ར་ནཱ་ཐས་སྦྱར་བ་ཡིན། །ཞེས་པ་སྒྲོལ་མ་ཉེར་གཅིག་ཉི་མ་སྦས་པའི་ལུགས་ཀྱི་སྒྲུབ་པའི་ཐབས་མདོ་ཙམ་ཤིན་ཏུ་གསལ་བ་འདི་ནི། རིགས་དང་ཚུལ་ཁྲིམས་དང་ཐོས་པ་ལ་སོགས་པ་ལུགས་གཉིས་ཀྱི་ཡོན་ཏན་དུ་མས་མངོན་པར་མཐོ་བའི་དགེ་བའི་བཤེས་གཉེན་ཆོས་ཀྱི་རྗེ་མི་ཕམ་རྡོ་རྗེ་བདུད་འཇོམས་ཞེས་བྱ་བའི་གསུང་གིས་བསྐུལ་བའི་ངོར། ཚུལ་འདི་དག་གི་ཆོས་སྐོར་ལ་ཡང་ཅུང་ཟད་སྦྱངས་པ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐ་ཞེས་བྱ་བས། རང་ལོ་སུམ་ཅུ་རྩ་གཅིག་པ་ལ་སྦྱར་བའོ། །ཀུན༵་ནས་དག༵འ་བར་གྲགས་པའི་ཆོས། །གཞུང་དང་ཡིག་སྣ་ལ་སོགས་པ། །རྒྱ་བོད་གསུང་རབ་མཐའ་ཡས་ལས། །ཡང་སྙིང༵་འདྲིལ་པོ༵ར་བྱས་འདི་མཚར། །སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས། །ཉི་མ་སྦས་པའི་ལུགས་སྒྲོལ་མ་ཉི་ཤུ་རྩ་གཅིག་གི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བཅུ་བདུན་པའོ།། །།ཞུས་དག །མངྒ་ལཾ། །


previousརིན་ཆེན་འབྱུང་གནས་ལས་ཉི་མ་སྦས་པའི་ལུགས་སྒྲོལ་མ་ཉི་ཤུ་རྩ་གཅིག་གི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བཅུ་བདུན་པ།next