Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།

0 occurrences of གསང་བདག་ཕྱག་རྡོར་
[Clear Hits]


 expand section
 expand section
 expand section
 expand section
 expand section
 expand section
 expand section
 expand section
 expand section
 expand section
 expand section
 expand section
 expand section
 expand section
 expand section
 expand section
 expand section
 expand section
 expand section
 expand section
 expand section
 collapse section
  
  
  
ལྷ་མོ་སྲོག་སྒྲུབ་ལྕགས་ཕུར་མར་གྲགས་པ་རང་བྱུང་རྒྱ་མཚོའི་སྒྲུབ་ཐབས།
  
  
  
  
  
  
  
 expand section
 expand section
 expand section


0 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousལྷ་མོ་སྲོག་སྒྲུབ་ལྕགས་ཕུར་མར་གྲགས་པ་རང་བྱུང་རྒྱ་མཚོའི་སྒྲུབ་ཐབས།next

ལྷ་མོ་སྲོག་སྒྲུབ་ལྕགས་ཕུར་མར་གྲགས་པ་རང་བྱུང་རྒྱ་མཚོའི་སྒྲུབ་ཐབས།


TNT15_Page_1029
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ཡུམ་གཅིག་ཤེས་རབ་ཕ་རོལ་ཕྱིན། །སྲིན་མོ་ཆེན་མོའི་ཚུལ་བཟུང་ནས། །གདུག་པ་འདུལ་མཛད་རེ་མ་ཏཱི། །དེ་ལ་བཏུད་ནས་སྒྲུབ་ཐབས་བཤད། །རྡོ་རྗེ་རིགས་ཀྱི་ཁྲོ་བོ་ཆེན་པོའི་བསྙེན་པ་རྫོགས་པ་ཞིག་གིས་འདི་སྒྲུབ་སྟེ། ལྷ་མོའི་སྒྲུབ་ཐབས་ཀྱི་སྤྱིའི་གོ་བ་ཆགས་པ་ཞིག་གིས། མདུན་བསྐྱེད་ཁོ་ནའམ། བདག་མདུན་གཉིས་ཀར་རུང་བར་བཤད་མོད། གཙོ་བོར་སྔ་མ་ལྟར་བྱ་བ་ཡིན་པས། བྲིས་སྐུ་མཆོད་གཏོར་སོགས་ཚོགས་པར་བྱས་ལ། ཡི་དམ་གྱི་བདག་བསྐྱེད་སོང་ནས། འདི་སྐད་ཅེས། རང་གི་མདུན་དུ་འོད་ཀྱི་གུར་ཁང་སྔོན་པོ་རྒྱ་ཁྱོན་མཐའ་ཡས་པའི་ནང་དུ། མེ་རླུང་འཚུབ་མ་འཁྱིལ་བའི་དབུས། རཀྟའི་རྒྱ་མཚོའི་ནང་དུ་ཕྱི་གནམ་ལྕགས་འབར་བའི་གཞལ་ཡས་ཁང་གྲུ་བཞི་ནང་དུ་ཐོད་མཁར་གྲུ་གསུམ། རྨངས་རྡོ་རྗེ་ཕ་ལམ་ལས་གྲུབ་པ། དེའི་དབུས་སུ་རང་གི་སྙིང་ག་ནས་སྤྲོས་པའི་ཏི་ཡིག་ཡོངས་སུ་གྱུར་པ་ལས། ལྕགས་ཀྱི་དྲེའུ་རྟ་རྐང་གསུམ་རྫུ་འཕྲུལ་རླུང་གི་གཤོག་པ་ཅན། དེའི་སྒ་གོང་དུ་པདྨ་སྔོན་པོ་དང་ཉི་མ་ལ། རང་གི་ཐུགས་ཀ་ནས་སྤྲོས་པའི་མ་ཡིག་སྔོ་སྐྱ་ལས་བྱུང་བའི་རྩེ་གསུམ་མས་


TNT15_Page_1030
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པའི་འོད་ཀྱི་འཕྲོ་འདུ་ལས་ལྷ་མོར་གྱུར། ཨོཾ་ནག་མོ་ཏིང་ལཾ་མ་མ། དུན་ཏིཾ་མ་བྷྱོཿ དཔལ་ལྡན་གཉན་གྱི་རེ་མ་ཏཱི་སྐུ་མདོག་ནག་མོ་དར་ནག་གི་གོ་ཟུ་འཇའ་ཚོན་རིས་ཅན། སྦྲུལ་ནག་གི་སྒྲོག་ཟུང་ཅན་གསོལ་བ། ཕྱག་བཞི་གཡས་ཀྱི་དང་པོ་འཕྲུལ་གྱི་མེ་ལོང༌། གཉིས་པ་ན་སྦྲུལ་ཞགས། གཡོན་དང་པོས་རྩེ་གསུམ། གཉིས་པས་ལྕགས་ཀྱི་ཕུར་བུ་སྒྲིལ་བ། དཔལ་ལྷ་མོ་རེ་མ་ཏཱིའི་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པ། ཡེ་ཤེས་ཀྱི་མ་མོ། ལས་ཀྱི་མ་མོ། འཇིག་རྟེན་གྱི་མ་མོ། ལྷ་མོ། ཀླུ་མོ། གནོད་སྦྱིན། དྲི་ཟ། གྲུལ་བུམ། སྲིན་མོའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། ཐུགས་ཀར་པད་ཟླ་ལ་མ་ཡིག་ཏིང་ངེ་འཛིན་སེམས་དཔའ་འོ། །དེ་ལས་འོད་འཕྲོས། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ དཔལ་ལྡན་གཉན་གྱི་རེ་མ་ཏཱི། ཁྱོད་ཀྱི་སྤྱི་བོའི་གཙུག་རུམ་ནས། །ཟླ་བ་ཉི་མའི་འོད་ཟེར་འཕྲོ། །ནག་མོ་མི་བཟད་ཆོ་འཕྲུལ་ཅན། །དུས་ལ་བབ་ཀྱི་ད་ཚུར་བྱོན། །ཨེ་ཧྱེ་ཧི་ཛ་ཨེ་ཨརལླི་ཧོ། ཞེས་པ་ཚར་གཅིག་དང༌། མ་མོ་ནག་མོ་ཏིཾ་ལ། མ་མོ་ནག་མོ་དུན་ཏིཾ་བྷྱོཿ ཛཿཧཱུཾ་བཾ་ཧོཿ ནག་མོ་དུན་བྷྱོཿ ཞེས་བརྒྱ་རྩ་བཟླས་ཤིང་སྤྱན་དྲངས། ཐོར་རུས་དམར་པོ་གཏམས་པའི་དཀྱིལ་འཁོར་ནས། །ལྷ་སྲིན་དགུ་བརྒྱ་བསྣོལ་བའི་བག་རྩེ་ལ། །རྡོ་རྗེ་རལ་


TNT15_Page_1031
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་སྲིད་པ་ཀུན་གྱི་ཡུམ། །བརྗིད་ཅིང་འགྱིང་བའི་ཚུལ་གྱིས་བཞུགས་སུ་གསོལ། །ཏྲཀ་རཀྵ་མ་ཧེ་གུ་ལ་པདྨ་ཡ། ཏིཥྛ་ལྷན། ཙནྡྲ་སུརྻ་ཏི་ར་མཾ་ཧཱུཾ། བསྐལ་པ་མང་པོར་རང་རྒྱུད་ཆེར་སྦྱངས་པས། །སྙིང་རྗེའི་སྟོབས་ཀྱིས་ཕན་པའི་གཟུགས་སྟོན་པ། །བདེ་གཤེགས་རྒྱལ་བའི་བསྟན་པ་བསྲུང་བ་དང༌། །གདུག་པ་འདུལ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །མཆོད་པ་ནི། ཆོས་སྐྱོང་སྤྱི་དང་མཐུན་པར་བྱིན་གྱིས་བརླབས་ནས། རཀྨོ་དུན་ཏིང་མ་མ་ཡ་ཧ་ཧི། ནག་མོ་དུན་ཏིང་མ་མ་ཡ་ཧ་ཧི། ཞེས་པ་རེ་རེའི་མགོར་སྦྱར་ནས། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། བདག་གི་དམ་ཚིག་འགལ་བ་ཅི་བགྱིས་པ། །འཐོལ་ལོ་བཤགས་སོ་ཡེ་ཤེས་ལྷ་མོའི་ཚོགས། །བཤགས་སོ་བཤགས་སོ་འཇིག་རྟེན་མ་མོ་རྣམས། །ཐུགས་རྗེ་ཆེན་པོས་ཚངས་པར་མཛད་དུ་གསོལ། །དེ་ནས་སྤྲོ་ན། མ་མོའི་མཆོད་འཕྲེང༌། སྨན་རཀ་འབུལ་བ་སོགས་རྒྱས་བསྡུས་གང་འོས་རེ་བྱ་ཞིང༌། ཤིན་ཏུ་བསྡུ་ན། མི་དབང་འབྲས་བུ་སྨིན་པ་སྐམ། །ཚལ་གྱི་ཤིང་ཐོག་སྐམ་པོ་དང༌། །ཤིང་ལོ་རླུང་ཁྱེར་སར་མ་ལྷུང༌། །འཆི་ཁའི་ཚལ་ཐིག་གྲི་སྙིང་དང༌། །ནལ་བུའི་ཤ་ཁྲག་རྒྱལ་མཚན་དང༌། །བྱ་ལུག་སྨུག་ནག་ལ་སོགས་པ། །དམ་རྫས་ཐམས་ཅད་བུ་ལ་ཡོད། ཁྱོད་ཀྱི་ཐུགས་དམ་བསྐང་བར་བགྱི། །སྨན་སྣ་བདུད་རྩིའི་རྒྱ་མཚོར་འཁྱིལ། །


TNT15_Page_1032
[མ་དཔེ་གཟིགས་ན་འདིར་གནོན།]

རཀྟའི་ཆུ་ཀླུང་འབུམ་ཕྲག་འབབ། །གཏོར་མའི་ཚོགས་ནི་རི་ལྟར་བརྩིགས། །ཨ་ལ་ལ་ཏེ་བཞེས་སུ་གསོལ། མཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མཧཱ་རཀྟ་ཁཱ་ཧི། བཟླས་པའི་དམིགས་པ་གསལ་བཏབ་ལ། ཨོཾ་ཏྲཀ་རཀྵ་མ་མ་མཧཱ་དུན་བྷྱོཿ མཧཱ་ཡཀྵ། མཧཱ་ཏིཀ་སྣ་ནག་མོ་དུན་ཏིང་ཐུན་བྷྱོཿ ཞེས་ཅི་འགྲུབ་བཟླ། གཏོར་མ་བླ་མེད་སྤྱིའི་གཏོར་ཆོག་བསྡུས་པ་ལྟར་བྱིན་གྱིས་བརླབས་ལ། སྙིང་པོའི་མཐར། མ་མོ་ནག་མོ་བེ་ཏ་ལི་ཀུ་ལུ་ཀུ་ལུ། ཧ་ཧ་མཧཱ་མཾ་ས་ལ་ཁ་རཾ་ཁཱ་ཧི། མཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། མཧཱ་ཙིཏྟ་ལ་ཁ༴ མཧཱ་ཀོ་རོ་ཙ་ན་ལ༴ མཧཱ་པཉྩ་ཨ་མྲྀ་ཏ་ལ༴ ཞེས་བདུན་གྱིས་ཕུལ། ཨརྒྷཾ་ལ་སོགས་པས་མཆོད། བྷྱོཿ དཔལ་ལྡན་ལྷ་མོ་ཆེན་མོ་ནི། །སྲིན་པོའི་ཆུང་མ་རལ་པ་ཅན། །སྐྱེ་གནས་རྣམ་བཞི་སྒྲོལ་བ་མོ། །ནག་མོ་འབུམ་གྱི་དབུས་ན་བཞུགས། །དབང་ཕྱུག་ཀུན་གྱི་གཙོ་མོ་སྟེ། ཁྲོ་མོ་ཀུན་གྱི་སྤྲུལ་པ་ཡིན། །སངས་རྒྱས་ཀུན་དང་སྦྱོར་བའི་ཡུམ། །སྲིད་གསུམ་ཟ་བར་བྱེད་ལ་འདུད། ཁྱོད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་ནས། །འདོད་ཁམས་མ་མོ་སྟོང་སྟོང་འགྱེད། ཁྱོད་ཀྱི་གསང་བ་བྷ་ག་ནས། །ལས་ཀྱི་མ་མོ་སྟོང་སྟོང་འགྱེད། ཁྱོད་ཀྱི་གཡས་གཡོན་ཞབས་དག་ནས། །ཕོ་ཉ་སྟོང་ཕྲག་དྲུག་ཅུ་འགྱེད། །བདུད་དང་ལྷ་འདྲེ་ངན་སེམས་ཅན། །དགྲ་བོ་མ་ལུས་འདུལ་བར་མཛོད། །


TNT15_Page_1033
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་དང་མཚན་མ་མྱུར་དུ་སྟོན། །གང་ལ་བྱ་བ་ནོར་ར་རེ། །མ་མོ་མཁའ་འགྲོ་འཁོར་བཅས་རྣམས། །སྒྲུབ་པོ་བདག་ལ་དངོས་གྲུབ་སྩོལ། །མ་མ་སྙིང་ཁྲག་ཚལ་པ་དུན་དུན་མ་བྷྱོཿ ཞེས་གཏོར་མ་གཙང་སར་བཏང་ངོ༌། །འདིའི་རྗེས་གནང་གི་བྱ་བ་ནི། དམག་ཟོར་རྒྱལ་མོའི་རྗེས་གནང་ཉིད་འདོན་པ་སྤོས་པས་རུང་ཞིང༌། བེ་ཅོན་ཐོད་ཁྲག་ལག་ཏུ་གཏོད་པའི་ཚབ་ཏུ། ཕྱག་མཚན་བཞི་ཆར་གཏོད་དགོས་སོ། །རང་བྱུང་རྒྱལ་མོའི་སྒྲུབ་ཐབས་ལྟར་ན། ཕྱག་གཡས་གཡོན་གྱི་ཕྱག་མཚན་གོ་བཟློག་པའི་ཁྱད་པར་ཁོ་ན་ཡིན་ནོ། །མ་མོ་ཀུན༵་ལས་ཆེས་དག༵འ་བའི། །སྲོག་སྒྲུབ་སྙིང༵་གི་ཐིག་ལེ་ལས། །བརྒྱུད་པ་བཟང་པོ༵འི་མན་ངག་བཞིན། །ཉུང་ངུར་བསྡུས་པ་ངོ་མཚར་ཆེ། །ལྷ་མོ་སྲོག་སྒྲུབ་ལྕགས་ཕུར་མར་གྲགས་པ་རང་བྱུང་རྒྱ་མཚོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །


previousལྷ་མོ་སྲོག་སྒྲུབ་ལྕགས་ཕུར་མར་གྲགས་པ་རང་བྱུང་རྒྱ་མཚོའི་སྒྲུབ་ཐབས།next