Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


  collapse section
   
  collapse section
   
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
  collapse section
   
སྒྲུབ་ཐབས་བརྒྱ་རྩའི་ལག་ལེན་གསལ་བྱེད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   


 
previousསྒྲུབ་ཐབས་བརྒྱ་རྩའི་ལག་ལེན་གསལ་བྱེད།next

སྒྲུབ་ཐབས་བརྒྱ་རྩའི་ལག་ལེན་གསལ་བྱེད།


TNT15_Page_1077
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས་བརྒྱ་རྩའི་ལག་ལེན་གསལ་བྱེད་བཞུགས།


TNT15_Page_1078
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ན་མོ་བུདྡྷཱ་ཡ། སྒྲུབ་ཐབས་བརྒྱ་རྩའི་ལག་ལེན་གསལ་བྱེད་ཅེས་བྱ་བ། བླ་མ་དང་ལྷག་པའི་ལྷ་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བ་སྟོན་པ་ཤཱཀྱའི་ཏོག།དེ་ལ་དད་པས་རབ་བཏུད་ནས། །སྒྲུབ་ཐབས་བརྒྱ་རྩ་ཡོན་ཏན་གྱི། །འབྱུང་གནས་རྨད་བྱུང་འདིར་འཇུག་བྱ། །དེ་ལ་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་བྱེད་ཚུལ་ལག་ལེན་ནི་འདི་ཡིན་ཏེ། ཐོག་མ་ཐུབ་པ་རྡོ་རྗེ་གདན་གྱི་མངོན་རྟོགས་དང་རྗེས་གནང་གི་ཆོ་ག་ཤེས་པར་བྱ་སྟེ། དུས་བཟང་པོ་ལ་སློབ་དཔོན་བཟང་པོས་སློབ་མ་བཟང་པོ་ལ་སྦྱིན་ཏེ་དེ་ཡང་སྟེགས་བུ་གྲུ་བཞི་པ་རས་བཟང་པོས་གཡོགས་པའི་དབུས་སུ་མཎྜལ་གུར་གུམ་གྱིས་བྱུགས་པར། རྡོ་རྗེ་གདན་གཙོ་འཁོར་གསུམ་གྱི་ཚོམ་བུ་དབུས་མ་ཆེ་བ། གཡས་གཡོན་དུ་ཆུང་བ་རེ་རེ་མཚར་དུ་བསྒྲིགས། བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག །ཤར་དུ་མཆོད་ཡོན། ཤར་


TNT15_Page_1079
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོར་ཞབས་བསིལ། ལྷོར་མེ་ཏོགལྷོ་ནུབ་ཏུ་བདུག་སྤོས། ནུབ་ཏུ་མར་མེ། ནུབ་བྱང་དུ་དྲི་ཆབ། བྱང་དུ་ལྷ་བཤོས། ཇི་ལྟར་བདེ་བར་གཏོར་མ་བཤམས། རྗེས་གནང་དུ་མ་ཞིག་རྗེས་ལ་སྦྲེལ་ནས་བྱེད་ན། ཇི་ཙམ་བྱེད་པའི་ལྷ་བཤོས་ཀྱི་གྲངས་དང༌། གཏོར་གསོས་ཀྱི་མཐེབ་ཀྱུ། མེ་ཏོག་གསོ་ཆས། སྤོས་འབུལ་རྒྱུ། མཆོད་ཡོན། ཞབས་བསིལ། དྲི་ཆབ་གསོ་བ་དང༌། གཏོར་མ་སྦྱངས་ཆས་ཀྱི་ཆུ་རྣམས་སྟ་གོན་བྱ། སློབ་དཔོན་གྱི་མདུན་དུ་ལྕོག་རྩེའི་སྟེང་དུ་ཏིང་ཤག་དང་རྡོར་དྲིལ་གང་འོས། སློབ་མ་རྣམས་ལ་འཐོར་རྒྱུའི་མེ་ཏོག་ཏིང་ཕོར་དང༌། སློབ་མ་རྣམས་ལ་འགྱེད་རྒྱུའི་མེ་ཏོག་ཀ་ཏོ་ར་རེ་ལས་ཀྱི་རྡོ་རྗེའི་མདུན་དུ་མཎྜལ་དང༌། དེ་ལ་བྱུགས་པའི་ཆུ་དང་བཅས་པ་བཤམས། དེ་ནས་སློབ་དཔོན་གྱིས་འདི་སྐད་ཅེས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་


TNT15_Page_1080
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ༴ ཆོས་ལ༴ དགེ་འདུན་ལ༴ ལན་བདུན་མཛད། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་དམཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིགརང་སྐད་ཅིག་གིས་ཐུབ་པ་རྡོ་རྗེ་གདན་དུ་གསལ་བའི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཡི་གེ་ཧཱུཾ་གསེར་གྱི་མདོག་ཅན། དེ་ལས་འོད་འཕྲོས་མདུན་གྱི་ནམ་མཁར་ཐུབ་པ་ཆེན་པོ་གཙོ་འཁོར་གསུམ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ ཨོཾ་ཤཱཀྱ་མུ་ནི་ས་པ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཨོཾ་བཛྲ་དྷུ་པེ་ཨཱཿཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཨོཾབཛྲ་ནཻ་ཝེ་ཏེ་ཨཱཿཧཱུཾ། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་


TNT15_Page_1081
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་རིན་པོ་ཆེའི་ཁྲི་ཕྱོགས་བཞིར་བདུད་བཞི། མཚམས་བཞིར་སེང་གེ་བཞིས་བཏེག་པའི་སྟེང་དུ། པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་ལས་རྡོ་རྗེ་སེར་པོ་ཧཱུཾ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་ཐུབ་པ་རྡོ་རྗེ་གདན་སྐུ་མདོག་གསེར་བཙོ་མ་ལྟ་བུ། ཞལ་གཅིག་ཕྱག་གཉིས་པ། གཡས་ས་གནོན། གཡོན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང༌། ན་བཟའ་ཆོས་གོས་ངུར་སྨྲིག་གསོལ་བ། དབུ་གཙུག་ཏོར་དང་བཅས་པ། ཚངས་པར་སྤྱོད་པའི་ཆ་ལུགས་ཅན། དེའི་གཡས་སུ་བྱམས་པ་སེར་པོ་གཡས་རིན་པོ་ཆེའི་རྔ་ཡབ། གཡོན་ཀླུ་ཤིང་གི་ཡལ་ག་མེ་ཏོག་དང་བཅས་པ་བསྣམས་པ། གཡོན་ན་སྤྱན་རས་གཟིགས་དཀར་པོ་གཡས་རིན་པོ་ཆེའི་རྔ་ཡབ། གཡོན་པདྨ་བསྣམས་པ། གཉིས་ཀའང་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། བཅོམ་ལྡན་འདས་ཀྱི་ཞལ་རས་ལ་བལྟ་བའོ། །དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་


TNT15_Page_1082
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཐམས་ཅད་ཐུབ་པ་རྡོ་རྗེ་གདན་གཙོ་འཁོར་གསུམ་གྱི་རྣམ་པར་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨངྐུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨཱ་བེ་ཤ་ཨཱཿ གཉིས་སུ་མེད་པར་ཐིམ། དེ་དག་གི་ཕྱག་རྒྱ་སྤྱི་འགྲོ་ལྟར་མཛད། ཡང་སྙིང་གའི་ཧཱུཾ་ལས་འོད་འཕྲོས། དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུངས་ཤིང་དབང་བསྐུར་བས། བཅོམ་ལྡན་འདས་ལ་མི་བསྐྱོད་པ། བྱམས་པ་ལ་རྣམ་སྣང་། སྤྱན་རས་གཟིགས་ལ་འོད་དཔག་མེད་ཀྱིས་དབུ་བརྒྱན། ཨོཾ་ཨཱཿབཛྲ་ཧཱུཾ་སྭཱཧཱ། ཞེས་བཟླས་ལ། མཐར་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། ཛཿཧཱུཾ་བཾ་ཧོཿ འཁོར་གཉིས་རང་ལ་ཐིམ་མོ། །ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོགབདུག་སྤོས། མར་མེ། དྲི། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ། འཕགས་པ་ཀུན་དུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་དཔག་ཏུ་མེད་པར་གྱུར། ཨོཾ་ཨརྒྷཾ་ཨཿཧཱུཾ། ཨོཾ་པཱ་དྱཾ་ཨཱཿཧཱུཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་ནས་ཤཔྟ་ཨཱཿཧཱུཾ།


TNT15_Page_1083
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་སྥ་ར་ཎ་ཁཾ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སོགས། སྟོང་པའི་ངང་ལས་དྲིའི་མཎྜལ་གྱི་དབུས་སུ་རིན་པོ་ཆེའི་ཁྲི་ཞེས་པ་ནས་མདུན་བསྐྱེད་ཡིན་པས་བདག་ཉིད་མི་ཟེར། ཁྱེད་ཀྱིས་འདི་ལ་དབང་བསྐུར་ཞེས་འདོན་པ་སྤོ། གཞན་དབུ་བརྒྱན་པའི་བར་གོང་གི་བདག་བསྐྱེད་དང་འདྲ་བར་མཛད་ནས། ཨོཾ་ཤཱཀྱ་མུ་ནི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ་ནས། ཤཱཀྱ་མུ་ནི་ས་པ་རི་ཝ་ར་ཤཔྟ་ཨཱཿཧཱུཾ་གི་བར་དང༌། ན་མཿསརྦ་བུདྡྷ་བོ་དྷི་སཏྭ་ནཱཾ། ཨོཾ་སརྦ་བིད་པུ་ར་པུ་ར། སུ་ར་སུ་ར། ཨཱ་ཝརྟ་ཡ་བྷྱཿསྭཱཧཱ། མཆོད་ཡོན་སོགས་ཀྱི་ཕྱག་རྒྱ་བཅིང༌། སརྦ་བིད་ལ་གང་བའི་ཕྱག་རྒྱ་མཛད། ཐབས་མཁས་ཐུགས་རྗེ་ཆེ་སོགས་དང༌། བྱམས་ཆེན་མེ་སོགས་དང༌། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། བཟླས་པ་བདུན་ཙམ་གྱིས་མཉེས་པར་བྱས། ཨོཾ་ཨཱཿཧཱུཾ་གིས་གཏོར་མ་བྱིན་གྱིས་བརླབས། ཨོཾ་ཤཱཀྱ་མུ་ནི་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་ཕུལ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་བརྗོད། དེ་ནས་མཆོད་གཡོག་པ་གཅིག་གིས། ཐམས་ཅད་ལ་ཁྲུས་ཀྱི་ཕྱིར་ཆབ་བཏང༌། ནང་གི་མཆོད་གཡོག་པས་མེ་ཏོག་འགྱེད་སྡུད་སྐབས་ཆ་གཉིས་བྱས་ལ། མེ་ཏོག་ཕྱེད་ཕྱེད་སློབ་མ་སོ་སོ་རང་གིས་ཚགས་བྱེད་དུ་འཇུགགསོལ་བཏབ་ཀྱི་དུས་སུ་ཐལ་མོ་སྟོང་པར་མ་སོང་བ་བྱེད། ཕྱེད་བསྡུས་ལ་མཎྜལ་ཕུལ། གྲལ་དང་མེ་ཏོག་བཀྲམ་བསྡུ་ཟིན་པ་དང༌། འདི་སྐད་ཅེས། འོ་ན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་དམ་པའི་ཆོས་ཟབ་མོ་གསན་དགོངས་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་


TNT15_Page_1084
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བཏབ་ནས་གསན་པ་ཞུ། འདིར་རྒྱུད་སྡེ་བཞི་ལས་སྒྲུབ་ཐབས་དུ་མ་གསུངས་པ་རྣམས་ལ། རྒྱ་གར་གྱི་སློབ་དཔོན་སོ་སོས་སྒྲུབ་ཐབས་མཛད་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་སྒྲུབ་ཐབས་རྒྱས་འབྲིང་བསྡུས་གསུམ་བཞུགས་པ་ཡིན་ལ། བསྡུས་པ་འདི་བྷ་ག་ལའི་པཎྜི་ཏ་གཞོན་ནུ་སྦས་པས་བསྡུས་པ་སྟེ། བ་རི་ལོ་ཙཱ་བས་བསྒྱུར་བ་འདི་ལ་སྒྲུབ་ཐབས་གཟུངས་དང་བཅས་པ་དཔེ་སྣ་དགུ་བཅུ་གོ་དྲུག་ཡོད། ས་སྐྱ་བ་གོང་མ་རྣམས་ལས་བརྒྱུད་ཅིང་ཐུགས་རྩིས་སུ་མཛད་པ་ཡིན་ལ། རྒྱ་གཞུང་རྣམས་ལ་ས་བཅད་དང་དཀའ་གནས་ལ་དཔྱོད་པའི་མཆན་བུ་དང་ཊཱི་ཀ་རྣམས་ཡོད་པས་འདི་ནི་གཞུང་ཡང་ལེགས་པར་བཤད་ནུས་ཤིང༌། ཤིན་དུ་ཡིད་ཆེས་པའི་གནས་ཡིན་པས། དེའི་ལུགས་ཀྱི་རྗེས་གནང་གི་ཆོ་ག་སྒྲུབ་པར་བགྱིད་པ་ལ། དང་པོ་ཐུབ་པ་རྡོ་རྗེ་གདན་གྱི་རྗེས་གནང་སྒྲུབ་པར་བྱེད་པ་ལ། སློབ་དཔོན་གྱི་བདག་བསྐྱེད་བཟླས་པ་དང་བཅས་པ། མདུན་དུ་དྲིའི་མཎྜལ་གྱི་དབུས་སུ་བཅོམ་ལྡན་འདས་བསྐྱེད་པ་ལ་མཆོད་བསྟོད་བཟླས་པས་མཉེས་པར་བྱ་བ་དང༌། གཏོར་མ་རྣམས་སྔོན་དུ་སོང་ཟིན་པ་ནས། རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད་ཅེས་བྱ། སློབ་མས་འདིར་མཎྜལ་ཕུལ། ཡང་བླ་མས་འདི་སྐད་ཅེས་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་གསུངས་ཤིགདུས་གསུམ་སངས་རྒྱས་ཐམས་ཅད་དང༌། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྗེས་གནང་སྩལ་དུ་གསོལ། །ལན་གསུམ། རྒྱུད་དག་པར་བྱ་བའི་ཕྱིར།


TNT15_Page_1085
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་བསྐྱེད་ཀྱི་ལྷ་དང་སངས་རྒྱས་བྱང་སེམས་རྣམས་ཀྱི་དྲུང་དུ་རྒྱུན་བཤགས་དང་སྐྱབས་གསུམ་སྔོན་དུ་འགྲོ་བའི་བྱང་ཆུབ་ཀྱི་སེམས་བཟུང་བ་ལ་སོགས་པ་བགྱིད་སྙམ་པའི་བསམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་གསུམ་དང༌། ཁྱད་པར་དུ་ཐུབ་པ་རྡོ་རྗེ་གདན་གྱི་རྗེས་གནང་སྩལ་དུ་གསོལ་སྙམ་པའི་འདུན་པས་འདིའི་རྗེས་ཟློས་ཀྱང་གསུངས་ཤིགསློབ་དཔོན་དགོངས་སུ་གསོལ། བདག་ལ་བཅོམ་ལྡན་འདས་ཐུབ་པ་རྡོ་རྗེ་གདན་གྱི་རྗེས་གནང་མ་ལུས་པ་སྩལ་དུ་གསོལ། ཞེས་ལན་གསུམ་གྱི་གསོལ་བ་བཏབ་ནས། ད་སྦྱོར་བ་རྗེས་གནང་གི་གཞི་དགོད་པའི་སླད་དུ་དམིགས་པ་འདི་བཞིན་མཛད་པ་ཞུ། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཕྱི་ནང་གི་དངོས་པོ་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར་པའི་ངང་ལས། རིན་པོ་ཆེའི་ཁྲི་སོགས་དང༌། ཁྱེད་རང་རྣམས་བཅོམ་ལྡན་འདས་ཐུབ་པ་ཞེས་སོགས་ནས། བལྟ་བའོ། །ཞེས་པའི་བར་གཙོ་འཁོར་གསུམ་བདག་བསྐྱེད་བཞིན་གསལ་བཏབ་བོ། །དེ་ནས་སློབ་དཔོན་ཡང་རང་གིས་བསྒོམ་པ་དང་འདྲ་བའི་ཐུབ་པ་རྡོ་རྗེ་གདན་དངོས་ཡིན་སྙམ་པའི་མོས་གུས་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ལྷའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་བས། སློབ་དཔོན་དང་མདུན་བསྐྱེད་ཀྱི་ལྷ་དང༌། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་


TNT15_Page_1086
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་ཐུགས་ཀ་ནས་ཐུབ་པ་རྡོ་རྗེ་གདན་འཁོར་དང་བཅས་པའི་སྐུ་ཆེ་ཆུང་མ་ངེས་པ་དཔག་ཏུ་མེད་པ་བྱོན། ཁྱེད་རང་རྣམས་ཀྱི་སྤྱི་གཙུག་ལ་སོགས་པ་དང་བ་སྤུའི་བུ་ག་རྣམས་ནས་ཆར་བབས་པ་བཞིན་དུ་སིབ་སིབ་ཐིམ་པར་མོས་པ་མཛོད། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དེ་དག་ནི་རྗེས་གནང་གི་གཞི་དགོད་པའོ། །རྗེས་གནང་དངོས་ལ་ལུང་གསུམ་ལས། དང་པོ་རྗེས་སུ་བཟླས་པའི་ལུང་བླང་བའི་ཕྱིར། སློབ་དཔོན་གྱི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་སེར་པོ། དེ་ལས་སྔགས་ཀྱི་འཕྲེང་བ་བྱུང༌། སློབ་དཔོན་གྱི་ཁ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་སེར་པོ་གནས་པ་ལ་ཐིམ། དེའི་དུས་སུ་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཁྱེན་བརྩེ་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྔགས་འཕྲེང་དང་ལྷན་ཅིག་ཞལ་དུ་ཞུགས། སྙིང་གའི་ཧཱུཾ་ལ་ཐིམ་པའི་མོས་པ་མཛོད་ལ། སྔགས་འདིའི་རྗེས་ཟློས་ལན་གསུམ་གསུངས་ཤིག ཨོཾ་ཨཱཿབཛྲ་ཧཱུཾ་སྭཱཧཱ་གསུམ། དང་པོས་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་འདྲེས། གསུམ་པས་བརྟན་པར་བྱས་པའི་མོས་པ་མཛོད། གཉིས་པ་བྱིན་གྱིས་བརླབས་པའི་ལུང་ནི། སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས་མཛོད་ཅིག བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་ལན་གསུམ། དེ་ལྟར་ཕུལ་བའི་མེ་ཏོག་དེ་ཉིད་སླར་ཡང་བྱིན་གྱིས་བརླབས་ཏེ། ཁྱེད་རང་གི་སྤྱི་བོར་ཕུལ་བར་མོས་པ་


TNT15_Page_1087
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་ཅིག སློབ་དཔོན་གྱིས་མེ་ཏོག་གཏོར་ཞིང༌། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ལ་བཅོམ་ལྡན་འདས་ཐུབ་པ་རྡོ་རྗེ་གདན་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག། གསུམ་པ་དམ་བཅའ་བའི་ལུང་གི་ཕྱིར། བཅོམ་ལྡན་འདས་ཐུབ་པ་རྡོ་རྗེ་གདན་འདི་ཉིད་ཇི་སྲིད་བྱང་ཆུབ་མ་ཐོབ་བར་གྱི་ཡི་དམ་དུ་བཟུང་ངོ༌། །བདག་ཐུགས་ཀྱིས་མ་བཏང་ཞིག་སྙམ་པའི་བསམ་པས་འདིའི་རྗེས་ཟློས་གསུངས་ཤིགསློབ་དཔོན་དགོངས་སུ་གསོལ། བདག་རིག་པ་འཛིན་པ་མིང་འདི་ཞེས་བགྱི་བ། དུས་འདི་ནས་གཟུང་ནས། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། བཅོམ་ལྡན་འདས་ཐུབ་པ་རྡོ་རྗེ་གདན་འཁོར་དང་བཅས་པ་ཡི་དམ་གྱི་ལྷར་བཟུང་ནས། འདིའི་གསང་སྔགས་ཉི་མ་རེ་རེ་བཞིན་འདི་ཙམ་རེ་འདོན་པར་དམ་བཅའ་ལགས་སོ། །ཞེས་ལན་གསུམ་བརྗོད། དེའི་དངོས་གཞི་ལུང་གསུམ་སོང༌། ད་ནི་རྗེས་བྱིན་གྱིས་བརླབ་པའི་ཕྱིར། མདུན་བསྐྱེད་ཀྱི་ལྷ་ལ་མོས་གུས་དུང་དུང་བ་དང༌། བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ་མཛད་པས། མདུན་གྱི་ལྷའི་ཐུགས་ཀ་ནས། ཐུབ་པ་རྡོ་རྗེ་གདན་གྱི་སྐུ་སོར་ཚད་ཙམ་ཞིག་རྒྱངས་ཏེ་བྱོན། ཁྱེད་རང་རྣམས་ཀྱི་སྙིང་གའི་ས་བོན་དང་དབྱེར་མེད་དུ་འདྲེས། རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། འདི་ཡིག་རྙིང་ན་མེད་ནའང་ཕྱག་ལེན་ལ་མཛད།


TNT15_Page_1088
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་འདིའི་རྒྱ་གཞུང་སྒྲུབ་ཐབས་ཀྱི་ལུང་ཡང་སྤྲོ་ན་བྱའོ། །དེ་དག་ནི་ཐུབ་པ་རྡོ་རྗེ་གདན་གྱི་རྗེས་གནང་ལུང་དང་བཅས་པའོ། །འདི་གཅིག་པུ་ཡིན་ན། གཙོ་བོས་ཇི་ལྟར་འོག་ནས་འབྱུང་བ་བཞིན་བྱ། གཞན་དང་སྤྲེལ་ནས་བྱེད་ན། སློབ་མ་རྣམས་ཀྱིས། སློབ་དཔོན་ཆོ་ག་སྒྲུབ་པའི་བར་ལ་མདོ་འདོན་པ་སོགས་བྱེད་དོ། །སློབ་དཔོན་གྱིས་ཨོཾ་བཛྲ་མུཿ ཚོམ་བུའི་ཡེ་ཤེས་པ་གཤེགས། ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་རང་ལ་ཐིམ། ཆོས་ཐུན་རེ་ལ་རྗེས་གནང་མང་པོ་སྦྲེལ་ནས་མཛད་ན། སྤྱིར་སློབ་དཔོན་གྱི་བྱ་བ་ལ་སྐྱབས་འགྲོ་སེམས་བསྐྱེད་ཀུན་ལ་འདྲ། ཚོགས་ཞིང་དང༌། ཚད་མེད་རྟིང་མ་རྣམས་ལ་མི་མཛད་པར། སྟོང་ཉིད་ལས་དམ་ཚིག་པ་བསྐྱེད་པ་སོགས་འགྲེ། གནས་གསུམ་བྱིན་རླབས་འདྲ། ཡེ་ཤེས་པ་ལྷ་དེ་དང་དེའི་རྣམ་པར་སྤྱན་འདྲེན། དབང་བསྐུར་འདྲ། རིགས་བདག་སོ་སོར་ཡོད་དེ་འགྲེ། བཟླས་པ་སོ་སོ། འདོད་དོན་གསོལ་བཏབ་འདྲ། འཁོར་ཡོད་ན་གཙོ་བོ་ལ་བསྡུད་པའང་འདྲ། མཆོད་པ་བྱིན་རླབས། མཎྜལ་བསངས་སྦྱངས་འདྲ། སྟོང་པའི་ངང་ལས་དྲིའི་མཎྜལ་གྱི་དབུས་སུ་དམ་ཚིག་པ་བསྐྱེད་པ་ལས་བདག་ཉིད་ཙམ་པ་འཇོག །གཞན་སོ་སོའི་བསྐྱེད་ཆོག་བཞིན་བསྐྱེད་རྗེས་སོ་སོའི་ཡེ་ཤེས་པ་སྤྱན་འདྲེན་ཏེ། གཞན་འགྲེ། བཟླས་ལུང་སོ་སོར་འབྱུང༌། དམ་བཅའ་ལུང་ལ་འདོན་པ་སྤོ། བྱིན་གྱིས་བརླབས་པ་ལ་སོ་སོའི་ལྷ་བྱོན་པའི་དམིགས་པ་སྤོ། སྔ་མ་ཚོ་ལ་ལུང་གསུང་ཚར་རྗེས། དེ་དག་གིས་ནི་ལྷ་འདི་ཞེས་བྱ་བའི་རྗེས་གནང་གི་ཆོ་གའོ། །ཞེས་བརྗོད། མདུན་བསྐྱེད་ཀྱི་ཡི་དམ་གཤེགས་བསྡུ་ཡང་འདྲ། རྗེས་ལུང་ཚར་ཚར་བཞུགས་སུ་བཅུག་སྟེ། མཆོད་པ་འབུལ། ཉིན་གཅིག་གི་རྗེས་གནང་རྟིང་མ་ལ། དེ་ནས་གཙོ་བོས་


TNT15_Page_1089
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་སོགས་གསུམ་གྱིས་དམ་ཚིག་བཟུང༌། གཏང་རག་གི་མཎྜལ་དང༌། དེང་ནས་བརྩམས་ཏེ་སོགས་ཚར་གསུམ་བྱ། འདིར་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་ལས། བཅོམ་ལྡན་འདས་ཐུབ་པ་རྡོ་རྗེ་གདན་གྱི་རྗེས་གནང་ཞེས་སམ། རྡོ་རྗེ་གདན་ལ་སོགས་པ་ལྷ་ཁྱད་པར་དུ་འཕགས་པ་འགའ་ཞིག་གི་རྗེས་གནང་གསན་པ་ཡིན་པས། དེས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛོད། ཅེས་བྱས་ནས་བླ་མས་རྗེས་གནང་རྟིང་མའི་ལྷ་ཚོགས་སངས་རྒྱས་བྱང་སེམས་རྣམས་ལ་མཆོད་པ་གོང་མདུན་བསྐྱེད་སྒྲུབ་པའི་སྐབས་ཀྱིས་འགྲེ་ཞིང༌། འདི་སྐབས་རྔ་བརྡུང༌། བསྟོད་པ་མཉམ་ཉིད་མི་གཡོ་བ་བྱེད། དགོས་འདོད་ཀྱི་དངོས་གྲུབ་བླང༌། ཡིག་བརྒྱ་བརྗོད། བཟོད་པར་གསོལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་བསྡུ། བཀྲ་ཤིས་བརྗོད་པའི་ཚིགསྟོན་མཆོག་དམ་པ་སོགས་ཏེ་རོལ་མོ་རྒྱ་ཆེར་མཛད་དོ། །དེ་ལྟར་སྒྲུབ་ཐབས་ཐོག་མ་ཐུབ་པ་རྡོ་རྗེ་གདན་གྱི་སྒྲུབ་ཐབས། རྗེས་གནང་སྤྱི་ཆིངས་དང་བཅས་པ་བཤད་ཟིན་པ་ལྟར། ལེགས་པར་ངེས་ནས་འོག་མ་འདི་རྣམས་ལ་འཇུག་པར་བྱའོ། །སྒྲུབ་ཐབས་ཀྱི་རྒྱ་གཞུང་དོན་གཅིག་པ་རྣམས་ནི་སྒྲུབ་ཐབས་དཔེ་ཚན་དུ་མ་ཡོད་ཀྱང་རྗེས་གནང་གཅིག་གིས་ཆོག་ཅིང༌། ཆོ་གའི་ཡན་ལག་ལ་རྒྱས་བསྡུས་དང་མི་འདྲ་བ་ཡོད་དུ་ཟིན་ཀྱང་རྒྱུ་ས་བོན་གཅིག་ཅིང༌། འབྲས་བུ་ལྷའི་རྣམ་པ་རྒྱས་འདེབས་རིགས་བདག་ཀྱང་གཅིག་ཅིང༌། བཟླས་བྱའི་སྔགས་ཀྱང་གཅིག་ན། སྒྲུབ་ཐབས་དོན་གཅིག་པར་འཇོག་པས་རྗེས་གནང་གི་སྐབས་འདིར་གཅིག་ཏུ་བསྡུས་པས་ཆོག་གོ །ཡང་སྒྲུབ་ཐབས་ཀྱི་གཞུང་གཅིག་གི་ནང་ནས། ལྷ་ངོ་བོ་གཅིག་ལ་ཞལ་ཕྱག་མང་ཉུང་དང༌། ཕྱག་མཚན་འདམ་ཁ་ཡོད་པ་སོགས་ལ་


TNT15_Page_1090
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལ་རྗེས་གནང་གཅིག་གིས་ཆོག་མོད་ཀྱང༌། སོ་སོར་མཛད་པའི་ཕྱག་ལེན་ཡོད་པ། འགྲུབ་ན་རྗེས་གནང་རྐང་ཚུགས་རེ་རེ་བྱ། བསྡུ་ན་འདམ་ཁའི་ལྷ་གཉིས་ཀར་དུས་གཅིག་ཏུ་བསྐྱེད་ནས། བཟླས་ལུང་སོགས་གཅིག་གིས་ཆོག་པ་བྱས་ཀྱང་རུང༌། ཡང་ན་འདམ་ཁ་ཡོད་པ་རྣམས་ལ་རྒྱས་བསྡུས་ཡོད་ན་རྒྱས་པའི་ཕྱོགས་དེ་ལ་རྗེས་གནང་བྱ། རྒྱས་བསྡུས་ཀྱི་ཁྱད་མེད་ན་གང་ཡང་རུང་བ་ཞིག་གི་རྗེས་གནང་བྱས་པ། གཞན་དེ་རྣམས་ལ་ཡང་ན་བཅོམ་ལྡན་འདས་འདི་ཞལ་ཕྱག་རྣམ་པ་འདི་དག་འདི་ལྟ་བུར་བསྒོམ་པར་རུང་བ་ཡིན་ནོ། །ཞེས་བརྗོད་ནའང་ལེགས་སོ། །གཞང་ཡང་སྤྱིར་བཏང་གི་དབང་དུ་བྱས་ནས། ཞི་བ་རྣམས་ལ་ལྷ་རྫས་ཀྱི་དར་སྣ་ཚོགས་པས་སྨད་དཀྲིས་དང་སྟོད་གཡོགས་གསོལ་བ། རིན་པོ་ཆེའི་དབུ་རྒྱན་སྙན་རྒྱན་མགུལ་རྒྱན། དོ་ཤལ་དཔུང་རྒྱན་ཕྱག་གདུབ་ཞབས་གདུབ་ལ་སོགས་པ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྒེག་ཅིང་ལང་ཚོ་ལ་བབ་པ། མཚར་སྡུག་ཕུན་སུམ་ཚོགས་པ། འོད་དང་འོད་ཟེར་དཔག་ཏུ་མེད་པ་འབར་ཞིང་འཕྲོ་བ་ཞེས་པ་དང༌། དེའི་ནང་ཚན་ལྷ་ཕོ་ལ། དབུ་སྐྲ་རལ་པའི་ཐོར་ཚུགས་སམ། རིན་པོ་ཆེའི་ཐོར་ཚུགས་ཅན། མཚན་དང་དཔེ་བྱད་ཐམས་ཅད་ཡོངས་སུ་རྫོགས་པ་ཞེས་ལྷག་པོར་བརྗོད། ལྷ་མོ་ལ་སྐེད་སྐབས་ཕྲ་ཞིང༌། ནུ་འབུར་རྒྱས་པ། དབུ་སྐྲ་ལྟག་པར་བཅིངས་པ། འཛུམ་ཞིང་ཡིད་དུ་འོང་པའི་རྣམ་པ་ཞེས་ལྷག་པོར་བརྗོད། ཁྲོ་བོ་རྣམས་ལ་སྦོམ་ཞིང་ཐུང་ལ་གསུས་ཁྱིམ་ཆེ་བ། ཞལ་གདངས་ཤིང་མཆེ་བ་གཙིགས་པ་ལྗགས་འགྲིལ་བ་དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་བགྲད་པ། སྨ་ར་དང་སྨིན་


TNT15_Page_1091
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་དབུ་སྐྲ་སེར་པོའམ་དམར་པོའམ། དམར་སེར་རམ། ཁམ་སེར་གྱེན་དུ་བརྫེས་པ། སྟག་གི་པགས་པའི་ཤམ་ཐབས་ཅན་གདུག་པའི་སྦྲུལ་ཆེན་པོ་བརྒྱད་ཀྱིས་སྐུ་ལ་བརྒྱན་པ་ཞེས་དང༌། ཁྲོ་མོ་ལ་ཡང་དེ་དང་འདྲ་བ་ལས། སྨ་ར་སེར་པོ་ཞེས་པ་སྤངས་ལ། ནུ་འབུར་ལྷག་པར་རྒྱས་པ་ཞེས་ལྷག་པོར་བརྗོད། འདི་རྣམས་འོག་གི་སྒྲུབ་ཐབས་སོ་སོའི་སྐབས་ཐམས་ཅད་དུ་མ་རྗེད་ཅིང་དྲན་པ་གལ་ཆེའོ། །དམིགས་གསལ་ཡོད་པ་རྣམས་སོ་སོའི་སྐབས་སུ་ཤེས་པར་བྱའོ། །ད་ནི་སོ་སོའི་སྒྲུབ་ཐབས་བརྗོད་པར་བྱ་སྟེ། འཕགས་པ་འཇམ་དབྱངས་བརྟན་པའི་འཁོར་ལོའི་སྒྲུབ་ཐབས་གསུམ་ལ་རྗེས་གནང་གཅིག་བྱ་སྟེ། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། ཨཱཿལས་ཟླ་བའི་གདན་གྱི་སྟེང་དུ་ཡི་གེ་མུཿ དམར་པོ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་པ་འཇམ་དཔལ་བསྟན་པའི་འཁོར་ལོ། སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས། གཡས་ཤེས་རབ་ཀྱི་རལ་གྲི་ནམ་མཁར་འཕྱར་བ། གཡོན་པོ་ཏི་ཐུགས་ཀར་བཟུང་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། རལ་བའི་ཟུར་ཕུད་ལྔ་དང་ལྡན་པའོ། །གནས་གསུམ་བྱིན་རླབས། ཡེ་ཤེས་སྤྱན་འདྲེན། དབང་བསྐུར་རྒྱས་བཏབ་རྣམས་ཐུབ་པ་རྡོ་རྗེ་གདན་གྱི་སྐབས་དང་འདྲ། མི་བསྐྱོད་པས་དབུ་བརྒྱན། སྔགས་ནི། ཨོཾ་ཨ་ར་པ་ཙ་ན་མུཿ བསྟོད་པ་ལ། གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་བརྒྱན་ཞིང༌། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་པའི་


TNT15_Page_1092
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། འོག་ནས་འབྱུང་བའི་འཇམ་དབྱངས་ཀྱི་སྒྲུབ་ཐབས་ཐམས་ཅད་ལ་ཡང་བསྟོད་པ་འདི་ཁོ་ན་སྦྱར་རོ། །འདི་ལ་རྒྱ་གཞུང་གསུམ་ཡོད་པའི་ནང་ནས། སློབ་དཔོན་བྷ་བ་སྐན་དྷས་མཛད་པའི་སྒྲུབ་ཐབས་ཚིགས་བཅད་མའི་དཀྱུས་སུ་སྐུ་མདོག་མཆོད་བརྗོད་ལས། འོད་ཟེར་དཀར་པོ་གྱེན་དུ་འཕྲོ་ཞིང་འབར་བ་ཡི། ཞེས་འབྱུང་བ་ལ་བསམས་ནས། བརྟན་པའི་འཁོར་ལོ་དཀར་པོ་ཡིན་པར་འདོད་པ་ནི། ས་བོན་གྱི་སྐབས་སུ་སྟེང་དུ་སྒྲོན་མེའི་འོད་གསལ་གུར་གུམ་དམར་པོ་སྟེ། དེ་ལ་ཡང་ནི་སྔགས་པས་མུཿཡིག་བལྟ་བར་བྱ། ཞེས་སོགས་རྒྱུའི་ས་བོན་དང༌། སྔགས་འཁོར་གྱི་ས་བོན་དང༌། སྔགས་འཁོར་ཉིད་ཀྱང་དམར་པོར་བཤད་པ་མ་གོ་ཞིང་སྒྲུབ་ཐབས་ཚིག་ལྷུག་པ་ལས་གུར་གུམ་མདོག་ཏུ་གསལ་བར་བཤད་པ་དང༌། ཚིག་ལྷུག་པའི་སྒྲུབ་ཐབས་འདི་ཚིགས་བཅད་པའི་གསལ་བྱེད་ཀྱི་མན་ངག་ཡིན་པ་མ་ཤེས་པར་ཟད་དོ། །སྒྲུབ་ཐབས་གསུམ་པ་བརྟན་པའི་འཁོར་ལོའི་སྒྲུབ་ཐབས་རྒྱས་པ་ལོ་ཆེན་འགྱུར་ལས་ཀྱང༌། བན་དྷུ་ཀའི་མེ་ཏོག་ལྟར་དམར་བ་ཆེན་པོ་ཞེས་འབྱུང་ལ། སྒྲུབ་ཐབས་གསུམ་དགོངས་པ་གཅིག་ཏུ་སྣང་བའི་ཕྱིར། དམར་པོ་ཉིད་ཡིན་ལ། གུར་གུམ་ལྟ་བུ་ཞེས་དམར་སེར་གཅིག་ཏུ་མི་འགལ་མོད། ཁ་ཆེའི་ཡུལ་པལ་པུར་གྱི་རི་ལ་རང་སྐྱེས་པའི་གུར་གུམ་མེ་ཏོག་རྒྱས་པའི་སྐབས་ཤིན་ཏུ་དམར་ཤས་ཆེ་བ་ལ་བསམ་པར་སྣང་ལ། འདིའི་སྐུ་འདྲ་རྒྱ་གར་གྱི་བྲིས་སྐུ་དངོས་ལ་མཚལ་མདོག་ཏུ་སྣང་ངོ༌། །འདིའི་ཆོ་གའི་ཡན་ལག་རྣམས་སྐབས་འོག་མ་རྣམས་ལ་ཡང་རིགས་འགྲེ་བར་བྱ་སྟེ། ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་སོ་སོའི་སྐབས་སུ་བརྗོད་པར་བྱའོ།། །།


previousསྒྲུབ་ཐབས་བརྒྱ་རྩའི་ལག་ལེན་གསལ་བྱེད།next