Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section


 
previousརྒྱུད་མགོན་གྱི་སྒྲུབ་ཐབས།next

རྒྱུད་མགོན་གྱི་སྒྲུབ་ཐབས།


TNT15_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་ཉིད། །ཆོས་འཁོར་ཡོངས་ཀྱི་བསྲུང་མའི་སྐུར། །སྟོན་མཛད་གདུག་པ་མ་ལུས་འདུལ། །དྲག་པོའི་བུ་ཁྱོད་ཕྱག་གི་གནས། །འདིར་ནཱ་རོ་མཻ་ཏྲིའི་མན་ངག་ལས་འབྱུང་བ་ལྟར་རྡོ་རྗེ་གུར་ལས་འབྱུང་བའི་ནག་པོ་ཆེན་པོའི་སྒྲུབ་ཐབས་བཤད་པར་བྱ་སྟེ། མཆོད་གཏོར་ཚང་བར་བཤམས། དགྱེས་པའི་རྡོ་རྗེ་ལ་སོགས་པ་ཡི་དམ་གྱི་བདག་བསྐྱེད་སྔོན་དུ་འགྲོ་བས། མཆོད་པ་བྱིན་རླབས་སྤྱི་དང་མཐུན་པར་བྱ། རྟེན་ཡོད་ན་ཨ་མྲྀ་ཏས་བསངས། མེད་ན་བསང་བ་མི་དགོས། ཤཱུ་ནྱ་ཏཱའི་སྔགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་སྙིང་ག་ནས་ཧཱུཾ་མཐིང་ཁ་གཅིག་སྤྲོས་ཏེ། དེར་འཁོད་པ་ཡོངས་སུ་གྱུར་པ་གྲི་གུག་གི་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས།


TNT15_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ནག་པོ་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གཡས་གྲི་གུག་དང་གཡོན་ཐོད་པ་ཁྲག་གིས་གང་བ་སྟེང་འོག་ཏུ་འཛིན་པ། མཆེ་བ་རྣམ་པར་གཙིགས་ཤིང་འཇིགས་སུ་རུང་བ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་མི་རོའི་གདན་ལ་གནས་པ། ཞལ་གྱི་གྲྭ་ནས་ཁྲག་འཛག་པ། སྨ་ར་དང༌། སྨིན་མ་དང༌། དབུ་སྐྲ་དམར་སེར་མེ་ལྟར་འབར་བ། མི་བསྐྱོད་པའི་དབུ་རྒྱན་ཅན། སྟག་ལྤགས་གསར་པའི་ཤམ་ཐབས་ཅན། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་སངས་རྒྱས་ཐམས་ཅད་མགོན་པོའི་རྣམ་པར་སྤྱན་དྲངས་ཤིང༌། དུར་ཁྲོད་ཆེན་པོའི་གནས་ཐམས་ཅད་ནས། ནག་པོ་ཆེན་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། གཏོར་མ་ཡི་དམ་གྱི་མངོན་རྟོགས་ལྟར་བྱིན་གྱིས་བརླབས་ལ། ཤཱ་ས་ནའི་མཐར། ཨི་དཾ་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པ་ལན་གསུམ་མམ་བདུན་གྱིས་འབུལ། སླར་ཡང་བདུག་སྤོས་བཏུལ་ཞིང༌། ཨརྒྷཾ་


TNT15_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཤཔྟའི་བར་ཀྱིས་མཆོད། སྙིང་པོའི་མཐར་འབྲུ་གསུམ་བཏགས་བས་ནང་མཆོད་ཕུལ། རོལ་མའི་སྒྲ་དང་བཅས་ཏེ། ཧཱུཾ། སྲིན་པོའི་གཟུགས་ཀྱིས་གདུགས་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་གསུམ་བརྩེགས་འཇིགས་བྱེད་པ། །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ། །གདུག་པ་ཚར་གཅོད་གྲི་གུག་གཡས། །གཡོན་ན་གདུག་པའི་ཁྲག་བཀང་སྣོད། །ཐོད་ཕྲེང་ཅན་ལ་བདག་བསྟོད་དོ། ཁྲོས་པས་ཞབས་བརྡབས་ས་གཞི་གཡོ། །འཇིགས་པའི་གད་མོས་རི་རབ་བསྒྱེལ། །དམ་ཚིག་ཉམས་པའི་སྙིང་འབྱིན་པའི། །དམ་ཚིག་ཅན་ལ་བདག་བསྟོད་དོ། །དེ་ནས་བཟླས་པ་ནི། ཨོཾ་མཧཱ་ཀཱ་ལ་ཡ་ཧཱུཾ་ཧཱུཾ་ཕཊ། ཞེས་སྙིང་པོ་དང༌། རྩ་སྔགས་ཤཱ་ས་ན་ཡང་ཅི་འགྲུབ་བཟླ། དེའི་ཚེ་མགོན་པོའི་ཐུགས་ཀར་ས་བོན་སྔགས་འཕྲེང་བཀོད་ལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཞལ་ནས་ཐོན། མགོན་པོའི་ཞལ་དུ་ཞུགས། སྔགས་འཕྲེང་ལ་ཐིམ། དེ་ལས་འོད་ཟེར་བྱུང་ལྟེ་བ་ནས་ཐོན་ནས། རང་གི་ལྟེ་བར་ཞུགས། སྙིང་གར་ཐིམ་པར་མོས། ཐུན་འཇོག་པའི་ཚེ། རྟེན་མེད་ན། མཆོད་བསྟོད་སྔར་བཞིན་བྱས་ལ། གཏོར་མ་ཕྱིར་བཏང༌། ཡིག་བརྒྱ་དང་བཟོད་གསོལ་བྱས་ལ། ཨོཾ་བཛྲ་མུཿ ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་གི་སྙིང་གར་བསྡུ།


TNT15_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཡོད་ན། གཏོར་མ་བཏང་བའི་རྗེས་སུ་མཆོད་བསྟོད་བྱ་ཞིང༌། དམ་ཡེ་གཉིས་ཀ་ལ་རྟེན་ལ་བརྟན་བཞུགས་བྱ་བའམ། ཡེ་ཤེས་པ་ལ་བརྟན་བཞུགས་བྱ་ཞིང༌། དམ་ཚིག་པ་སྙིང་གར་བསྡུ་བ་གང་མོས་བྱའོ། །གང་ལྟར་ཡང་གཏོར་མ་གཏོང་བའི་ཚེ། དཔལ་ལྡན་མགོན་པོ་མཧཱ་ཀཱ་ལ་ཡ། །ལྷ་ཆེན་དཔལ་འབར་ནག་པོ་མཐུ་བོ་ཆེ། །མཧཱ་དེ་བའི་སྲས་པོ་དྲག་ཤུལ་ཅན། །ཚོགས་བདག་ཆེན་པོ་མཧཱ་ཀཱ་ལ་ཡ། །ལེགས་ལྡན་ནག་པོ་གྲོང་ཁྱེར་གསུམ་བརྩེགས་དགྲ། །བསྟན་པ་ཡོངས་ཀྱི་བསྲུང་མ་ནག་པོ་ཆེ། །ཆོས་འཁོར་ཡོངས་ཀྱི་སྲོག་ཤིང་ནག་པོ་ཆེ། །དམ་ཚིག་ཅན་གྱི་དགྲ་ལྷ་ནག་པོ་ཆེ། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཤ་ཁྲག་དམར་གྱི་གཏོར་མ་འདི༴ ཛམ་བུ་ཏི་བའི་ཞལ་ཟས་འདི༴ སྨན་རག་ཕུད་ཀྱི་མཆོད་པ་འདི༴ སྔར་བཅོལ་ལས་ཀྱི་གཏང་རག་གཉན་པོ་འབུལ། །ད་བཅོལ་ལས་ཀྱི་གསོལ་འདེབས་གཉན་པོར་བཞེས། །འཁོར་རྣམས་བསྲུང་ཞིང་རྐྱེན་རྣམས་བཟློག་པ་དང༌། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། །བསྟན་པ་རྒྱས་པའི་ལས་འདི་མྱུར་དུ་སྒྲུབས། །ཞེས་བརྗོད། འདི་ནི་བསྙེན་པའི་ཚུལ་ཡིན་ལ། སྒྲུབ་པ་དང༌། མན་ངག་ནི་གཞན་དུ་ཤེས་པར་


TNT15_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །འདིའི་རྗེས་གནང་བྱ་བར་འདོད་ན། མཎྜལ་ཚོམ་བུ་ནག་པོ་ཅན་གྱི་སྟེང་དུ་གཏོར་མ་འགོད། ཤ་ཆང་འབྲུ་ཆེན་འབུལ་གཏོར། རཀྟ། སྲན་བཙོས། དམ་རྫས་བདུད་རྩི་སྨན་གྱི་མཆོད་པ་སོགས་ལག་ལེན་བཞིན་བཤམ། བདག་བསྐྱེད་ནས་མདུན་བསྐྱེད་ཀྱི་བཟླས་པའི་བར་གོང་བཞིན་བྱ། རྫ་བུམ་ནག་པོ་ཞིག་ཏུ། ཁྲག །ཆང༌། བདུད་རྩི་ལྔ་རྣམས་བསྲེས་པའི་དྲི་བཟང་གི་ཆུས་བཀང་བ་ཞིག་ལ། སློབ་དཔོན་གྱིས་ལག་པ་གཡས་རྡོ་རྗེ་དང་བཅས་པ་རེག་སྟེ། སྙིང་པོ་བརྒྱ་རྩ་དང་རྩ་སྔགས་ཉི་ཤུ་རྩ་གཅིག་ཙམ་བཟླ། སློབ་མའི་བྱ་བ་ནི་སྤྱི་དང་འདྲ་བ་ལས། ཀུན་མཁྱེན་ཡེ་ཤེས་སོགས་ཀྱིས་གསོལ་བཏབ་བྱ། སྐུའི་རྗེས་གནང་གི་སྐུ་བསྟིམ་པའི་སྐབས། མགོན་པོའི་སྐུ་འདྲ་སྤྱི་བོར་བཞགརྩ་སྔགས་ལན་གསུམ་དྲག་ཏུ་བཟླས། བཟླས་ལུང་གི་མཐར་འཕྲེང་བ་སྤྱི་བོར་བཞག་ལ། སྙིང་པོ་བརྒྱའམ་ཉི་ཤུ་རྩ་གཅིག་ཙམ་བཟླ། ཐུགས་ཀྱི་རྗེས་གནང་ཕྱག་མཚན་བསྟིམ་པ་སྤྱི་དང་མཚུངས། མཐར་རྡོ་རྗེ་སྤྱི་བོར་བཞག་ལ་ཧཱུཾ་བརྒྱ་རྩ་བརྗོད། དེ་ནས་གཏོར་དབང་བཀའ་བསྒོ་སྤྱི་དང་འདྲ། བུམ་པའི་ཆུས་དབང་བསྐུར་ཞིང༌། བུམ་ཆུ་འཐུང་དུ་གཞུགསངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །རྡོ་རྗེ་གསང་བ་གསུམ་ལས་བྱུང༌། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །གནས་ཀྱི་དབང་བསྐུར་སྦྱིན་པར་བྱ། །སྙིང་པོ་དང༌། རྩ་སྔགས་ཀྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་བརྗོད། སློབ་མའི་རྗེས་ཀྱི་བྱ་བ་སྤྱི་དང་འདྲ་ཞིང༌། དེ་ནས་མཆོད་བསྟོད་གཏོར་མ་གཏོང་བ་སོགས་གོང་བཞིན་བྱའོ། །འདི་ནི་མར་པ་ལོཙྪ་བའི་མན་ངག་རྔོག་སྟོན་ཡབ་སྲས་ལས་བརྒྱུད་པའི་ཞལ་


TNT15_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བདུད་རྩིའོ། །ཀུན༵་ལས་ཁྱད་འཕགས་རྒྱུད་ཀྱི་དོན། །ལེགས་པར་ཤེས་རྣམས་དག༵འ་བསྐྱེད་པ། །གུར་མགོན་སྒྲུབ་ཐབས་སྙིང༵་པོ༵་འདི། བློ་ལྡན་སེམས་ཀྱི་ངལ་གསོའི་གནས། །དཔལ་ལྡན་རྡོ་རྗེ་གུར་གྱི་རྒྱུད་ལས་གསུངས་པ་ཇི་ལྟ་བའི་ལུགས་ཏེ། རྒྱུད་མགོན་གྱི་སྒྲུབ་ཐབས་བཤད་པའི་ལེ་ཚན་ནོ།། །།དགེའོ། །འདི་ལ་འདོན་པ་སྤོས་ན། ག་ཡ་དྷ་རའི་མགོན་རྐྱང་དུ་གྲགས་པའང་ཤེས་པར་འགྱུར་མོད་ཀྱི། དེའི་ཡི་གེ་མང་བའི་ཕྱིར་རེ་ཞིག་བཞག་གོ །སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་ཡེ་ཤེས་སྤྲུལ་པའི་མགོན་པོ་རྣམས་ཀྱི་སྒྱུབ་ཐབས་བཤད་པའི་སྐབས་ཏེ་བཅུ་དགུ་པའོ། །མངྒ་ལཾ། །


previousརྒྱུད་མགོན་གྱི་སྒྲུབ་ཐབས།next