Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


  collapse section
   
  collapse section
   
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་རིང་མཆེད་ལྔའི་སྒྲུབ་ཐབས།
  collapse section
   


 
previousཚེ་རིང་མཆེད་ལྔའི་སྒྲུབ་ཐབས།next

ཚེ་རིང་མཆེད་ལྔའི་སྒྲུབ་ཐབས།


TNT15_Page_1148
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། བླ་མ་ཡི་དམ་སངས་རྒྱས་ལ། །བཏུད་ནས་སྔགས་རིག་ཐམས་ཅད་ཀྱི། །ལེགས་པར་སྒྲུབ་ལ་ཉེར་མཁོ་བའི། །སྒྲུབ་ཐབས་ཅུང་ཟད་ཙམ་ཞིག་བྲི། །བདག་ཉིད་གསང་སྔགས་ནང་གི་ཡི་དམ་གང་ཡང་རུང་བའི་བདག་བསྐྱེད་ལ་གནས་པས། རང་གི་མདུན་གྱི་ནམ་མཁར་ཧཱུཾ་ལས་བྱུང་བའི་བསྲུང་འཁོར་དང༌། ཆོས་འབྱུང་ནམ་མཁའི་ཁམས་ཀྱི་དབུས་སུ་གཞལ་མེད་ཁང་དངོས་གྲུབ་འབྱུང་བའི་དུར་ཁྲོད་དང་བཅས་པའི་དབུས་སུ་པདྨའི་གདན་ལྔ་ཚོམ། དབུས་སུ་ཟླ་བ་ལ་ཨོཾ་ལས་སངས་རྒྱས་མཁའ་འགྲོ་མ་དཀར་མོ་རྣམ་སྣང་གི་དབུ་རྒྱན་ཅན། ཞི་བའི་ཉམས་ལྡན། ཤར་དུ་ཉི་མ་ལ་ཧཱུཾ་ལས་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ་མི་བསྐྱོད་པའི་དབུ་རྒྱན་ཅན། ཁྲོ་བའི་ཉམས་ལྡན། ལྷོ་རུ་ཟླ་བ་སེར་པོ་ལ་ཏྲཾ་ལས་རིན་ཆེན་མཁའ་འགྲོ་མ་སེར་མོ་རིན་ཆེན་འབྱུང་གནས་གྱི་དབུ་རྒྱན་ཅན། དགྱེས་པའི་ཉམས་ལྡན། ནུབ་ཏུ་ཉི་མ་དམར་པོ་ཟེར་དང་བྲལ་བ་ལ་ཧྲཱིཿལས་པདྨ་མཁའ་འགྲོ་མ་དམར་མོ་


TNT15_Page_1149
[མ་དཔེ་གཟིགས་ན་འདིར་གནོན།]

འོད་དཔག་མེད་ཀྱི་དབུ་རྒྱན་ཅན། ཆགས་པའི་ཉམས་ལྡན། བྱང་དུ་སྣ་ཚོགས་རྡོ་རྗེ་ལ་ཨ་ལས་སྣ་ཚོགས་མཁའ་འགྲོ་མ་ལྗང་ཁུ་དོན་གྲུབ་ཀྱི་དབུ་རྒྱན་ཅན། ཁྲོ་ཞིང་བཞད་པ་སོགས་ཉམས་སྣ་ཚོགས་པ། ཐམས་ཅད་ཀྱང་གཡས་ཅང་ཏེ་འཁྲོལ་ཞིང༌། གཡོན་པས་ཐོད་པ་བདུད་རྩིས་གང་བ་ཐུགས་ཀར་འཛིན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན། རློན་པ་ལྔ་བཅུའི་དོ་ཤལ་རུས་པའི་ཕྱག་རྒྱ་ལྔ་དང་བཅས་པ། དབུ་སྐྲ་ནག་པོ་ཕྱེད་བཅིངས་སུ་གནས་པ། མཆན་ཁུང་གཡོན་དུ་ཐབས་ཀྱི་རང་བཞིན་གྱི་ཁ་ཊཱཾ་ག་ལ་རིམ་པ་བཞིན་དུ་འཁོར་ལོ་རྡོ་རྗེ་རིན་པོ་ཆེ་པདྨ་རལ་གྲི་རྣམས་ཀྱིས་མཚན་པ། འོད་ཟེར་སྣ་ལྔ་འབར་བའི་དབུས་ན་བཞུགས་ཤིང༌། རང་མཚུངས་ཀྱི་མཁའ་འགྲོ་མ་གཙོ་མོ་འབུམ་འབུམ་དང་འཁོར་མཁའ་འགྲོ་གྲངས་མེད་པས་ཡོངས་སུ་བསྐོར་བའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་ག་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། རང་བཞིན་གྱི་གནས་དང་ཕྱོགས་མཚམས་ཐམས་ཅད་ནས་གཙོ་མོ་ཡེ་ཤེས་མཁའ་འགྲོ་ལྔ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་གྲངས་མེད་པས་བསྐོར་བ་བཛྲ་ས་མཱ་ཛཿ རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་གཡབ་ཅིང༌། ཨོཾ་ཤྲཱི་ཧེ་རུ་ཀ་མཧཱ་བཛྲ་ཨ་ཀརྡྷ་ཡ། ཨ་ཀརྡྷ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ།


TNT15_Page_1150
[མ་དཔེ་གཟིགས་ན་འདིར་གནོན།]

བནྡྷ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། སརྦ་བཛྲ་ཌཱ་ཀི་ནཱཾ། ཧྲི་ད་ཡཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ལན་གསུམ་གྱིས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ ལན་ལྔ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཨོཾ་ཧཱུཾ་ཏྲཾ་ཧྲཱིཿཨ། ཨོཾ་ཨཱཿཧཱུཾ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་ཤོ་ལོ་ཀ་གཉིས་ཀྱིས་བསྟོད། ཨོཾ་བུདྡྷ་ཌཱ་ཀི་ནཱི་ཨཱཿཧྲི་ཨོཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་བཛྲ་ཌཱ་ཀི་ནཱི་ཨཱཿཧྲི་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་རཏྣ་ཌཱ་ཀི་ནཱི་ཨཱཿཧྲི་ཏྲཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་པདྨ་ཌཱ་ཀི་ནཱི་ཨཱཿཧྲི་ཧྲཱིཿཧཱུཾ་ཕཊ་སྭཱཧཱ། ཨོཾ་ཀརྨ་ཌཱ་ཀི་ནཱི་ཨཱཿཧྲི་ཨ་ཧཱུཾ་ཕཊ་སྭཱཧཱ། སྤྱི་དྲིལ་གྱི་སྔགས་ནི། ཨོཾ་ཨཱཿཨོཾ་ཧཱུཾ་སྭཱ་ཨ་ཧཱ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་རྣམས་བཟླས་པ་བྱའོ། །མཆོད་གཏོར་བདག་བསྐྱེད་དང་མཐུན་པར་བྱིན་གྱིས་བརླབས་ནས། ཕུད་ཀྱི་དང་པོའི་གཏོར་མ། ཨོཾ་ཤྲཱི་ཧེ་རུ་ཀ་མཧཱ་བཛྲ་པྲ་ཏཱིཙྪ་ཨི་མཾ་བཱ་ལིང་ཧཱུཾ་ཕཊ། ལན་བདུན་གྱིས་ཕུལ། དེ་ནས་མཁའ་འགྲོ་ལ་འབུལ་བ་ནི། ཨོཾ་བུདྡྷ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བཱ་ལིཾ་ཨོཾ་ཕཊ། ཨོཾ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བཱ་ལིང་ཧཱུཾ་ཕཊ། ཨོཾ་རཏྣ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བཱ་ལིཾ་ཏྲཾ་ཕཊ། ཨོཾ་པདྨ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བཱ་ལིཾ་ཧྲི་ཕཊ། ཨོཾ་བི་ཤྭ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཨ་ཕཊ། ཨོཾ་སརྦ་ཌཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བཱ་ལིཾ་ཧོ་ཕཊ། ཅེས་ལན་གསུམ་སོགས་ཀྱིས་ཕུལ། རྒྱས་པར་ན་ཚིགས་བཅད་དང་བཅས་པ་དང༌། བསྡུ་ན་སྔགས་ཙམ་གྱིས་ཕྱི་མཆོད་ནང་མཆོད་གསང་མཆོད་རྣམས་ཕུལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །སོགས་དེ་ཉིད་ལྔ་པས་བསྟོད། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །ནས། སངས་རྒྱས་རིགས་སུ་སྐྱེ་ཞེས་པའི་བར་བརྗོད། མཆོད་སྦྱིན་གཏོར་


TNT15_Page_1151
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདི་བཞེས་ལ་སོགས་འདོད་དོན་གསོལ་བ་བཏབ། ཡིག་བརྒྱ་བཟོད་གསོལ། གཤེགས་གསོལ། དམ་ཚིག་པ་རང་ལ་བསྡུ་བ། བདག་བསྲུང་སྨོན་ལམ་བཀྲ་ཤིས་རྣམས་བྱའོ། །གོང་གི་གཏོར་ཆོག་དེ་ཉིད་ཀྱིས་ལན་བརྒྱ་རྩ་བརྒྱད་འབུལ་བ་དང༌། ལྔ་ཚན་ལྔ་པའི་གཏོར་མ་ཐུན་བཞིར་འབུལ་བ་གཏོར་མ་བརྒྱ་པ་དང༌། བཞི་ཚན་བཅུ་དྲུག་ཏུ་འབུལ་བ་དབྱུ་གུའི་གཏོར་མ་སྟེ། རྒྱས་པ་དང༌། ཞི་བ་དང༌། དབང་དྲག་གི་ལས་ལ་བསྔགས་སོ། །དེ་དག་གི་ལག་ལེན་དང༌། ལས་བྱང་གཞན་དུ་ཤེས་པར་བྱའོ། །འདིའི་གཏོར་དབང་ནི། ཆོས་འབྱུང་གི་དངོས་སུ་ཚོམ་བུ་ལྔ་བཀོད། དེའི་སྟེང་དུ་གཏོར་མ་ལྔ་ལ་མཁའ་འགྲོ་སྡེ་ལྔའི་གཟུགས་སམ། སྔགས་བྱང་འཛུགས། སྟེགས་བུ་མཐོ་བ་ཞིག་ལ་ཕུད་གཏོར་ཆུང་བ་ཞིག་བཤམ། མཆོད་པ་རྣམས་སྤྱི་བདེར་བསྒྲིགས་ནས་གོང་བཞིན་ཉམས་སུ་བླངས་པས་སློབ་དཔོན་གྱི་བྱ་བ་གྲུབ་པ་ཡིན། སློབ་མས་མཎྜལ་ཕུལ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སོགས་ཀྱིས་གསོལ་བ་བཏབ། རྒྱུན་བཤགས་ཡན་ལག་ལྔ་པའམ་བདུན་པ་གང་རུང་བྱ། སློབ་མའི་སྙིང་གར་མཁའ་འགྲོ་སྡེ་ལྔ་བསྐྱེད་ཅིང་མཆོད་བསྟོད་བྱ་བའི་བར་གོང་བཞིན་དམིགས་པ་ཕོགདེ་ནས་གཏོར་མ་ཁ་གསོས་ལ། གཏོར་ཆོག་བཞིན་བསྔོས་ནས། གཏོར་དབང་སྤྱི་དང་མཐུན་པར་བསྐུར་བ་ཡིན། རྗེས་ཀྱི་བྱ་བ་སྤྱི་དང་འདྲའོ། །ཀུན་ནས་ཉམས་ཆགས་བསྐང་པ་དང༌། །ལས་སྒྲུབ་གང་ལའང་ཤིས་ཤིང་དག༵འ། །སྒྲུབ་པོ་ཀུན་ལ་མཁོ་བ་འདི། །སྙིང༵་ནས་བརྩེ་བའི་མྱུར་པོ༵ར་བྲིས། །མཁའ་འགྲོ་སྡེ་ལྔའི་སྒྲུབ་ཐབས་


TNT15_Page_1152
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལེ་ཚན་ནོ།། །།སྐྱེ་བོ་འགའ་ལ་ཕན་གདགས་ཕྱིར། །ཚེ་རིང་མཆེད་ལྔའི་སྒྲུབ་ཐབས་བཤད། ༈ ཨོཾ་སྭཱ་སྟི། བླ་མ་མཆོག་དང་རྗེ་བཙུན་མ། །རྣལ་འབྱོར་མ་དཔལ་ཞབས་བཏུད་ནས། །སྐྱེ་བོ་འགའ་ལ་ཕན་གདགས་ཕྱིར། །ཚེ་རིང་མཆེད་ལྔའི་སྒྲུབ་ཐབས་བཤད། །ལྷན་ཅིག་སྐྱེས་མ་ལ་སོགས་པ་གང་ཡང་རུང་བའི་བདག་བསྐྱེད་སྔོན་དུ་འགྲོ་བས། མཆོད་པ་དང་གཏོར་མ་བྱིན་རླབས་སྤྱི་དང་མཐུན་པར་བྱ། སྭ་བྷཱ་ཝས་སྣོད་བཅུད་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་གཙོ་མོ་བཀྲ་ཤིས་ཚེ་རིང་མ་སྐུ་མདོག་དཀར་མོ་འཛུམ་ཞིང་ཡིད་ཙམ་ཁྲོ་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་འཕྱར་བ། གཡོན་བདུད་རྩིས་གང་བའི་བུམ་པ་ཐུགས་ཀར་འཛིན་པ། དུང་གི་ཐོར་ཚུགས་ཅན་སེང་གེ་དཀར་མོ་ལ་ཆིབས་པ། མདུན་དུ་མཐིང་གི་ཞལ་བཟང་མ་སྔོན་མོ་འཕྲུལ་གྱི་མེ་ལོང་དང༌། ཁ་ནང་དུ་གཡོབ་པའི་བ་དན་དཀར་པོ་འཛིན་པ། ཨིནྡྲ་ནཱི་ལའི་ཐོར་ཚུགས་ཅན་རྐྱང་བུ་ཁ་དཀར་ལ་ཞོན་པ། གཡས་སུ་མི་གཡོ་གླང་བཟང་མ་སེར་མོ་གཡོན་ཟས་མཆོག་གིས་གང་བའི་སྣོད་འཛིན་ཞིང༌། གཡས་པའི་མཐེབ་སྲིན་གྱིས་གཞན་ལ་སྟེར་བའི་ཚུལ་ཅན། གསེར་གྱི་ཐོར་ཚུགས་ཅན་སྟག་མོ་བྲུས་མ་ལ་ཞོན་པ། རྒྱབ་ཏུ་ཅོད་པན་མགྲིན་བཟང་མ་དམར་མོ། ནོར་བུའི་སྒྲོམ་བུ་ནོར་སྣ་ཚོགས་ཀྱིས་གང་བ་འཛིན་པ། བྱི་རུའི་ཐོར་ཚུགས་ཅན་ཤྭ་བ་ཡུ་མོ་ལ་ཞོན་པ། གཡོན་དུ་གཏད་དཀར་འགྲོ་བཟང་མ་ལྗང་ཁུ་དུར་བའི་


TNT15_Page_1153
[མ་དཔེ་གཟིགས་ན་འདིར་གནོན།]

ཆུན་པོ་དང་སྦྲུལ་ཞགས་འཛིན་པ། གཡུའི་ཐོར་ཚུགས་ཅན་གཡུ་འབྲུག་སྔོན་མོ་ལ་ཞོན་པ། གཙོ་འཁོར་གསུམ་ལྷ་མོ་དང༌། གཉིས་མི་མོའི་རྣམ་པ་དར་དང་མེན་ཏྲི་སྣ་ཚོགས་བརྩེགས་པའི་ན་བཟའ་ཅན། གསེར་གཡུ་སོགས་རིན་པོ་ཆེ་སྣ་ཚོགས་པའི་ཕོ་རྒྱུད་དང༌། འགྱིང་ཐོད་སོགས་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས། ཚེ་རིང་མཆེད་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ སྔོན་ཚེ་དུར་ཁྲོད་བསིལ་ཚལ་དུ། །མཁའ་འགྲོ་སེང་གེའི་གདོང་ཅན་དང༌། །བར་དུ་ཁ་ལ་རོང་སྒོ་རུ། །སློབ་དཔོན་པདྨ་འབྱུང་གནས་དང༌། །ཐ་མ་སྨན་ལུང་ཆུ་བར་དུ། །དཔལ་ལྡན་བཞད་པ་རྡོ་རྗེ་ཡི། །སྤྱན་སྔར་ཁས་བླངས་དམ་བཅས་པ། །མཁའ་འགྲོ་ལྔ་པོ་གནས་འདིར་གཤེགས། །ཕྱི་ལྟར་ལྷ་སྨན་ཆེན་མོ་ལྔ། །ནང་ལྟར་ཞིང་སྐྱོང་མཁའ་འགྲོ་ལྔ། །གསང་ལྟར་རིགས་ཀྱི་ཡུམ་ཆེན་ལྔ། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཨེ་ཨ་རལླྀ་ཧྲིཾ་ཧྲིཾ་ཛཿ ཛཿཧཱུཾ་བཾ་ཧོཿ དེ་ནས་འདོད་དོན་གསོལ་བཏབ་དྲག་ཏུ་བྱ་ཞིང༌། བྱ་ཁྱུང་གི་ཕྱག་རྒྱ་བཅའོ། །དེ་ནས་འདི་སྐད་ཅེས། ཉི་མ་ནུབ་ཕྱོགས་ཕ་གི་ན། །གངས་དཀར་དགུང་དུ་རྩེ་མཐོ་བ། །མཐོ་ལ་གཉན་ནོ་ཚེ་


TNT15_Page_1154
[མ་དཔེ་གཟིགས་ན་འདིར་གནོན།]

རིང་མ། །དེ་ལ་བརྟེན་པའི་ལྷ་མོ་ནི། །གཙོ་མོ་བཀྲ་ཤིས་ཚེ་རིང་མ། །འཁོར་དུ་འཇིག་རྟེན་དམན་མོ་བཞི། །ཅོད་པན་མགྲིན་བཟང་མ་དང་ནི། །མཐིང་གི་ཞལ་བཟང་མ་དང་བཅས། །མི་གཡོ་གླང་བཟང་མ་དང་ནི། །གཏད་དཀར་འགྲོ་བཟང་མ་དང་བཅས། །གཙོ་མོ་འཁོར་བཅས་ཐམས་ཅད་ནི། །སྐུ་ལ་དར་དཀར་ན་བཟའ་གསོལ། །རྫུ་འཕྲུལ་ཆེན་པོ་མངའ་བ་རྣམས། །བསྟན་མ་བཅུ་གཉིས་འཁོར་དང་བཅས། །དེ་རིང་གནས་འདིར་སྤྱན་འདྲེན་ན། །མཆོད་གཏོར་འདི་བཞེས་དངོས་གྲུབ་སྩོལ། །ཨོཾ་བཛྲ་ས་མཱ་ཡ་ཌཱ་ཀི་ནཱི་པཉྩ་མ་མ་སརྦ་ཀརྨ་སིདྡྷི་ཛྙཱ་ན་ཨི་དཾ་བཱ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་གྱིས་འབུལ། ཧཱུཾ། རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །བལ་བོད་གཉིས་ཀྱི་ས་མཚམས་ན། །གངས་དཀར་ཤེལ་གྱི་ཅོད་པན་ཅན། །ཕུ་ཆུ་སྙན་པའི་རྒྱུན་སྒྲ་ཅན། །ནགས་ལ་མེ་ཏོག་ཤམ་བུ་ཅན། །གཡའ་སྤང་གསེར་གཡུའི་སྐེད་བཅིངས་ཅན། །གནས་མཆོག་དེ་འདྲའི་གཡོན་མགུལ་ན། །དར་དཀར་གུར་གྱི་ནང་ཤེད་ན། །སྨན་མོ་བཀྲ་ཤིས་ཚེ་རིང་མ། །གདུང་བ་དྲག་པོས་ཁྱོད་འབོད་ན། །དེ་རིང་སྒྲུབ་པའི་གནས་མཆོག་འདིར། །ལྷབ་ལྷུབ་ན་བཟའ་རྒྱན་དང་བཅས། །སིལ་སྙན་རོལ་མོའི་སྒྲ་དང་བཅས། །ནམ་མཁའི་མཐོངས་ནས་སྤྱན་འདྲེན་ན། །འཁོར་དང་བཅས་


TNT15_Page_1155
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་གཤེགས་སུ་གསོལ། ཁྱོད་ཀྱི་ཆོ་དང་འབྲང་སྨོས་ན། །ཡབ་ནི་ལྷོ་ལྷ་འཐེང་པོ་ཡིན། །ཡུམ་ནི་འབྲང་ཡུམ་སྨན་གཅིག་མ། །མིང་པོ་བདུན་ལ་སྲིང་མོ་ལྔ། །ལྔ་ཚིགས་དབུས་ཀྱི་གཙོ་མོ་སྟེ། །ཞལ་བཟང་ཟླ་བ་ཉ་གང་འདྲ། །ལྷ་མོ་རྣམས་ཀྱང་ཟིལ་གྱིས་གནོན། །མགྲིན་པ་གཅིག་ལ་གླུ་རྟ་སྟོང༌། །ཚངས་པའི་དབྱངས་ཀྱང་ཟིལ་གྱིས་གནོན། །དབུ་སྐྲ་ཉག་མ་རེ་རེ་ལ། །གཡུ་ཕྲན་སྟོང་སྟོང་ལན་ཚར་བཅས། །ན་བཟའ་དར་དཀར་གོ་ཟུ་གསོལ། །ཉིན་གསུམ་གངས་དཀར་རྩེ་ལ་བཞུགས། །སྨན་མོ་རྣམས་དང་ལྷན་ཅིག་རོལ། །མཚན་གསུམ་རྒྱ་གར་ཡུལ་དུ་བཞུགས། །ཤིན་ཏུ་འཇིགས་པའི་དུར་ཁྲོད་དུ། །ཌཱ་ཀི་རྣམས་དང་ཚོགས་ལ་རོལ། ཁྱེད་ལ་མཆོད་པ་འབུལ་བ་ནི། །བདུད་རྩི་སྨན་གྱི་རྩེ་ཕུད་དང༌། །མེ་ཏོག་ཡིད་འོང་མཛེས་པའི་ཚལ། །དྲི་ཞིམ་ཕུན་ཚོགས་བདུག་སྤོས་དང༌། །འོད་དང་དྲི་མཆོག་བཤོས་གཙང་དང༌། །སྒྲ་སྙན་གསང་བའི་རྔེའུ་ཆུང་རྣམས། །ཐུགས་རྗེས་བརྩེར་དགོངས་བཞེས་ནས་ཀྱང༌། །ཡིད་ལ་འདོད་པའི་དོན་གྲུབ་སྩོལ། །སྔོན་ཚེ་དབེན་གནས་ཡང་རྫོང་དུ། །དཔལ་ལྡན་བཞད་པ་རྡོ་རྗེ་ལ། །རང་རྟགས་སྲོག་གི་སྙིང་པོ་ཕུལ། །བཀའ་འབངས་བགྱིད་པར་རྩིས་ལ་ཕབ། །དངོས་གྲུབ་སྟེར་


TNT15_Page_1156
[མ་དཔེ་གཟིགས་ན་འདིར་གནོན།]

བར་གཡར་དམ་བཅས། །དེ་རིང་མོ་བཙུན་རྒྱལ་མོ་ལ། །མིང་བོས་གསོལ་བ་འདེབས་ལགས་ན། །སྲིད་བསྲུང་རིགས་བརྒྱུད་དངོས་གྲུབ་དང༌། །བང་མཛོད་ནོར་གྱི་དངོས་གྲུབ་དང༌། །སྣང་གསལ་པྲའི་དངོས་གྲུབ་དང༌། །རྨ་གཡང་ཟས་ཀྱི་དངོས་གྲུབ་དང༌། །རྐང་བཞི་དུད་འགྲོའི་དངོས་གྲུབ་དང༌། །གཞན་ཡང་ཕྱི་ནང་གསང་བ་ཡི། །དངོས་གྲུབ་ཐམས་ཅད་བདག་ལ་སྩོལ། །གཞན་ཡང་གསོལ་བ་འདེབས་པ་ནི། །རྣལ་འབྱོར་བདག་གི་ལུས་མདངས་བསྐྱེད། །ནང་གི་རླུང་སེམས་དབང་དུ་བསྡུས། །ཕྱིའི་སྣང་བ་དབང་དུ་གྱིས། །འཕྲིན་ལས་ཐབས་ཀྱི་བསྟན་པ་སྤེལ། །ཚེ་རིང་དཔལ་བསྐྱེད་འཁོར་གཡོག་སྐྱོངས། །བསྟན་ལ་སྡང་བའི་དགྲ་བོ་རྣམས། །གཏོར་མ་འདི་དང་མཉམ་པོར་བཞེས། །བཅོལ་བའི་ལས་ཀྱི་འབྲས་བུ་དེ། །མཆིས་པར་མཛོད་ཅིག་མཐུ་རྩལ་ཅན། །ཞེས་བརྗོད་དེ། བསྟོད་པ་མཆོད་འཕྲེང༌། འཕྲིན་བཅོལ་ཐུགས་རྒྱུད་བསྐུལ་བ་རྣམས་དེ་ལ་ཚང་བ་ཡིན་ནོ། །བཟླས་པ་མི་བྱེད་ན། དེར་རྗེས་གཤེགས་གསོལ་བྱ། བཟླས་པ་བྱེད་ན། ཨོཾ་མ་མ་རུ་རུ་ཞེས་སོགས་འོག་ནས་འབྱུང་བ་ལྟར་བཟླས་པའི་མཐར། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། མཁའ་འགྲོ་ཆེན་མོ་ལྔ་པོ་ནི། །རྫུ་འཕྲུལ་སྣ་ཚོགས་སྟོན་མཛད་པ། །ལས་རྣམས་ཐམས་ཅད་སྒྲུབ་མཛད་མ། །འཁོར་


TNT15_Page_1157
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། བཟོད་གསོལ། གཤེགས་གསོལ། སྨོན་ལམ། བཀྲ་ཤིས་རྣམས་སྤྱི་དང་མཐུན་པར་བྱའོ། །འདིའི་རྗེས་གནང་བྱ་བར་འདོད་པས་ཡི་དམ་དང་འདི་ཉིད་ཀྱི་བྲིས་སྐུ་ཡོད་ན་བཀྲམ། དེའི་མདུན་དུ་གཏོར་མ་སོ་སོའི་གངས་རིའི་གཟུགས་ཅན་ནམ། ཟླུམ་གཏོར་བཤོས་བུ་རྩེ་རིང་ངམ། འབྲང་རྒྱས་ལྔ་ཚོམ་གྱི་རྣམ་པར་བྱས་ཀྱང་རུང་ངོ༌། །སོ་སོའི་ཙ་ཀ་ལི་ཡོད་ནའང་འཛུགས། རས་དཀར་པོའི་སྟེང་འབྲས་དཀར་གྱི་གཡུང་དྲུང་རིས་ཞིག་བྲིས། དེའི་སྟེང་དུ་མཉྫི་ལ་གཏོར་མ་བཀོད། འདི་ཉིད་ཀྱི་སྒྲུབ་པའི་སྐབས་ཀྱི་མཆོད་རྫས་རྣམས་འབྱོར་ན་ལེགས། མིན་ན་མཆོད་གཏོར་སྤྱི་དང་མཐུན་པར་བཤམ། གོང་དུ་བཤད་པ་ལྟར་གྱི་བདག་བསྐྱེད་ནས་བརྩམས། འཕྲིན་ལས་བཅོལ་ཞིང་བསྐུལ་བའི་བར་དུ་བྱས་ལ། སྙིང་པོ་ཅི་འགྲུབ་བཟླའོ། །དེ་ཡང༌། ཨོཾ་མ་མ་རུ་རུ་ཙིཏྟ་དྷ་ར་མེ་ཛུ་ཏི་ཧཱུཾ་བྷྱོཿཛཿ ཨོཾ་བཛྲ་བྷི་ཀྱཻ་མུ་ཏ་ཧཱུཾ་བྷྱོཿཛཿ ཨོཾ་བཛྲ་ཡ་ཏྲ་སིང་སིང་ཧཱུཾ་བྷྱོཿཛཿ ཨོཾ་ཨ་ཝི་ར་ནི་ཧཱུཾ་བྷྱོཿཛཿ ཨོཾ་ས་རི་ཏིང་ཏིང་ཁ་ཏི་ཛྙ་ན་ཧཱུཾ་བྷྱོཿཛཿ ཞེས་པ་རྣམས་སོ། །ཚེ་རིང་མཆེད་ལྔ་གནད་ལ་འབོད་པའི་སྲོག་སྔགས་རྣམས་བཟླ་བར་ཁ་ཅིག་འདོད་ཀྱང༌། སློབ་མ་ལ་བཀའ་གཏད་བྱེད་པའི་ཚེ། དེ་དག་བཟླ་དགོས་པའི་རྒྱུ་མཚན་མེད་ལ། གཉན་ཆ་ཆེ་ཞིང་མི་ཤེས་པར་འགྱུར་བའི་ཉེན་ཡོད་པས་མི་བཟླའོ། །དེ་ལྟར་བཟླས་པ་ཟིན་པའི་རྗེས་སུ་བུམ་པ་མཚན་དང་ལྡན་པ་བཅུད་སྣ་ཚོགས་ཀྱིས་གང་བ་ཁ་རྒྱན་ཅན་ཞིག་དང༌། གཡས་སུ་ཚེ་རིལ་དང༌། གཡོན་དུ་ཚེ་ཆང་རྣམས་བཤམས། བྷྲཱུཾ་ལས་བྱུང་


TNT15_Page_1158
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བུམ་པའི་ནང་དུ་རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་བཞུགས་པར་གྱུར། དེ་ལ་དམིགས་ཏེ། ཨོཾ་ཨ་མ་ར་ཎི་ཛཱི་ཝནྟཱི་ཡེ་སྭཱཧཱ། ཞེས་པ་ཅི་ནུས་བཟླ། ཚེ་དཔག་མེད་ཀྱི་སྐུ་ལས་བྱུང་བའི་བདུད་རྩིས་བུམ་པ་ཁེངས་ཤིང་ཆིལ་ཆིལ་ལུད་པ་ཀ་པཱ་ལའི་བདུད་རྩི་དང་འདྲེས། ཨོཾ་བཛྲ་ཨཱ་ཡུ་ཥེ་ཛྙཱ་ན་ཨ་མ་ར་ཎི་ཛཱི་ཝནྟཱི་ཡེ་སྭཱཧཱ། ཞེས་པ་བརྒྱ་རྩའམ། ཉེར་གཅིག་ཙམ་བཟླས། ཚེ་རིལ་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོར་གནས་པ། མཾ་ཨཾ་ཙཾ་ཨ་ཏཾ་ཞེས་པ་རྣམས་ཞུ་བ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ། ལན་མང་དུ་བཟླས། འོག་ཏུ་དགོས་པའི་དབང་རྫས་སོ་སོའི་བྲིས་སྐུ་ཙ་ཀ་ལི་དང༌། རྡོ་རྗེ། མེ་ལོང༌། ཟས་མཆོག་གི་སྣོད། ནོར་བུས་གང་བའི་གཞོང་པ། རྩྭ་རན་པ་མྱུ་གུ་དང་བཅས་པ་རྣམས་ཚང་བར་བྱས་ལ། སློབ་མ་རྣམས་ལ་ཆོས་བཤད་དང༌། འདི་ཉིད་ཀྱི་ལོ་རྒྱུས་ཅུང་ཟད་བྱ། སློབ་མས་མཎྜལ་འབུལ། ཕུན་ཚོགས་དངོས་གྲུབ་མ་ལུས་པ། །མྱུར་དུ་ཐོབ་པར་བྱ་བའི་ཕྱིར། །བདག་ལ་ཚེ་རིང་མཆེད་ལྔ་ཡི། །རྗེས་སུ་གནང་བ་སྩལ་དུ་གསོལ། ཞེས་ལན་གསུམ། གུར་ནས་འབྱུང་བའི་ཡན་ལག་བདུན་པ་ཚར་གསུམ། དེ་ནས་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་དེ། ཁྱེད་རང་རྣམས་སྐད་ཅིག་ཙམ་གྱིས་རྗེ་བཙུན་མ་ལྷན་ཅིག་སྐྱེས་མ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་སྐྲ་གྲོལ་བ། གཡས་གྲི་གུག་


TNT15_Page_1159
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ལ་འཕྱར་བ། གཡོན་ཐོད་ཁྲག་ཐུགས་ཀར་གཏོད་པ། མཆན་ཁུང་དུ་ཐབས་ཀྱི་རང་བཞིན་གྱི་ཁ་ཊྭཱཾ་ག་བཅུག་པ། ཞབས་གཡོན་བརྐྱང་པའི་གར་སྟབས་ཀྱིས་པད་ཉི་དང་མི་རོའི་གདན་ལ་འགྱིང་བ། གཅེར་བུ་ཐོད་སྐམ་གྱི་དབུ་རྒྱན། ཐོད་རློན་གྱི་དོ་ཤལ། རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། མེ་དཔུང་འབར་བའི་ཀློང་ན་བཞུགས་པའོ། །རང་གི་རྩ་བའི་བླ་མ་རྗེ་བཙུན་མི་ལ་བཞད་པ་རྡོ་རྗེ་སྐུ་ཤ་སྔོ་སངས། རས་དཀར་གྱི་ཤར་བུ་གསོལ་བ། ཆོས་འཆད་ཀྱི་ཕྱག་རྒྱ་ཅན་སྐྱིལ་ཀྲུང་དུ་བཞུགས་པ་ཞིག་གསལ་བཏབ་ཟེར་ཡང༌། རྗེ་བཙུན་བཞད་པ་དང་ཁོ་རང་གི་ཡི་དམ་དབྱེར་མེད་པ་དགྱེས་རྡོར་ཕག་མོ་གང་རུང་བསྒོམ་ན་ལེགས། དེའི་སྤྱི་བོར་བཅོམ་ལྡན་འདས་རྒྱལ་བ་ཚེ་དཔག་མེད་སྐུ་མདོག་དམར་པོ་མཉམ་བཞག་གི་ཕྱག་རྒྱ་མཛད་པ། འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞིག་བཞུགས་པར་མོས། དེའི་ཐུགས་ཀར་ཟླ་བ་ལ་ཧྲཱིཿཡིག་གི་མཐར་སྔགས་ཀྱི་འཕྲེང་བས་བསྐོར་བ་ཞིག་མོས། དེ་རྣམས་ལ་མོས་གུས་དུང་བ་བྱས་པས་ས་བོན་སྔགས་འཕྲེང་དང་བཅས་པ་དེ་ལས་འོད་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་མ་ལུས་པ་


TNT15_Page_1160
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང༌། ཁམས་གསུམ་སྣོད་བཅུད་ཐམས་ཅད་ཀྱི་བཀྲག་མདངས་བཅུད་མི་ཤིགས་པ་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་ཚུར་བསྡུས། ཕྱག་གི་བདུད་རྩིའི་བུམ་པར་ཞུགས། འཆི་མེད་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པ་གཞིར་གནས་ཀྱི་བདུད་རྩི་དང་འདྲེས། བུན་ཆིལ་གྱིས་ལུད་པ། རྩ་བའི་བླ་མའི་ངོ་བོ་རྗེ་བཙུན་བཞད་པ་རྡོ་རྗེའི་དབུ་གཙུག་ནས་ཞུགས་སྐུ་ལུས་གང༌། བླ་མ་ཡི་དམ་མཐའ་དག་གི་བྱིན་རླབས་ཀྱི་ངོ་བོ་བདུད་རྩི་གསང་བའི་སྒོ་ནས་བྱུང༌། ཁྱེད་རང་རྣམས་དང་མདུན་བསྐྱེད་ལྷ་མོའི་ལྔའི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང་བར་མོས་པར་མཛོད། བུམ་པའི་ཆུས་དབང་བསྐུར་བཞིན་དུ། ཇི་ལྟར་བལྟམས་པ་ནས་སྐུ་ཁྲུས་གསོལ། ཨོཾ་ཨ་མ་ར་ཎིའི་མཐར་ཨཱ་ཡུར་པུཎྱེ་ཛྙཱ་ན་སིདྡྷི་ཏྭཾ་མེ་བྷ་ཝ་ཧཱུཾ། ཞེས་བརྗོད། བཀྲ་ཤིས་ཚེ་ཟན་དཔལ་གྱི་ཟས། །ཞེས་སོགས་ཀྱི་མཐར། ཨོཾ་མཾ་ཨཾ་ཙཾ་ཨ་ཏཾ་ཞེས་བརྗོད་ལ་ཚེ་རིལ་སྦྱིན། ཨ་མ་ར་ཎིའི་སྔགས་ཀྱིས་ཚེ་ཆང་སྦྱིན། དེ་ལྟར་ཁྱེད་རང་རྣམས་ལ་དབང་བསྐུར་བས་དྲེགས་པ་མཐའ་དག་དབང་དུ་འདུས་པའི་ནུས་པ་ཐོབ། མདུན་བསྐྱེད་ལྷ་མོ་ལྔ་ལ་དབང་བསྐུར་བས་དམ་ལ་གནས་ཤིང༌། ཁྱེད་རང་རྣམས་ལ་སེམས་ཤིན་དུ་འདུན་པར་གྱུར་སྙམ་པའི་མོས་པ་མཛོད། དེ་ནས་གཙོ་མོའི་གཏོར་མ་ཙ་ཀ་ལི་དང་བཅས་


TNT15_Page_1161
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། ཙ་ཀ་ལི་ཁོ་ན་གཏད་དེ། ཇོ་མོ་བཀྲ་ཤིས་ཚེ་རིང་མ། །དཔལ་འབར་བཀྲ་ཤིས་གཟི་བརྗིད་ཆེ། །མི་འགྱུར་ཡོན་ཏན་ཀུན་རྫོགས་མ། །སྲིད་བསྲུང་ཚེ་ཡི་དངོས་གྲུབ་སྩོལ། །ཞེས་བཀའ་བསྒོས་ཤིང༌། དམ་ཚིག་གི་ལག་སྦྲེལ་བས་དབུས་ཀྱི་ལྷ་མོ་དེ་ཉིད་བཞེངས་ཏེ། རང་ཉིད་རྡོ་རྗེ་ཕག་མོ་ལྷན་ཅིག་སྐྱེས་མར་གསལ་བ་ལ་གུས་པ་ཆེན་པོས་གཡས་སྐོར་དུ་བསྐོར་བ་ལན་གསུམ་དུ་བྱས་ནས། ཁྱེད་རང་རྣམས་ཀྱི་ལག་ཏུ་རང་རྟགས་གསེར་གྱི་རྡོ་རྗེ་གཏད་ཅིང་དངོས་གྲུབ་འབུལ་བར་གཡར་དམ་བཅས་པའི་མོས་པ་མཛོད། རྡོ་རྗེ་སློབ་མའི་ལག་ཏུ་གཏད་ལ། བཞད་པ་རྡོ་རྗེའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅའ་བཞིན། །སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །སྲིད་བསྲུང་ཚེ་ཡི་དངོས་གྲུབ་འབུལ། །ཨོཾ་མངྒ་ལ་ཨཱ་ཡུར་པུཎྱེ་ཨ་ཛི་དྷ་ར་སྭཱཧཱ། ཞེས་བརྗོད། རིམ་པ་དེ་ཁོ་ནས་འོག་མ་རྣམས་ལ་ཡང་རིགས་འགྲེ་སྟེ། ཤར་གྱི་ཙ་ཀ་ལི་གཏད་ལ། ཇོ་མོ་མཐིང་གི་ཞལ་བཟང་མ། །དཔལ་འབར་བཀྲ་ཤིས་ཞེས་པ་ནས། ཀུན་རྫོགས་མ། །སྣང་གསལ་པྲའི་དངོས་གྲུབ་སྩོལ། །ཞེས་དང༌། ཤར་གྱི་ལྷ་མོ་བཞེངས་ནས། ཞེས་དང༌། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །སྣང་གསལ་པྲའི་དངོས་གྲུབ་འབུལ། །ཨོཾ་ཨཾ་ཨིནྡྲ་ནཱི་ལ་མུ་ཁ་བྷ་དྲ་ཨ་ཛི་དྷ་ར་སྭཱཧཱ། ཞེས་འདོན་པ་སྤོ་ཞིང༌། མེ་ལོང་ལག་ཏུ་གཏོད་པ་རྣམས་


TNT15_Page_1162
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་རོ། །དེ་བཞིན་དུ། ཇོ་མོ་མི་གཡོ་གླང་བཟང་མ། །ཞེས་དང༌། རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ། །ཞེས་དང༌། རྨ་གཡང་ཟས༴ ཨོཾ་ཨ་ཨ་ཙ་ལ་ཧ་ས་ཨ་ཛི་དྷ་ར་སྭཱཧཱ། ཞེས་འདོན་པ་སྤོ་ཞིང༌། ལྷོའི་ཙ་ཀ་ལི་དང་ཟས་མཆོག་གི་སྣོད་གཏད། དེ་བཞིན་དུ། མཁའ་འགྲོ་ཅོད་པན་མགྲིན་བཟང་མ། ཞེས་དང༌། བང་མཛོད་ནོར་གྱི་དངོས་གྲུབ་སྩོལ། །ཞེས་དང༌། བང་མཛོད་ནོར་གྱི་དངོས་གྲུབ་འབུལ། །ཨོཾ་ཙ་མུ་ཀུ་ཊ་མ་དྷུ་ར་བྷ་དྲ་ཨ་ཛི་དྷ་ར་སྭཱཧཱ། ནུབ་ཀྱི་ཙ་ཀ་ལི་དང་ནོར་གཞོང་གཏད། དེ་བཞིན་དུ། ལྷ་མོ་གཏད་དཀར་འགྲོ་བཟང་མ། །ཞེས་དང༌། རྐང་བཞི་འཕེལ་བའི་དངོས་གྲུབ་སྩོལ། །ཞེས་དང༌། རྐང་བཞི་འཕེལ་བའི་དངོས་གྲུབ་འབུལ། ཨོཾ་ཏཾ་གཏད་བྷ་ཝ་ཛ་གད་བྷ་དྲ་ཨ་ཛི་དྷ་ར་སྭཱཧཱ། བྱང་གི་ཙ་ཀ་ལི་དང་རན་པའི་ཆུན་པོ་གཏད། དེ་ནས་གཏོར་མ་ལག་ཏུ་གཏད་ལ། རོལ་མོའི་སྒྲ་དང་བཅས། ཉི་མ་ནུབ་ཕྱོགས་ཕ་གི་ན། །ཞེས་པ་ནས། དེ་རིང་གནས་འདིར་སྤྱན་འདྲེན་ན། །སློབ་བུ་འདི་ཡི་ཕྱི་བཞིན་འབྲོངས། །ཕྱི་ནང་གསང་བའི་འགལ་རྐྱེན་སོལ། །སྤྱི་དང་ཁྱད་པར་དངོས་གྲུབ་སྩོལ། །བཅོལ་བའི་ལས་རྣམས་ཐམས་ཅད་སྒྲུབས། །ཞེས་བཀའ་བསྒོ་བྱས་པའི་མཐར། ཨོཾ་མ་མ་རུ་རུ་སོགས་སྙིང་པོ་མང་དུ་བཟླ། རྗེས་ཀྱི་བྱ་བ་སྤྱི་དང་འདྲའོ། །འདིའི་གཏོར་ཆོག་གི་ཚིག་ཆ་རྣམས་འདི་ལས་བསྡུས་པར་སྦྱར་ཀྱང་རུང་ཞིང༌། འདི་


TNT15_Page_1163
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཆེས་མང་པོར་སྤེལ་བ་ནི། ཚེགས་ཆེ་བ་མ་གཏོགས་དོན་མེད་པའི་ཕྱིར་མི་དགོས་ལ། ཚིགས་བཅད་ཀྱང་ཕྱིས་ཀྱི་མཁས་པར་གྲགས་པས་སྦྱར་བའི་ལེགས་ལེགས་ལྟར་སྣང་བ་རྣམས་ལས། འདི་རྣམས་ཁོ་ན་སྣང་སྲིད་ཀྱི་དམ་ཅན་མགུ་བའི་ནུས་པ་ཆེ་བ་ཡིན་ལ། འདི་དག་འཇིག་རྟེན་དྲེགས་པ་ཕོ་མོའི་བཀའ་གཏད་ཀྱི་ལུགས་ཡིན་པས་ཟབ་པ་ལྟར་བཅོས་པའི་དམིགས་པ་དང་ཆོ་གའི་ཁྱད་པར་གཞན་མང་པོ་སྤེལ་བ་ལ་དགོས་པ་གཅིག་ཀྱང་མེད་དོ། །དེ་ནས་འདིའི་ཕྱི་ནང་གསང་གསུམ་གྱི་སྒྲུབ་པ་དང༌། སྤྱི་དང་སོ་སོའི་ལས་ཚོགས་ལ་ཞིབ་མོར་ངེས་པ་ཞིག་དོན་དུ་གཉེར་ན་རུང་གི གཏོར་ཆོག་དང་བཀའ་གཏད་ཀྱི་ཆོ་ག་འདི་ཙམ་ཁོ་ནས་ཆོག་པར་ཤེས་པར་བྱའོ། །ཀུན༵་ལས་ཟབ་མོར་བྱའོ་ཞེས། །དག༵འ་བར་བསྔགས་པའི་ཡི་གེ་ཡང༌། །མང་མོད་དལ་བའི་རྒྱུར་ཤེས་ནས། །སྙིང༵་པོ༵་ཙམ་ཞིག་སྦྱར་བ་ལགས། །ཚེ་རིང་མཆེད་ལྔའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས། ཐ་མར་དགེ་བའི་དོན་དུ་ཉེར་མཁོའི་སྒྲུབ་ཐབས་འགའ་ཞིག་བཤད་པའི་སྐབས་ཏེ་ཉེར་བཞི་པའོ།། །།དར་རྒྱས་འཕེལ། །


previousཚེ་རིང་མཆེད་ལྔའི་སྒྲུབ་ཐབས།next