Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  collapse section
   
   
   
   
དཔའ་བོ་དུར་ཁྲོད་བདག་པོ་ལྕམ་དྲལ་གྱི་སྒྲུབ་ཐབས།
   
   
   
  expand section
  expand section


 
previousདཔའ་བོ་དུར་ཁྲོད་བདག་པོ་ལྕམ་དྲལ་གྱི་སྒྲུབ་ཐབས།next

དཔའ་བོ་དུར་ཁྲོད་བདག་པོ་ལྕམ་དྲལ་གྱི་སྒྲུབ་ཐབས།


TNT15_Page_1055
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔལ་ལྡན་ཧེ་རུ་ཀར་བཏུད་ནས། །དུར་ཁྲོད་བདག་པོའི་སྒྲུབ་ཐབས་ནི། །གཏོར་ཆོག་རྗེས་གནང་དང་འབྲེལ་བ། །མདོ་ཙམ་བདག་གིས་བཤད་པར་བྱ། །མཆོད་གཏོར་བཤམས་ལ། བདེ་


TNT15_Page_1056
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གམ་རྡོ་རྗེ་རྣལ་འབྱོར་མའི་བདག་བསྐྱེད་སྔོན་དུ་འགྲོ་བས། མཆོད་པ་དང་གཏོར་མ་ཡི་དམ་གྱི་ཆོ་ག་ལྟར་བྱིན་གྱིས་བརླབས། དེ་ནས་རང་གི་མདུན་གྱི་ནམ་མཁར་ཧཱུཾ་ཡིག་ལས་ཨེ་ཆད་པ་ལས་ཡཾ་གྱི་རླུང་གི་དཀྱིལ་འཁོར། རཾ་ལས་རཀྟའི་རྒྱ་མཚོ། སུཾ་ལས་ཞིང་ཆེན་གྱི་གཡང་གཞི། ཀེཾ་ལས་ཀེང་རུས་ཀྱི་རི་རབ། རཾ་ལས་ཉི་མའི་དཀྱིལ་འཁོར། སུཾ་ལས་ཐོད་མཁར་གྱི་གཞལ་ཡས་ཁང༌། དེའི་ནང་དུ་པཾ་ལས་པདྨ་མཎྜ་ལ་ཧཱུཾ་གིས་པདྨའི་གདན། མ་སུརྱ་མཎྜ་ལ་ཧཱུཾ་གིས་ཉི་མའི་གདན། ཨ་ཙཎྜ་མཎྜ་ལ་ཧཱུཾ་གིས་ཟླ་བའི་གདན་ཏེ། གདན་གཉིས་སུ་གྱུར། གདན་གཉིས་ཀྱི་སྟེང་དུ་ས་བོན་ཧཱུཾ་དང་ཨཾ་ལས་དུང་དང་མགྲོན་བུ་ཧཱུཾ་དང་ཨཾ་གིས་མཚན་པ་ལས། དཔའ་བོ་དུར་ཁྲོད་བདག་པོ་ཡབ་ཡུམ་སྐུ་མདོག་དཀར་ལ་འོད་ཟེར་འཕྲོ་བ། ཀེང་རུས་ཤིན་དུ་འཇིགས་པའི་གཟུགས་ཅན། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བགྲད་པ། ལྗགས་འགྲིལ་བ། མཆེ་བ་གཙིགས་པ། ཕྱག་གཡས་ཐོད་སྐམ་གྱི་དབྱུག་པ་ནམ་མཁའ་ལ་འཕྱར་ཞིང༌། གཡོན་པ་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་བཟུང་ནས་ཞལ་དུ་གསོལ་བ། ཞབས་གཡོན་བརྐྱང་གི་བརླ་ལ་གཡས་བསྐུམ་པའི་སོར་མོ་རྣམས་བསྟད་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། རིན་པོ་ཆེའི་དབུ་


TNT15_Page_1057
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་དང༌། སྙན་ཆས་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་ཡབ་ཡུམ་འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བ་གཉིས་སུ་གྱུར། དེ་གཉིས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། ནུབ་ཕྱོགས་ཨུ་རྒྱན་མཁའ་འགྲོའི་ཕོ་བྲང་ནས། དཔའ་བོ་དུར་ཁྲོད་བདག་པོ་ཡབ་ཡུམ་གཉིས་ལ་འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བ། ཨོཾ་བཛྲ་ས་མཱ་ཛཿ ཧཱུཾ། དཔལ་ལྡན་མཐུ་སྟོབས་དབང་ཕྱུག་ཆེ། །འཕྲིན་ལས་རྣམ་བཞིའི་དོན་མཛད་པ། །དད་དང་དམ་ཚིག་ཆེན་པོ་ཡི། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཤྲི་སྨ་ཤ་ན་ཨ་དྷི་པ་ཏ་ཡེ། ཨེ་ཧྱེ་ཧི་པདྨ་ཀ་མ་ལ་ཡེ་སྟྭཾ། ཤྲི་སྨ་ཤ་ན་ཨ་དྷི་པ་ཏི་མཧཱ་པི་ཤཱ་ཙི་ཨརྒྷཾ་ནས་ཤཔྟ་ཨཱཿཧཱུཾ། ཨོཾ་གྲྀ་རཱ་ཛ་གྲྀ་རཱ་ཛ་ཀུ་མ་ཀུ་མ་ཁུཾ་ཐིས་སྭཱཧཱ། དཔའ་བོ་དུར་ཁྲོད་བདག་པོ་ལྕམ་དྲལ་གྱི་ཞིལ་དུ་མཆོད་པར་འབུལ་ལོ། །ཨོཾ་ཨཱཿཧཱུཾ། རྒྱལ་བའི་ཐུགས་ཀྱི་འཕྲིན་ལས་ཀུན། །མ་ལུས་གདུག་པ་འདུལ་བའི་ཕྱིར། །འཇིགས་པའི་སྐུར་སྟོན་འདོད་དོན་སྟེར། །དུར་ཁྲོད་གནས་ཀྱི་བདག་པོར་བསྟོད། །དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་ཀྱིས་དབང་


TNT15_Page_1058
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར། སྐུ་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས། འཁོར་ལོ་བདེ་མཆོག་ལྷན་ཅིག་སྐྱེས་པ་རེ་རེས་དབུ་བརྒྱན། ཨོཾ་བཛྲ་ས་མ་ཡ་སྟྭཾ། ས་མ་ཡ་ཧོ། དཔའ་བོ་དུར་ཁྲོད་བདག་པོ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་རྣམས་དང༌། དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་དགྲ་དང་ཆོམ་རྐུན་ཐམས་ཅད་ཚར་གཅོད་པའི་འཕྲིན་ལས་མཛད་དུ་གསོལ། ཨོཾ་གྲཱྀ་རཱ་ཛ་གྲཱྀ་རཱ་ཛ། ཀུ་མ་ཀུ་མ་ཁུཾ་ཐིས་སྭཱཧཱ། ཤྲི་སྨ་ཤ་ན་ཨ་དྷི་པ་ཏི་མཧཱ་པི་ཤཱ་ཙི་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ། ཤྲི་སྨ་ཤ་ན་ཨ་དྷི་པ་ཏི་མཧཱ་པི་ཤཱ་ཙི་ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་གྲཱྀ་རཱ་ཛ་གྲཱྀ་རཱ་ཛ། ཀུ་མ་ཀུ་མ་ཁུཾ་ཐིས་སྭཱཧཱ། དཔའ་བོ་དུར་ཁྲོད་བདག་པོ་ལྕམ་དྲལ་གྱི་ཞལ་དུ་མཆོད་པར་འབུལ་ལོ། །ཨོཾ་ཨཱཿཧཱུཾ། ཧཱུཾ། རྒྱལ་བའི་ཐུགས་ཀྱི་འཕྲིན་ལས་ཀུན། །མ་ལུས་གདུག་པ་འདུལ་བའི་ཕྱིར། །འཇིགས་པའི་སྐུར་སྟོན་འདོད་དོན་སྟེར། །དུར་ཁྲོད་གནས་ཀྱི་བདག་པོར་བསྟོད། །རྣམ་དཀར་ཀེང་རུས་དག་པའི་གཟུགས། །འཕྲིན་ལས་རྣམ་བཞི་ཐོགས་མེད་པ། །གང་ལ་ཅི་འདོད་དངོས་གྲུབ་ཀུན། །ཉེ་བར་


TNT15_Page_1059
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ་མཛད་ཁྱོད་ལ་བསྟོད། །ཡང་དག་ལམ་ལ་ཉེར་གནས་ཀྱང༌། །ལུས་ཅན་བདེ་ལ་འགོད་མཛད་པའི། །སྲིད་པའི་འཆིང་བ་ཀུན་ལས་སྐྱོབས། །ཕན་བདེ་ཀུན་སྩོལ་ཁྱོད་ལ་བསྟོད། །གང་གིས་ཁྱོད་བསྒྲུབས་ཁྱོད་མཆོད་ན། །དམ་རྫས་ཇི་བཞིན་ཉེར་དགོངས་ནས། །ཇི་ལྟར་གསོལ་བ་བཏབ་པ་བཞིན། །བདག་ལ་དངོས་གྲུབ་མ་ལུས་སྩོལ། །མཆོད་སྦྱིན་གཏོར་མ་རྒྱ་མཚོ་དང༌། །དངོས་གྲུབ་ཀུན་འབྱུང་དམ་རྫས་ཀྱིས། །དཔལ་ལྡན་བསྟན་སྲུང་འཁོར་བཅས་རྣམས། །འཕྲིན་ལས་གང་བཅོལ་སྒྲུབ་པར་མཛོད། །རྗེས་ཡིག་བརྒྱ། བཟོད་གསོལ། གཤེགས་བསྡུ། བདག་བསྲུང༌། སྨོན་ལམ་བཀྲ་ཤིས་རྣམས་སྤྱི་དང་འདྲའོ། །འདིའི་རྗེས་གནང་བྱེད་པར་འདོད་པས། གཏོར་མ་སྟོད་ཟུར་གསུམ། སྨད་ཟླུམ་པོ་མཐེབ་ཀྱུས་བསྐོར་བ་མར་ལ་སོགས་པའི་རྒྱན་ཀྱིས་བརྒྱན་པ། དར་དཀར་པོའི་ཅོད་པན་དང༌། ཡབ་ཡུམ་གྱི་ཙ་ཀ་ལི་གཟུགས། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་བཤམ། རང་གི་མདུན་དུ་ནང་མཆོད་རྡོར་དྲིལ་བཞགཡི་དམ་གྱི་བདག་བསྐྱེད་སྔོན་དུ་འགྲོ་བས། མཆོད་གཏོར་བྱིན་གྱིས་བརླབས་ལ། གཏོར་ཆོག་ནས་འབྱུང་བ་ལྟར་དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་གྱི་གཏོར་མ་ཕུལ། བཟླས་པ་ཅུང་ཟད་བྱས། མཎྜལ་ཕུལ་ཏེ། དཀོན་མཆོག་གསུམ་དང་དབྱེར་མེད་ཅིང༌། །ཡི་དམ་ལྷའི་ངོ་བོ་ཉིད། །བླ་མ་དམ་པའི་ཐུགས་རྗེ་ཡིས། །བྱིན་གྱིས་བརླབས་པ་སྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་


TNT15_Page_1060
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་གུར་ནས་འབྱུང་བའི་རྒྱུན་བཤགས་ལན་གསུམ་བྱེད་དུ་བཅུགདེ་ནས་རྗེས་གནང་གི་གཞི་བཀོད་པའི་དོན་དུ། སློབ་མ་རྣམས་གཏོར་ཆོག་ནས་འབྱུང་བ་ལྟར་གྱི་ཆོས་སྐྱོང་ཡབ་ཡུམ་དུ་བསྐྱེད་དོ། །དངོས་གཞི་ལ། སྐུའི་རྗེས་གནང་ནི། སློབ་དཔོན་འཁོར་ལོ་བདེ་མཆོག་ཡབ་ཡུམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཨུ་རྒྱན་མཁའ་འགྲོའི་ཕོ་བྲང་དང༌། རང་བཞིན་གྱི་གནས་ནས་ཆོས་སྐྱོང་ཡབ་ཡུམ་བསམ་གྱིས་མི་ཁྱབ་པ་བཀུགསློབ་དཔོན་གྱི་ཞལ་དུ་ཞུགས། རྗེས་ཆགས་ཀྱི་མེས་འོད་དུ་བཞུ་ནས། ཡུམ་གྱི་མཁར་ཆོས་སྐྱོང་ཡབ་ཡུམ་དཔག་ཏུ་མེད་པའི་སྐུར་གྱུར་ནས། ཁྱེད་རང་གི་ལུས་ལ་ཐིམ་པར་མོས་པ་མཛོད་བྱས་ལ་གུ་གུལ་གྱིས་བདུགདྲིལ་བུ་སིལ། ཡབ་ཡུམ་གྱི་སྔགས་ཀྱི་རྗེས་སུ། པྲ་བེ་ཤ་ཡ་ཧཱུཾ། ཨ་བེ་ཤ་ཡ་ཧཱུཾ་ཕཊ། ཅེས་པ་མང་དུ་བཟླས། སྐུའི་རྗེས་གནང་ངོ༌། །གསུང་ལ་ཡང༌། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོ་བ་ནས། ཡུམ་གྱི་མཁར་བབས་པའི་བར་འདྲ་ལ། དེ་ནས་ཡི་གེ་ཨཱ་ལི་ཀཱ་ལི་དང༌། ཡབ་ཡུམ་གྱི་སྔགས་སུ་གྱུར་པ་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པར་མོས། སྔར་ལྟར་སྔགས་དང་དྲིལ་བུ་སིལ། ཡབ་ཡུམ་གྱི་སྔགས་ལན་གསུམ་རྗེས་ཟློས་བྱེད་དུ་བཅུག།བཅོམ་ལྡན་བདག་ལ་སོགས་ཀྱང་བྱེད་དུ་བཅུགསློབ་དཔོན་གྱིས་ཀྱང༌། བཅོམ་ལྡན་འདི་ལ་སོགས་བྱ། ཐུགས་ལ་ཡང་ཡུམ་གྱི་


TNT15_Page_1061
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་བབས་པའི་བར་འདྲ་ལ། དེ་ནས་ཕྱག་མཚན་གྲི་གུག་དང༌། རྡོ་རྗེ་དང༌། དབྱུག་ཐོ་དང༌། དགྲ་སྟ་ལ་སོགས་པ་དཔག་ཏུ་མེད་པར་གྱུར་ནས། ཁྱེད་རང་རྣམས་ཀྱི་ཐུགས་ཀར་ཐིམ་པར་མོས་པ་མཛོད་བྱས་ལ། ཏིཥྛ་བཛྲ་ཧཱུཾ་ཨཱཿཏིཥྛ་བཛྲ་ཞེས་བརྗོད། གཏོར་མ་མགོ་ཐོག་ཏུ་བཞག་ལ། རོལ་མོ་དང་བཅས། བླ་མ་བརྒྱུད་པའི་མཚན་སྨོས་ནས། དཔལ་ལྡན་བླ་མ་དམ་པ་རྣམས་དང༌། དཔལ་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་ཀྱི་བཀའ་དང་དམ་ལས་མ་འདའ་བར། དཔལ་དུར་ཁྲོད་བདག་པོ་ཡབ་ཡུམ་འཁོར་དང་བཅས་པས་སློབ་མ་འདི་དག་ལ་འགོ་བར་མཛད་དུ་གསོལ། སངས་རྒྱས་མ་ཐོབ་བར་དུ། ཞི་དང་རྒྱས་དང་དབང་གི་ལས། །བསད་བསྐྲད་དབྱེ་རྨོངས་རེངས་པ་སོགས། །ཇི་ལྟར་བསྒོ་བའི་ལས་སྒྲུབ་ཅིང༌། །སངས་རྒྱས་དམ་ཚིག་རྗེས་དྲན་མཛོད། །ཅེས་བཀའ་བསྒོ། འཕྲིན་ལས་ཐམས་ཅད་སྒྲུབ་པར་བསམ། དེ་ནས་གཙོ་བོས་ཇི་ལྟར་སོགས་གསུམ་གྱི་རྗེས་ལ་མཎྜལ་ཕུལ། དེང་ནས་བརྩམས་ཏེ་སོགས་བརྗོད་ལ། སློབ་མ་རྣམས་དང༌། སློབ་དཔོན་གྱིས་ནོངས་པ་བཟོད་པར་གསོལ། གཏོར་མགྲོན་གཤེགས་གསོལ་བྱ། བསྔོ་བ་སྨོན་ལམ་བཀྲ་ཤིས་ཀྱིས་རྒྱས་གདབ་བོ། །ཀུན༵་ནས་གྲགས་ཆེ་ས་སྐྱ་བའི། །མགོན་དཀར་ཞེས་གྲགས་དག༵འ་བར་བསྔགས། །གང་དེའི་མན་ངག་དང་འབྲེལ་བའི། །རྗེས་གནང་སྙིང༵་པོ༵་ཐོ་ཡིག་གོ །དཔའ་བོ་དུར་ཁྲོད་བདག་པོ་ལྕམ་དྲལ་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།


previousདཔའ་བོ་དུར་ཁྲོད་བདག་པོ་ལྕམ་དྲལ་གྱི་སྒྲུབ་ཐབས།next