Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section


 
previousརབ་བརྗིད་འཇིགས་བྱེད་ཆེན་པོའི་སྒྲུབ་ཐབས།next

རབ་བརྗིད་འཇིགས་བྱེད་ཆེན་པོའི་སྒྲུབ་ཐབས།


TNT15_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། རབ་བརྗིད་འཇིགས་བྱེད་ཆེན་པོའི་སྐུ། །གང་ཞིག་སྒོམ་ལ་དངོས་གྲུབ་ཀུན། །ལྷུན་གྱིས་གྲུབ་ཅིང་བགེགས་འཇོམས་པ། །དེ་ལ་བཏུད་ནས་སྒྲུབ་ཐབས་བཤད། །བདག་བསྐྱེད་སྔོན་དུ་སོང་ནས། རང་གི་མདུན་དུ་པཾ་ལས་པདྨ། ཨ་ལས་ཉི་མ། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ། དེའི་འོད་ཟེར་གྱིས་ནག་པོ་ཆེན་པོ་འཁོར་བཅས་སྤྱན་དྲངས། ཨོཾ་བཛྲ་ས་མཱ་ཛཿ ཡང་ཧཱུཾ་ལས་སྤྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། སྤྲོ་ན་རྐང་བརྒྱད་ལ་སོགས་པས་བསྟོད་ཅིང༌། བསྡུ་ན། འདུལ་དཀའ་མ་ལུས་འདུལ་བ་པོ། །རྫུ་འཕྲུལ་དངོས་གྲུབ་བདག་ཉིད་ཅན། །མ་མོའི་ཚོགས་ཀྱིས་ཕྱག་བྱས་པ། །དཔལ་ལྡན་ནག་པོ་ལ་འདུད་དོ། །ཞེས་བསྟོད། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ཞེས་སོགས་རྒྱུན་བཤགས་བཟང་སྤྱོད་བཞིན་བྱ། ཨོཾ་ཨཿཧཱུཾ། བཛྲ་མཎྜལ་མུཿ


TNT15_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གཤེགས་སུ་གསོལ། འདི་ནི་གཞུང་གི་དགོངས་པ་ཇི་ལྟ་བ་ཡིན་ལ། མཎྜལ་མཆོད་ཆོག་རྒྱས་པ་ལ་སྤྲོ་ན། པཎྜི་ཏ་ནགས་རིན་གྱིས་སློབ་མ་རྣམས་ཀྱི་བཀོད་ཟིན་པ་ལྟར་རོ། །དེ་ནས་ཚད་མེད་བཞི་སྤྱི་དང་མཐུན། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་ལ་གནས་པའི་ཟླ་བ་ཧཱུཾ་ཡིག་དཀར་པོ་དང་བཅས་པ། དེ་ཡོངས་སུ་གྱུར་པ་ལས་རལ་གྲིའི་རྩེ་མོར་ཟླ་བ་ལ་ཧཱུཾ་ནག་པོ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་ཏེ་ཐམས་ཅད་ཡོངས་སུ་གྱུར་པ་ལས། དཔལ་ནག་པོ་ཆེན་པོ་སྐུ་མདོག་ནག་པོ། ཞལ་གཅིག་ཕྱག་བཞི་སྤྱན་གསུམ་པ། ཕྱག་གཡས་གཉིས་ན། རལ་གྲི་དང༌། གྲི་གུགགཡོན་གཉིས་ན་རྩེ་གསུམ་དང་ཐོད་ཁྲག་འཛིན་པ། ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་གིས་ཉི་མ་དང་དབུགས་བྲལ་གྱི་གདན་ལ་བཞུགས་པ། སྨ་ར་དང་སྨིན་མ་དམར་སེར་མེ་ལྟར་འབར་བ། རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། སྟག་ལྤགས་གསར་པའི་ཤམ་ཐབས་དཀྲིས་པ། མི་མགོ་སྐམ་པོའི་ལྔ་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། སྦོམ་ཐུང་གསུས་ཁྱིམ་རྒྱས་ཤིང༌། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པའོ། །སྙིང་གར་ཉི་མ་ལ་གནས་པའི་ཧཱུཾ་གི་འོད་ཟེར་གྱིས། ཡེ་ཤེས་སེམས་དཔའ་ནག་པོ་ཆེན་པོ་བཛྲ་ས་མཱ་ཛཿ ཨརྒྷཾ་ནས་


TNT15_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

ཤཔྟའི་བར་གྱིས་མཆོད། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཡང་སྙིང་གའི་འོད་ཟེར་གྱིས་དབང་གི་ལྷ་རིགས་ལྔ་མདུན་གྱི་ནམ་མཁར་སྤྱན་དྲངས། པུཥྤེ་སོགས་ཀྱིས་མཆོད། ཨོཾ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས། མཱ་མ་ཀཱི་ལ་སོགས་པ་ལྷ་མོ་རྣམས་ཀྱིས། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུངས་ཤིང་བདུད་རྩིའི་ཆུས་དབང་བསྐུར། དབང་གི་ལྷ་ཐམས་ཅད་ཀྱང་ཡེ་ཤེས་པའི་ཚུལ་གྱིས་ཐིམ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སྤྱན་མ་ལ་སོགས་པ་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། ཨརྒྷཾ་སོགས་ཀྱིས་ཕྱི་མཆོད་ཕུལ། ནང་མཆོད་ཡི་དམ་ལྟར་བྱིན་གྱིས་བརླབས་ནས། སྙིང་པོའི་མཐར་འབྲུ་གསུམ་བཏགས་པས་ཕུལ། གཏོར་མའང་ཡི་དམ་གྱི་མངོན་རྟོགས་ལྟར་བྱིན་གྱིས་བརླབས། བདུད་རྩི་འཁྱིལ་བའི་གཟུངས་ཀྱིས་མགོ་འདྲེན་པའམ། མ་ཡིན་ཀྱང་རུང་སྟེ། ན་མས་ས་མནྟ་ཀཱ་ཡ་ཝཱཀྐ་ཙིཏྟ་བཛྲི་ཎཾ། ཨོཾ་ཨཱཿཧཱུཾ། ཨོཾ་མཾ་མཾ་ཧཾ་ཧཾ་ཀཾ་ཀཾ་རཾ་རཾ་ར་ར་མ་ཧཱ་མ་ཧཱ་ཀཱ་ལ་ཡཾ། པིངྒོར་དྷ། ཀེ་ཤ་ཝརྡྷཱ་མ་ནེ། ཨི་མཾ་བཱ་ལིཾ་གྲྀཧྞ་གྲྀཧྞ། གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ། ཨོཾ་ཨཱཿཧཱུཾ། སརྦ་བིགྷྣཱན་བི་ནཱ་ཡ་ཀཱ་ན། ཨ་ཀཱ་རོ་བཏགས་པ་ལན་གསུམ་མམ་བདུན་གྱིས་ཕུལ། གོང་བཞིན་མཆོད་བསྟོད་བྱས་ནས། བཟླས་པའི་དམིགས་པ་གསལ་བཏབ་སྟེ། ཨོཾ་ཨཱཿམཾ་ཧཾ་རཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་ཅི་ནུས་བཟླ་ཞིང༌། མཐར་ཡང་གོང་བཞིན་མཆོད་


TNT15_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་བྱས་ནས། འདོད་དོན་གསོལ་བཏབ་དང༌། ཡི་གེ་བརྒྱ་པ་དང༌། བཟོད་པར་གསོལ་བ་སྤྱི་དང་མཐུན་པར་བྱས་ལ་གཤེགས་སུ་གསོལ་ལོ། །འདིའི་རྗེས་གནང་བྱ་བར་འདོད་ན། མཎྜལ་མཐིང་ག་གྲུ་གསུམ་ཚོམ་བུ་ནག་པོ་ཅན་ཞིག་བྱ། དེའི་སྟེང་དུ་གཏོར་མ་བཀོད། མཆོད་པ་བཤམ་ཚུལ་སོགས་འོག་མགོན་པོ་གུར་ཡུམ་ཅན་དང་འདྲ། བདག་བསྐྱེད་ནས་བཟླས་པའི་གོང་བཞིན་བྱས་ལ། རྗེས་གནང་དངོས་ཀྱི་བྱ་བ། མཎྜལ་རྒྱུན་བཤགས་གསོལ་བཏབ་རྣམས་ཀྱང་དེ་དང་མཐུན། སློབ་མ་ནག་པོ་ཆེན་པོར་བསྐྱེད་ནས། ཡེ་ཤེས་པ་བསྟིམ་པའི་བར་བྱ། སློབ་དཔོན་གྱི་གནས་གསུམ་དུ་ཧཱུཾ་དཀར་དམར་མཐིང་གསུམ་བཀོད་དེ། སློབ་མའི་གནས་གསུམ་དུ་རིམ་པས་བསྟིམ་པ་ལ། སྐུ་གསུང་ཐུགས་ཀྱི་རྗེས་གནང་དུ་མཛད་ཅིང༌། གཏོར་དབང་དང༌། བཟླས་ལུང་སྤྱི་དང་མཐུན་པར་བྱ། ལྷག་མ་རྣམས་གཞན་དང་མཚུངས་སོ། །བསྟན་བསྲུང་ཀུན་གྱི་གཙོ་བོ་ནི། །འདོད་དོན་ཀུན༵་གྱི་དག༵འ་བསྐྱེད་པ། །ཀླུ་སྒྲུབ་སྙིང༵་པོ༵འི་སྒྲུབ་ཐབས་བཞིན། །མདོ་ཙམ་ཡི་གེར་བཀོད་པའོ། །ཡེ་ཤེས་མགོན་པོ་ཕྱག་བཞི་པ་ཀླུ་སྒྲུབ་ལུགས་ཀྱི་སྒྲུབ་ཐབས་བཤད་པའི་ལེ་ཚན་ནོ།། །།མངྒ་ལཾ། །


previousརབ་བརྗིད་འཇིགས་བྱེད་ཆེན་པོའི་སྒྲུབ་ཐབས།next