Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  collapse section
   
   
   
   
   
   
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section


 
previousམགོན་དཀར་ཡིད་བཞིན་གྱི་ནོར་བུའི་སྒྲུབ་ཐབས།next

མགོན་དཀར་ཡིད་བཞིན་གྱི་ནོར་བུའི་སྒྲུབ་ཐབས།


TNT15_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། སྤྱན་རས་གཟིགས་དབང་སྒྲོལ་མ་དང༌། །རྡོ་རྗེ་ཕག་མོས་ལེགས་བརྒྱན་པ། །བྱིན་རླབས་མགོན་པོ་ཆེར་བཏུད་ནས། །ཏིང་འཛིན་དབང་བསྐུར་ཆོ་ག་བཤད། །བར་ཆད་ཀུན་སེལ་གྱི་བཀའ་བྱེད་པར་འདོད་པས། གནས་དབྱེན་པར་ཉེར་དགུ་ལ་སོགས་པའི་དུས་བཟང་པོར་མཎྜལ་ཟླུམ་པོའི་དབུས་སུ་ཆོས་འབྱུང་གྲུ་གསུམ་མཐིང་ཁ་མེ་རི་ཅན་རྩེ་མོ་ཚུར་བསྟན་པ། དབུས་སུ་ཉི་གདན་དྲུག་ལ་ཚོམ་བུ་སྐུ་མདོག་དང་མཐུན་པར་འགོད། ཕྱི་རོལ་གྲུ་བཅད་དམར་པོ། ཟླུམ་སྐོར་གྱི་ཕྱི་ལའང་རྡོ་རྭ་མེ་རི་བྱ། དེར་མཉྫིའི་སྟེང་དུ། ཐོད་པའི་སྣོད་གང་ཡང་རུང་བའི་ནང་དུ། བདུད་རྩི་ལྔས་སྦགས་པའི་གཏོར་མ་ནོར་གཟུགས་མཆེ་བ་རེ་འགོད་ཅིང༌། འཁོར་གྱི་གཏོར་མ་བཞེངས་ན། སྣོད་དེ་ཉིད་དུ་གནོད་སྦྱིན་ལ་རྩེ་མོ་གཡས་སུ་བཅུས་པ་གྲུ་གསུམ། ལས་མགོན་ལ་གྲུ་གསུམ་ཕྲ་མོ། གཞན་གསུམ་ལ་ཟླུམ་པོ་ཕྲ་མོ་རེ་བྱ། གཏོར་མ་ཆེན་པོ་ལ་མདའ་དར་དང༌། ཙ་ཀ་ལི་བཙུགས། འབུལ་གཏོར་རྒྱས་པ་བཤོམ་ན་གཏོར་སྒྲུབ་ཡིན་ལ། བསྡུ་ན་ཟླུམ་གཏོར་ཆེ་བ་ཞིག་མདུན་དུ་བཤམ། ནང་མཆོད་དང༌། མཆོད་པ་གཞན་རྣམས་ཅི་བདེ་བར་བསྒྲིགས། དེ་ནས་སློབ་དཔོན་གྱི་བྱ་བ་ནི། སྤྲོ་ན་བགེགས་གཏོར་བཏང་ལ་བགེགས་བསྐྲད། མཆོད་པ་བྱིན་རླབས། ནང་མཆོད་བྱིན་རླབས། ཡི་དམ་གྱི་བདག་བསྐྱེད་རྣམས་ཡི་དམ་ཉིད་ཀྱི་རང་གཞུང་ལྟར་བྱས་ནས། མདུན་བསྐྱེད་ཨ་མྲྀ་ཏས་བསངས། སྭ་


TNT15_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

བྷཱ་ཝཱས་སྦྱངས། སྟོང་པའི་ངང་ལས། ཞེས་པ་ནས། བཅོལ་པའི་འཕྲིན་ལས་གྲུབ་པར་མཛོད་ཀྱི་བར་གཏོར་ཆོག་འཕྲིན་ལས་གཏེར་མཛོད་ཀྱི་གཞུང་བསྲང༌། འོག་ནས་འབྱུང་བའི་ཏིང་ངེ་འཛིན་གྱི་དབང་བསྐུར་ཉིད་དམིགས་པས་བདག་འཇུག་ཏུ་བླངས། སློབ་མའི་རྒྱུད་བྱིན་གྱིས་བརླབ་པའི་དོན་དུ་འདིར་ཡང་བཟླས་པ་ཅུང་ཟད་བྱ། སློབ་མ་རྣམས་ཁྲུས་བྱ། གྲལ་ལ་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་བྱ། སློབ་དཔོན་གྱིས་སློབ་མ་རྣམས་སེམས་བསྐྱེད་གསལ་འདེབས་སུ་བཅུགཆོས་འདིའི་ཆེ་བ་ཅུང་ཟད་བརྗོད། སྤྲོ་ན་མགོན་པོས་ཐུགས་བསྐྱེད་པའི་ལོ་རྒྱུས་དང༌། གྲུབ་ཆེན་ཁྱུང་པོས་ཇི་ལྟར་གསན་ཚུལ་དང༌། བརྒྱུད་པའི་བླ་མ་རྣམས་ཀྱིས་ཇི་ལྟར་ནུས་པ་ཐོན་པའི་ཚུལ་རྣམས་ཅི་རིགས་པར་བཤད་ནས། མཐར་ཡེ་ཤེས་ཀྱི་མགོན་པོ་འདི་ལ་སྒྲུབ་ཐབས་ཀྱི་རིགས་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་ནའང༌། རྩ་བར་གྱུར་པ་ནི། དྲག་པོ་མཐུ་སྒྲུབ་དང༌། ཞི་བ་ནོར་སྒྲུབ་གཉིས་ལགས། དེ་གཉིས་ཀྱི་ཡང་གཙོ་བོ་དྲག་པོ་མཐུ་སྒྲུབ་ཡིན་ཞིང༌། འདི་ལ་ཡང་བཀའ་རིགས་མི་གཅིག་པ་མང་དུ་ཡོད་ནའང༌། དེ་རྣམས་ཀྱི་རྩ་བའི་དབང་བཀའ་ནི། བར་ཆད་ཀུན་སེལ་གྱི་བཀའ་འདི་ཉིད་ཡིན་པས་འདི་སྒྲུབ་པར་བྱེད་པ་ལ། སློབ་དཔོན་གྱིས་བྱ་བ་རྣམས་སྔོན་དུ་སོང༌། སློབ་མའི་ངོས་སྐལ་དུ་གྱུར་པ་ལ་ཡང་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ལ་ཡང༌། མཎྜལ་འབུལ་བ། གསོལ་བ་འདེབས་པ། རྟོག་པ་


TNT15_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་བ། ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་སེམས་བསྐྱེད་པ། ཐུན་མོང་མ་ཡིན་པའི་གསོལ་བ་གདབ་པ་སྟེ་དྲུག་ཡོད་པ་ལས། དང་པོ་བླ་མ་དང་མགོན་པོ་དབྱེར་མེད་པའི་སྤྱན་སྔར་ཏིང་ངེ་འཛིན་གྱི་དབང་བསྐུར་ཞུ་བའི་དོན་དུ་མཎྜལ་ཕུལ་མཛོད། ཅེས་བརྗོད་ལ། སློབ་མས་ཀྱང་མཎྜལ་བཀའ་རྒྱ་མའམ། དེ་མི་ཤེས་ན་སྤྱི་འགྲོ་ཞིག་འབུལ། གཉིས་པ་ནི། འདིའི་རྗེས་ཟློས་མཛོད། རྡོ་རྗེ་འཛིན་པ་སོགས་ལན་གསུམ། གསུམ་པ་ནི། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །དེ་ལྟར་ན་སྣོད་ཀྱི་སྐྱོན་གསུམ་སྤངས་ཏེ་གསན་འཚལ། བཞི་པ་ནི། ཁྱད་པར་ཅན་གྱི་སྐྱབས་འགྲོའི་དོན། བླ་མ་མགོན་པོ་དབྱེར་མེད་ལ་སྐྱབས་སུ་འགྲོ་བ་ཡིན་པས། འདིའི་རྗེས་ཟློས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། ཕྱོགས་བཅུ་ན་བཞུགས་པའི་བླ་མ་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ལ༴ ཕྱོགས་བཅུ་ན་བཞུགས་པའི་ཆོས་ལ༴ ཕྱོགས་བཅུ་ན་བཞུགས་པའི་དགེ་འདུན་ལ༴ ཡི་དམ་ལྷ་ཚོགས་དང་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ལན་གསུམ། ལྔ་པ་ནི། འདིའི་རྗེས་ཟློས། དཀོན་


TNT15_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་སམ། བདག་གིས་སྡིག་པ་བགྱིས་པ་དང༌། །ཞེས་སོགས་རྒྱུན་བཤགས་ཡན་ལག་ལྔ་པ་རྒྱས་བསྡུས་གཉིས་པོ་གང་བྱས་ཀྱང་འདྲ་སྟེ། ལན་གསུམ་བྱའོ། །དྲུག་པ་ནི། ཡིད་ཀྱིས་སྤྲུལ་པའི་མཆོད་པས་མཆོད་པར་མོས་ལ། འདིའི་རྗེས་ཟློས་བླ་མ་དང་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་དབྱེར་མ་མཆིས་པ་ལ། ཕྱི་མེ་ཏོག་བདུག་སྤོས། ནང་ཤ་ལྔ་བདུད་རྩི་ལྔ། གསང་བ་བདེ་སྟོང་གི་ཡེ་ཤེས། ཡང་གསང་དེ་ཁོ་ན་ཉིད་ཀྱི་མཆོད་པ་དམ་པ་རྣམས་འབུལ་ལ། བཞེས་ནས་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། ཞེས་ལན་གསུམ། གཉིས་པ་དངོས་གཞི་ལ་ཡེ་ཤེས་དབབ་པ། སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ་པ། སྐུ་དངོས་ཀྱིས་བྱིན་གྱིས་བརླབ་པ། སྔགས་གཏད་པའི་རྗེས་གནང་སྟེ་བཞི་ལས། དང་པོ་ལ་དཀྱིལ་འཁོར་དུ་གཞུག་ཅིང་ལྷ་ངོ་བསྟན་པའི་དོད་དཀྱིལ་འཁོར་གསལ་འདེབས་པ་དང༌། ཡེ་ཤེས་འཕོ་བ་དངོས་གཉིས་ལས། དང་པོ་ནི། སློབ་དཔོན་དང་མདུན་བསྐྱེད་དབྱེར་མ་མཆིས་པ་མགོན་པོ་འཁོར་བཅས་གསལ་འདེབས་པ་ཡིན་ཏེ།


TNT15_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་བསྲུང་བའི་འཁོར་ལོའི་ནང༌། ཞེས་པ་ནས། ཚུལ་བཞིན་དུ་སྐོང་བར་མཛད་པའི་བར་སྒྲུབ་ཐབས་བཞིན་ལས། ས་བོན་ལས་བསྐྱེད་པའི་ཚིག་རྣམས་དོར། དེ་ལྟ་བུའི་བླ་མ་དང་མགོན་པོ་དབྱེར་མེད་པ་ལ་མོས་གུས་དུང་བ་བྱས་པས་ཐུགས་ཀ་ནས་འོད་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོགསྡིག་སྒྲིབ་ཐམས་ཅད་བསྲེགས། མ་དག་པའི་སྣང་བ་ཐམས་ཅད་སྦྱངས། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་པཾ་ལས་པདྨ་ནས་དེའི་སྟེང་དུ་ཁྱེད་རང་རྣམས་ཀྱི་སེམས་ཉིད་ཧཱུཾ་མཐིང་ནག་ལས་གྲི་གུག་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་ནས། ཙནྡན་གྱི་སྡོང་པོ་ལ་རྒྱབ་བརྟེན་པའོ། །དེ་ལྟར་གསལ་བའི་དཔྲལ་པར་ཨོཾ་ནས། ཧཱུཾ་སྔོན་པོ་སློབ་དཔོན་གྱི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་ནས། འུར་འུར་ཆེམ་ཆེམ་བྱོན་ཏེ་ཁྱེད་རང་རྣམས་ཀྱི་ལུས་ལ་གཉིས་སུ་མེད་པར་ཐིམ་ཞེས་བརྗོད་ཅིང༌། རོལ་མོའི་སྒྲ་བྱ། དམ་རྫས་སྤོས་ཀྱི་དུད་པ་བཏུལ། ཨོཾ་བཛྲ་མཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཀྵིཾ་ནས། ཛཿཧཱུཾ་བཾ་ཧོཿའི་བར་བརྗོད། གཉིས་པ་ནི། བླ་མ་དང་མདུན་བསྐྱེད་མགོན་པོ་དབྱེར་མ་མཆིས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པ་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་མཐིང་ག་གསལ་བཏབ་ལ། དབང་བཞི་རྫོགས་པར་བསྐུར་དུ་གསོལ། ཁྱད་པར་དུ་བུམ་པའི་དབང་བསྐུར་དུ་གསོལ་སྙམ་པས་ཡིད་ཀྱིས་གསོལ་


TNT15_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

བ་དུང་དུང་བཏབ་པས། བླ་མ་མགོན་པོ་དབྱེར་མེད་ཀྱི་དཔྲལ་བའི་ཨོཾ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་སྐུའི་བྱིན་རླབས་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པས་ཚུར་བསྡུས་ཏེ་ཨོཾ་ལ་བསྟིམ། ཨོཾ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་བྱུང་སྟེ། ཁྱེད་རང་རྣམས་ཀྱི་དཔྲལ་བའི་ཨོཾ་ལ་ཐིམ་པས། བུམ་དབང་ཐོབ་པའི་མོས་པ་མཛོད། ཅེས་བརྗོད་ལ་རོལ་མོ་བྱ། དེས་རིགས་བསྒྲེས་ཏེ། གསང་དབང་བསྐུར་དུ་གསོལ། མགྲིན་པའི་ཨཱཿ གསུང་གི་བྱིན་རླབས། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ། ཁྱེད་རང་རྣམས་ཀྱི་མགྲིན་པའི་ཨཱཿལ་ཐིམ་པས། གསང་དབང་ཐོབ། རོལ་མོ་བྱ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ། ཐུགས་ཀའི་ཧཱུཾ། ཐུགས་ཀྱི་བྱིན་རླབས། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་མཐིང་གཁྱོད་རང་རྣམས་ཀྱི་སྙིང་གའི་ཧཱུཾ་ལ་ཐིམ་པས། ཤེར་དབང་ཐོབ། རོལ་མོ། དབང་བཞི་པ་བསྐུར་དུ་གསོལ། ཡང་བླ་མ་མགོན་པོ་དབྱེར་མེད་ལ་མོས་གུས་དུང་བ་བྱས་པས། གནས་གསུམ་གྱི་ཡི་གེ་འབྲུ་གསུམ་པོ་དེ་ཉིད་རྒྱངས་ཀྱིས་ཆད་ནས་བྱོན། ཁྱེད་རང་རྣམས་ཀྱི་གནས་གསུམ་གྱི་ཡི་གེ་འབྲུ་གསུམ་ལ་ཐིམ། ཁྱེད་རང་རྣམས་ཀྱི་སྙིང་གའི་ཧཱུཾ་མགྲིན་པའི་ཨཱཿལ་ཐིམ། དེ་ཡང་སྤྱི་བོའི་ཨོཾ་ལ་ཐིམ། ཨོཾ་ཡང་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་གྱུར། དེས་ལུས་ངག་ཡིད་གསུམ་ཐ་དད་དུ་


TNT15_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པའི་སྒྲིབ་པ་དག་ནས་དབང་བཞི་པ་ཐོབ་པ་ཡིན་པས། སེམས་སྤྲོས་བྲལ་ཕྱག་རྒྱ་ཆེན་པོ་ལ་ཞོག་ཅིག་ཅེས་བརྗོད་ལ། རོལ་མོ། གསུམ་པ་ནི། གཏོར་མ་སློབ་མའི་སྤྱི་བོར་བཟུང་ལ། གཏོར་མ་འདི་ཉིད་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་འཁོར་བཅས་སུ་གསལ་བ་ལ་མོས་གུས་དུང་བ་བྱས་པས། འུར་འུར་ཆེམ་ཆེམ་རང་གི་སྤྱི་བོར་བྱོན། བླ་མས་ཁྱེད་རང་རྣམས་ཀྱི་བར་ཆད་བསྲུང་བ་དང༌། མཐུན་རྐྱེན་སྒྲུབ་པར་བཀའ་བསྒོས་པའི་ཚེ། ཁྱེད་རང་རྣམས་ཀྱི་ནད་གདོན་དགྲ་བགེགས་ཐམས་ཅད་མགོན་པོའི་ཞལ་དུ་ཤ་ཆོམ་རུས་ཆོམ་དུ་གསོལ་ཞིང༌། རིགས་ཀྱི་བུ་ཁྱོད་ཀྱི་བར་ཆད་བསྲུང་བ་དང༌། མཐུན་རྐྱེན་སྒྲུབ་པར་ངེས་བྱའོ། །ཞེས་གསུང་ལྷང་ལྷང་བྱོན་པར་སྒོམ་མཛོད། ཅེས་བརྗོད་ལ་རོལ་མོའི་སྒྲ་དང་བཅས་པས་བཀའ་བསྒོ་དྲག་ཏུ་བྱའོ། །བཞི་པ་ནི། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་སློབ་མའི་དོན་དུ་སློབ་དཔོན་གྱིས་མདུན་བསྐྱེད་ལ་གསོལ་བ་ལན་གསུམ་བཏབ། ཡང་འདི་སྐད་ཅེས་བརྗོད་དེ། བླ་མ་དང་མགོན་པོ་དབྱེར་མེད་པའི་ཐུགས་ཀར་པད་ཉི་ལ་ཧཱུཾ་ལ་སྙིང་པོ་དང་རྩ་སྔགས་ཀྱིས་བསྐོར་བར་བསྒོམས་ལ། མོས་གུས་དུང་བ་དང་བཅས་པས་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་


TNT15_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་དུ་གསོལ། །ལན་གསུམ། བཟླས་ལུང་དངོས་གཞི་སྤྱི་དང་མཐུན་པ་ལ། རྗེས་ཟློས་ལན་གསུམ་གྱི་མཐར། སློབ་དཔོན་གྱི་ཐུགས་ཀའི་སྔགས་འཕྲེང་དེ་ཉིད་རྒྱངས་ཀྱིས་ཆད་ནས་བྱུང༌། ཁྱེད་རང་རྣམས་ཀྱི་སྙིང་གའི་ཧཱུཾ་ལ་ཐིམ་པས། བླ་མ་མགོན་པོའི་བྱིན་རླབས་མཐའ་དག་གིས་རྒྱུད་བརླན་པར་མོས་མཛོད། གསུམ་པ་རྗེས་ལ། དམ་ཚིག་བཟུང་བ། ཡོན་དབུལ་བ། སྨོན་ལམ་གདབ་པ་སྟེ་གསུམ་ལས་དང་པོ་ནི་དེང་ཕྱིན་ཆད་ཁྱེད་རྣམས་ཀྱིས་ཡོངས་སུ་བླངས་པའི་བསླབ་པ་ཐམས་ཅད་རྣམ་པར་དག་པ་དང༌། ཁྱད་པར་སེམས་བསྐྱེད་ཀྱི་བསླབ་བྱ་དང༌། སྔགས་ཀྱི་དམ་ཚིག་མཐའ་དག་མ་ཉམས་པ་གལ་ཆེ། ཡང་དགོས་མགོན་པོ་ཉིད་ཀྱི་དམ་ཚིག་འབྲུ་ནག་རྗེན་བཏགས་ཀྱི་གཏོར་མ་དང༌། དམ་རྫས་ཀྱི་སྤོས་སྦྱར་མ་མཆོད་པར་གྱིས། བྱ་ནག་དང༌། ཁྱི་ནག་ལ་རྡོ་མི་བརྡེགཡིད་ཆེས་པར་གྱིས་ལ་བླ་མ་དང་དབྱེར་མེད་དུ་ལྟོས། འབྱུང་པོ་གཞན་ལ་ཟས་ཕུད་མི་འབུལ། སྡིག་ཅན་གཏུམ་པོ་གྲོགས་སུ་མི་བསྟེན། ཁྱད་པ་ཆོས་སྐྱོང་འདི་ཉིད་གསང་བ་དང༌། སྔགས་དང་མན་ངག་གསང་བ་དང༌། དུས་རྒྱུན་དང་ཁྱད་པར་གྱི་མཆོད་གཏོར་ལ་བརྩོན་པ་གལ་ཆེ་བ་ལགས་སོ། །དེ་དག་གི་གནས་སྐབས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་སྲུང་སྙམ་པས། འདིའི་རྗེས་ཟློས། གཙོ་བོས་ཇི་


TNT15_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སོགས། གཉིས་པ་ནི། གཏང་རག་གི་མཎྜལ་ཕུལ། དེང་ནས་བརྩམས་ཏེ་སོགས་ལན་གསུམ། གསུམ་པ་ནི། བསོད་ནམས་འདི་ཡིས་སོགས། བདག་གིས་དགེ་བའི་སོགས་སྨོན་ལམ་ཅི་རིགས་པར་བརྗོད་དོ། །བར་འདིར་ཚོགས་མཆོད་གཏོང་ངོ༌། །དེ་ནས་རྗེས་ཀྱི་མཆོད་པ་བཤམ། སྤྱི་དང་མཐུན་པར་བྱིན་གྱིས་བརླབས། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་ཕུལ། ཆོས་དབྱིངས་ངང་ལས་སོགས་ཀྱིས་བསྟོད། ཡིག་བརྒྱ་མང་དུ་བཟླ་བ་ནས། སླར་ཡང་འབྱོན་པར་མཛད་དུ་གསོལ། གཏོར་མའི་ཡེ་ཤེས་པ་བྲིས་སྐུའི་ཐུགས་ཀར་ཐིམ། ཨོཾ་བཛྲ་མུཿ གཏོར་མགྲོན་རྣམས་རང་བཞིན་གྱིས་གནས་སུ་གཤེགས། དམ་ཚིག་པ་རང་གི་སྙིང་གར་ཐིམ། གཏོར་མ་བྱིན་གྱིས་བརླབས་ཏེ། བྲིས་སྐུའི་ལྷ་ལ་གཏོར་ཆོག་བཞིན་ཕུལ་ནས། བྲིས་སྐུ་ལ་བརྟན་བཞུགས་བྱ། སྨོན་ལམ་བཏབ། བཀྲ་ཤིས་བཀའ་རྒྱ་མ་བྱའོ། །ཡང་འདི་དག་ལ་ལག་ལེན་མི་འདྲ་བའི་ཁྱད་པར་ནི། སྔོན་འགྲོའི་སྐབས་ཐུན་མོང་མ་ཡིན་པའི་གསོལ་གདབ་མི་བྱེད། དངོས་གཞིའི་སྐབས་མདུན་བསྐྱེད་ལ་ཡེ་ཤེས་པ་སྤྱན་འདྲེན་པ་ཙམ་ལས། སློབ་མ་ལ་མགོན་པོ་བསྐྱེད་བསྟིམ་མི་བྱེད། དབང་བཞི་པའི་སྐབས་སློབ་དཔོན་གྱི་གནས་གསུམ་ནས། ཡིག་འབྲུ་གཉིས་པ་ཆད་དེ་བསྟིམ། སློབ་མའི་ཡིག་འབྲུ་གསུམ་འོད་གསལ་དུ་བསྡུ་བ་མི་བྱེད། གཏོར་མའི་བཀའ་བསྒོ་དང༌། དམིགས་པ་ལ་ཡང་ཁྱད་པར་ཡོད། སྔགས་ཀྱི་བཟླས་ལུང་མི་བྱེད་


TNT15_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། བྱེད་ཀྱང་དཀྱུས་མཐུན་ཙམ་བྱེད་པ་ནི། གཏོར་དབང་བར་ཆད་ཀུན་སེལ་བསྡུས་པའམ། ཐུན་མོང་བ་དཀྱུས་མ་ཡིན་ནོ། །ཡང་བླ་མའི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལས་མགོན་པོ་དཀར་དམར་མཐིང་གསུམ་སྤྲོ་བ་དང༌། བཞི་པ་ལ་སྐུའི་སྟོད་སྨད་ཐམས་ཅད་ནས་དཔའ་བོ་མཁའ་འགྲོའི་ཚོགས་སྤྲོ་བ་ཡང་ལུགས་ཤིག་ཡིན། ཡང་ཡི་གེ་འབྲུ་གསུམ་སྤྲོ་བས་དབང་གསུམ་བྱེད་པའང་ཡོད་ཅིང༌། སྐུ་སྤྲོ་བའི་དབང་བཞི། གསུང་ཡིག་འབྲུའི་དབང་བཞི། ཐུགས་འོད་ཟེར་ཀྱི་དབང་བཞི། ཡོན་ཏན་གཏོར་མའི་དབང་བཞི། འཕྲིན་ལས་ཕྱག་མཚན་གྱི་དབང་བཞི། ཞེས་ཏིང་ངེ་འཛིན་གྱི་དབང་ཉི་ཤུ་བསྐུར་བ་ནི། ཞང་སྒོམ་ཆེན་པོའི་ཐུན་མོང་མ་ཡིན་པའི་ལུགས་ཡིན་ལ། ཚུལ་དེ་བཞིན་མ་ཤེས་པར་གཏོར་དབང་དཀྱུས་འགྲོ་ཞིག་གི་གཞུག་ཏུ་ཕྱག་མཚན་དྲུག་གི་རྗེས་གནང་ཙམ་བྱེད་པ་ནི་སྙིང་པོ་མེད་དོ། ཁྱད་པར་ཆོས་བརྒྱུད་སེལ་ཡོད་པ་དང༌། ཆོས་སྒོར་མ་ཞུགས་པའི་ཁྱིམ་པ་ལ། གཏོར་དབང་ཟབ་མོའི་ལུགས་སུ་བསྐུར་བ་ནི། ཚེ་འདིར་ཡང་བསྐུར་བར་བྱ་བའི་ཡུལ་ལ་མི་ཕན་ཞིང༌། རང་ལ་བཀའ་ཆད་རིན་གྱིས་ཉོ་བ་ཡིན་པས། རྙེད་བཀུར་ལ་སོགས་པའི་དོན་དུ་གཏོར་དབང་ཙམ་བྱེད་ནའང༌། མི་ཟབ་པའི་ལུགས་དེ་ཉིད་ལ་ཚིག་ཚོགས་ཀྱི་སྤྲོས་པ་དང་བཅས་པ་བྱས་ནས་ཁུ་ལྡོག་ཆུང་བ་ཡིན། སྤྱིར་གསང་སྒྲོགས་ཀྱི་ཉེས་པ་ལ་ནི་ཁྱད་ཆེར་མེད་དོ། །གཙོ་རྐྱང་འཇམ་ཞིང་འཁོར་ཅན་བཀའ་གཉན་པ་ཡིན་པས་གཙོ་རྐྱང་ལ་བརྟེན་ནས་གཏོར་དབང་བྱེད་ནའང་དེའི་འདོར་ལེན་ཤེས་དགོས་ལ། མགོན་པོ་སྟོད་ལུགས་ལྷ་དགུ་མ་ལ། གནས་རྙིང་བ་ཕྱི་མ་འགས་གསར་རྙིང་གི་ཆོ་ག་


TNT15_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་རིགས་ལ་བརྟེན་ནས་དབང་ཆོག་རྒྱས་པ་སྦྱར་བ་ནི་རང་བཟོར་བྱས་ལ། དེའི་ཡིག་རྙིང་ཁུངས་མ་རྣམས་ཕལ་ཆེར་འདི་ཉིད་དང་མཐུན་པས། ཏིང་ངེ་འཛིན་གྱི་དབང་གི་ཆོ་ག་འདི་ཁོ་ནས་བྱའོ། །རྗེས་ཆོག་གི་སྐབས་བྲིས་འབུར་སོགས་རྟེན་ཡེ་མེད་ན། གཏོར་མའི་ལྷ་དམ་ཡེ་མ་ཕྱེ་བར་ནམ་མཁར་སྤར་ལ། གཏོར་མ་བྱིན་གྱིས་བརླབས་ཏེ་ཕུལ་ནས། ཡེ་ཤེས་པ་གཤེགས། དམ་ཚིག་པ་བསྡུ། གཏོར་མ་ལྷར་བསྐྱེད་ཚུལ་ལ་ཡང་གཏོར་མའི་སྟེང་དུ་མགོན་པོ་བསྐྱེད་པ་དང༌། གཏོར་མ་ཉིད་བསྐྱེད་པ་གཉིས་ཡོད་པ། གཏོར་དབང་གི་ཚེ་ཟབ་མི་ཟབ་ཁྱད་པར་ཆེན་པོ་ཡོད་པ་འདོར་ལེན་གལ་ཆེའོ། །གཏོར་མ་འདིས་དཔེར་མཚོན་ནས། སློབ་མའི་ཁྱད་པར་ཤེས་པའང་གལ་ཆེའོ། །བསྟན་སྲུང་ཀུན༵་ལས་ཆེས་ལྷག་པའི། །ཕྱག་དྲུག་མགོན་པོའི་བྱིན་རླབས་ཀྱི། །ལག་ལེན་རབ་ཏུ་དག༵འ་བའི་ཏོག །སྙིང༵་པོ༵་ཙམ་ཞིག་གསལ་བར་བཀོད། །ཡེ་ཤེས་མགོན་པོ་ཕྱག་དྲུག་པ་བར་ཆད་ཀུན་སེལ་གྱི་བྱིན་རླབས་ཀྱི་ལག་ལེན་གསལ་བར་བཤད་པའི་ལེ་ཚན་ནོ།། །།ཡིད་བཞིན་ནོར་བུའི་སྒྲུབ་ཐབས་བྲི། ༈ །ཨོཾ་སྭཱ་སྟི། བླ་མ་མགོན་པོ་དབྱེར་མེད་ནི། །དབང་གི་རྒྱལ་པོ་ཞེས་གྲགས་པ། །མཁའ་འགྲོའི་ཚོགས་བཅས་ལ་བཏུད་དེ། །ཡིད་བཞིན་ནོར་བུའི་སྒྲུབ་ཐབས་བྲི། །མགོན་བཀའ་གཉིས་པ་མགོན་དཀར་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་དང༌། རྗེས་གནང་བྱེད་ཚུལ་ཡང་སྙིང་དུ་དྲིལ་བ་ནི། མདུན་དུ་སྟེགས་བུའི་སྟེང་དུ། རྡུལ་ཚོན་གྱི་མཎྜལ་ཟླུམ་པོ་མུ་ཁྱུད་དཀར་པོ། དབུས་སུ་ཆོས་འབྱུང་དཀར་པོ། རེ་ཁ་དམར། གྲུ་བཅད་ལྗང་ཁུ། ཆོས་འབྱུང་གི་དབུས་སུ་ཉི་


TNT15_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ལ་ཚོམ་བུ་དཀར་པོ་ཞིག་བཀོད། དེའི་སྟེང་དུ་མཛྙི་ལ་རྟེན་གྱི་གཏོར་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞིག་བཀོད་དེ། དབྱིབས་གྲུ་གསུམ་དུ་བྱེད་པའམ། ནོར་བུའི་དབྱིབས་སུ་བྱེད་ན། ཟན་ཟླུམ་པོའི་སྟེང་དུ། ཟན་རིལ་གསུམ་འཛོམ། དེའི་སྟེང་དུ་ཛཾ་བཤོས་འདྲ་བ་ཞིག་བཀོད་པས། ཕྱོགས་གང་ནས་བལྟས་ཀྱང་ནོར་བུ་མིག་གསུམ་འདྲ་བ་ཞིག་ཡོད་པས་དེ་ལྟར་བྱས་ཀྱང་རུང༌། གང་ལྟར་ནའང་རྒྱུ་ཕྱེ་མར་ལ་རིན་པོ་ཆེ་བརྡར་བ་སོགས་ལས་བྱས། མཎྜལ་གྱི་མདུན་དུ་འབུལ་གཏོར་ཟླུམ་པོ་ཟས་བཟང་དགུས་བརྒྱན་པ་དང༌། མཆོད་པ་རྣམས་སྤྱི་དང་མཐུན་པར་བཤམ། རྟེན་གཏོར་ལ་ཙ་ཀ་ལི་ཡོད་ན་འཛུགས་ཤིང་མེད་ཀྱང་ཆོགདེ་ནས་མཆོད་པ་བྱིན་རླབས་སྤྱི་དང་མཐུན་པར་བྱས་ལ། དངོས་གཞི་ཉམས་ལེན་ནི། བདག་བསྐྱེད་ཡི་དམ་ལ་བྱ་བའི་ལུགས་ཀྱང་ཡོད་མོད་ཀྱི་འདི་ལ་བདག་མདུན་དབྱེར་མེད་གཙོ་ཆེ་ཞིང༌། ཕྱག་ལེན་ཡང་བདག་མདུན་དབྱེར་མེད་ལ་མཛད་དེ། དེ་ལྟར་ན་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྔོན་དུ་འགྲོ་བའི་སྒོ་ནས། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་བསྲུང་འཁོར་གྱི་དབུས་སུ། པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་སྟེང་དུ། གཾ་ལས་ཚོགས་བདག་དཀར་པོ་གླང་པོ་ཆེའི་གདོང་པ་ཅན། ལ་ཕུག་དང༌། ནེའུ་ལེ་འཛིན་པ་གཉིས་ཁ་བུབ་ཏུ་བསྒྱེལ་བའི་སྟེང་དུ། རང་སེམས་ཆོས་ཉིད་ཀྱི་ཐིག་ལེ་དཀར་དམར་རྒྱ་སྲན་ཙམ། དེའི་དབུས་སུ་ཧཱུཾ་དངུལ་ཆུའི་མདོག་ལྟ་བུ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་


TNT15_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབུལ་བའི་སྡུག་བསྔལ་བསལ། སླར་འདུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་དང་མདུན་བསྐྱེད་དབྱེར་མ་མཆིས་པ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོའི་སྐུར་གྱུར་པ་ནི། སྐུ་མདོག་དཀར་ཞིང་བརྗིད་པ། ཞལ་ཁྲོ་ལ་འཛུམ་གྱི་རྣམ་པ་ཅན་རབ་ཏུ་བཞད་པ། སྤྱན་གསུམ་དང་ལྡན་ཞིང༌། སྨ་ར་སྨིན་མ། དབུ་སྐྲ་ཁམ་སེར་བརྫེས་པ། དཔྲལ་བར་སིན་དྷུ་རའི་ཐིག་ལེས་བྱུགས་པ། སྤྱི་བོར་མི་བསྐྱོད་རྒྱལ་པོས་རྒྱས་བཏབ་པ། ཕྱག་གཡས་ཀྱི་དང་པོས་གྲི་གུག་ནམ་མཁའ་ལ་འཕྱར་བ། བར་པས་ནོར་བུ་དབང་གི་རྒྱལ་པོ་ཐུགས་ཀར་གཏོད་པ། ཐ་མའི་སེང་ལྡེང་གི་ཌཱ་མ་རུ་འཁྲོལ་བ། གཡོན་གྱི་དང་པོས་བུམ་པ་ནོར་བུས་གང་བ་ཀ་པཱ་ལ་བདུད་རྩིས་གང་བའི་ནང་དུ་བཅུག་སྟེ་བརླ་གཡོན་པ་ལ་བརྟེན་པ། གཉིས་པ་ན་རྩེ་གསུམ། ཐ་མ་ན་ཞགས་པ་འཛིན་པ། ཞབས་འགྲོ་འཆོམ་གྱི་སྟབས་ཀྱིས་པད་ཉི་ཚོགས་བདག་གི་གདན་ལ་བཞུགས་པ། དར་སྣ་ཚོགས་ཀྱི་ལྷབ་ལྷུབ་དང༌། སྟག་ལྤགས་ཀྱི་ཤམ་ཐབས་ཅན། གླང་པོ་ཆེའི་ལྤགས་པའི་སྟོད་གཡོགས་གསོལ་བ། ཐོད་སྐམ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། རིན་པོ་ཆེའི་རྒྱན་དང་སིལ་ཁྲོལ་དང༌། ཆུན་འཕྱང་སྣ་ཚོགས་པས་མཛེས་པ། འཁོར་དབང་སྡུད་ཀྱི་མཁའ་འགོ་མ་བྱེ་བ་འབུམ་སྡེའི་ཚོགས་ཀྱིས་བསྐོར་ཏེ་མེ་དཔུང་འབར་


TNT15_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དབུས་ན་བཞུགས་པའོ། །དེ་ནས་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་དབང་སྡུད་ཀྱི་མཁའ་འགྲོ་མ་དམར་མོ་ལྕགས་ཀྱུ་དང་ཐོད་ཁྲག་འཛིན་པ། དེའི་ཐུགས་ཀར་ཆོས་ཉིད་ཀྱི་ཐིག་ལེ། དེའི་དབུས་སུ་ཧཱུཾ་དཀར་པོའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཤར་ལྷོར་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཡིད་བཞིན་གྱི་ནོར་བུ་མཁའ་འགྲོའི་ཚོགས་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལ་ཡེ་སྟྭཾ། ཛཿཧཱུཾ་བཾ་ཧོཿ ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། མགོན་པོ་ཡིད་བཞིན་ནོར་བུ་ཐུགས་རྗེ་ཅན། །སྐུ་མདོག་གངས་རི་ལྟར་དཀར་འོད་ཟེར་འཕྲོ། །འགྲོ་བའི་དབུལ་འཕོངས་མ་ལུས་ཞི་མཛད་པ། །འདོད་དགུའི་དངོས་གྲུབ་སྩོལ་ལ་ཕྱག་འཚལ་བསྟོད། །སྙིང་གའི་ཐིག་ལེའི་མཐའ་བསྐོར་དུ་སྔགས་ཀྱིས་བསྐོར་བར་བསམས་ལ། གུ་རུ་མཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཞེས་ཅི་ནུས་སུ་བཟླ། གཏོར་མ་བསངས་སྦྱངས་ནག་པོའི་མངོན་རྟོགས་སུ་བཤད་པ་ལྟར་བྱིན་གྱིས་བརླབས་ལ། ཡེ་ཤེས་སེམས་དཔའི་ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་དྲངས་ནས་གསོལ་བར་གྱུར། སྙིང་པོའི་མཐར་ཨི་དཾ་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པ་ལན་བདུན་གྱིས་འབུལ་ཞིང༌། ཤཱ་ས་ན་ལན་གསུམ་གྱིས་དམ་ཅན་སྤྱི་ལ་འབུལ་བ་ཕྱག་


TNT15_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་ལ་མཛད། དེ་ནས་གོང་བཞིན་མཆོད་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་འདོད་དོན་ལ་གསོལ་བ་བཏབ། རང་ཉིད་སྒྲུབ་པ་ཉམས་ལེན་ཙམ་ཡིན་ན། སྐབས་འདིར་རྗེས་ཆོག་བྱ། སློབ་མ་རྗེས་བཟུང་ནི། རྗེས་ཆོག་གི་སྔོན་དུ་བྱ་བ་ཡིན་ཏེ། སློབ་མ་རྣམས་ལ་ཆབ་བཏང༌། མེ་ཏོག་བཀྱེ་བསྡུ་བྱ། སེམས་བསྐྱེད་གསལ་བཏབ། རྒྱས་པར་སྤྲོ་ན་ཆོས་བཤད། མགོན་པོའི་ཐུགས་བསྐྱེད་པའི་ལོ་རྒྱུས་སོགས་བཤད། བསྡུ་ན་སེམས་བསྐྱེད་གསལ་བཏབ་པ་ཙམ་གྱིས་མཆོགམཎྜལ་འབུལ་དུ་གཞུག་ཅིང༌། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བྱས་ལ། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། ཞེས་སོགས་ལན་གསུམ། རྟོག་པ་བསྡུ་བ། ཐུན་མོང་མ་ཡིན་པའི་སྐྱབས་འགྲོ། རྒྱུན་བཤགས་ཡན་ལག་ལྔ་པ། ཐུན་མོང་མ་ཡིན་པའི་གསོལ་གདབ་རྣམས་ཕྱག་ལེན་རྒྱས་པའི་ཚེ་མཛད་ཅིང༌། མདོར་བསྡུས་པ་ལ་དགའ་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་རྒྱུན་བཤགས་ལན་གསུམ་རྗེས་ཟློས་བྱེད་དུ་གཞུགརྗེས་གནང་དངོས་གཞི་ལ་དམིགས་པ་འདི་བཞིན་དུ་མཛོད། ཅེས་བརྡ་སྤྲད་ལ། མདུན་གྱི་གཏོར་མ་དང་སློབ་དཔོན་དབྱེར་མ་མཆིས་པ་མགོན་པོ་ཡིད་བཞིན་གྱི་ནོར་བུ་གསལ་གད་བ་དགོས་པ་ཡིན་པས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་ཞེས་པ་ནས། བཞུགས་


TNT15_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

པའོའི་བར་གོང་བཞིན། དེ་ལྟ་བུའི་སློབ་དཔོན་དང་མདུན་བསྐྱེད་དབྱེར་མ་མཆིས་པ་ལ་མོས་གུས་དུང་བ་བྱས་པས། ཨོཾ་ཤཱུ་ནྱ་ནས། ཀོ྅ཧཾ། ཞེས་གསུངས་པའི་རྐྱེན་གྱིས་ཀུན་རྫོབ་རྣམ་ཤེས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཁྱེད་རང་རྣམས་ཀྱི་སེམས་ཉིད་ཐིག་ལེ་ཧཱུཾ་དང་བཅས་པ་ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མགོན་པོ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོའི་སྐུར་ཁྲོང་གིས་གྱུར་པར་མོས་མཛོད། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཨོཾ། ཞེས་པ་ནས། ཧཱུཾ་དཀར་པོའོ། །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཤར་ལྷོ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཡིན་བཞིན་གྱི་ནོར་བུ་མཁའ་འགྲོའི་ཚོགས་དང་བཅས་པ་ཐམས་ཅད་སྤྱན་དྲངས་ཏེ། སྐད་ཅིག་དེ་ཉིད་ལ་ཌཱ་མ་རུ་དང༌། དྲིལ་བུ་གཡེར་ཁ་སིལ་སིལ། ཁྲོལ་ཁྲོལ། འུར་འུར། ཆེམ་ཆེམ་བྱོན་ཏེ། ཁྱེད་རང་ལ་གཉིས་སུ་མེད་པར་ཐིམ། ཞེས་བརྗོད་ལ་རོལ་མོ་དྲག་ཏུ་བྱ། སྙིང་པོའི་མཐར་ཨ་བེ་ཤ་ཡ་ཨཿ ཞེས་དྲག་ཏུ་བཟླ། རོལ་མོ་དང་སྔགས་བཟླས་ནི་འོག་མ་རྣམས་ལ་ཡང་རིགས་འགྲེ། དེ་སྐུའི་རྗེས་གནང་བུམ་དབང་གི་དོད་ཡིན་ནོ། །སློབ་དཔོན་གྱི་ཐུགས་ཀའི་ཆོས་ཉིད་ཀྱི་ཐིག་ལེའི་ནང་ཧཱུཾ་གི་མཐའ་སྐོར་དུ་སྔགས་ཀྱིས་བསྐོར་བར་མོས། སློབ་


TNT15_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ལ་མོས་གུས་དུང་བ་བྱས་པས། ཐུགས་ཀའི་སྔགས་འཕྲེང་ལས་སྔགས་འཕྲེང་གཉིས་པ་ཞིག་ཆད། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས་སྙིང་གའི་ཆོས་ཉིད་ཀྱི་ཐིག་ལེའི་ནང་དུ་སྤར་བཏབ་པ་བཞིན་དུ་འཁོད་པར་མོས་ལ། འདིའི་རྗེས་ཟློས་མཛོད། སྙིང་པོ་ལན་བཅུ་གསུམ་བཟླ་བ་ཕྱག་ལེན་ལ་མཛད། དེ་གསུང་གི་རྗེས་གནང་གསང་དབང་ཡིན་ནོ། །ཡང་སློབ་དཔོན་ལ་མོས་གུས་དུང་བ་བྱས་པས། ཐུགས་ཀ་ནས་འོད་ཟེར་འཕྲོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེའི་བྱིན་རླབས་མ་ལུས་པ་ཚུར་བསྡུས་ཏེ་ཐུགས་ཀར་ཐིམ། བླ་མ་མགོན་པོ་དབྱེར་མེད་ཀྱི་ཐུགས་ཀའི་ཧཱུཾ་ལས་གྲི་གུགཐོད་པ། བུམ་པ། ནོར་བུ། ལྕགས་ཀྱུ་ལ་སོགས་པའི་ཕྱག་མཚན་དཔག་ཏུ་མེད་པ་བྱུང༌། ཐམས་ཅད་འོད་དུ་ཞུ་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། རོལ་མོ། དེ་ཐུགས་ཀྱི་རྗེས་གནང་ཤེས་རབ་ཡེ་ཤེས་ཀྱི་དོད་ཡིན། ཡང་སློབ་དཔོན་ལ་མོས་གུས་དུང་བ་བྱས་པས། སློབ་དཔོན་གྱི་ཐུགས་ཀའི་ཧཱུཾ་ལས། མཁའ་འགྲོ་སྡེ་ལྔ་སྐུ་མདོག་དམར་མོ་ཌཱ་མ་རུ་དང་ཐོད་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། ཤངས་ཀྱི་བུ་ག་གཡོན་པ་ནས་འཐོན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་གང༌། འཁོར་འདས་སྣོད་བཅུད་ཐམས་ཅད་ཀྱི་བཀྲག་


TNT15_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

མདངས་བཅུད། དྭངས་མ། ཚེ་སྲོགལོངས་སྤྱོད། དབང་ཐང་ཐམས་ཅད་བདུད་རྩིའི་རྣམ་པར་ཚུར་འདུས། ཁྱེད་རང་རྣམས་ཀྱི་སྣ་བུག་གཡོན་པ་ནས་ཞུགས། སྲོག་རྩའི་ལམ་ནས་བརྒྱུད་དེ། སྙིང་གའི་ཆོས་ཉིད་ཀྱི་ཐིག་ལེ་ལ་གཉིས་སུ་མེད་པ་ཐིམ། རོལ་མོ། དེ་ཡོན་ཏན་གྱི་རྗེས་གནང༌། དབང་བཞི་པའི་དོད་ཡིན་ནོ། །ཡང་སློབ་དཔོན་ལ་མོས་གུས་དུང་བ་བྱས་པས། བླ་མ་མགོན་པོ་དབྱེར་མེད་ཀྱི་ཞབས་འོག་གི་ཚོགས་བདག་བསྐུལ་བས། ཚོགས་བདག་ལས་རང་དང་འདྲ་བའི་ཚོགས་བདག་དཔག་ཏུ་མེད་པ་སྤྲུལ། འབྱུང་པོ་མི་དང་མི་མ་ཡིན་དྲེགས་ལྡན་ཆེ་དགུ་ཐམས་ཅད་དབང་དུ་བསྡུས། ཁྱེད་རང་རྣམས་ཀྱི་བྲན་དུ་ཕུལ་བའི་མོས་པ་མཛོད། ཁྱེད་རང་རྣམས་ཀྱི་རྐང་འོག་གི་ཚོགས་ཀྱི་བདག་པོའི་ཁ་དང་བཤང་ལམ་བ་སྤུའི་བུ་ག་ཐམས་ཅད་ནས། ཡིད་བཞིན་གྱི་ནོར་བུའི་ཆར་ཆེན་པོ་བབས་པས། རང་གི་བང་མཛོད་གནས་ཁང་ཡུལ་ཕྱོགས་ཐམས་ཅད་ཟས་ནོར་ལོངས་སྤྱོད། འདོད་དགུ་སྣ་ཚོགས་པས་ཕྱུར་བུར་གང་བར་གྱུར། རོལ་མོ། དེ་འཕྲིན་ལས་ཀྱི་རྗེས་གནང་དབང་གི་མཐའ་རྟེན་གྱི་དོད་ཡིན་ནོ། །འཕྲིན་ལས་གཏོར་མའི་བཀའ་བསྒོ་བ་ནི། མོས་པ་འདི་བཞིན་དུ་མཛོད། གཏོར་མ་འདི་ཉིད་བླ་མ་མགོན་པོ་དབྱེར་མེད། མགོན་དཀར་ཡིད་བཞིན་གྱི་ནོར་


TNT15_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མཁའ་འགྲོ་མའི་ཚོགས་དང་བཅས་པར་གསལ་བཏབ། དེ་རྣམས་ལ་མོས་གུས་དུང་པ་བྱས་པས། འུར་འུར། ཆེམ་ཆེམ། རང་གི་སྤྱི་བོར་བྱོན། རང་གི་ཡིད་ལ་ཇི་ལྟར་འདོད་པའི་དོན་ཐམས་ཅད་བསྒྲུབ་པར་བྱའོ། །ཞེས་གསུང་ལྷང་ལྷང་བྱོན་པར་བསམ་ཞིང༌། བྱིན་གྱིས་རློབ་རློབ་ལྟར་བཞུགས་པར་གྱུར། རོལ་མོའི་སྒྲ་དང་བཅས་ཏེ། རྩ་བརྒྱུད་ཀྱི་བླ་མའི་མཚན་ནས་བརྗོད་ཅིང༌། བཀའ་བསྒོ་དྲག་ཏུ་བྱ། མཐར་བླ་མ་མགོན་པོ་དབྱེར་མེད་འོད་དུ་ཞུ་ནས། ཁྱེད་རང་རྣམས་ལ་ཐིམ་པར་མོས་པ་མཛོད་བྱས་ལ། དེ་དག་གི་གནས་སྐབས་སུ་ཐོབ་པའི་དམ་ཚིག་དང༌། ཞེས་པ་ནས། སྦྱར་དུ་གསོལ་ཞེས་པའི་བར་ནག་པོའི་རྗེས་གནང་གི་སྐབས་དང་འདྲ། རྗེས་ཀྱི་ཆོ་ག་རྣམས་ཀྱང་མགོན་པོ་ནག་པོ་དང་འདྲ་ཞིང༌། འདི་ཉིད་ཀྱི་རྗེས་ཆོག་གི་སྐབས་གཏོར་མའི་ཡེ་ཤེས་པ་ནམ་མཁར་བཏེགས་ནས། གཏོར་མ་དེ་ཉིད་དབུལ་བའི་ལག་ལེན་ཡང་འདུག་མོད་ཀྱི་མགོན་དཀར་གྱི་ཕྱག་ལེན་དཀྱུས་ལ་མི་མཛད་པར་སྣང་ངོ༌། །ནོར་སྒྲུབ་ཀུན་ལས་ཆེས་ལྷག་པ། །དག༵འ་བར་བསྔགས་པའི་གཡེར་པོ་ཆེ། །མཁའ་འགྲོའི་སྙིང༵་ནས་བསྐུལ་བའི་ཐབས། །གསལ་པོ༵ར་བརྗོད་འདི་ཨེ་མ་མཚར། །མགོན་དཀར་ཡིད་བཞིན་གྱི་ནོར་བུའི་སྒྲུབ་ཐབས་ཀྱི་ལེ་མཚན་ནོ།། །།མངྒལཾ། །


previousམགོན་དཀར་ཡིད་བཞིན་གྱི་ནོར་བུའི་སྒྲུབ་ཐབས།next