Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
སློབ་དཔོན་ཆེན་པོ་སྤྱོད་འཆང་དབང་པོའི་རྣམ་ཐར་ངོ་མཚར་སྙན་པའི་སྒྲ་དབྱངས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསློབ་དཔོན་ཆེན་པོ་སྤྱོད་འཆང་དབང་པོའི་རྣམ་ཐར་ངོ་མཚར་སྙན་པའི་སྒྲ་དབྱངས།next

སློབ་དཔོན་ཆེན་པོ་སྤྱོད་འཆང་དབང་པོའི་རྣམ་ཐར་ངོ་མཚར་སྙན་པའི་སྒྲ་དབྱངས།


TNT17_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ཆེན་པོ་སྤྱོད་འཆང་དབང་པོའི་རྣམ་ཐར་ངོ་མཚར་སྙན་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས། །


TNT17_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་སཏྭ་ཡ། ཉི་གཞོན་བྱེ་བ་ཕྲག་བརྒྱས་མི་དཔོགས་པའི། །ཡེ་ཤེས་གཟི་འོད་རྒྱས་པས་འགྲོ་མུན་སེལ། །བརྟུལ་ཞུགས་སྤྱོད་པའི་རྦ་རླབས་རབ་གཡོས་པས། །བདུད་དང་མུ་སྟེགས་ཟིལ་གནོན་གང་དེ་རྒྱལ། །གང་ལས་ངོ་མཚར་གཏམ་གྱི་ཕུལ། །རྣམ་པ་སྣ་ཚོགས་གྲགས་དེ་ལས། ཡིད་ཆེས་ཁུངས་དང་ལྡན་པ་དག །མདོ་ཙམ་མཆོག་ཏུ་གསལ་བར་སྡེབ། །འདིར་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་རྗེས་སུ་མི་ལོ་ཆེན་པོ་སྟོང་དང་ལྔ་བརྒྱར་ཉེ་བ་ན། གྲུབ་པའི་དབང་ཕྱུག་སློབ་དཔོན་ནག་པོ་སྤྱོད་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ༌། །དེ་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱིས་དཔལ་ལྡན་འབྲས་སྤུངས་ནས་སྤྱན་དྲངས་པའི་དཔལ་མགོན་པོའི་རྒྱུད་བརྒྱད་ཡོད་པ་ལས། གཞན་བདུན་གྱི་སྙིང་པོ་ནག་པོ་ཆེན་པོ་མངོན་པར་འབྱུང་བ་ཞེས་


TNT17_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

པ། མགོན་པོ་ཕྱག་གཉིས་པ་དང༌། བཞི་པ་དང༌། དྲུག་པ་དང༌། བརྒྱད་པ་དང༌། བཅུ་གཉིས་པ་དང༌། བཅུ་དྲུག་པའི་དཀྱིལ་འཁོར་སྟོན་པ། ཁ་བ་ཅན་གྱི་ཕྱོགས་འདིར་རྭ་ལོ་ཙཱ་བ་ཆོས་རབ་ཀྱིས་བསྒྱུར་ངེས་པ་རྒྱ་དཔེ་ཅན་དེ་ལས་དེ་ལྟར་ཡུལ་ཨུ་རུ་བི་ཤར་ཡང་མཚུངས་པར་ངེས་པའོ། །དེར་སྐྱེས་བུ་བརྩོན་འགྲུས་ཆེན་པོ་དང་ལྡན་ཞིང་སྦྱོར་བ་ལ་བརྩོན་པ་རཱ་མ་ཎའི་བཀའི་འཇུག་པ་དང་མཚུངས་པ། སྡེ་ཚན་དང་པོའི་དང་པོ་དབྱངས་ཡིག་དང་པོས་བརྒྱན་པ། བདུན་པའི་བཞི་པ་ཅུང་ཟད་ན་ལ་ཞོན་པའི་མིང་ཅན་རྣལ་འབྱོར་དབང་པོ་སྐྱེས་བུའི་མཆོག་གཅིག་པོ་འདིས་རལ་གྲི་ལ་སོགས་པའི་དངོས་གྲུབ་ཆེན་པོ་བརྒྱད་ཐོབ་པར་འགྱུར་རོ། །ཛམ་བུའི་གླིང་དུ་མ་བྱུང་ཞིང་འབྱུང་བར་མི་འགྱུར་རོ། །དེའི་སློབ་མ་རྣལ་འབྱོར་པ་དྲུག་གིས་


TNT17_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱི་དངོས་པོ་སྤངས་པའི་ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར་རོ། །ཞཻས་གསུངས་པ་དང༌། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་འགྱུར་རྙིང་ལས། ཁ་ཊྭཱཾ་ག་དང་རུས་རྒྱན་ཅང་ཏེ་ཆང་སྣོད་ཐོགས་པ་ནག་པོའི་མིང་ཅན་འབྱུང་བར་འགྱུར། །ཞེས་ལུང་བསྟན་པ་སྟེ། ལུང་དང་པོའི་དོན་ནི་དེར་ཞེས་པས་གང་དུ་འཁྲུངས་པའི་ཡུལ་དང༌། བརྩོན་འགྲུས་དང་ལྡན་ཞིང་སྦྱོར་བ་ལ་བརྩོན་པ་ནི། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་རྒྱ་ཆེར་སྤྱོད་པའི་དོན་དང༌། རཱ་མ་ཎའི་བཀའི་འཇུག་པ་དང་མཐུན་པ་ནི་ལང་ཀའི་གླིང་ལ་སོགས་པར་གདུག་པ་ཅན་རྣམས་ཚར་གཅོད་པའི་དོན་དང༌། སྡེ་ཚན་དང་པོའི་དང་པོ་ཀ་ཡིག །བདུན་པའི་བཞི་པ་ཧ་ཡིག །ཅུང་ཟད་ན་ལ་ཞོན་པ་ནི་ཧཱ་ཡིག་དེ་ཉིད་ན་ཡིག་དང་བརྩེགས་པ་སྟེ། དེ་ལྟར་ན་ཀཧྣ་ཞེས་པ་མཚན་བསྟན་པ་ཡིན་ནོ། །ནག་པོའི་སྐད་དོད་མང་དུ་ཡོད་ཀྱང༌། ཀཧྣ་ཞེས་པ་སློབ་དཔོན་འདིའི་ཐུན་མོང་མ་ཡིན་པའི་མཚན་ཏེ། ཀཧྣ་ཙརྱའམ། འཕྲལ་སྐད་དུ། ཀཧྣི་པ་ཞེས་གྲགས་སོ། །རལ་གྲི་ལ་སོགས་པའི་དངོས་གྲུབ་བརྒྱད་ཅེས་པས། ཐུན་མོང་གི་གྲུབ་པ་བརྒྱད་ལ་མངའ་བརྙེས་པ་སྟེ་གཞན་ལ་སྦྱིན་ནུས་པའོ། །མ་བྱུང་ཞིང་འབྱུང་བར་མི་འགྱུར་ཞེས་པ་ནི། སློབ་དཔོན་འདི་ལྟ་བུ་གཞན་དུས་གསུམ་ཁེགས་པར་བསྔགས་པ་སྟེ། དེ་ཡང་སློབ་དཔོན་འདིས་འགྲོ་བའི་དོན་སྤྱད་པ་ན། གསུང་གདམས་ངག་དངོས་ཀྱི་ཁྱབ་པ་དང༌། མ་


TNT17_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཀྱང་དེའི་མིག་རྐྱེན་ལ་བརྟེན་པའི་གྲོང་ཁྱེར་ཆེན་པོ་བཅུ་གསུམ་ཙམ་གྱི་སྐྱེས་པ་བུད་མེད་ཁྱེའུ་བུ་མོ་ཚུན་ཆོད་འཇིག་རྟེན་གྱི་བྱ་བ་སྤངས་ཏེ་རྣལ་འབྱོར་ཕོ་མོ་འབའ་ཞིག་ཏུ་གྱུར་པས་གྲོང་ཁྱེར་དེ་དག་རེ་ཞིག་སྟོངས་སོ། །དེ་དག་ཀུན་ཀྱང་རབ་ཀྱིས་དངོས་གྲུབ་མཆོག་དང༌། འབྲིང་གིས་ཐུན་མོང་གི་དངོས་གྲུབ་དང༌། ཐ་མ་རྣམས་ཀྱིས་ཀྱང་ཕྲ་མོའི་ལས་མ་གྲུབ་པ་མེད་སྐད་དེ། ཐམས་ཅད་ཀྱང་ཏིང་ངེ་འཛིན་ཐོབ་པ་ཤ་སྟག་གོ །དེའི་སློབ་མ་དྲུག་ཅེས་བྱ་བ་ནི། སྐྱེས་པའི་རྟེན་ཅན་སློབ་དཔོན་ཉིད་ཀྱི་དྲུང་དུ་བསྙེན་ཅིང་བཞུགས་པའི་འཁོར་རྣམས་ཀྱི་ནང་ནས་སློབ་དཔོན་ཉིད་སྐུ་བཞུགས་པའི་དུས་སུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ་ནི་དྲུག་སྟེ། ཨེ་ཡ་ལ་པ་དང༌། མ་ཧི་ལ་པ་དང༌། བྷ་དྲ་པ་དང༌། དྷ་མ་པ་དང༌། དྷུ་མ་པ་དང༌། ཚིམ་བུ་པ་རྣམས་སོ། །ལུས་ཀྱི་དངོས་པོ་སྤངས་པ་ཞེས་བྱ་བ་ནི་འཆི་སྲིད་ཀྱིས་ལུས་བོར་བའི་དོན་མ་ཡིན་ཏེ། རྣམ་པར་སྨིན་པའི་ལུས་འདི་གནས་གྱུར་ནས། འཇའ་ལུས་རྡོ་རྗེའི་སྐུར་སོང་བའོ། །ལུང་ཕྱི་མའི་དོན་ནི། ཁ་ཊྭཱཾ་ཞེས་ཕྱག་མཚན་དང་རྒྱན་བསྟན་པ་ནི། སློབ་དཔོན་འདིས་སྤྲོས་བཅས་ཀྱི་སྤྱོད་པ་གཙོ་བོར་མཛད་པས། ཕལ་ཆེར་ལྷའི་ཆས་སུ་ཞུགས་པར་སྟོན། ནག་པོ་ཞེས་པའི་མཚན་ཡང་བསྟན་ཏོ། །ཀྲྀཥྞ་ཨཱ་ཙརྱ་ཞེས་པ་ཡང་སློབ་དཔོན་འདིའི་མཚན་གྱི་རྣམ་གྲངས་ཡིན་མོད་ཀྱི། ཀྲྀཥྞ་པའི་མཚན་ཅན་གཞན་ཡང་ཤིན་ཏུ་


TNT17_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

མང་ངོ༌། །སློབ་དཔོན་འདི་ལ་ཀཧྣཱ་ཙརྱ་སྟེ་སློབ་དཔོན་ནག་པོ་དང༌། ཀྲྀཥྞཱ་ཙརྱ་པ་ཡང་སློབ་དཔོན་ནག་པོའོ། །ཀཧྣ་ཀྲྀཥྞ་དང་ཐུང་ངུའི་མཐར་ཙརྱ་པ་སྦྱར་ན། ཀཧྣ་ཙརྱ་པ་ཀྲྀཥྞ་ཙརྱ་པ་སྟེ་ནག་པོ་སྤྱོད་པ་བ་ཞེས་དང༌། ཡང་ཙརྱཱ་ཙརྱ་པ་སྟེ་སློབ་དཔོན་སྤྱོད་པ་བ་དང༌། དེ་བཞིན་དུ་ཙརྱ་བཛྲ་ཏེ་སྤྱོད་པའི་རྡོ་རྗེ་དང༌། ཨཱ་ཙརྱ་ཙརྱ་དྷ་རི་པ་སྟེ་སློབ་དཔོན་སྤྱོད་འཆང་དབང་པོ་ལ་སོགས་པར་གྲགས་སོ། །དེ་ཡང་འཕགས་ཡུལ་ཤར་ཕྱོགས་གཽ་རའི་རྒྱལ་ཁམས་ཀྱི་ནང་ཚན་ཨོ་རུ་བི་ཤ་ཞེས་བྱ་བ། བྷ་དྒ་ལ་དང་ཅུང་ཟད་ཉེ་བའི་ཕྱོགས་ཤིག་ཡིན། ཡུལ་དེར་མི་རིགས་ཆེན་པོ་བཞི་ལས་བྲམ་ཟེའི་རིགས་སུ་སྐུ་འཁྲུངས་སོ། །བོད་ཀྱི་ལོ་རྒྱུས་རྙིང་པ་འགའ་ན། རྗེ་རིགས་སུ་འཆད་པ་ཡོད་ཀྱང༌། སློབ་དཔོན་ཉིད་ཀྱི་དོ་ཧ་ལས། རེག་གིན་རེག་གིན་འགྲོ་སྟེ་བྲམ་ཟེའི་བུ། ཞེས་གསུངས་པ། དེ་ལ་མཚོན་དོན་རྫོགས་རིམ་ལ་སྦྱར་བའི་བཤད་པ་ཡོད་ཀྱང༌། མཚོན་བྱེད་བརྡ་དེ་ཡང་ཀུན་རྫོབ་དངོས་པོ་དང་འགྲིག་དགོས་པས། སློབ་དཔོན་བྲམ་ཟེའི་རིགས་ཡིན་པར་ལུང་དེས་གྲུབ། རྒྱ་གར་ན་སྔོན་ནས་ད་ལྟའི་བར་དུ་ཡང་སློབ་དཔོན་འདི་ཕྱི་ནང་ཐམས་ཅད་ལ་གྲགས་ཆེ་ཞིང༌། ཐམས་ཅད་མགྲིན་གཅིག་པར་བྲམ་ཟེའི་རིགས་ཡིན་པར་ཀུན་ལ་གྲགས་སོ། །ཡང་སློབ་དཔོན་འདི་བོད་དུ་མ་བྱུང་རྒྱ་གར་དུ་བྱུང་བ་ཡིན་ལ། འདིའི་རིགས་ལ་ཆ་རྒྱུས་ཡོད་དུ་རུང་བའི་ཡུལ་རྒྱ་གར་དུ་ཀུན་ལ་མཐུན་པར་


TNT17_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་དེ་བཀག་ནས། ཆ་རྒྱུས་མེད་པའི་རྒྱལ་ཁམས་བོད་ལྟ་བུར་དེ་དང་འགལ་བར་སྨྲ་བ་དག་ལ་འདི་ནི་བདེན་ཏེ། སྨྲ་བ་པོ་དེ་སྐྱེས་བུ་བཟང་པོ་ཡིན་པའི་ཕྱིར་རོ། །ཞེས་སྨྲ་བ་ནི་ལེགས་པ་མ་ཡིན་ཏེ། གཡེམ་མ་མུ་ཅོར་གྱི་རྒྱལ་ལོ་ཞེས་པའི་དོན་དང་མཚུངས་པར་འགྱུར་བའི་ཕྱིར་རོ། །དེ་ནས་ཆུང་ངུའི་དུས་ནས་བློ་རྣོ་ཞིང་སྒྲ་དང༌། སྨན་དཔྱད་དང༌། བཟོའི་གནས་ཐམས་ཅད་ལ་མཁས་པར་བྱས། དེར་སྔོན་གྱི་ལས་འཕྲོ་སད་པས། ཡེ་ཤེས་ཀྱི་རྣལ་འབྱོར་མ་དུ་མས་ཞལ་མངོན་སུམ་དུ་བསྟན། དེ་ནས་རིམ་གྱིས་ཡུལ་དབུས་མ་ག་དྷའི་ཆ་ཤས། དཔལ་ན་ལེནྡྲ་ཞེས་བྱ་བ། པཎྜི་ཏ་ལྔ་བརྒྱ་གནས་ཤིང་ཆོས་གྲྭ་ཤིན་ཏུ་དར་བས་དེར་བྱོན་ཏེ་དགེ་སློང་མཛད་ཅིང་ལོ་མང་དུ་བཞུགས་ནས་སྡེ་སྣོད་གསུམ་དང༌། རྒྱུད་སྡེ་བཞིའི་ཐོས་བསམ་གྱིས་རྒྱུད་བྱང་བར་མཛད་ཅིང༌། སྔགས་དང་བསམ་གཏན་ཡང་ཅི་རིགས་པ་གྲུབ་པར་གྱུར་ཏོ། །དེར་དབེན་པ་བསྟན་ཏེ། བསྒོམ་ཞིང་བཞུགས་པའི་སྐབས་ཤིག །གྲུབ་པའི་རྣལ་འབྱོར་མ་ཆེན་མོ་ལྕམ་ལ་ཀྵྨཱི་ཀ་རས་ཞལ་བསྟན་རྒྱུད་བྱིན་གྱིས་བརླབས་ཏིང་ངེ་འཛིན་ཁྱད་པར་ཅན་བརྙེས་སོ། །དེར་རྡོ་རྗེ་མཁའ་འགྲོ་མ་འགའ་ཞིག་གིས་ནམ་མཁའ་ནས་གསུང་གི་སྣང་བ་ཕྱུང་སྟེ། བྱང་ཕྱོགས་ཀྱི་གྲོང་ཁྱེར་ཛ་ལན་དྷ་ར་ན། བླ་མ་ཛ་ལནྡྷ་རི་པ་ཞེས་པ་ཡོད་ཀྱི། ཁྱོད་ཀྱིས་དེ་བསྟེན་ན་འདོད་


TNT17_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དངོས་གྲུབ་ཏུ་འགྱུར་རོ། །ཞེས་གྲགས་པས་བདག་ཉིད་གཅིག་པུ་ཡུལ་ཛ་ལན་དྷ་རར་བཞུད་དོ། །དེར་གྲུབ་ཐོབ་ཛ་ལན་དྷ་རི་པ་དང་མཇལ། སློབ་དཔོན་དེ་ནི་རང་བྱུང་གདོད་ནས་གྲུབ་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེས་ཆེ་བ་ཡིན་ཅིང༌། སྐུ་ལུས་ཀྱི་བཀོད་པ་ཡང་ཅིག་ཅར་མང་དུ་སྟོན་པས་ཡུལ་ཐ་དད་སྣ་ཚོགས་ན་སྐུ་དུ་མས་དུས་གཅིག་ཏུ་བཞུགས་ཤིང༌། སློབ་མ་དངོས་གྲུབ་ཐོབ་པའང་མང་མོད་ཀྱི། ཡུལ་དེར་དུས་སྐབས་གདུལ་བྱ་འདུལ་བའི་དབང་གིས། དམངས་རིགས་ཀྱི་རྣལ་འབྱོར་པ་རྟག་ཏུ་སློང་མོ་ལ་སྤྱོད་པ་ཕལ་པའི་ཚུལ་འཛིན་པ་ཅིག་ཡོད་སྐད། དེར་མཁས་པའི་ང་རྒྱལ་སྤངས་ནས་ཞབས་ལ་གུས་པས་བཏུད་དེ་རྗེས་སུ་གཟུང་བར་གསོལ་བ་བཏབ་པས། སྐལ་བ་དང་ལྡན་པར་མཁྱེན་ནས། ཡང་དག་པར་དབང་བསྐུར་ཞིང་གདམས་པ་དང་རྗེས་སུ་གདམས་པ་མཐའ་དག་བསྩལ་ཏོ། །དེ་ནས་ཛ་ལན་དྷ་རའི་ཡུལ་དེའི་ཕྱོགས་གཅིག་ཏུ་རྡོ་རྗེ་ཐེག་པའི་དོན་བསྒོམ་ཞིང་བཞུགས་པའི་ཚེ། ལན་ཅིག་འདོད་ན་རྩིག་པ་ལ་ཡང་ཐོགས་མེད་དུ་འབྱོན་ནུས་པ་དང༌། བྲག་རི་ལ་ཡང་ཞབས་བྱིང་ཞིང་བཞེད་ན་ཐལ་བྱུང་དུ་བཞུད་ནུས་པ་དང༌། ནམ་ཏིང་ངེ་འཛིན་བསྒོམས་པའི་ཚེ་བདག་ཉིད་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་དུ་གསལ་བར་གཟིགས་ཤིང༌། ལྷ་དེ་རྣམས་ཀྱིས་དྲི་ལན་མཛད་པའི་ཚུལ་གྱིས་སློབ་དཔོན་ཉིད་ཀྱི་ཐེ་ཚོམ་གཅོད་པ་དང༌། བསྟོད་པ་དང་རྡོ་རྗེ་གླུ་ནམ་བླངས་པ་ན། ས་གཡོ་


TNT17_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

བའམ། མེ་ཏོག་གི་ཆར་འབབ་པའམ། སྒྲ་འབྱིན་པའམ། འོད་སྣང་བར་བྱེད་པ་འབྱུང་ངོ༌། །དེར་སྤྱོད་པ་བྱ་བའི་དུས་ཡིན་ནམ་དགོངས་པ་ན། རྡོ་རྗེ་མཁའ་འགྲོ་མ་འགའ་ཞིག་མངོན་སུམ་དུ་བྱོན་ཏེ་བཟློག་པར་མཛད་དོ། །ཡང་བསྒོམ་ཞིང་བཞུགས་པ་ན། ཕྱུགས་འཚོ་བའི་བྱིས་པ་འགའ་ཞིག་རྩེ་མོ་རྩེ་ཞིང་སོང་བའི་ཤུལ་དུ་ཤིང་ཨ་ཤོ་ཀ་ལ་རལ་གྲིའི་གཟུགས་བྱས་པ་འགའ་ཞིག་དག་བོར་ཏེ་འདུག་པ་ལ། གཅིག་ཕྱག་ཏུ་བསྣམས་ཏེ་བྱོན། ཤིང་དྲུང་ཞིག་ཏུ་དེ་མདུན་དུ་བཞག་སྟེ་ཏིང་ངེ་འཛིན་བསྒོམ་ཞིང་བཞུགས་པ་ན། རལ་གྲི་དེ་ལས་མེ་རང་འབར་བར་གྱུར་ཏེ། དེ་ཕྱག་ཏུ་ཐོགས་པ་ན་ནམ་མཁའ་ལ་འཕགས་ཤིང་མངོན་ཤེས་དང་ལྡན་པར་གྱུར་ཏོ། །དེར་དགོངས་པ་བླ་མའམ་ལྷག་པའི་ལྷས་བཀས་མ་གནང་བར་དངོས་གྲུབ་ཀྱི་རོལ་པ་མི་བྱའོ་དགོངས་ཏེ། རེ་ཞིག་མི་སྣང་བར་སྦས་སོ། །ཡང་ལན་ཅིག་ལམ་དུ་བཞུད་པ་ན་བྲག་རིའི་ཁོངས་ན་གྲུབ་པའི་དངུལ་ཆུའི་གཏེར་ཡོད་པ་གཟིགས་ཤིང༌། དེའི་སྒོ་ཡང་རང་བྱེ་བ་དང༌། ཡང་ས་གཞི་ལ་རིན་པོ་ཆེའི་གཏེར་ཡོད་པ་གཟིགས་ཤིང་སྒོ་ཡང་བྱེ་བ་དང༌། ཡང་སྒྲུབ་པ་པོ་གཅིག་གིས་ནགས་ཀྱི་མཐོངས་ཤིག་ཏུ་མི་གཞན་མེད་དོ་སྙམ་དབེན་པའི་འདུ་ཤེས་ཀྱིས་རིལ་བུ་ལྕགས་གསུམ་གྱིས་དཀྲིས་པ་ཞིག་བཅོས་ཏེ། ལྗོན་ཤིང་ཅིག་གི་རྩ་བར་སྦས་སོ། །དེ་ནགས་གསེབ་ན་གནས་པའི་གཡོ་ཅན་ཞིག་རྩྭའི་གསེབ་ན་ཡིབ་ནས་བསྡད་པས་མཐོང༌།


TNT17_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་པོ་དེ་གྲོང་ཁྱེར་དུ་སོང་བ་ན། གཡོ་ཅན་དེས་རིལ་བུ་དེ་བརྐུས་ཏེ་སོང་བ་ན། གཞན་ལ་བཙོངས་ཀྱང་མ་བྲིན། རང་ལ་མཁོ་མེད་ནས། འདི་སུ་དང་ཕྲད་པ་ལ་སྦྱིན་ནོ་སྙམ་ཙ་ན། སློབ་དཔོན་འདི་ལམ་གྱི་གཞི་མདོ་ན་བསྒོམ་ཞིང་བཞུགས་པ་དང་ཕྲད་དེ། སྐུ་མདུན་དུ་བོར་ཏེ་སོང་ངོ༌། །དེ་ལ་སྤྱན་གྱིས་གཟིགས་ཤིང་ཐུགས་བརྟད་པ་ན། ཆུ་ཚོད་གཅིག་ཙམ་ན་སྒྲ་དང་འོད་ཟེར་བྱུང་ངོ༌། །དེ་ཞལ་དུ་བཅུག་པས་ལྷ་དང་གནོད་སྦྱིན་གྱི་གནས་རྣམས་ཀྱང་གཟིགས་ཤིང༌། བཞེད་ན་སྐད་ཅིག་ལ་དེར་འབྱོན་པའི་ནུས་པ་ཐོབ། འོན་ཀྱང་སྔ་མ་བཞིན་དུ་དགོངས་ནས། རེ་ཞིག་མི་སྣང་བར་སྦས་སོ། །ཡང་ལན་ཅིག་ལམ་དུ་བཞུད་པ་ན་ས་འོག་གི་འཇིག་རྟེན་དུ་འགྲོ་བའི་དཔལ་གྱི་སྒོར་རང་བྱེ་བར་གཟིགས་ནས། ལམ་དེ་ལ་ཞུགས་ནས་ཡུད་ཙམ་ཞིག་གིས་ས་འོག་གི་འཇིག་རྟེན་རྣམས་གཟིགས་ཤིང་ཉམས་འོག་ཏུ་ཆུད་པར་བྱས། སླར་རང་ཉིད་ཀྱི་སྒྲུབ་གནས་སུ་འཁོར་རོ། །དེ་དག་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་མང་པོ་ཆེད་དུ་མ་སྒྲུབས་ཀྱང་རང་གི་ངང་གིས་གྲུབ་པར་གྱུར་ཏོ། །དེར་དགོངས་པ་ད་ནི་ངེས་པར་སྤྱོད་པ་བྱ་བའི་དུས་ལ་བབ་པོ་སྙམ་ནས། བླ་མ་ཛ་ལན་དྷ་རི་པ་ལ་སྣང་བ་ཞུས་པས། ཀྱེ་མ་མིག་འཕྲུལ་མཁན་ཁྱོད་དེ་ཙམ་ངོ་མཚར་ཅི་ཆེ། ད་ལྟ་ཁྱོད་ཀྱིས་སྤྱོད་པ་བྱ་བར་མི་ནུས་ཀྱི། དེ་བས་འདི་ནས་བྱང་ཕྱོགས་ན་དཔག་ཚད་ལྔ་བརྒྱ་ཙམ་ན། ཡུལ་པྲེ་ཏ་པུ་རི་ཡོད། དེ་ན་མཁའ་འགྲོ་མ་


TNT17_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་བ་བཟང་མོ་ཞེས་བྱ་བ་ཡོད། དེ་གསང་རྒྱུད་མཐའ་དག་འཛིན་པ་ཡིན་པས། དེའི་ལག་ནས་གསང་བ་ཀུན་བསྡུས་པ་ཞེས་ཀྱང་བྱ། ཁ་སྦྱོར་ཐིག་ལེ་ཞེས་བྱ་བའི་རྒྱུད་ཡོད་པས། དེ་སྤྱན་དྲོངས་ལ་ཤོགསེམས་ཅན་མང་པོ་ལ་ཕན་པར་འགྱུར། དེ་ཡང་ཁྱོད་ཀྱིས་གསོལ་བ་བཏབ་པ་ཙམ་གྱིས་མི་སྟེར་གྱི། ངས་ལེན་དུ་བཏང་བ་ཡིན་བྱས་ན་སྟེར་བར་འགྱུར་རོ་གསུང༌། དེ་ནས་དེའི་ནང་པར་ནག་པོ་སྤྱོད་པ་བྱང་ཕྱོགས་སུ་བཞུད་པས། ཉི་མ་དེ་ཉིད་ཀྱི་ཐུན་ཐ་མ་ལ་བབ་པ་ཙམ་ན། བྱེ་མའི་ཐང་སྐྱ་བོ་ཞིག་གི་དབུས་གད་པའི་ཁུགས་ཤིག་ན། ཁྱིམ་ངན་པ་རེ་ཧྲུལ་འདྲ་བ་ཞིག་འདུག །དེ་དང་ཉེ་བར་ཕྱིན་པ་ན། བུད་མེད་ངན་མ་ཞིག་ཆུ་ལེན་དུ་བྱུང་བ་དང་འཕྲད་ནས། དེ་ནུབ་གནས་གཡར་དགོས་བྱས་པས། དེ་ལན་ཅིག་ནང་དུ་སོང་ནས་སླར་ཡང་འབོད་དུ་བྱུང༌། དེ་ནས་སློབ་དཔོན་ཁྱིམ་གྱི་ནང་དུ་བྱོན་ཙ་ན། དེ་ན་བུད་མེད་གཞན་ཞིག་འདུག་པ་དང༌། དེས་རྣལ་འབྱོར་པ་གང་དུ་འགྲོ་ཟེར། སློབ་དཔོན་གྱིས་སྔར་གྱི་གཏམ་བཤད་པས། དེ་ན་རེ། ཡུལ་པྲེ་ཏ་པུ་རི་ཡང་འདི་ཀ་ཡིན། མཁའ་འགྲོ་མ་སྐལ་བ་བཟང་མོ་ཡང་ང་ཡིན་ཟེར། སློབ་དཔོན་གྱི་དགོངས་པ་ལ། དེ་རང་མིན་ལས་ཆེ་དགོངས་ཏེ། དེའི་ནང་པར་བྱང་ཕྱོགས་སུ་གཤེགས་པས། ཉི་མ་ནུབ་ལ་ཁད་ཙ་ན་སྔར་གྱིས་དེ་ཀར་འཁོར། དེའི་ཡང་ནང་པར་བཞུད་པས་ཀྱང་སྔར་བཞིན་


TNT17_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནང་འོངས་པའི་གནས་དེ་ཉིད་དུ་འཁོར། དེ་ནས་སློབ་དཔོན་གྱིས་མཁའ་འགྲོ་མ་དེ་ལ་ཕྱག་འཚལ་ཏེ། ཁྱེད་ཀྱི་ཕྱག་ན་དཔལ་སམྦུ་ཊ་ཁ་སྦྱོར་ཐིག་ལེའི་རྒྱུད་ཡོད་པ་འདུག་པ། སློབ་དཔོན་ཛ་ལནྡྷ་རི་པས་རྒྱུད་དེ་ལེན་པར་བདག་བཏང་བ་ཡིན་པས། རྒྱུད་དེའི་གླེག་བམ་ཡང་བསྩལ་བར་ཞུ། གདམས་པ་དང་རྗེས་སུ་གདམས་པ་ཡང་གནང་བར་ཞུ་ཞུས་པས། གནས་ཁང་དེ་ཡང་ཁང་བཟང་རྒྱན་གྱིས་བརྒྱན་པར་གྱུར། བུད་མེད་དེ་ཡང་གཟི་བརྗིད་འོད་དུ་འབར་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གསེར་གྱི་ཁྲི་ལ་འདུག་པ་ཅིག་ཏུ་གྱུར་ནས། སམྦུ་ཊའི་རྒྱུད་ཀྱི་གླེགས་བམ་ནི་གཏད། ཛ་ལནྡྷ་རི་པ་ནི་འདི་མི་འདོད་དེ་འོང༌། འོན་ཀྱང་སྐལ་བ་དང་ལྡན་པ་འགའི་དོན་གྱིས་ཤིག་ཅེས་གནང་བ་བསྩལ་ལོ། །འདིར་བོད་རྙིང་པ་རྣམས་ལས་མཁའ་འགྲོ་མ་སྐལ་བ་བཟང་མོ་ཡིན་ཅེས་རྭ་བ་དང་ལོ་ཆུང་བའི་ཕྱོགས་རྣམས་ཟེར་བ་ལེགས་པར་མངོན་ཏེ་རྒྱ་གཞུང་འགའ་རེར་བླ་མ་བརྒྱུད་པ་ལ་དེ་ལྟར་བགྲངས་པས་སོ། །དེ་རྡོ་རྗེ་ཕག་མོ་དང༌། བདག་མེད་མའི་སྤྲུལ་པར་འདོད་པ་སྣ་ཚོགས་ཡོད་དེ་དོན་ལ་མི་འགལ་ལོ། །མར་དོ་ལུགས་ཀྱི་ལོ་རྒྱུས་ན། མཁའ་འགྲོ་མ་འགྲོ་བ་བཟང་མོ་ཡིན་ཟེར་བ་ཡོད་དེ། འགྲོ་བཟང་མོ་ཞེས་པ་དེ་ནི་མཁའ་འགྲོ་མ་གསང་བ་ཡེ་ཤེས་ཀྱི་མཚན་གྱི་རྣམ་གྲངས་ཡིན་པར་གྲགས་སོ། །དེ་ལའང་འགལ་བ་མེད་དོ། །སྔོན་བོད་དུ་བྱུང་པའི་འདི་སྐབས་ཀྱི་ལོ་རྒྱུས་རྣམས་ན། དབང་བསྐུར་ཞིང་གདམས་པ་དང་རྗེས་སུ་གདམས་པ་མཐའ་དག་བསྩལ་


TNT17_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་ནི། སོ་སོའི་སྐྱེ་བོའི་སློབ་དཔོན་གྱིས་སློབ་མ་ཕལ་པ་ཅིག་ལ་བྱེད་པ་བཞིན་དུ། རྡུལ་ཚོན་བཞེངས། དབང་རྫས་བསགས། ཆོག་འདོན་བཏང༌། ཉིན་མོ་བསྒྲུབས་མཚན་མོ་བསྐུར། དེབ་ཆ་སྒྲོག་པ་དང༌། གཞུང་གི་འབྲུ་བཤད་འཛུག་འཁྲིད་བྱེད་པ་དང༌། འཛིན་ཆོས་བཏང་བ་མ་ཡིན་གྱི། སློབ་དཔོན་ནག་པོ་སྐལ་ལྡན་གྱི་གང་ཟག་དེ་ལ། སྤྲུལ་པའི་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དེས། དགོངས་པ་བརྟད་དེ་ཐུགས་རྒྱུད་བྱིན་གྱིས་བརླབས་པ་ཙམ་གྱིས། སྐད་ཅིག་དེ་ལ་ཡེ་ཤེས་ཁྱད་པར་ཅན་བརྙེས། རྒྱུད་དོན་མ་ལུས་པ་ཐུགས་སུ་ཆུད། བཀའི་སྣང་བ་བསྩལ་པ་ཙམ་གྱིས་སེམས་ཅན་གྱི་དོན་རྒྱ་ཆེར་སྤྱོད་པའི་ནུས་པ་ཐོབ་པ་དེ་ཀ་དབང་བསྐུར་བ་དང༌། གདམས་ངག་རྗེས་གདམས་བླ་ན་མེད་པ་ཡིན་ནོ། །འདིས་མཚོན་པའི་སྔོན་གྱི་གྲུབ་ཐོབ་ཆེན་པོ་རྣམས་ཀྱི་རྣམ་ཐར་ན། གཅིག་གིས་གཅིག་ལ་གདམས་ཚུལ་ཡོད་པ་རྣམས། ཕལ་ཆེར་དེ་བཞིན་ཡིན་ལ། རང་ཅག་བོད་འདི་ན་གོ་བ་འདི་ཙམ་ལ་ཡང་མཐའ་གཉིས་གང་རུང་གཅིག་ཏུ་ལྷུང་བར་སྣང་སྟེ། བླུན་པོ་རྣམས་དང༌། བླུན་པོའི་རྗེས་འབྲང་མཁས་འདོད་ཡོད་པ་ཕལ་ཆེར་ཞིག་ནི། གྲུབ་ཐོབ་རྣམས་ལ་དེ་ལྟར་ཡིན་པའི་གོ་བ་རབ་རིབ་ཅིག་ཤར་བ་རྒྱུ་མཚན་དུ་བྱས་ནས། ད་ལྟའི་བླ་མ་དང༌། སློབ་མ་ཕལ་བ་ལམ་སྣ་ཙམ་ཡང་མ་ཟིན་པ་སྒབ་སྒོབ་རྣམས་ལ་ཡང་གྲུབ་ཐོབ་གྱི་རིགས་འགྲེ་འགྲན་འདོད་བྱས་ཏེ། དབང་བསྐུར་རྒྱུད་བཤད་མན་ངག་ཐམས་ཅད་རྩ་བས་བཅད། པོ་ཏི་མགོ་ལ་འཇོག་པ་དང༌།


TNT17_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་བརྟད་པས་ཆོག་པ་སོགས་མི་ཤེས་པ་དང༌། མ་ལྕོགས་པ་ལ་བཟང་བཟང་མོ་དང་དཔའ་དཔའ་མོ་བྱེད་དོ། །དེ་རིགས་ལ་བླ་མས་མ་བཤད། སློབ་མས་མ་གོ དཔོན་སློབ་གཉིས་ཀར་གྱིས་ཅི་ཡང་མི་ཤེས་པ་ལ། ཤེས་པ་དག་བྱེད་པ་ལས་མི་ཡོང་བར་འདུག་པ་འདི་ཆད་པའི་མཐའ་ཡིན། ཡང་སྔགས་གཞུང་དང༌། ཆོ་ག་ལ་རྩིས་སུ་བྱེད་པ་རྣམས་ཀྱང༌། ད་ལྟ་ལས་དང་པོ་པ་གང་བྱེད་པའི་རྒྱས་བཀབ་སྟེ། འཕགས་པ་དང༌། གྲུབ་ཐོབ་དང༌། སྒྲུབ་པ་པོ་མཆོག་རྣམས་ལའང་བྱེད་པ་ནི། སྒྲིགས་བཀོད་དམ་དམ་མོ་དང་མཁས་འདོད་བྱས་པས་ཏི་ཐུག་ཏུ་སོང་སྟེ། འདི་ཀ་ལ་ལྟོས་པའི་རྟག་པའི་མཐའ་ཡིན་ནོ། །དེས་ན་ལས་དང་པོ་པ་ལ་བརྒྱུད་པ་ཁུངས་ལ་ཐུག་པའི་ཆོས་བཀའ་མ་ཆད་པ་ཅིག་དགོས། ཆོ་ག་ལག་ལེན་བྱང་ལ་མ་ནོར་བ་ཞིག་དགོས། བསྙེན་སྒྲུབ་ལ་སོགས་པ་ཚད་དུ་ཕྱིན་པ་ཅིག་དགོས། རང་རང་གི་གཞུང་བཤད་ཐེ་ཚོམ་ཆོད་ངེས། བློ་རྩེ་བརྟད་འཚམ་ཡོང་ངེས་ཤིག་དགོས་མན་ངག་རྣམས་ལག་ལེན་དུ་བཏབ་ན་ཐེབས་རེས་པ་ཅིག་དགོས་སོ། །གྲུབ་པ་ཐོབ་པ་རྣམས་ཀྱི་སྤྱོད་ཡུལ་ནི་གཞན་ཡིན་པས། དེ་འདྲིའི་ངེས་ཁྲིགས་མེད་ཀྱང༌། དེ་ལ་ལོག་ལྟ་དང་ཐེ་ཚོམ་མི་བྱ། གུས་པས་གསོལ་བ་ཐོབ་ཅིག ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། དེ་ནས་སློབ་དཔོན་གྱིས་ཚུར་ལམ་ཡང་ཡུད་ཙམ་ཞིག་གིས་བགྲོད་ནས། རྒྱུད་ཀྱི་གླེགས་བམ་མཁའ་འགྲོའི་ཕྱག་ནས་སྤྱན་དྲངས་པ་དེ་སློབ་དཔོན་ལ་ཕུལ་བས། ཁྱོད་ཀྱིས་མཁའ་འགྲོ་མ་དེ་ལ་རྟོག་དཔྱོད་མེད་པར་གསོལ་བ་


TNT17_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་ན། དེ་ཉིད་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་བ་ཡིན་པས་དེའི་དོན་དུ་བཏང་བ་ཡིན་ཀྱང༌། རྣམ་པར་རྟོག་པས་བསྒྲིབས་ཀྱི། ད་ང་ལ་གླེགས་བམ་གྱི་དགོས་པ་མེད་པས་ཁྱོད་ཉིད་ཁྱེར་ཞིག་ཅེས་བོར་ནས། གཞན་ལའང་སྟོན་ཅིག །འདི་སྔོན་ཉིད་ངས་ཤེས་གསུང༌། རྒྱུད་དེའི་ཚིག་དོན་མཐའ་དག་སྐད་ཅིག་དེ་ལ་བླ་མས་གསུངས་སོ། །དེ་ནས་ཀྱང་བསྒོམ་ཞིང་བཞུགས་པ་ན། མི་རིང་པའི་སྐབས་ཤིག་འབྱུང་པོ་གཞན་གྱིས་མི་ཐུབ་པ་དང༌། གསེར་གྱི་ཕུག་ན་གནས་པའི་གནོད་སྦྱིན་མོ་ལ་སོགས་པ། གནོད་སྦྱིན་མོ་མང་པོ་དག་འོངས་ནས། རང་རང་གི་སྔགས་དང༌། རྒྱུད་ཀྱི་སྦྱོར་བ་དང་དངོས་གྲུབ་དག་འབུལ་བར་བྱེད་དོ། །འོན་ཀྱང་རིག་པའི་བརྟུལ་ཞུགས་སྤྱད་ནས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བཞེད་པ་ཡིན་པས། རེ་ཞིག་དེ་དག་བོར་ཏེ་བཞུགས་སོ། །དེ་རྗེས་ཡང་ལན་ཅིག་བླ་མ་ཛ་ལནྡྷ་རི་པའི་གསུང་ལས། ཁྱོད་དཔལ་ཨོ་རྒྱན་གྱི་གནས་སུ་སོང་ལ། ཕྱག་རྒྱ་དྲུག་པོ་འདི་རྣམས་ལ་རྡོ་རྗེ་མཁའ་འགྲོ་མའི་བྱིན་རླབས་ཞུས་ལ་མྱུར་དུ་ཤོག་ཅིག །དེ་ཡང་ཨོ་རྒྱན་གྱི་གནས་དེ་ན། རྡོ་རྗེ་མཁའ་འགྲོ་མ་མང་པོ་ཡོད་པ་རྣམས་ཀྱི་ནང་ན། གཞན་རྣམས་དང་རྣམ་པ་མི་འདྲ་བ་ཞིག་ཡོད་པ་དེ་ལ་ཞུས་གསུང༌། མི་རུས་ཀྱི་རྒྱན་དྲུག་ཕྲ་མོ་ངན་དོན་ཞིག་སློབ་དཔོན་ལ་གཏད་དོ། །ཡུལ་ཛ་ལནྡྷ་ར་ནས་ཨོ་རྒྱན་གྱི་བར་ལ་དཔག་ཚད་བརྒྱ་དང་ཉི་ཤུ་ཡོད་སྐད། དེ་ཡང་ཉིན་ཞག་


TNT17_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གམ་གཉིས་ཀྱིས་བཅད་ནས། ཨོ་རྒྱན་གྱི་གནས་དེར་བྱོན་ཞིང༌། དཔའ་བོ་དང་རྣལ་འབྱོར་མ་དཔག་ཏུ་མེད་པ་དང་མཇལ། དེ་རྣམས་ཀྱི་ཆོ་འཕྲུལ་ཡ་མཚན་ཅན་མང་པོ་ཡང་གཟིགས། ལན་ཅིག་མཁའ་འགྲོ་མ་རྣམས་ཀྱི་ཚོགས་ཀྱི་འཁོར་ལོའི་བཀོད་པ་རྒྱ་ཆེན་པོའི་གྲྭར་ཞུགས་ཏེ། ལྷན་ཅིག་ཚོགས་ཀྱི་འཁོར་ལོའི་དགའ་སྟོན་ཉམས་སུ་མྱོང་བར་མཛད་པ་ན། ཀུན་གྱི་གྲལ་གཤམ་ན་གནས་པའི་མཁའ་འགྲོ་མ་ཞིག་བཞིན་མི་སྡུག་པ། མིག་ཤེལ་མིག་ཏུ་འདུག་པ། སོ་མི་མཉམ་པ། ལུས་ཁ་དོག་ངན་ཞིང་རྩུབ་པ། གོས་ཧྲུལ་བ་ཞིག་འདུག་གོ །སློབ་དཔོན་གྱིས་ལུང་བསྟན་པའི་མཁའ་འགྲོ་ནི་དེ་ཡིན་པར་མཁྱེན་ནས། བདག་སློབ་དཔོན་ཛ་ལནྡྷ་རི་པས་བཏང་བ་ཡིན། རུས་རྒྱན་འདི་བྱིན་གྱིས་རློབ་པར་ཞུ་ཞུས་པས། དེས་ཀྱང་སྔགས་བཏབ་སྟེ་རེ་རེ་བཞིན་མདུད་རྒྱ་རེ་བྱས་ཏེ། སློབ་དཔོན་ནག་པོ་པ་ལ་ཚུར་གཏད་དོ། །དེ་ནས་སློབ་དཔོན་ཚུར་བྱོན་ཏེ། ལམ་དབེན་པ་ཞིག་ཏུ་ཐུགས་ཙེག་ཙེག་བྱེད་དེ། མཁའ་འགྲོ་མའི་མདུད་རྒྱ་བཀྲོལ་ཏེ། རུས་རྒྱན་དེ་སྐུ་ལ་གསོལ་བས། སྲིད་པ་གསུམ་མཐོང་བའི་མངོན་ཤེས་སྐྱེས། ས་འོག་ས་སྟེང་ས་བླ་གསུམ་ལ་ཐོགས་མེད་དུ་འགྲོ་བའི་ནུས་པ་ཐོབ་བོ། །ཡང་རྒྱན་རྣམས་བཀྲོལ་ཏེ་སྣོད་དུ་བསྣམས་ནས། འདི་འདྲ་གདའ་ཞེས་སློབ་དཔོན་ལ་ཕུལ་བས། མཁའ་འགྲོའི་རྒྱ་དེ་བཤིག་ཏུ་མི་རུང་པ་ལ། ཞེས་ཅུང་ཟད་མ་མཉེས་པའི་ཚུལ་མཛད་སྐད་དེ། དོན་ལ་མཁའ་འགྲོའི་རྒྱ་མ་བཤིག་པར་བླ་མ་ལ་ཕུལ་ན། རུས་རྒྱན་དེ་བླ་མས་


TNT17_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མ་ཐག་གནང་བར་འགྱུར་ཞིང༌། དེ་སྐུ་ལ་གསོལ་བ་ཙམ་གྱིས་མཆོག་བརྙེས་པར་འགྱུར་རྒྱུ་ཡིན་པར་སྣང་ངོ༌། །དེ་ནས་གནས་དེར་ཅི་རིགས་པར་བཞུགས་ཏེ། སྔར་མཁའ་འགྲོ་མ་སྐལ་བ་བཟང་མོ་དང༌། བླ་མ་ཛ་ལནྡྷ་རི་པས་བཀའི་གནང་པ་ཡོད་པ་ལ་བརྟེན་ནས། སྐལ་ལྡན་གྱི་སློབ་མ་ཅི་རིགས་ཅི་རིགས་ཙམ་གྱིས་འདུས་པ་ལ། རྡོ་རྗེ་ཐེག་པའི་ཆོས་དག་བསྟན་ཏོ། །སློབ་མ་དེ་རྣམས་ཀྱིས་ཀྱང་ཏིང་ངེ་འཛིན་རེ་ལ་བསྟན་པ་ཐོབ་ཅིང༌། ནུས་པ་སྣ་རེ་ཡང་བྱུང་ངོ༌། །དེ་ནས་སློབ་དཔོན་ཉིད་ཀྱིས། རི་ལུ་མིག་སྨན་རལ་གྲི་དང༌། །རྐང་མགྱོགས་བཅུད་ལེན་གནོད་སྦྱིན་མོ། །རོ་ལངས་དང་ནི་ས་འོག་སྟེ། །གྲུབ་པ་རྣམ་པ་བརྒྱད་ཡིན་ནོ། །ཞེས་པ་ལྟར་གྱི་རྫས་ཀྱི་དངོས་གྲུབ་དེ་དག །སྒྲུབ་པའི་ཆོ་ག་ཅུང་ཟད་ཙམ་རེས་ཚེགས་མེད་པར་གྲུབ་པ་མང་དུ་མཛད་ནས། སློབ་མ་དེ་དག་རྣམས་ལའང་སྐལ་བ་དང་འཚམས་པར་དངོས་གྲུབ་རེ་རེ་བྱིན། དེ་རྣམས་ཀྱིས་ཀྱང་ཆོ་ག་ལྷག་མ་སྒྲུབས་པས་དངོས་གྲུབ་ཕྲ་མོ་སྣ་རེ་ཐོབ་སྟེ། དེའི་ཚེ་སློབ་མ་བདུན་ཅུ་རྩ་གཉིས་ཡོད་སྐད་ལ། སུམ་ཅུ་སོ་བདུན་རྣལ་འབྱོར་མ་ཡིན། རྣལ་འབྱོར་པ་སུམ་ཅུ་སོ་ལྔ་ཡོད་སྐད། དེ་ནས་སྐབས་ཤིག་ན་སློབ་དཔོན་རང་ཉིད་ཀྱིས་དྲོད་ཚད་གཟིགས་ཏེ། བྲག་དེའུ་ཅིག་ལ་ལྟ་སྟངས་བྱས་པས་ཞིག་པ་དང༌། གསོ་བའི་ལྟ་སྟངས་མཛད་པས་འབྱོར་རོ། །ཡང་ཤིང་ནྱ་གྲོ་དྷའི་སྡོང་པོ་ལ་ལྟ་སྟངས་མཛད་པས་བསྐམས་ཤིང་ཚིག །ཡང་གསོ་པའི་ལྟ་སྟངས་མཛད་པས་སྔར་བཞིན་སོས་སོ། །


TNT17_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཞན་ཐམས་ཅད་ཀྱང་ཅི་འདོད་འོང་བར་འདུག་ནས། ད་ནི་ངེས་པར་རིག་པ་རྟུལ་ཞུགས་ཀྱི་སྤྱོད་པ་བྱའོ་དགོངས་ནས། བླ་མ་ཛ་ལནྡྷ་རི་པའི་དྲུང་དུ་ད་ནི་བདག་གིས་སྤྱོད་པ་ལ་འཇུག་པར་ནུས་པས། བླ་མས་ཅིས་ཀྱང་བཀས་གནང་བར་ཞུ། བདག་གི་འཁོར་འདི་ཀུན་གྱིས་ཀྱང་ནུས་པ་སྣ་རེ་ཐོབ་ལགས་པ། འདི་དག་ཀྱང་ཁྲིད་དུ་རུང་བའི་གནང་བ་སྩོལ་ཞེས་ཞུས་པས། བླ་མ་ན་རེ། ད་དུང་ཁྱོད་ལ་ནུས་པ་མེད་པ་འདྲ། ཡོད་ན་སྟོན་ཅིག་གསུང༌། སྟག་ལ་རེངས་པའི་ལྟ་སྟངས་མཛད་པས་དེ་མ་ཐག་ཤིང་བཞིན་དུ་རེངས། ལྗོན་ཤིང་འབྲས་བུས་རྒྱན་པ་ལ་ལྟུང་བའི་ལྟ་སྟངས་མཛད་པས། འབྲས་བུ་ཐམས་ཅད་ས་ལ་ལྷགས། རི་དྭགས་ཀྲྀཥྞ་ས་ར་ལ་དགུག་པའི་ལྟ་སྟངས་མཛད་པས། སྐད་ཅིག་ལ་དྲུང་དུ་རྒྱུགས་ཏེ་ཞབས་ལ་ལྡག་པར་བྱེད། ཡུལ་གནྡྷ་རའི་རྒྱལ་པོ་ལ་དབང་དུ་བྱེད་པའི་ལྟ་སྟངས་མཛད་པས་རྒྱལ་པོ་འཁོར་དང་བཅས་པ་དེར་འོངས་ཏེ་ཞབས་ལ་ཕྱག་འཚལ་ནས། སློབ་དཔོན་གྱི་བཞེད་པ་ཇི་ལྟ་བུ་བཀའ་སྩོལ་ཅིག་ཅེས་ཞུའོ། །གཞན་ཡང་གོང་བུ་དགུག་པ་དང༌། རྐང་པ་དགུག་པ་སོགས་མང་དུ་བསྟན་ཏོ། །གནྡྷ་རིའི་རྒྱལ་པོ་མ་གཏོགས་གཞན་རྣམས་ལ་བླ་མས་ད་ནི་ཁྲོལ་ཞིག་ཅེས་གསུང་པ་ལ། སློབ་དཔོན་སྤྱོད་པ་པ་ཉིད་ཀྱིས་འགྲོལ་བར་བརྩམས་པ་ལ། འགའ་ཞིག་ཅུང་ཟད་ཙམ་རེ་མ་གཏོགས་དགྲོལ་མ་ནུས། དེ་ཡང་བླ་མ་ཛ་ལནྡྷ་རི་པས་ཟིལ་གྱིས་མནན་པ་ཡིན། དེ་རྗེས་ཁོང་ཉིད་ཀྱིས་སླར་


TNT17_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

གསོས་ནས། ཁྱེད་ཀྱིས་ད་དུང་སྤྱོད་པ་སྔས། གསོ་ནུས་པ་དགོས་པ་ཡིན་གསུང༌། དེ་ནས་ཀྱང་ཅུང་ཞིག་བཞུགས་ཤིང་བསྒོམས་ནས་སྐབས་དེར་ལྗོན་ཤིང་ལ་འགགས་ཏེ་དཔྱངས་པའི་མི་རོ་མཚན་ལྡན་ཞིག་ལ། ལྟ་སྟངས་མཛད་པས་འགགས་ཐག་ཆད། ས་ལ་ལྷུང་པ་ལ་ཐུགས་བརྟད་པས་རོ་ལངས་ཆེན་པོ་ཕེབས་ཏེ། སློབ་དཔོན་གྱི་དྲུང་ན་འདུག་ཅིང་གཡོག་བྱེད་དོ། །སྐྱེ་བོ་ཕལ་གྱིས་ལན་རེ་ཙམ་མཐོང༌། ཕལ་ཆེར་མི་མཐོང་ངོ༌། །དེར་སྔ་མ་ལས་ཀྱང་ནུས་པ་ཆེར་འཕེལ་བས། འཁོར་རྣམས་ཀྱི་ནང་དུ་དྲིལ་བསྒྲགས་ཏེ། ཁོ་བོ་ནི་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱོད་པས། ཁྱེད་ནུས་པ་ཐོབ་པ་རྣམས་ཀྱང་ང་དང་ལྷན་ཅིག་རྒྱུ་བར་བྱའོ་གསུང༌། དེ་རྗེས་བླ་མའི་དྲུང་དུ་ཕྱག་འཚལ་ནས། སྔར་ནི་བླ་མའི་ནུས་པས་ཟིལ་གྱིས་མནན་པ་ལགས། ཡོང་ནས་བདག་གིས་ཚར་བཅད་རྗེས་གཟུང་གཉིས་ཀ་ནུས་པ་ལགས་པས། ངེས་པར་གནང་བ་ཞུ་ཞེས་ཞུས་པ་ལ། སློབ་དཔོན་ཛ་ལནྡྷ་རི་པས། མཁའ་འགྲོ་མས་བྱིན་གྱིས་བརླབས་པའི་རུས་པའི་རྒྱན་དྲུག་དེ་ཡང༌། སློབ་དཔོན་ནག་པོ་ལ་གནང་ནས། འོ་ན་ད་ཁྱོད་རིག་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་གྱིས་ཤིག །འོན་ཀྱང་ཡུལ་དེ་ཝི་ཀོ་ཊིར་མ་འགྲོ་ཞིག །ལྷག་མ་དུར་ཁྲོད་བརྒྱད་དང༌། ཡུལ་ཆེན་གཞན་ཐམས་ཅད་དུ་ཅི་བདེར་རྒྱུར་བར་གྱིས་ཞེས་བཀས་གནང་ངོ༌། །དེ་ནས་བརྩམས་ཏེ་སློབ་དཔོན་སྤྱོད་པ་པ་ནི་ལམ་གྱི་སྤྱོད་ཡུལ་དུ་རྒྱུ་བའི་ཚེ། གདུགས་བདུན་ནི་འཛིན་པ་མེད་པ་རང་འཁོར། ཌཱ་མ་རུ་


TNT17_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ནི་འཁྲོལ་བ་པོ་མེད་པར་རང་འཁྲོལ། རེས་འགའ་ནི་ཞབས་ཁྲི་གང་གི་ས་ལ་མི་རེགས་པར་བཞུད། རེས་འགའ་ནི་རོ་ལངས་མེ་ཏོག་གི་འཕྲེང་བ་ཅན་ལ་ཆིབས་ཏེ་འབྱོན། ལྟ་སྟངས་བརྒྱད་དམ་བཅུའི་སྒོ་ནས་ཉིན་རེ་བཞིན་སེམས་ཅན་མང་པོའི་དོན་མཛད་དོ། །དུས་ལན་འགའ་ནི་གདུགས་བདུན་བདུན་བརྒྱར་འཕེལ་བ་དང༌། ཌཱ་མ་རུ་བདུན་ཡང་བདུན་བརྒྱར་འགྲོ་བ་དང༌། འཁོར་ཚོགས་རྣམས་ཀྱང་རང་རང་གི་ཆོ་འཕྲུལ་དང་བཅས་ཏེ་བཞུད་པ་དང་བཞུགས་པར་ཡང་མཛད་དོ། །དེ་ནས་ཡུལ་མཱ་ལ་པ་དང་མཧཱ་རཥྟ་དང༌། ཀ་ཏ་ལི་ཀྵེ་ཏྲ་སྟེ་ཆུ་ཤིང་གི་ཞིང་ཞེས་པ་རྣམས་སུ་ཡང་ཅི་རིགས་པར་བཞུགས་ཤིང་སེམས་ཅན་གྱི་དོན་མཛད། ཡུལ་དེར་གྲུབ་ཐོབ་གོ་རཀྵ་དང་མཇལ་ཏེ། དེ་ན་རེ། ཁྱོད་ཛ་ལནྡྷ་རིའི་སློབ་མ་ཡིན་ན། ཛ་ལནྡྷ་རི་པ་ནི། ཤར་ཕྱོགས་ཀྱི་རྒྱལ་པོ་གོ་བི་ཙནྡྲས་ས་དོང་དུ་སྦས་ནས་ལོ་བཅུ་གཉིས་ཀྱང་ལོན་ན་ཞེས་འཕྱ་བ་ལྟར་བྱུང་བས། སློབ་དཔོན་སྤྱོད་པ་འཁོར་སྟོང་བཞི་བརྒྱ་དང་བཅས་པ་ཤར་ཕྱོགས་སུ་བྱོན་ནས། རྒྱལ་པོ་གོ་བི་ཙནྡྲའི་ཕོ་བྲང་གི་སྒོ་དྲུང་དུ་བཞུགས་སོ། །དེར་གྲོང་ཁྱེར་གྱི་རྟ་དང་གླང་པོ་ཆེ་རྣམས་རྩྭ་མི་ཟ། བུ་ཆུང་རྣམས་ཀྱང་མའི་ནུ་ཞོ་མི་འཐུང༌། རོལ་མོ་ཐམས་ཅད་ལ་ཡང་སྒྲ་མ་བྱུང་ངོ༌། །དེར་རྣལ་འབྱོར་པས་ནུས་པ་བསྟན་པར་ཤེས་ནས། རྒྱལ་པོ་དེ་སྤྱོམ་ཆུང་ངུས་ཕྱིར་ཕྱུང༌། སློབ་དཔོན་གྱི་ཞབས་ལ་ཕྱག་བྱས་ཏེ། ནང་བར་སློབ་དཔོན་འཁོར་བཅས་བདག་གི་ཁྱིམ་དུ་འབྱོན་པར་ཞུ་གདན་ནོན་པར་བགྱིད་ཞུས་པས། ང་ལ་འཁོར་སྟོང་དང་བཞི་བརྒྱ་ཡོད་པས།


TNT17_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱིས་ཚིམ་པར་བྱ་མི་ནུས་གསུང་བ་ལ། ངས་དམག་མི་འབུམ་ཕྲག་མང་པོ་ལ་རྟག་ཏུ་ཟན་སྦྱོར་ན། སློབ་དཔོན་འཁོར་བཅས་ལ་ཅིའི་ཕྱིར་མི་ནུས་ཞུས། སློབ་དཔོན་ན་རེ། འོ་ན་དང་པོར་ངའི་སློབ་མ་གཉིས་ཚིམས་པར་གྱིས་ཤིག དེ་ཚིམས་ན་ངེད་གཞན་རྣམས་ཀྱང་རིམ་པས་འོང་ངོ་གསུང༌། དེ་ནས་དེའི་སང་ཉིན་སྔ་དྲོ་མི་སྟོང་དང་བཞི་བརྒྱ་ཚིམས་པར་ནུས་པའི་ཁ་ཟས་ཁྱད་པར་རྣམ་པ་མང་པོ་དག་སྦྱར་བ་ན། རྣལ་འབྱོར་པ་མ་ཧི་ལ་དང༌། བྷ་ད་ལ་གཉིས་དེར་བྱུང་ངོ༌། །དེར་དེ་གཉིས་ཀྱི་ཀུ་བའི་ལྷུང་བཟེད་དུ་ཁ་ཟས་དེ་དག་ཡོངས་སུ་རྫོགས་པར་བླུག་ཀྱང༌། སྣོད་ཀྱང་མ་ཁེངས་ལ། རྣལ་འབྱོར་པ་དེ་གཉིས་ཀྱིས་ཐམས་ཅད་གསོལ་ཀྱང་ད་དུང་མ་ཚིམ་མོ་ཞེས་གསུངས། དེར་ནུས་པའི་རྟགས་བསྟན་པར་ཤེས་ནས། རྒྱལ་པོ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་སློབ་དཔོན་འཁོར་བཅས་རྣམས་ལ་མཆོད་པ་དུ་མས་མཆོད། ཞབས་ལ་གཏུགས་ཏེ་རྗེས་སུ་བཟུང་བར་ཞུས་པས། སྤྲོས་པ་དང་བཅས་པའི་དབང་བསྐུར་ཞིང༌། གདམས་པ་དང༌། རྗེས་སུ་གདམས་པ་ཡང་བསྩལ་ནས། མཐར་རྫའི་བུམ་པ་སྟོང་པ་ལག་པར་གཏད་པའི་བརྡ་ཐབས་ཀྱིས། དེ་ཁོ་ན་ཉིད་འཆི་བ་མེད་པའི་ལམ་བསྩལ་པ་ན། རྒྱལ་པོ་ན་རེ། འདི་ནི་སྔར་གཞན་ལ་ཐོས་ཟིན་ནོ་ཞུས། སུ་ལ་ཐོས་གསུངས། ཧ་ཌི་བ་ལ་ཐོས་ཞུས་པས། དེ་ནི་གྲུབ་ཐོབ་ཛ་ལནྡྷ་རི་པ་ཡིན་ན། ཁྱོད་ཀྱིས་སྡིག་བསགས་པས་ཁྱོད་ལ་འཆི་བ་མེད་པའི་ལམ་ག་ལ་འོང༌། འཁོར་བཅས་ཐལ་བར་འགྱུར་གྲང་གསུངས། དེར་རྒྱལ་པོ་


TNT17_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

འགྱོད་པས་གདུངས་ཤིང་ཤིན་ཏུ་སྐྲག་ལ། སྤྱོད་པ་བའི་སློབ་མ་རྣམས་ཀྱིས་ནི་དོང་གི་ས་དང་ཉལ་ཉིལ་རྣམས་བསལ་ནས། ཨཥྟ་དྷཱ་ཏུ་ལ་རྒྱལ་པོའི་གཟུགས་བརྙན་གསུམ་བྱས་ཏེ། རེ་རེ་བཞིན་གྲུབ་ཐོབ་ཛ་ལནྡྷ་རའི་ཞབས་ལ་གཏུགས་པ་ན། སྨོད་པ་མཛད་པས་ཐལ་བར་སོང༌། དེ་མཐོང་པས་རྒྱལ་པོ་ཆེས་འཇིགས་ཤིང་སྐྲག་ནས། དྲན་མེད་དུ་རྒྱལ་ཞིང་འགྱེལ་ལོ། །དེ་ལྟར་བསྡིགས་པས་རྒྱལ་པོའི་སེམས་ཀྱི་དྲི་མ་བྱང༌། ཕྱིས་བཟོད་པ་གསོལ་དུ་བཅུག་ནས་རྗེས་སུ་གཟུང༌། སློབ་དཔོན་གྲུབ་བརྙེས་དཔོན་སློབ་རྣམ་པ་གཉིས་ཀར་གྱིས་གདམས་པ་བསྟན་པས། དུས་གཞན་མི་རིང་པ་ཞིག་ན་རྒྱལ་པོས་ཀྱང་གྲུབ་པ་ཐོབ་བོ། །དེ་སྐབས་བྷངྒ་ལར་ཚུལ་དེ་ལྟར་བསྟན་མོད། ཡུལ་ཛ་ལནྡྷ་ར་ན་ནི་སྔོན་བཞིན་བཞུགས་པ་ཁོ་ནའོ། །དེ་ནས་སློབ་དཔོན་སྤྱོད་པ་བ། ཡུལ་ཤར་ལྷོ་ཨོ་ཌི་བི་ཤ་དང༌། དེ་དང་ཉེ་བ་ཀ་ལིང་ཀའི་ཡུལ་དུ་ཅི་རིགས་པར་བཞུགས་ནས་འགྲོ་བའི་དོན་མཛད། དེ་ནས་སིང་ག་ལའི་གླིང་དུ་གཤེགས་པར་བཞེད་ནས། སློབ་དཔོན་རང་ཉིད་རྒྱ་མཚོའི་སྟེང་དུ་ཞབས་བཞག་ནས་མི་བྱིང་བར་བཞུད་དོ། །འཁོར་ནུས་པ་ཐོབ་པ་རྣམས་ཀྱང་རང་རང་གི་འཕྲུལ་གྱིས་འགྲོ་སྟེ། ཁ་ཅིག་ནི་རྒྱ་མཚོ་ལ་ལྤགས་གདན་བཏིང་ནས་འགྲོ། ཁ་ཅིག་ནི་རྒྱ་མཚོར་མཁར་བ་བསྒྱུར་པ་ལ་རྐང་པ་བཞག་ནས་འགྲོ། ཁ་ཅིག་ནི་བྱིའུ་ཟུལ་བྱེད་ཅིང་འགྲོ ཁ་ཅིག་ནི་ཉའི་སྟེང་དུ་འདུག་ཅིང་འགྲོ ཁ་ཅིག་ནི་ཆུ་ལ་མ་རེག་པར་བར་སྣང་ལ་འགྲོ་བ་སོགས་སྣ་ཚོགས་པ་དག་གོ །ཀ་ལིང་ཀ་


TNT17_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སིང་གྷ་ལའི་བར་ལ་རྒྱ་མཚོ་ཁ་ཞེང་དཔག་ཚད་བརྒྱ་ཕྲག་དུ་མ་ཡོད་པ། ཆུ་ཚོད་གཅིག་གམ་གཉིས་ཀྱི་བར་ལ་སྤྱད་ནས་སིང་གྷ་ལར་ཕེབས་སོ། །དེར་རྒྱལ་པོ་ར་ཐ་བ་ལ་ཞེས་བྱ་བ་ཡོད་དེ། དེ་འཁོར་དང་བཅས་པ་ཆོ་འཕྲུལ་གྱི་བཀོད་པ་དེ་མཐོང་བས་ལྷག་པར་དད་དེ། ཞབས་ལ་ཕྱག་འཚལ་ཞིང༌། མཆོད་པ་རྒྱ་ཆེན་པོས་ཡུན་རིང་དུ་མཆོད་དོ། །གླིང་དེ་ན་དེའི་སྔོན་དུ་གསང་སྔགས་གྱི་ཐེག་པ་མ་དར་པ་ལས། སྐབས་དེར་རྡོ་རྗེ་ཐེག་པའི་བསྟན་པ་དར་བར་མཛད། གྲུབ་པ་ཐོབ་པ་ཡང་མང་དུ་བྱུང་ངོ༌། །རྒྱལ་པོ་དང༌། བློན་པོ་དང༌། ཁྱིམ་བདག །ཚོང་དཔོན་ལ་སོགས་པས་ལྷ་ཁང་གསར་དུ་བཞེངས་པ་མང་པོ་དག་ལ་བྱིན་རླབས་རབ་ཏུ་གནས་པ་མཛད་དོ། །དེ་ནས་རྒྱལ་པོ་ལ་ཡང་དབང་བསྐུར་ཞིང༌། གསང་སྔགས་ཀྱི་ལྷ་ཁང་ཡང་བཞེངས། དེ་ལ་ཀྲྀཥྞ་བི་ཧ་ར་ཟེར། ད་ལྟའི་བར་དུ་བྱིན་རླབས་ཆེ། རང་གི་སྐལ་བ་དང་འཚམས་པར་ཞག་བདུན་ནས་ཟླ་བ་གཅིག་གི་བར་དུ་ས་ཐེ་བཙུགས་ནས་གསོལ་བ་འདེབས་ནུས་ན། ལོང་བར་གྱུར་པས་ཀྱང་མིག་སྐྱོན་མེད་པ་ཐོབ་པ་དང༌། བུད་མེད་མོ་གཤམ་ཡང་དུས་ལྡན་མར་གནས་འགྱུར་བ་སོགས་ཡོད་དོ། །གླིང་དེར་དེ་སྔོན་དུ་ཚངས་པའི་སྲིན་པོ་ཞེས་བྱ་བའི་གདོན་གྱིས་འཚེ་བ་རྟག་ཏུ་ཡོང་ཞིང༌། དེ་ཡང་ཉིན་བར་གྱི་དུས་འཚུབ་མ་སྒོར་རླུང་གི་རྣམ་པར་འོངས་ནས། བྱིས་པ་ཕོ་མོ་དང༌། རྟ་དང་གླང་པོ་དང་ཕྱུགས་སོགས་ལ་དེས་སྐོར་བ་ཙམ་གྱིས་སྐད་ཅིག་ལ་མང་པོ་འཆི་བར་འགྱུར་བ་དང༌། མཚན་མོའི་དུས་ན་ཁྱིམ་སྐྱོད་ཅིང་


TNT17_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

འོད་འབྱིན་པས་མི་ཕྱུགས་དག་གསོད་པར་བྱེད་པ་དང༌། སྐབས་འགར་བྲམ་ཟེ་དང་བཙུན་པའི་གཟུགས་སུ་བསྒྱུར་ནས་མིའི་སྲོག་འཕྲོག་པ་དག་ཡོད་དེ། དེར་སློབ་དཔོན་གྱིས་དེ་དག་བསྐྲད་ཅིང་དམ་ལ་བཞག་པས་གནོད་པ་དེ་ད་ལྟའི་བར་དུ་རྒྱུན་ཆད་ཅིང༌། ཡང་མཁའ་འགྲོ་སྲིན་མོའི་རིགས་ཀྱི་གནོད་པ་སྣ་ཚོགས་པ་འབྱུང་བ་ཡང་དེ་ཕྱིན་ཆད་མེད་དོ། །དེ་ནས་གླིང་ཌ་མི་ཌོ་ཞེས་བྱ་བ་གདུག་པའི་མཁའ་འགྲོ་མ་མང་པོས་གང་བའི་གནས་ཤིག་ན། མཁའ་འགྲོའི་རིགས་ཀྱི་སྲིན་མོ་ཆེན་མོ། བི་ཤྭ་རུ་བི་ཏེ། སྣ་ཚོགས་གཟུགས་ཅན་མ་ཞེས་པ་འཁོར་སྲིན་མོ་ལྔ་བརྒྱ་དང་བཅས་མི་མོའི་གཟུགས་སུ་བསྒྱུར་ཏེ་གནས་ལ། དེ་རྣམས་ཀྱི་སྤྲུལ་པས་ཉིན་རེ་བཞིན་དུ། འཛམ་བུ་གླིང་དང་གླིང་ཕྲན་རྣམས་ཀྱི་མི་དང་དུད་འགྲོ་བརྒྱ་སྟོང་དུ་མ་ཟ་བར་བྱེད་པ་ཅིག་ཡོད་དོ། །དེ་འདུལ་བའི་དོན་དུ་སློབ་དཔོན་འཁོར་བཅས་རྒྱ་མཚོ་ལ་ཆོ་འཕྲུལ་སྣ་ཚོགས་པས་བཞུད་དེ། གླིང་དེའི་འགྲམ་དུ་ཕེབས་པ་ན། གཙོ་མོ་སྣ་ཚོགས་གཟུགས་ཅན་ཉིད་ལྷ་མོ་དང་འདྲ་བའི་བུད་མེད་ཀྱི་གཟུགས་སུ་བསྒྱུར་ནས་ལམ་ཁ་ན་འདུག་གོ །སློབ་དཔོན་དེར་བྱོན་པ་ན། དེ་ན་རེ། རྣལ་འབྱོར་བ་གང་གི་ཕྱིར་འགྲོ་ཟེར། བི་ཤྭ་རུ་པི་ནི་འདུལ་བའི་ཕྱིར་རོ་གསུངས་པས། དེ་ན་རེ། དེ་ནི་གཟུགས་དང་ཡན་ལག་མཆོག་དང་ལྡན་པ། ཡིད་གཞུངས་པ། སེམས་ཅན་མང་པོ་ལ་ཕན་པར་བྱེད་པ་ཡིན་ན། དེ་ལ་གནོད་པ་བྱར་མི་རུང་ངོ་ཟེར། སློབ་དཔོན་ན་རེ་མ་ཡིན་ཏེ། ཉིན་རེ་བཞིན་སྐྱེ་བོ་བརྒྱ་སྟོང་དུ་མ་ལ་འཚེ་བར་


TNT17_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་ཕྱིར་ངེས་པར་འདུལ་ལོ། །ཡང་དེ་ནི་རྫུ་འཕྲུལ་ཆེ་བ་ཡིན་ན། ཁྱོད་ཀྱིས་འདུལ་བར་ག་ལ་ནུས་ཟེར། སློབ་དཔོན་གྱིས་དེ་མཐོང་བར་འགྱུར་རོ་གསུང་པས། སྐད་ཅིག་དེ་ཉིད་ལ་སྲིན་མོའི་འཁོར་ལྔ་བརྒྱ་པོ་ཡང་སྣང་བར་གྱུར། གཙོ་མོ་རང་ཡང་འཇིགས་འཇིགས་ལྟར་སྣང་བ་ཤིན་ཏུ་ཆེ་བའི་གཟུགས་སུ་གྱུར་ཏེ་རྔམས་པའི་ཚུལ་གྱིས་འོངས་པ་ན། སློབ་དཔོན་གྱིས་དེ་རྣམས་ལ་སྡིགས་འཛུབ་བསྟན་པས་སྲིན་མོའི་གཙོ་མོ་དེ་སྒོ་ཐམས་ཅད་ནས་ཁྲག་ལྷུང་བར་གྱུར། ལྷུ་ཚིགས་ཐམས་ཅད་ཞིག་དྲན་མེད་དུ་བརྒྱལ་ཞིང་མྱོས། འཁོར་ཐམས་ཅད་ཀྱང་བརྒྱལ་བོག་ཚོར་བ་དྲག་པོས་གནད་དུ་གཟིར་རོ། །དེར་སློབ་དཔོན་གྱིས་བཀའ་བསྒོས་ཤིང་དམ་ལ་བཞག །སེམས་ཅན་ལ་འཚེ་བ་མི་བྱེད་པར་མནའ་དོར། སྲིན་མོ་སྣ་ཚོགས་གཟུགས་ཅན་མ་ཉིད་ཀྱིས་སློབ་དཔོན་གྱི་ཞབས་ལ་ཕྱག་འཚལ་ཏེ། སློབ་དཔོན་ལམ་དུ་བཞུད་པའི་ཚེ་བཞེད་ན་སྐྱེ་བོ་ཀུན་གྱིས་མཐོང་བར་བདག་གཞོན་པ་ཆིབས་ཀྱི་ཚུལ་དུ་འགྲོ་བར་བགྱིད། བཞུགས་པའི་ཚེ་གདན་གྱི་ཚུལ་དུ་ཡང་གནས་པར་བགྱིད། ཕལ་ཆེར་དུ་མི་སྣང་བའི་ཚུལ་གྱིས་རྗེས་སུ་སོང་སྟེ། ཆོ་འཕྲུལ་སྣ་ཚོགས་པ་སྟོན་པ་དང༌། མ་རུང་པ་རྣམས་ཚར་བཅད་པར་བགྱིའོ། །ཞེས་ཞུས་ཤིང་སློབ་དཔོན་གྱིས་ཀྱང་གནང་ངོ༌། །དེ་ནས་ལྷོ་ཕྱོགས་ཀྱི་རྒྱུད་དུ་ཡུལ་ཏུཎྜ་མཎྜལ་ཏེ། བྱ་མཆུའི་དཀྱིལ་འཁོར་ཞེས་བྱ་བ་ན། ལྷ་མོ་སིང་ག་ལ་ཏེ། དམར་སེར་མའི་རྡོ་སྐུ་རང་བྱུང་ཞིག་བྱུང་སྟེ་མི་རིང་བའི་དུས་ཡིན། དེར་མུ་སྟེགས་ཀྱིས་རྣལ་འབྱོར་མ་འཕྲུལ་དང་


TNT17_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་རྣམས་འདུས་ཏེ། ནུབ་རེ་བཞིན་དུ་རིགས་སྔགས་ཀྱི་མཐུས་མི་རེ་བཀུག་སྟེ་ཚོགས་སུ་ཟ་བར་བྱེད་དོ། །དེར་ལན་ཅིག་མི་མང་པོ་ཞིག་དུས་གཅིག་ཏུ་བཟུང་ནས་དུས་སྟོན་ལ་ཟ་བར་བྱེད་འདོད་པ་ལ། སློབ་དཔོན་དེར་བྱོན་ཏེ་རྣལ་འབྱོར་མ་རྣམས་ལྟ་སྟངས་དང་ཕྱག་རྒྱས་གཟིར་བས། ཐང་ལ་མི་རོ་བཞིན་དུ་འགྱེལ། རྡོ་སྐུ་ཡང་ཁ་བུབ་ཏུ་གྱུར་པ་ལ་ཞབས་ཀྱིས་བསྣུན་པས། ཕྱེད་འཁྱོགས་པར་སོང༌། དེ་རྣམས་དམ་ལ་བཞག་སྟེ་སྲོག་ཆགས་ལ་གནོད་པ་མི་བྱེད་པར་བྱས་སོ། །འདི་འདྲའི་རིགས་ཀྱི་མ་མོའི་སྐུ་རང་བྱུང་དུ་གྲགས་པ་ཕལ་ཆེར་སྐྱེ་གནས་ཀྱི་ཕྱག་རྒྱར་ཡོད་ཞལ་ཕྱག་གི་རྣམ་པ་ཅན་ཉུང་ཡང༌། འདི་ཞལ་ཕྱག་གི་རྣམ་པ་ཅན་དུ་གྲགས། ཡང་ལྷོ་ཕྱོགས་ཏམྤ་ལ་ཞེས་བྱ་བའི་ཡུལ་དུ་བརྟུལ་ཞུགས་ཀྱི་སྤྱོད་པས་བཞུགས་པ་ན། ཕྱོགས་དེ་ན་མུ་སྟེགས་ཀྱི་རྣལ་འབྱོར་པ་ཀྲིཥྞ་བྷི་མ་ཞེས་བྱ་བ་གྲུབ་པར་གྲགས་པ་ཅིག་ཡོད་དེ། དེས་སློབ་དཔོན་དང་ནུས་པ་འགྲན་ནོ་ཞེས་བྱས་པ་ན། རྒྱལ་པོ་ལ་སོགས་པ་སྐྱེ་བོ་དཔག་ཏུ་མེད་པ་འདུས་སོ། །དེ་ན་སངས་རྒྱས་པའི་ལྷ་ཁང་གནས་གཞི་ཙརྨ་བི་ཧ་ར་ཞེས་བྱ་བ་གཅིག་དང༌། མུ་སྟེགས་པའི་གནས་གཞི་སུ་ཀ་ནཱ་ཐ་མཱ་ཐུ་ར་ཞེས་བྱ་བ་ཞིག་ཡོད་པ། བར་ཐག་རྒྱང་གྲགས་ཙམ་མོ། །དེར་ཀྲྀཥྟ་བྷི་མས་ནང་བའི་གནས་གཞི་དེའི་ལྷ་ཁང་ལ་རྫས་ཀྱིས་གཏོར་ཞིང་སྔགས་བཏབ་པས་ཁྲུམ་གྱིས་ཞིག་ལ་ཁང་པ་ལ། སློབ་དཔོན་གྱིས་ལྟ་སྟངས་མཛད་པས་སླར་འབྱོར་ཏེ་འདུག་གོ །སླར་ཡང་མུ་སྟེགས་ཀྱིས་རྫས་སྔགས་བཏབ་ཀྱང་ཅི་ཡང་མ་གནོད་དོ། །མུ་སྟེགས་ཀྱི་གནས་གཞི་དེ་ནི་དྲུང་ཅིག་ན་ཡོད་པ་དེའི་ལྟག་གི་བྲག་རི་ལ། སློབ་དཔོན་སྤྱོད་པ་པས་ལྟ་སྟངས་མཛད་པས། རིའི་རྩེ་མོ་ཉིལ་ནས་མུ་སྟེགས་པའི་ལྷ་ཁང་བརྒྱ་རྩ་བརྒྱད་ནོན་ནོ། །


TNT17_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དེས་སློབ་དཔོན་ལ་ལྟ་སྟངས་དང༌། སྡིགས་འཛུབ་དང༌། ཁུ་ཚུར་ལ་སོགས་པ་རྣམ་འགྱུར་སྣ་ཚོགས་བྱས་ཀྱང་གནོད་པ་མེད་ལ། སློབ་དཔོན་གྱིས་དེ་ལ་ཕར་ལྟ་སྟངས་མཛད་པས། དེ་ཉིད་ཞག་གཅིག་ཏུ་ལུས་རེངས་ཏེ་འཇིམས་གཟུགས་ལྟར་སོང་ཞིང་འགྱེལ། ངག་རེངས་ཏེ་སྨྲ་མ་ཐུབ། ཡིད་རེངས་ཏེ་དྲན་མེད་དུ་བརྒྱལ་ཞིང་མྱོས་སོ། །དེ་ནས་སྐྱེ་བོ་ཐམས་ཅད་རབ་ཏུ་འཇིགས་ཤིང་ངོ་མཚར་བར་ཡང་གྱུར། མི་མང་པོས་གསོལ་བ་འདེབས་པར་བྱེད་ཅིང༌། སློབ་དཔོན་གྱིས་སླར་ཡང་གསོ་བའི་ལྟ་སྟངས་མཛད་པས། ཀྲྀཥྞ་བྷི་མ་ཡང་རྣལ་དུ་གནས་པར་གྱུར། ཏམྤ་ལའི་ཡུལ་དུ་རེ་ཞིག་མུ་སྟེགས་རྒྱུན་ཆད་དེ་སངས་རྒྱས་པ་འབའ་ཞིག་ཏུ་གྱུར་སྐད། ཡུལ་དེར་སྔོན་འཕགས་པ་ཤ་ནའི་གོས་ཅན་གྱིས་བྱོན། སྐྱེ་བོ་མང་པོ་བདེན་པ་ལ་བཀོད། བར་དུ་མུ་སྟེགས་ཁོ་ནར་སོང༌། ཡང་ཀླུ་སྒྲུབ་ཀྱི་དུས་སུ་ནང་པ་དང༌། ཡང་ནུབ་པ་ལ་ཆོས་ཀྱི་གྲགས་པའི་དུས་སུ་དར་རོ། །སྐབས་དེར་ཕྱི་ནང་གཉིས་ཀ་ཡོད་པ་ལ། དེས་ནང་པ་ཁོ་ན་དར། ད་ལྟའི་བར་དུའང་སངས་རྒྱས་པ་ཡོད་དེ་ཡུལ་འདི་ནི་གྲོང་ཁྱེར་བི་དྱ་ན་ག་ར་དང་ཉེ་བ་ན་ཡོད་དོ། །ཡང་ཡུལ་བི་ར་ཛ་པུ་ར་ཞེས་བྱ་བ། འབིགས་བྱེད་ཀྱི་རི་བོའི་ཁོངས་ཀྱི་གྲོང་ཁྱེར་དེ་བ་གྷ་ཊ་ཟེར་བ་ཅིག་ན། ལོག་པར་ལྟ་བའི་རྒྱལ་པོ་པངྒ་ཛ་ཞེས་པ་ཞིག་ཡོད་དོ། །སློབ་དཔོན་འཁོར་བཅས་དེར་བྱོན་ཞིང༌། སྐྱེ་བོ་མང་པོ་དག་གིས་མཆོད་པར་བྱེད་པ་ན། རྒྱལ་པོ་དེ་རབ་ཏུ་ཁྲོས་ནས་ཉིན་མོ་སློབ་དཔོན་གྲོང་ཁྱེར་དུ་གཤེགས་པའི་ལམ་གྱི་གཡས་དང་གཡོན་


TNT17_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གླང་པོ་ཆེ་གཏུམ་པོ་མཆེ་བ་ལྕགས་ཀྱིས་གཡོགས་པ་གསུམ་གསུམ་བཞག་སྟེ་སློབ་དཔོན་བྱོན་པ་ན་རྦད་དོ། །དེར་གླང་པོ་ཆེ་རེ་རེའི་མདུན་དུ་སློབ་དཔོན་རེ་རེ་བྱུང་གླང་པོ་ཆེའི་སྣས་བསྙབས་ཤིང་མཆེ་བས་བསྣུན་པར་བརྩམས་པ་ན། དེ་ན་གང་ཡང་མེད་པར་གློ་གཡས་གཡོན་ནམ་རྒྱབ་ཀྱི་ཕྱོགས་སུ་སློབ་དཔོན་འདུག་པར་མཐོང་ངོ༌། །ཡང་དེ་ཕྱོགས་སུ་གདོང་ལྟས་ཏེ་སྣ་ཞལ་གྱིས་འཆིང་བའམ་མཆེ་བ་བརྣུན་པའམ་བརྫི་བར་བརྩམས་ན། ཡང་གླང་པོ་ཉིད་ཀྱི་རྒྱབ་བམ་གཡས་གཡོན་དུ་བཞུགས་པར་སྣང་ངོ༌། །རྒྱབ་ན་བཞུགས་པ་ལ་རྐང་པས་འཕྲས་ན་དེ་ན་མེད་པར་མདུན་དུ་བཞུགས་སོ། །ཚུལ་དེ་ལྟ་བུའི་དུས་འདས་ཏེ་གླང་པོ་ཆེ་རྣམས་ངལ་ཞིང་ཐང་ཆད་ནས་ས་ལ་འགྱེལ་ལོ། །དེ་ནས་རྒྱལ་པོ་དེས་ཞབས་ལ་གཏུགས་ཤིང་བཟོད་པར་གསོལ་ནས་ལྟ་བ་ལོག་པ་ཡང་དོར་རོ། །ཡང་ཡུལ་ཀོང་ཀ་ནར་གཤེགས། དེར་ཞིང་གི་རྣལ་འབྱོར་མ་མང་པོ་ཡང་འདུས་ཏེ་ཚོགས་ཀྱི་འཁོར་ལོར་སྤྱོད་པ་ན། ནུབ་ཅིག་ཌཱ་མ་རུ་ལ་སོགས་པ་མཆོད་པའི་རོལ་མོའི་སྒྲ་རྣམས་ལས། སྒྲ་ཤིན་ཏུ་སྙན་པ་དག་ཆེར་གྲགས་པར་གྱུར་ཏེ་ཡུལ་དེ་ཁྱབ་བོ། །དེ་ཐོས་པས་གྲོང་ཁྱེར་གྱི་མི་རྣམས་སྒྲ་དེས་ཡིད་དབང་མེད་དུ་དྲངས་ཏེ། སློབ་དཔོན་བཞུགས་པའི་ཕྱོགས་དེར་འདུས་ཤིང་སྒྲ་དེ་ཉན་ཅིང་འདུག་གོ །དེ་བཞིན་དུ་ཕྱུགས་རྫི་རྣམས་དང་རི་ཁྲོད་པ་རྣམས་ཀྱང་ངོ༌། །རྟ་དང་གླང་པོ་དང་མ་ཧེ་ལ་སོགས་པ་ཡང་དེ་ཉན་ཅིང་འདུས་སོ། །དེ་བཞིན་དུ་རི་དྭགས་དང་བྱ་སྣ་ཚོགས་དང་གཅན་གཟན་སྣ་ཚོགས་པ་དག་ཀྱང་དེ་


TNT17_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་པའི་ཕྱིར་འདུས་ཤིང་འདུག་གོ །དེ་བཞིན་དུ་ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པ་མི་མ་ཡིན་པ་དག་ཀྱང་འདུས་ཏེ། སེམས་ཅན་དེ་རྣམས་ཐམས་ཅད་སྒྲ་སྙན་པོ་དེས་འཁྲུལ་ཞིང་མྱོས་པའི་ངང་ལ་མཚན་མོ་དེ་འདས་ཏེ། ནང་པར་ཉི་མ་ཤར་བ་ན་སློབ་དཔོན་གྱིས་སྣོད་ཆུང་ངུ་ཞིག་ནས་རོ་མཆོག་དང་ལྡན་པའི་ཁ་ཟས་སྣ་ཚོགས་པས་མི་དང་མི་མ་ཡིན་པ་ཐམས་ཅད་ཚིམས་པར་མཛད་དེ། ཁྱེད་རྣམས་རྟག་ཏུ་དགེ་བ་ལ་སྤྱོད་ཅིག་གསུངས་པས། མི་མ་ཡིན་རྣམས་ན་རེ་ལོ་ལྔ་བརྒྱར་དེ་ལྟར་བགྱིའོ་ཟེར་རོ། །དེ་ནི་ཡུལ་དེར་དེ་ཙམ་ནས་བཟུང་ནས། ཕྱིས་མཁས་པ་སྒོ་དྲུག་གི་བར་དུ་མུ་སྟེགས་ངང་གིས་ནུབ་ཅིང་ནང་བ་འབའ་ཞིག་རང་ཤུགས་ཀྱིས་དར་བ་ལ་ལྟ་བ་ཡིན་སྐད། ཡང་དུས་གཅིག་ན་ཡུལ་ཙ་རི་ཏྲ་ཞེས་བྱ་བ། གྲོང་ཁྱེར་ཙེ་ཏྱ་པཱ་ཊ་ན་ཏེ་མཆོད་རྟེན་གྲོང་ཞེས་བྱ་བ་ན་བཞུགས་སོ། །གནས་དེ་རུ་རྡོ་རྗེ་ཕག་མོས་སྲིད་པ་གསུམ་གྱི་ཆང་འགུགས་པར་གྲགས་ཏེ། ཆང་ཚོང་མའི་གྲོང་བདུན་བརྒྱ་ལ་སྦྱར་བའི་ཆང་རྣམས་ཆང་སྣོད་དུ་རྫས་སྦྱོར་ཐེངས་རེ་དང༌། འབྲུ་ཆང་རྣམས་འབྲུ་བཙོས་པ་ཕབས་དང་སྦྱོར་ཐེངས་རེ་ལ་ཇི་སྲིད་དུ་ཆང་ལན་མང་དུ་བསིངས་ནས་མཐར་རྫས་ཀྱི་ཚིགས་མའམ། འབྲུའི་སྦང་མ་བཅུད་མེད་པར་སོང་བའི་ཚེ། ཆུ་ཚོད་རེ་ཙམ་ཁ་བསྡམས་ཏེ་བཞག་པ་ན། སླར་ཡང་གསར་པར་ལོག་ཡོང་བ་དེ་འདྲ་བ་ལན་བདུན་གྱི་བར་དུ་འབྱུང་བ་ཡིན་པར་འདུག །དེང་སང་ཡང་གྲོང་རེ་རེ་ཙམ་ལ་འབྱུང་


TNT17_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ་དང༌། དུས་བཟང་ལ་ལུང་པ་ཐམས་ཅད་ཆང་གི་དྲིས་ཁྱབ་པ་ཡོང་ངེས་ཡིན་པར་འདུག །དེའི་རྒྱལ་པོ་ཨིན་དུ་མཱ་ལ་ཟེར་བ་ཞིག །ཉི་མ་འབའ་ཞིག་ལྷར་འཛིན་ལ་ལྟ་བ་ལོག་པས་གནས་པའོ། །དེ་ཚེས་བཅུ་གཉིས་ཀྱི་མཆོད་པ་ཞིག་ལ། ལྕགས་རི་རིམ་པ་བདུན་གྱིས་བསྐོར་བའི་ནང༌། ཉི་མའི་ལྷ་ཁང་དུ་སྲོག་ཆགས་བརྒྱ་སྟོང་དུ་མ་བསད་པའི་མཆོད་པ་བྱེད་དོ། །དེའི་དུས་ལ་བབ་པ་ཅིག་ན། ལྕགས་རི་རིམ་པ་བདུན་གྱི་སྒོ་ནི་བསྡམས། ཕྱི་རོལ་ཏུ་བསྲུང་བ་དུ་མ་བཞག །མཆོད་པ་བྱེད་པའི་བྲམ་ཟེ་དང༌། རྒྱལ་པོ་འཁོར་བཅས་ནང་ན་ཡོད་དེ། སྲོག་ཆགས་རྣམས་ཀྱང་བཅིངས་ཏེ་བཞག་གོ །དེར་སློབ་དཔོན་སྤྱོད་པ་བ་གཅིག་པུ་སྒོ་དྲུང་དུ་ཕེབས་ནས། སྒོ་སྲུང་ལྔ་བརྒྱ་ཙམ་ལ་ལྟ་སྟངས་མཛད་པས། ཐམས་ཅད་དབང་དུ་གྱུར་ཏེ་འཛུམ་དམུལ་ཞིང་འདུག་གོ །སྒོ་རིམ་པ་ཐམས་ཅད་རང་བྱེ་སྟེ་མཆོད་པའི་གནས་སུ་བྱོན། མཆོད་སྦྱིན་གྱི་དོན་དུ་བཅིངས་པའི་མི་དང་དུད་འགྲོའི་ཚོགས་པ་ལ་ལྟ་སྟངས་མཛད་པས་ཐག་པ་རྣམས་རང་ཆད་ལ་སོང༌། བྲམ་ཟེའི་མཆོད་པའི་སྦྱིན་སྲེག་གི་ཐབ་ལ་ལྟ་སྟངས་མཛད་པས། མེ་དེ་སྐད་ཅིག་གིས་ཆེར་མཆེད་ནས་ཕྱོགས་དེ་ཐམས་ཅད་མེས་ཁྱབ་པའི་སྣང་བ་ཤར་ཏེ་རྒྱལ་པོ་འཁོར་བཅས་འཇིགས་ཏེ་བྲོས་སོ། །དེ་ནས་རྒྱལ་པོ་དང་བྲམ་ཟེ་དེ་དག་སློབ་དཔོན་གྱིས་མཐུ་བསྟན་པར་ཤེས་ནས། ཞབས་ལ་ཕྱག་བཙལ་ཞིང་གསུང་བཞིན་སྒྲུབ་པར་ཁས་བླངས། དེ་དག་ཀྱང་སངས་རྒྱས་ལ་དད་པ་ལ་བཀོད་ནས་ཡུལ་གཞན་དུ་བཞུད་དོ། །


TNT17_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ལྷོ་ཕྱོགས་མ་ལྱ་རའི་ཡུལ་དང་ཉེ་བ། ཧ་རི་ཀེ་ལ་ཞེས་བྱ་བར་བཞུད་དེ། ཡུལ་དེ་ན་གནས་ཆེན་དུ་བྱེད་པ་རི་ཤིན་ཏུ་ཆེ་བ་ཞིག་ཡོད། དེང་སང་ནི་ཙནྡྲ་ཀུ་མ་ར་ཟེར་གྱིན་འདུག་གོ །རི་དེའི་དྲུང་དུ་ཚོགས་ཁང་བཅོས་དེར་ཚོགས་ཀྱི་འཁོར་ལོའི་རོལ་པ་རྒྱ་ཆེན་པོ་མཛད་པའི་སྐབས་ཤིག སྒོ་དྲུང་ན་མ་ཧེ་མོ་ཕྲུ་གུར་བཙས་པ་འཇོགས་གིན་ཡོད་པ་ལས། ཡུལ་དེའི་མི་དཔོན་ཞིག་གིས་རྣལ་འབྱོར་པ་ནུས་པ་ཡོད་མེད་བལྟའོ་བྱས་ནས། ཉི་མ་གུང་གི་དུས་ཞིག་ཚོགས་ཀྱི་ཁང་པའི་སྒོ་བསྡམས་ཏེ་འདུག་པ་ལས། མ་ཧེ་མོ་མ་སྨད་གཉིས་བརྐུས་ནས་སོང་ངོ༌། །དེར་གོམ་པ་ལྔ་བཅུ་ཙམ་སོང་ནས་ཕྱི་མིག་བལྟས་པས། མ་ཧེ་མོ་ཕྲུ་གུར་བཅས་པ་སྔར་གྱི་ཤུལ་ན་འདུག་སྟེ། ཕན་ཚུན་དུ་བལྟས་ན་ཤིན་ཏུ་འདྲ་བར་མཐོང༌། ཡང་མི་ཞིག་བཏང་སྟེ་དེ་ཡང་བརྐུས་སོ། །ཡང་སྔར་བཞིན་ཕྱི་མིག་བལྟས་པ་ན། སྔར་གྱི་ཤུལ་ན་སྔ་མ་བཞིན་འདུག་སྟེ། དེ་ཡང་བརྐུས་པ་སོགས་ལན་བདུན་གྱི་བར་དུ་དེ་བཞིན་དུ་བྱུང་ངོ༌། །དེ་ནས་མ་ཧེ་མོ་བདུན་དང་ཕྲུ་གུ་བདུན་ཐོབ་བོ་སྙམ་ན། མ་བུ་གཉིས་ལས་གཞན་མི་འདུག་གོ །སྔར་གྱི་ཤུལ་ལ་ཕྱི་མིག་བལྟས་པས། སྔར་གྱི་ཤུལ་ན་མ་བུ་གཉིས་འདུག་གོ །དེས་བསམས་པ་ད་ཅིའི་མ་ཧེ་མོ་དང་བེའུ་དེ་འདི་ཡིན་ནམ་ཅིག་ཤོས་དེ་ཡིན། འདི་ལས་གང་ཞིག་བདེན་གང་ཞིག་རྫུན་མི་ཤེས་སོ་སྙམ་སྟེ། ལྷན་ཅིག་ཏུ་ཁྲིད་པ་དེ་ཡང་བོར་ཏེ་སོང་ངོ༌། །དེ་ནས་དེས་རྣལ་འབྱོར་པའི་རྣམ་འཕྲུལ་དང་མངོན་ཤེས་


TNT17_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་ཚུལ་ངོ་མཚར་བར་ཤེས་ནས། རང་ཉིད་རྒྱལ་སྲིད་ཕྱེད་ཀྱི་འབྱོར་པ་སྤངས་ཏེ། སློབ་དཔོན་གྱི་འཁོར་དུ་རྣལ་འབྱོར་བ་བྱས་སོ། །དེ་ནི་ལ་བཱ་ཡི་པ་ཡིན་པར་གྲགས། ཡང་ཡུལ་ཏྲི་ལིང་གའི་རྒྱལ་པོས་སློབ་དཔོན་འཁོར་བཅས་མཆོད་པར་བྱས་པའི་སྐབས་ཤིག ཕྱོགས་དེ་དང་ཉེ་བའི་དུར་ཁྲོད་ཨཊྚཊྚ་ཧ་ས་ཏེ་ཧ་ཧ་སྒྲོག་པར་བྱོན། དེར་ཚོགས་ཀྱི་འཁོར་ལོའི་སྤྱོད་པ་ཡུན་རིང་དུ་མཛད། ཡོ་བྱད་འབྱོར་པ་དཔག་ཏུ་མེད་པ་རྒྱལ་པོས་ཕུལ་ཞིང༌། ཡུལ་གྱི་བྲམ་ཟེ་དང༌། རྒྱལ་རིགས་ཀྱི་བུ་དང༌། ཚོང་དཔོན་དང༌། ཞིང་པ་དང༌། གདོལ་པ་ལ་སོགས་པ་སྐྱེ་བོ་མང་པོ་དང༌། བུད་མེད་ལྔ་བརྒྱ་ཙམ་མཆོད་པའི་དོན་དུ་འདུས་པ་ལས། ཚོགས་ཀྱི་བཟའ་བའི་ཁྱད་པར་ལས་ཁ་རྦཱུ་ཛ་སྟེ་ཤིང་ཐོག་རྒྱལ་མོ་ག་གོན་རེ་གཅིག་ཡོད་པ་བརྒྱ་སྟོང་དུ་འཕེལ་ཏེ་ཀུན་ལ་སྩལ་བ། དེ་རྣམས་ཀྱིས་ཟོས་པས་རྒྱུད་བྱིན་གྱིས་བརླབས། དབབ་པའི་ལྟ་སྟངས་མཛད་པས་ཐམས་ཅད་ལ་ཡེ་ཤེས་ཕེབས་ཏེ། ལུས་ངག་གི་རྣམ་འགྱུར་དང་རྫུ་འཕྲུལ། ཆོ་འཕྲུལ་སྣ་ཚོགས་པ་བསྟན་ཏོ། །རྗེས་སུ་དེ་ཐམས་ཅད་རྣལ་འབྱོར་ཕོ་མོར་གྱུར་ཏེ། ཏིང་ངེ་འཛིན་བཟང་པོ་འབའ་ཞིག་ཐོབ་པ་སྟོང་ཕྲག་མང་པོ་བྱུང་ཞིང་དངོས་གྲུབ་ཐོབ་པའང་མང་པོའོ། །ཡང་ཡུལ་དཎྜ་ཀ་ར་ཎྱ་ཞེས་བྱ་བ་ལྷོ་ཕྱོགས་ཁཱ་ནའི་ཡུལ་དང་ཉེ་བ་ཞིག་ན་བཞུགས་ཏེ། གནས་དེ་ན་མཚོ་རྫིང་བཟང་པོ་ཞིག་ཡོད། སྐྱེ་བོ་རྣམས་ཀྱང་དེ་ལས་འཐུང་བ་ལ་དེར་ནག་ཕྱོགས་ཀྱི་ཀླུ་གདུགས་པ་ཅན་གཉིས་གློ་བུར་དུ་འོངས་ཏེ། དུག་སྦྲུལ་གྱི་གཟུགས་ཀྱིས་དངོས་སུ་ཆུ་འཐུངས་པས་ཁའི་དུག་གི་མཚོ་དེ་


TNT17_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

མ་རུངས་པར་བྱས་སོ། །དེ་ན་ནང་པའི་གནས་གཞི་ཞིག་ཡོད་པའི་དགེ་སློང་དང༌། དགེ་བསྙེན་འགའ་རེས་མཚོ་རྫིང་དེ་ལས་ཆུ་འཐུང་པས་དུག་སྦྲུལ་གྱི་ཁ་ཆུ་འདྲེས་པའི་དུག་གིས་དེ་མ་ཐག་ཤིའོ། །དེ་སློབ་དཔོན་གྱིས་གསན་ནས་མཚོ་འགྲམ་དེར་བྱོན་པས། མཚོ་འཁྲུགས་པའི་གསེབ་ནས་གདུག་པའི་ཀླུ་དེ་གཉིས་བྱུང་སྟེ། སློབ་དཔོན་གྱི་སྐུ་ལ་འཆིང་བར་སེམས་ཏེ་འཁྲིལ་ཡང་དེར་གནོད་པ་ནི་མ་ནུས། སློབ་དཔོན་གྱིས་དགོངས་པ་བརྟད་དེ། སྐུ་ལུས་བགང་བས་གདུག་པའི་ཀླུ་སྦྲུལ་གྱི་གཟུགས་ཅན་དེ་གཉིས་ཀྱི་ལུས་དུམ་བུ་བརྒྱ་ཕྲག་བརྒྱ་ཕྲག་ཏུ་ཆད། ཡུན་རིང་དུ་སྡུག་བསྔལ་གྱི་ཚོར་བ་དྲག་པོས་གཟིར་དུ་བཅུག་གོ །སླར་གུས་པས་གསོལ་བ་འདེབས་པ་ན། སེམས་ཅན་ལ་གནོད་པ་མི་བྱེད་པར་དམ་ལ་བཞག་ནས། ཡང་གསོ་བའི་ལྟ་སྟངས་ཀྱིས་རྗེས་སུ་གཟུང་ཆུའི་དུག་ཀྱང་བསྡུས། སྔར་གྱི་མི་ཤི་བ་རྣམས་ཀྱང་ཐལ་མོ་བརྡབ་པའི་སྒྲ་མཛད་པས་གསོས་སོ། །དེར་སློབ་དཔོན་ནི་གདུག་པའི་སྦྲུལ་འདུལ་བར་བྱོན་སོང་ཞེས་སློབ་མ་རྣམས་ཀྱིས་ཐོས་ཏེ་བལྟར་འོངས་བས་ཡུལ་དེའི་སྐྱེ་བོ་ཕལ་ཆེར་དེ་ན་འདུས། ཀླུ་བཏུལ་ཟིན་ནས་ཀླུ་དེ་དག་དང་ཀླུ་སྦྲུལ་གྱི་གཟུགས་ཅན་དཔག་ཏུ་མེད་པ་འདུས་ནས། ཁང་བཟང་གི་རྣམ་པར་བྱས་པའི་དབུས་ན་སློབ་དཔོན་བཞུགས་སོ། །སྐྱེ་བོ་ཐམས་ཅད་དེ་ལ་བལྟ་ཞིང་ངོ་མཚར་དུ་བྱེད་པར་གྱུར། དེ་ནས་སྦྲུལ་དེ་དག་མི་སྣང་བར་སོང་ཞིང་སྐྱེ་བོའི་ཚོགས་དེ་དག་ཀྱང་གྱེས་སོ། །ཡུལ་དེར་སྔགས་ཀྱི་ཐེག་པ་བཤད་པས་ཀྱང་སྐྱེ་བོ་མང་


TNT17_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

པོས་དངོས་གྲུབ་ཐོབ་པར་གྲགས་སོ། །དེ་དག་གི་སྐབས་ཤིགདཔལ་ཨོ་རྒྱན་གྱི་གནས་ཀྱི་རྒྱལ་པོ་དིག་དེ་བ་སྟེ་ཕྱོགས་ཀྱི་ལྷ་ཞེས་པས་སློབ་དཔོན་སྤྱན་དྲངས་ཏེ་ཡུན་ཡང་རིང་དུ་བཞུགས་ཤིང༌། ཕྱོགས་དེ་ན་གནས་པའི་མུ་སྟེགས་ཀྱི་རྣལ་འབྱོར་པ་དང༌། མཁའ་འགྲོ་མ་ནུས་པ་ཐོབ་པ་མང་པོ་ཞིག་ལྟ་སྟངས་དང༌། ཆོ་འཕྲུལ་གྱིས་བཏུལ། དེའི་ཤུགས་ཀྱིས་ཕྱི་བའི་ཕྱོགས་འཛིན་པའི་རྒྱལ་ཕྲན་དང་པཎྜི་ཏ་ཉི་ཤུ་ཙམ་ནང་པར་གྱུར་སྐད། རེ་རེ་བཞིན་གྱི་ལོ་རྒྱུས་རྒྱས་པར་མ་བྲིས་ཀྱང༌། ལ་ལ་དབང་དུ་བྱེད་པའི་ལྟ་སྟངས་ཀྱིས་དབང་དུ་བསྡུས། ལ་ལ་རེངས་པར་མཛད་པ་སོགས་ཀྱིས་བསྡིགས། ལ་ལ་གཅིག་དང་དུ་མ་དང་འབར་བ་ལ་སོགས་པའི་ཆོ་འཕྲུལ་བསྟན། ལ་ལ་སེམས་ཤེས་པའི་མངོན་ཤེས་སོགས་བསྟན་པས་དད་པ་བསྐྱེད་པ་ཡིན་ནོ། །དེར་དུར་ཁྲོད་ཆེན་པོ་གྷོ་ར་ཨནྡྷ་ཀར་ཚོགས་ཀྱི་འཁོར་ལོ་བསྐོར་བ་ན། དཔལ་ཧེ་རུ་ཀ་འཁོར་ལོ་སྡོམ་པ་རིག་པའི་ལྷ་མོར་བཅས་པ་མངོན་སུམ་དུ་བྱོན་པས་སློབ་དཔོན་ཉིད་རབ་ཏུ་དགྱེས་ཏེ་རོ་ལངས་མང་པོ་དང་ལྷན་ཅིག་ཏུ་སྔགས་ཀྱི་བསྟོད་པ་དང་བཅས་ཏེ་གར་དང་སྐོར་བ་མཛད་པས། ཀེང་རུས་དང་ཅེ་སྤྱང་རྣམས་ཀྱང་གར་བྱེད་དོ། །མི་བཟད་པའི་ལུས་ཅན་མང་པོས་ཀྱང་མཆོད་པར་བྱེད་དོ། །དེའི་ཚེ་དཔལ་ཧེ་རུ་ཀས་སྔགས་ཀྱི་སྒྲ་དབྱངས་སྔོན་དུ་འགྲོ་བས། ཀྱཻ་འཇིག་རྟེན་མ་རིག་འཐིབས་པོའི་སྨག་གིས་མུན་པར་སྤྲུལ་པ་ལ། །མཚན་མོ་སྤྲིན་རུམ་སྟུག་པོའི་ནང་ནས་གློག་འགྱུ་གསལ་འབར་བཞིན། །རབ་ཏུ་གཉེན་


TNT17_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་འཇམ་པའི་བློ་གྲོས་ཕྱོགས་གྲོལ་ལྟར་ཡང་ལས། །ཉི་མ་བྱེ་བ་ཕྲག་བརྒྱ་ལས་ལྷག་འོད་ཀྱིས་སྣང་བར་གྱིས། །གང་ལས་རྣམ་པ་དྲུག་གི་ངག་ཚིག་དཔྱོད་གསལ་བས། །བདེ་དང་ཡེ་ཤེས་རྣམ་ཤེས་ཐར་བའི་དོན་ལྡན་པ། །སྣ་ཚོགས་སྤྱོད་དང་ནུས་པ་སྙིང་ལ་འཇུག་འགྱུར་བའི། །སྐྱེ་བོའི་རབ་རིབ་སེལ་བྱེད་མངོན་པར་སྦྱོར་བར་གྱིས། །ཞེས་དབུགས་ཕྱུང་ཞིང་སྣང་བ་བྱིན་ནོ། །དེ་ནས་སློབ་དཔོན་གྱིས། སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་དུལ་བར་ལྡན། །སོགས་ཀྱིས་བསྟོད་པས། ཧ་ཧ་ཧེ་ཧེ་ལ་སོགས་པ་བཞད་པ་བརྒྱད་ཀྱིས་བཞད་དེ་མི་སྣང་བར་གྱུར་ཏོ། །ཡང་ཕྱིས་ཛ་ལནྡྷ་རར་ཡང་བཞུད་དེ། ས་འོག་ནས་རྡོ་རིངས་ཆེན་པོ་དཔངས་སུ་འདོམ་བརྒྱད། རྒྱར་འདོམ་གང་པ་ཅིག་བཏོན་ཏེ་ཕྱག་ཡ་གཅིག་གིས་བསྣམས་ནས། ཀོ་ནེ་ཛའི་གྲོང་ཁྱེར་གྱི་མཐར་བཙུགས་སོ། །རྡོ་རིངས་དེ་ད་ལྟ་ཡང་ཡོད་དོ། །གནས་དེར་ཡང་རྡོ་རྗེ་ཐེག་པའི་ཟབ་མོའི་དོན་ཅི་རིགས་པ་གསུངས། ཡང་ཡུལ་ར་དྷའི་རྒྱལ་པོས་གསོལ་བ་བཏབ་ནས། སོ་མ་པུ་རིའི་ལྷ་ཁང་ཞིག་ལ་རབ་གནས་མཛད། སྐྱེ་བོ་ཐམས་ཅད་ཀྱིས་མཐོང་བར་ལྷ་ཁང་ནམ་མཁའ་ལ་ལན་གསུམ་དུ་འཕགས་ཤིང༌། ལྷ་རྣམས་གར་བྱེད་པར་སྣང་ངོ༌། །འདི་སོ་མ་པུ་རི་རྙིང་པ་ཡིན། ཕྱིས་བྱུང་བ་ཆ་གསུམ་གྱི་གཙུག་ལག་ཁང་ནི་སོ་མ་པུ་རི་གསར་བ་སྟེ། རྒྱལ་པོ་དེ་བ་པཱ་ལས་སོ་མ་རུ་རའི་གནས་གཞི་དང་གྲོང་རྣམས་ས་ཡུལ་གསར་པར་དཔོས་པས་སྔ་མའི་མིང་དེ་ཀ་གསར་པ་ལའང་གྲགས་སོ། །


TNT17_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་བི་ར་ཛར་བྱོན་པའི་ལོ་རྒྱུས་ནས་དེ་དག་གི་བར་གྱི་གཏམ་རྣམས་འདིར་བཤད་པའི་གོ་རིམ་ཡིན་གྱི། དུས་སྔ་ཕྱི་སྣ་ཚོགས་ཡོད་པར་སྣང་ལ་དེ་དག་ནི་སློབ་དཔོན་ཀུ་ས་ལི་ཆུང་བས་མཛད་པའི་གནས་ཀྱི་སྒྲོན་མེ་ཞེས་བྱ་བའི་བསྟན་བཅོས་ཀྱི་ཐོག་མར་བཤད་པའི་གཏམ་རྒྱུད་ལྟར་བྲིས་པའོ། །སྤྱིར་ཡུལ་ཉི་ཤུ་རྩ་བཞི་དང་དུར་ཁྲོད་བརྒྱད་དེ་སུམ་ཅུ་རྩ་གཉིས་སུ་ངོ་མཚར་བའི་མཛད་པ་བསྟན་པའི་ལོ་རྒྱུས་དང༌། རྒྱས་པ་ལ་གནས་བཞི་བཅུ་རྩ་བརྒྱད་དང༌། དུར་ཁྲོད་བཅུ་དྲུག་དུ་བྱོན་པའི་གཏམ་རྒྱུད་ཀྱང་ཡོད་པར་སྣང་ཞིང༌། ཙརྱ་པ་རྣམས་ཀྱི་སྡེ་ན་དེ་དག་གི་གླེགས་བམ་ཡང་ཡོད་ཅེས་ཐོས་སོ། །དེ་ནས་ཕྱིས་ཤིག་ན། ཡུལ་ཆེན་པོ་ཤར་ཕྱོགས་བྷངྒ་ལ་ན་སྔར་གྱི་རྒྱལ་པོ་གོ་བི་ཙནྡྲའི་ཚ་བོ་རྒྱལ་པོ་རོལ་པའི་ཟླ་བ་རྒྱལ་སྲིད་སྐྱོང་ཞིང༌། དེའི་བློན་པོ་ནི་དགེ་བའི་མགོན་པོའོ། །དེར་རྒྱལ་པོ་ལ་སོགས་པ་ཡུལ་ཁམས་ཀྱི་སྐྱེ་བོ་གཞན་ཐམས་ཅད་མུ་སྟེགས་བྱེད་ཁོ་ན་ལ་མོས་ཤིང༌། བློན་པོ་དགེ་བའི་མགོན་པོ་འཁོར་བཅས་ཉིད་ནང་པའོ། །སློབ་དཔོན་ནག་པོ་སྤྱོད་པ་འཁོར་སྟོང་བཞི་བརྒྱ་དང་བཅས་པ། གདུགས་བདུན་བརྒྱ་དང༌། ཌཱ་མ་རུ་བདུན་བརྒྱ་དང༌། འཁོར་ཚོགས་ཐམས་ཅད་ལ་ཡང་ཆོ་འཕྲུལ་སྣ་རེ་དང་བཅས་བྷཾ་ག་ལའི་གྲོང་ཁྱེར་དུ་བྱོན་ནོ། །དེ་དུས་ཀྱི་གྲོང་ཁྱེར་ནི་ཧེ་མ་ད་ལ་ཡིན་པར་འདུག ད་ལྟ་དེ་སྟོངས་ནས་ནགས་སུ་ཡོད་ཟེར། དེར་སྐྱེ་བོ་ཐམས་ཅད་ངོ་མཚར་དུ་འཛིན་བཞིན་པ་ལས། བློན་པོ་དགེ་བའི་མགོན་པོས་མཆོད་པར་བྱས་ཤིང༌། གྲོང་ཁྱེར་གྱི་དབུས་དང་ཕྱོགས་བཞི་ཐམས་ཅད་དུ་ཁྱབ་


TNT17_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཉུལ་བར་མཛད། རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་རྣམས་ལ་ཕྱོགས་མཚམས་བརྒྱད་ཀར་དུ་དུར་ཁྲོད་ཡོད་པས། ཕྱོགས་མཚམས་ཀྱི་དུར་ཁྲོད་བརྒྱད་རྣམས་སུ་ངེས་པ་མེད་པར་བཞུགས་ཤིང་སྐལ་བ་དང་ལྡན་པ་རྣམས་ལ་ཟབ་མོའི་དོན་གྱི་བཀའ་དྲིན་ཡང་མཛད་དོ། །དེར་བློན་པོ་དགེ་བའི་མགོན་པོས་ཡོ་བྱད་བཟང་ལ་གྱ་ནོམ་པས་མཆོད་བཞིན་པ་ལ་དུས་རིང་ཙམ་སོང་བ་ན། ལན་ཅིག་དགེ་བའི་མགོན་པོ་དྲུང་དུ་འོངས་བ་ཞིག་ལ། ཁྱོད་ཀྱིས་ང་ལ་མང་དུ་སྦྱིན་པ་ནི་གང་གི་དོན་དུ་ཡིན་གསུང༌། བདག་གི་སྐྱེད་མོས་ཚལ་ན། འཕགས་པ་སྤྱན་རས་གཟིགས་ཀྱི་ལྷ་ཁང་ཞིག་བཞེངས་ཡོད་པས། དེ་ལ་སློབ་དཔོན་གྱིས་རབ་ཏུ་གནས་པ་མཛད་པར་ཞུ་ཞུས་པས། སློབ་དཔོན་གྱི་ཞལ་ནས་འོ་ན་དེང་ཉིད་ཚེས་དང་གཟའ་དང་སྐར་མ་དང་སྦྱོར་བ་དང་བྱེད་པ་མཐའ་དག་བཟང་བས། ད་ལྟ་རང་བྱ་གསུང༌། ཡོ་བྱད་ཇི་ལྟ་བུ་འཚལ་ཞུས་པས། གང་ཡང་མི་དགོས་གསུང༌། ལྷ་ཁང་དུ་བཞུད་པའི་ལམ་ནས་མེ་ཏོག་ཅིག་བསྣམས། ལྷ་ཁང་དུ་བྱོན་ནས་སྐུ་གཟུགས་ཀྱི་སྤྱི་བོར་མེ་ཏོག་བཞག་སྟེ། སུ་པྲ་ཏིཥྛ་གསུངས་ནས་རབ་གནས་ཚར་རོ་གསུངས། དེར་བློན་པོ་དགེ་པའི་མགོན་པོ་ཡིད་མ་ཆེས་པས། སློབ་དཔོན་ན་རེ། ཁྱོད་ཡིད་མ་ཆེས་ན་ངས་རབ་གནས་བརྟུལ་ཏེ་འགྲོའོ་ཞེས་གསུང༌། དབུ་ཐོག་ཏུ་བཞག་པའི་མེ་ཏོག་དེ་བླངས་ཏེ་སློབ་དཔོན་བཞུད་པ་ན། སྤྱན་རས་གཟིགས་ཀྱི་སྐུ་གཟུགས་དེ་ཡང་བཀག་སྟེ་བཞེངས་ནས་སློབ་དཔོན་གྱི་ཕྱི་བཞིན་དུ་ཐེགས། སློབ་དཔོན་བཞུགས་པས་དུར་ཁྲོད་དུ་བྱོན་ནོ། །དེར་


TNT17_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

བློན་པོ་འགྱོད་དེ་དུར་ཁྲོད་དེར་སོང༌། སྔར་ཡིད་མ་ཆེས་པ་ལ་བཤགས་པ་ཕུལ་ཏེ། ད་ནི་ཡིད་ཆེས་པས་རབ་གནས་མཛད་པར་ཞུ་ཞུས་པས། སྔར་བཞིན་མེ་ཏོག་སྐུ་གཟུགས་ཀྱི་སྤྱི་བོར་བཞག །སྐུ་གཟུགས་འོད་འཕྲོ་ཞིང་གཟི་བརྗིད་དང་ལྡན་པར་སོང༌། དེ་ནས་བློན་པོ་དགེ་བའི་མགོན་པོས་སྤྱན་རས་གཟིགས་ཀྱི་སྐུ་གཟུགས་དེ་སྤྱན་འདྲེན་པར་བརྩམས་ན། མི་གཉིས་དང་བཞི་དང་བརྒྱད་དང་བཅུ་དྲུག་ནས་བརྩམས་ཏེ། ལྔ་བརྒྱའི་བར་གྱིས་ཀྱང་གཡོ་འགུལ་བྱེད་མ་ནུས་ཏེ་གནས་དེ་ཉིད་དུ་ལྷ་ཁང་བཞེངས། དེ་ལ་ནི་རྒསྠཱ་པ་ན་ཞེས་གྲགས། སྔར་གྱི་ལྷ་ཁང་དེར་ཡང་མཆོད་རྟེན་ལྷ་ཅན་ཞིག་བྱས་སོ། །སྔར་བོད་ན་ཡོད་པའི་ལོ་རྒྱུས་ན། འདིར་རྒྱལ་པོའི་ཆད་པ་བྱུང་གི་དོགས་པས་ལྷ་དབང་ཕྱུག་ཆེན་པོའི་རྣམ་པ་དང་འདྲ་བའི་སྤྱན་རས་གཟིགས་བཞེངས་ཟེར་བ་འདུག །འོན་ཀྱང་སྐུ་འདྲ་དེ་ཕྱིས་ཀླ་ཀློའི་འཇིགས་པས། གང་ག་སཱ་ག་ར་ཞེས་པ་རྒྱ་མཚོའི་དེའུ་ཅིག་ལ་སྤྱན་དྲངས་ནས་ད་ལྟ་ཡོད་འདུག་པ། མཐོང་བ་རྣམས་ཟེར་བ་ལྟར་ན་འཕགས་པ་ཧ་ལཱ་ཧ་ལཱ་ཞལ་གཅིག་ཕྱག་བཞི་པ་དེ་ཡིན་ཡོད་འདུག་པ་དེ་ནི་གདོད་ནས་དབང་ཕྱུག་ཞི་བ་དང་རྣམ་པ་ཕྱོགས་འདྲ་བ་ཡིན་གྱི། མུ་སྟེགས་པའི་ལྷ་དང་འདྲ་བར་རྫུས་ཏེ་བཅོས་པ་མིན་ནོ། །དེ་ནས་བློན་པོ་དགེ་བའི་མགོན་པོས་གསོལ་བ་བཏབ་པ་ལ། དེ་སྐལ་བ་དང་ལྡན་པར་མཁྱེན་ནས། དབང་བསྐུར་ཞིང་གདམས་པ་དང་རྗེས་སུ་གདམས་པ་ཡང་སྩལ་ལོ། །སྤྱིར་བཏང་ལ། དཔའ་བོའི་དབང་ཕྱུག་མི་འབྲི་ཞིང༌། །གང་གི་ཐད་དུའང་མི་གདོན་ནོ། །ཞེས་འབྱུང་


TNT17_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན་ཀྱང༌། སྐབས་དེར་མཁའ་འགྲོས་ལུང་བསྟན་ཏེ། དཔལ་འཁོར་ལོ་སྡོམ་པའི་བྲིས་སྐུ་ཞིག་བློན་པོ་ཉིད་ཀྱི་ཡི་དམ་དུ་བཞེངས་སོ། །དེ་ཤིན་ཏུ་གསང་ཤིང་མཚན་མོ་བསྒོམ་བཟླས་དང་མཆོད་གཏོར་བྱེད་ཀྱིན་ཡོད་པ་ལས། མཁའ་འགྲོ་མ་རྣམས་ཀྱིས་བསྒྲགས་ཏེ། བློན་པོ་དགེ་བའི་མགོན་པོས་རྒྱལ་པོའི་ལྷ་གདན་དུ་བཏང་བའི་ལྷ་སྐུ་བཞེངས་ཡོད་པར་འདུག་ཅེས་གྲོང་ཁྱེར་བ་ཀུན་ལ་གྲགས་སོ། །དེར་བློན་པོའི་ཉེ་དུ་དང་གྲོགས་པོ་འགའ་ཞིག་ན་རེ། ཁྱེད་ཀྱིས་འདི་ལྟ་བུ་བཞེངས་འདུག་པ། དེ་ཡུལ་གཞན་ཞིག་ཏུ་བརྫངས་ན་ལེགས། གལ་ཏེ་རྒྱལ་པོས་ཁྱིམ་གཡེངས་བཏང་སྟེ་སྙེད་ན་ཁྱོད་ཀྱི་མགོ་གཅོད་པར་འགྱུར་ཞེས་ཟེར། དེར་བློན་པོ་སྐྲག་སྟེ་བྲིས་སྐུ་དེ་སྣོད་དུ་བཅུག གོས་མང་པོས་གཡོགས་ཏེ་མི་རོ་ཡིན་པ་ལྟར་རྫུས་ཏེ་ཁྱོགས་ལ་བཏེག །ལྷོ་སྒོ་ནས་བརྫངས་པས་སྒོ་དེའི་སྒོ་སྲུངས་པ་ཐེ་ཚོམ་ཟོས་ཏེ་བཟུང་ནས་བལྟས་པས་བྲིས་སྐུ་དེར་འདུག དེ་དབྱུག་པའི་རྩེ་མོར་བཏགས་ཏེ་རྒྱལ་པོའི་དྲུང་དུ་ཁྱེར། གྲོང་ཁྱེར་བ་རྣམས་སྨྲ་བ་ནི་བདེན་ཏེ་བློན་པོ་དགེ་བའི་མགོན་པོའི་འདི་ལྟ་བུ་བྲིས་སོ་ཞེས་བྱས། རྒྱལ་པོས་བློན་པོ་གཞན་དང་བྲོས་པ་རྣམས་བསགས་ཏེ་གྲོས་བྱིས་པས། དགེ་བའི་མགོན་པོ་གསལ་ཤིང་ལ་བསྐྱོན་ནམ། མགོ་ཆོད་ཅིག་ཅེས་ཐམས་ཅད་མགྲིན་གཅིག་ཏུ་སྨྲའོ། །རྒྱལ་པོ་ན་རེ། ཁྱེད་རྣམས་མ་བརྟགས་པ་ཁོ་ནར་སྨྲའམ། རྒྱལ་པོ་ཞེས་བྱ་བ་བརྟགས་ཤིང་དཔྱད་ནས་བྱེད་དགོས་པས། ངས་བརྟགས་པར་བྱའོ་ཞེས་དགེ་བའི་མགོན་པོ་བོས་སོ། །


TNT17_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་བྲིས་སྐུ་བསྟན་ནས་ངའི་ལྷ་མནན་པའི་སྐུ་འབྲི་བ་འདི། ཁྱོད་ཀྱིས་དྲན་ནམ། ཁྱོད་རང་གི་སློབ་དཔོན་གྱིས་དྲན། སུས་དྲན་པ་དེ་ལ་ཆད་པ་གཅོད་གསུང༌། བློན་པོ་ན་རེ། འདི་བདག་གིས་དྲན་པ་ཡང་མ་ཡིན། སློབ་དཔོན་གྱི་དྲན་པ་ཡང་མ་ཡིན་གྱི་ནང་པ་སངས་རྒྱས་པ་རང་གི་གཞུང་ནས་བཤད་ཞུས་པས། རྒྱལ་པོ་ཡིད་མ་ཆེས་པ་ལ་ཁྱིམ་ནས་གླེགས་བམ་བླངས་ཏེ་བསྟན་པས། རྒྱལ་པོ་ན་རེ། དེ་ན་བདེན་མོད་ཀྱི་གཞུང་ལུགས་འདི་གཉིས་གང་བདེན་ནུས་པ་འགྲན་ནོ་ཞེས་གསུངས་ནས། རྒྱལ་པོས་ཀྱང་ཧེ་རུ་ཀ་གདན་དུ་བྱས་པའི་བྲིས་སྐུ་བཞེངས་སོ། །རི་མོའི་བྱ་བ་ཟིན་པ་ན། རྒྱལ་པོ་ན་རེ། ཁྱོད་ཀྱི་བྲིས་སྐུ་དང༌། ངའི་བྲིས་སྐུ་གདན་མཐོ་དམའ་མེད་པ་ཅིག་ལ་བཞག སྒོ་བསྡམས་ཏེ་ཁྱེད་དང་ངེད་ཀྱི་མི་སུ་ཡང་མི་འགྲོ། མཆོད་པ་རྒྱ་ཆེན་པོ་ཡང་མཉམ་པོར་འབུལ། གསོལ་བ་ཡང་མཉམ་པོར་འདེབས། དེ་ལྟར་ཞག་བདུན་སོང་ནས་རང་རེ་གཉིས་ཀར་ཕྱོགས་མི་དང་བཅས་པ་མཉམ་པོར་འོངས་ཏེ་ངོ་མཚར་པའི་ལྟས་ཀྱི་ནུས་པ་བལྟ་བ་ཡིན་ནོ། །དེ་རྗེས་གང་ནུས་པ་དང་ལྡན་པ་དེའི་རྗེས་སུ་ཅིག་ཤོས་ནུས་པ་མེད་པ་དེ་འཇུག་དགོས་སོ། །ཞེས་བྱས་ནས་བྲིས་སྐུ་གཉིས་ལྷ་ཁང་གསར་བ་ཅིག་གི་ནང་དུ་བཞག ཞག་བདུན་དུ་དེ་ལྟར་བྱེད་པ་ལས། བློན་པོས་རྒྱལ་པོའི་བཀའ་འགོང་བར་ནི་མི་ནུས་པས་དེ་ལྟར་བྱས་ཀྱང༌། ཁོང་འདར་བས་ལན་ཅིག་སློབ་དཔོན་གྱི་དྲུང་དུ་སོང་ནས། འདི་ལྟར་བྱེད་དགོས་བྱུང་བས་སློབ་དཔོན་གྱིས་ནུས་པ་བསྟན་པར་ཞུ་བྱས་ཙ་ན། སློབ་དཔོན་གྱི་


TNT17_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ན་རེ། ཁྱོད་སེམས་ལས་ཆུང་ངུར་འདུག་ཅིང༌། དོན་འདི་ལ་ངས་ནུས་པ་སྟོན་མི་དགོས་ཀྱི། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཕྱུགས་བདག་གིས་བརྗི་བར་ག་ལ་ནུས་གསུང་སྟེ། དུར་ཁྲོད་རྣམས་སུ་གླུ་དང་གར་ལ་སོགས་པ་རོལ་བ་སྣ་ཚོགས་པས་བཞུགས་སོ། །དེ་ནས་ཞག་བརྒྱད་པའི་ཉིན་པར་རྒྱལ་པོ་དང་བློན་པོ་གཉིས། སངས་རྒྱས་པ་དང་མུ་སྟེགས་བྱེད་ཀྱི་ཕྱོགས་འཛིན་རྣམས་དང་བཅས་ཏེ། ལྷན་ཅིག་ལྷ་ཁང་དེར་ཞུགས་ནས་བྲིས་སྐུ་གཉིས་དུས་གཅིག་ཏུ་ཞལ་ཕྱེའོ། །དེར་བྲིས་སྐུ་སྔ་མ་དཔལ་ཧེ་རུ་ཀ་ནི་སྔར་བས་ཀྱང་ཆེས་གཟི་བརྗིད་འབར་བར་འདུག །རྒྱལ་པོས་བཞེངས་པའི་བྲིས་སྐུ་དེ་ཡང་སྔ་མ་ལས་རང་འགྱུར་ནས། དབང་ཕྱུག་ཆེན་པོ་དང་ལྷ་མོ་ཨུ་མ་མནན་པའི་དཔལ་ཧེ་རུ་ཀའི་སྐུ་བརྙན་ཉིད་དུ་གྱུར་རོ། །དེར་ཐམས་ཅད་ཀྱིས་བྲིས་སྐུ་ལ་མཆོད་ཅིང༌། རྒྱལ་རྔ་ཆེན་པོ་ཡང་བརྡུངས་ཏེ། ད་ཕྱིན་ཆད་རྒྱལ་པོ་འཁོར་དང་བཅས་པ་སངས་རྒྱས་པ་བྱེད་དོ་ཞེས་དྲིལ་བསྒྲགས་སོ། །དེ་ནས་རྒྱལ་པོས་ཀྱང་སློབ་དཔོན་སྤྱོད་པ་པའི་ཞབས་ལ་གཏུགས། དབང་བསྐུར་ཞུས་ཤིང་གདམས་པ་ནོད། ཕྱིས་དུས་གཞན་ན་རྒྱལ་བློན་འདི་གཉིས་ཀྱང་དངོས་གྲུབ་ཐོབ། དུས་དེར་རེ་ཞིག་རྒྱལ་བློན་བྲམ་ཟེ་ཚོང་དཔོན་ཁྱིམ་བདག་སོགས་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་ཁོ་ན་མཆོད་དེ་ཡུལ་ལྷ་མཆོད་པ་དང༌། གསངས་ཏེ་མཆོད་པའི་རིགས་མ་གཏོགས། བྷངྒ་ལ་བ་རིལ་གྱིས་སངས་རྒྱས་པར་གྱུར། ཡུལ་གྲུ་ཆེན་པོ་དེ་དེ་ལྟར་གྱུར་པས། ཤིན་ཏུ་ཡ་མཚན་པའི་དབང་དུ་བྱས་ནས།


TNT17_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གཟུགས་རྣམ་པར་འགྱུར་བའི་གཏམ་ཞེས་ལོ་རྒྱུས་འདི་རྒྱ་གར་ན་གྲགས་ཆེའོ། །ཡུལ་དེར་ཡང་སྔགས་ཀྱི་བསྟན་པ་ཤིན་ཏུ་དར་བར་གྱུར། སློབ་དཔོན་འདིས་ཀྱང་དེ་སྐབས་ཡུན་རིང་དུ་བཞུགས་སོ། །དེ་ནས་ལན་ཅིག་ད་ནི་དུར་ཁྲོད་ཆེན་པོ་བརྒྱད་དམ་བཅུ་དྲུག་དང༌། ཡུལ་ཆེན་གཞན་ཐམས་ཅད་ནི་བགྲོད་ཟིན་པས། ད་ནི་དེ་བཱི་ཀོ་ཊར་ཡང་འགྲོའོ་དགོངས་སོ། །དེ་ནས་བྷངྒ་ལའི་ཡུལ་བསྒྲལ་ཏེ་བར་གྱི་ཡུལ་ཁམས་བ་རེནྡྲ་ཞེས་བྱ་བར་བྱོན། དེར་ཡང་དུས་ཅི་རིགས་པ་སོང་བ་ན། ཉིན་གཅིག་གྲོང་ཁྱེར་དུ་གཤེགས་པའི་ལམ་ཀ་ཅིག་ན། ཆུ་ཤིང་དང༌། ཛམྦུ་དང༌། ཨརྨ་ལ་སོགས་པའི་འབྲས་བུ་ཅན་གྱི་ཤིང་སྣ་ཚོགས་པའི་ཚལ་ཅིག་གི་འགྲམ་ན། དེ་བསྲུང་བའི་བུ་མོ་ཞིག་འདུག་ནས། སློབ་དཔོན་གྱི་འཁོར་ལྷན་ཅིག་རྒྱུ་བའི་རྣལ་འབྱོར་བ་དག་གིས་དེ་ལ་ཤིང་འབྲས་སློངས་སོ། །བུ་མོ་དེ་ན་རེ། ཁྱོད་རང་རྣམས་ནུས་པ་དང་ལྡན་པར་རློམ་གྱིན་འདུག་པ། ནུས་པས་ཤིང་ཐོག་ཕོབ་ལ་ཟོ་ཟེར། སློབ་དཔོན་གྱིས་ལྷུང་བའི་ལྟ་སྟངས་མཛད་པས་ཤིང་ཐོག་ཐམས་ཅད་ཉིལ་གྱིས་བྱུང༌། ས་ལ་མ་རེག་ཙམ་ལ་བུ་མོ་དེས་རྫི་མ་གྱེན་དུ་བསྐྱོད་པའི་ལྟ་སྟངས་བྱས་པ་ཙམ་གྱིས། ཡང་ཤིང་ཐོག་དེ་རྣམས་གྱེན་ལ་ཡར་སོང་ནས་རང་གནས་སུ་འབྱར་ཏེ་འདུག་གོ །དེ་ནས་སློབ་དཔོན་གྱིས་ལྟ་སྟངས་ཀྱིས་མར་ལ་ཕབ། བུ་མོའི་ལྟ་སྟངས་ཀྱིས་ཡར་ལ་འབྱར་བ་དེ་གཉིས། རེ་མོས་འབའ་ཞིག་གི་ཚུལ་གྱིས་རིང་ཞིག་ཐོགས་སོ། །མཐར་བུ་མོ་དེ་ན་རེ། ནུས་པ་ཅུང་ཟད་ཙམ་ལ་ང་བརྒྱལ་བར་མི་བྱ་ལ། ཞིང་མཐའ་དག་རང་དུ་རྒྱུ་བར་ཡང་མི་བྱའོ་ཟེར་ནས་མི་སྣང་


TNT17_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བར་སོང་ངོ༌། །བུ་མོ་དེ་ནི་རྡོ་རྗེ་ཕག་མོའོ། །དེ་ནས་དུས་གཞན་ཞིག་ན། སློབ་དཔོན་ཉིད་འཁོར་དང་བཅས་པ། ཡུལ་ཀཙྪ་རངྒའི་མདའ་བོད་ཀྱི་རི་དང་ཉེ་བའི་ཕྱོགས་ཡུལ་དེ་བཱི་ཀོ་ཊར་བྱོན་ནོ། །དེར་རྣལ་འབྱོར་པའི་གནས་གཞི་གཅིག་ཀྱང་མཛད། ད་ནི་འདིར་ཡང་འོངས་པས། ཛམྦུ་གླིང་གི་དུར་ཁྲོད་ཆེན་པོ་རྣམས་དང༌། ཡུལ་ཆེན་པོ་རྣལ་འབྱོར་པ་རྣམས་ཀྱི་བརྟུལ་ཞུགས་ཀྱི་སྤྱོད་པས་བགྲོད་པར་བྱ་བའི་ཞིང་ཐམས་ཅད་བགྲོད་ཟིན་གྱི། ཕྱིན་ཆད་གཞན་དུ་མི་འགྲོ་བར་འདིར་འདུག་གོ་གསུང་ངོ༌། །དེར་དུས་རིང་ཞིག་སོང་བ་ན་འཕྲ་མེན་མ་ཆེན་མོ་མུ་སྟེགས་ཀྱི་མཁའ་འགྲོ་མ་ཞིག་རིགས་བར་མའི་ཁྱིམ་དུ་མིའི་སྐྱེ་བའི་གཟུགས་བསྟན་པའི་མིང་ནི་པ་ཧུ་རཱི་ཞེས་ཟེར་བ་ཞིག་ཡོད་དོ། །དེ་དོན་དུ་ནི་མ་མོ་སྤྱིའི་ཕོ་ཉ་མོ་ཀཱ་ལ་དཎྜཱི་བྷརྟ་ཀཱ་ལི་ཉིད་ཡིན་སྐད། དེ་ལོ་བཅུ་དྲུག་མ་ཙམ་དུ་གྱུར་པ་ན། ཡུལ་དེའི་རྟེན་གྱི་གཙོ་བོ་སངས་རྒྱས་ཀྱི་རིང་བསྲེལ་ཅན་གྱི་མཆོད་རྟེན་གཅིག་བཞུགས་པའི་རྩེ་མོར་ཕྲ་མེན་མ་དེས་མ་མོའི་སྐྱེ་གནས་ཀྱི་ཕྱག་རྒྱ་བཞག་གོ །དེ་ཡུན་རིང་དུ་དེ་ཁར་བཞག་ན་ཡུལ་དེའི་ཉེ་སྐོར་གྱི་སངས་རྒྱས་པ་ཐམས་ཅད་བརླག་པར་འགྱུར་པར་སློབ་དཔོན་གྱིས་མཁྱེན་ནས་གསུངས་པས་སློབ་དཔོན་གྱི་སློབ་མ་རྣམས་ཀྱིས་སྐྱེ་གནས་ཀྱི་ཕྱག་རྒྱ་དེ་བླངས་ཏེ། ཆུ་བོ་ཆེན་པོར་དོར་རོ། །དེ་ལ་དེས་འཁོན་དུ་བལྟས་ནས་འདུག་གོ །ལན་ཅིག་སློབ་དཔོན་གྲོང་ཁྱེར་དུ་བཞུད་པའི་ལམ་གཅིག་ན། གདུག་པའི་མཁའ་འགྲོ་མ་དེ་གཏུན་ཤིང་ཐོགས་ནས་འབྲས་བརྡུང་ཞིང་འདུག་གོ །དེ་དང་ཉེ་བར་སློབ་དཔོན་འཁོར་


TNT17_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་བྱོན་པ་ན། ལུས་ཀྱིས་སློབ་དཔོན་ལ་མ་གུས་པའི་རྣམ་འགྱུར་སྟོན་ཅིང་སངས་རྒྱས་པ་སྤྱི་ལ་ཁ་ཟེར་རོ། །དེར་སློབ་དཔོན་གྱིས་ལྟ་སྟངས་མཛད་པས་འབྲས་ཀྱི་གཏུན་དང་གཏུན་བུ་ཚལ་པར་གས། དེས་ཀྱང་སློབ་དཔོན་ལ་ལྟ་སྟངས་བྱས་མོད་ཅང་མ་གནོད་དོ། །ཡང་དེས་སློབ་དཔོན་གྱི་འཁོར་རྣམས་ལ་ལྟ་སྟངས་ཡང་ཡང་བྱས་པས། ཕལ་ཆེར་ལ་མ་གནོད་ཀྱང༌། ཁ་ཅིག་ལ་གོས་ཚིག་པ་དང་འགྱེལ་བ་དག་བྱུང་ངོ༌། །སློབ་མ་དེ་རྣམས་ཀྱིས་ཞུས་ནས་ཡང་སློབ་དཔོན་གྱིས་ལྟ་སྟངས་མཛད་པས། ཕྲ་མེན་མ་དེ་ཁ་བུབ་ཏུ་ལྟུང་བ་དང༌། ལག་པ་གཉིས་ས་ལ་ལྷུང་ངོ༌། །དེར་སློབ་དཔོན་ཐུགས་སྙིང་རྗེ་ཅུང་ཟད་སྐྱེས་པས་ལག་པ་གཉིས་གསོ་བའི་ལྟ་སྟངས་ཀྱིས་འབྱར་བར་མཛད་དོ། །དེས་སྔགས་བཟླས་ཤིང་སློབ་དཔོན་ལ་ལྟ་སྟངས་བྱེད་དོ། །སྙིང་རྗེའི་ཤུགས་ཀྱིས་ཐུགས་ཡེངས་ཏེ་བསྲུང་བ་གཡེལ་བའི་རྣམ་པ་ཅུང་ཟད་ཅིག་བྱུང་བ་ཡིན་ནམ་ཟེར། སློབ་དཔོན་རང་གི་གནས་གཞིར་ཕེབས་པ་ན། ཤིན་ཏུ་བསྙུང་པར་གྱུར་ཏེ། སློབ་དཔོན་ན་རེ། འདི་ལྟ་བུ་ནི་བླ་མའི་གསུང་ལས་དེ་བཱི་ཀོ་ཊར་མ་འགྲོ་ཞེས་གསུང་ན། བཀའ་དེ་བཅག་པའི་ཉེས་པ་ཡིན་གྱི། ཡུལ་ཉི་ཤུ་རྩ་བཞི་དང༌། དུར་ཁྲོད་བརྒྱད་དུ་དཔའ་བོ་དང་རྣལ་འབྱོར་མ་རྣམས་ལ་ཚོགས་ཀྱི་འཁོར་ལོ་དང་བཤགས་པ་གྱིས་ཤིག དེ་ནས་ཀྱང་ལང་ལ་ཤོག ཞག་བདུན་གྱི་ཁོངས་སུ་འཁོར་བར་གྱིས་གསུང༌། དེ་ནས་སློབ་མ་རྐང་མགྱོགས་ཀྱི་གྲུབ་པ་ཐོབ་པ་མང་པོས། སྐད་ཅིག་ལ་མྱུར་བར་དེ་རྣམས་བྱས་ཏེ། ཚུར་ལོག་འོངས་པས། ཚན་གཅིག་གིས་སྨན་ཐོགས་ཏེ་


TNT17_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

འོངས་པ་ལ། ལམ་དང་ཉེ་བ་ན་བུད་མེད་མང་པོས་པདྨའི་མཚོ་ལ་ཁྲུས་བྱེད་དེ། དེ་རྣམས་ན་རེ་རྣལ་འབྱོར་པ་ཁྲུས་གྱིས་ཟེར། སློབ་དཔོན་བསྙུང་བས་ལོང་བ་མེད་དོ་བྱས་པ་ན། དེ་རྣམས་ན་རེ། བསྙུང་བ་གདངས་ཟེར། སྨན་རྣམས་ཆུ་འགྲམ་དུ་བཞག་ནས་ཁྲུས་ཅུང་ཟད་བྱས་པས། སྨན་དེ་དག་བུད་མེད་དེ་རྣམས་ཀྱིས་ཁྱེར་ནས་གར་སོང་ཆ་མེད་དོ། །དེ་ནས་ནང་དུ་འོངས་ནས་སློབ་དཔོན་དང་མཇལ་བ་ན། བུད་མེད་དེ་དག་སྔར་གྱི་མཁའ་འགྲོ་མ་དེས་སྤྲུལ་པ་ཡིན་གསུང༌། དེ་ནས་སློབ་མའི་མཆོག་རྣལ་འབྱོར་ཕོ་མོ་བདུན་བཅུ་རྩ་གཉིས་བོས་ཏེ། སྐུའི་དྲུང་དུ་གནས་པ་ལ། སློབ་དཔོན་ན་རེ། ད་རེས་བླ་མའི་བཀའ་བཅག་པའི་ཆད་པ་ཟློག་ཏུ་མེད་པ་ཡིན། ད་བར་དོར་མཆོག་གི་དངོས་གྲུབ་བསྒྲུབས་ཏེ་སླར་འོང་བ་ཡིན་པས་དེ་བར་དུ་འདིར་ཡང་མ་ཡོང་ཞིག་གསུངས་ནས། སྒོ་བསྡམས་ཏེ་བཞུགས་སོ། །དེར་སློབ་མ་རྣམས་ཀྱིས་ཤིན་ཏུ་གསང་བར་བྱས་ཀྱང་གདུག་པའི་མཁའ་འགྲོ་མ་རྣམས་ཀྱིས་དེ་སླར་བྱུང་ན་བདག་ཅག་ཕུང་བར་འགྱུར་ཞེས་འགྲོས་ནས། སྐུ་འདས་སོ་ཤེས་བསྒྲགས་པའི་རྐྱེན་གྱིས་བྲམ་ཟེ་དང་རྩིས་མཁན་རྣམས་ཀྱིས་ཚོར་ནས་རྒྱལ་པོ་ལ་ཞུས་ཏེ། དེ་དག་རྒྱལ་པོའི་མི་དང་བཅས་པ་འོངས་ནས། ཞག་ལྔ་བའི་ཉིན་མོ་སྒོ་ཕྱེ་བས་སློབ་དཔོན་སྐུ་འདས་པར་མཐོང༌། སློབ་མ་འགའ་དང་བྲམ་ཟེ་དང་རྩིས་མཁན་རྣམས་ཀྱིས་ཙནྡན་ལ་སོགས་པའི་བུད་ཤིང་ཁྱེར་ཏེ། དུད་ཁྲོད་ཆེན་པོར་སྐུ་གདུང་སྤྱན་དྲངས་པ་ན། སྐད་ཅིག་དེ་ཉིད་ལ་རལ་གྲི་ལ་སོགས་པའི་དངོས་གྲུབ་བརྒྱད་ཅུ་རྩ་བཞི་


TNT17_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རེ་རེ་སྟེར་བར་བྱེད་པ་པོ། གདོད་ནས་གྲུབ་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་འཁོར་མང་པོ་དང་བཅས་པ་གང་ནས་བྱུང་ཆ་མེད་པར་འོངས་པས། བྲམ་ཟེ་ལ་སོགས་པ་མི་དེ་རྣམས་དེ་དག་གི་གཟི་བརྗིད་མ་བཟོད་གདུང་བས་ཚིག་པར་གྱུར་ཏེ། ཅུང་ཟད་བྲོས་ནས་རྒྱང་རིང་པོ་ནས་སྐྱེ་བོའི་ཚོགས་རྣམས་དང་ལྷན་ཅིག་ལྟ་བ་ལས་གདུང་ལ་ཉེ་བར་འགྲོ་མ་ཐུབ་བོ། །གྲུབ་ཐོབ་དེ་རྣམས་ཀྱིས་བར་སྣང་ལ་དཀྱིལ་འཁོར་བྲིས་པའི་དབུས་སུ་སྐུ་གདུང་བཞག་སྟེ། རང་བྱུང་གི་མེ་འོད་ཀྱིས་སྦྱངས་སོ། །དུས་དེར་མྱ་ངན་གྱི་ཤུགས་ཡོད་པ་ལྟར་སྟོན་པ་དང༌། རྫུ་འཕྲུལ་གྱི་བཀོད་པ་དེ་དག་བལྟ་བར་འོངས་པའི་རྣལ་འབྱོར་ཕོ་མོ་སྟོང་ཕྲག་བརྒྱ་ཅུ་རྩ་བཞི་དང༌། གློ་བུར་དུ་ལྷགས་པ་གཞན་འབུམ་ཕྲག་དུ་མ་འདུས་ཏེ་གནས་པ་ལ། ཞག་བདུན་པའི་ཐ་མར་སློབ་དཔོན་ཉིད་སྔོན་བཞིན་དུ་གདུགས་བདུན་བརྒྱ་དང༌། ཌ་མ་རུ་བདུན་བརྒྱ་དང༌། སྣང་བའི་འཁོར་བདུན་བརྒྱ་དང༌། མི་སྣང་བའི་འཁོར་བདུན་བརྒྱར་བཅས་པ་མངོན་སུམ་དུ་བྱོན་བྱུང་བ་ན། རྣལ་འབྱོར་བ་ཐམས་ཅད་ངོ་མཚར་སྐྱེས་ནས་བསུ་བ་བྱས་ཤིང༌། ས་ཕྱོགས་མཐོ་བ་ཅིག་ལ་སློབ་དཔོན་བཞུགས་ཏེ། སོ་སོ་ལ་ཆོས་ཀྱི་བཀའ་མཆིད་མང་དུ་མཛད་དོ། །དེའི་མཐར་ངའི་ལུས་ག་རེ་ཞེས་གསུང་བ་ལ། བསྲེགས་ཟིན་ཏོ་ཞེས་ཞུས་པས། དོ་ཧ་རྡོ་རྗེ་གླུ་དབྱངས་མཆོག་དང་བཅས་པས་སྐུའི་སྣང་བ་དེ་དང་འཁོར་སྟོང་བཞི་བརྒྱ་ཡང་མི་སྣང་བར་གྱུར་རོ། །གདུང་ཞུགས་ལ་ཕུལ་བའི་གནས་སྐབས་དེར། ས་གཡོ་བ་དང༌། འོད་ཀྱིས་ཁྱབ་པ་དང༌། སྤོས་ཀྱི་དྲི་ངད་ཕྱོགས་ཐམས་ཅད་དུ་ལྡང་བ་དང༌།


TNT17_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ནས་རོལ་མོའི་སྒྲ་དང༌། མེ་ཏོག་གི་ཆར་ཆེན་པོ་བྱུང་ངོ༌། །དེ་ཉིན་ཡར་ངོའི་ཚེས་བཅུ་གཉིས་ཡིན། དེ་བཱི་ཀོ་ཊར་ད་ལྟ་ཡང་ཞག་དུས་དེ་ལ་སྒྲ་འོད་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ལྟས་རེ་རྟག་ཏུ་འོང་བ་ཡིན་པར་འདུགདེར་གདུང་ཞུགས་ལ་ཞེན་པ་དེ་མི་ལེགས་པ་ཆེན་པོ་བྱུང་ཟེར་ནས། ད་ནས་བརྩམས་ཏེ་ད་ལྟའི་བར་དུ་རྒྱ་གར་བའི་རྣལ་འབྱོར་པ་རྣམས་ཕུང་པོ་བསྲེག་སྦྱང་མི་བྱེད་དོ། །དེ་ནས་རེ་ཞིག་ཤར་ཕྱོགས་ཀྱི་རྒྱལ་ཁམས་དེ་བཱི་ཀོ་ཊ་དང༌། བ་རེནྡྲ་དང༌། ཀཱ་མ་རུ་པ་དང༌། ཧེ་རམྤ་དང༌། ཤྲཱི་ཧ་ཊྚ་དང༌། བྷངྒ་ལ་དང༌། ཨོ་ཌི་བི་ཤ་དང༌། ར་དྷ་ལ་སོགས་པའི་ལྗོངས་རྣམས་སུ་ཡུལ་ཕྱོགས་གྲོང་ཁྱེར་ཐམས་ཅད་རྣལ་འབྱོར་ཕོ་མོས་ཁྱབ་པ་ལྟ་བུར་ཡོད་པ་ལ། ཇི་ཞིག་ལྟར་ནས་འདི་འདི་ན་འདི་ལྟར་གནས། འདི་ལྟར་སོང་ཞེས་བརྗོད་དུ་མེད་པར་ཕལ་ཆེར་མི་སྣང་ངོ༌། །དུས་དེ་སྐབས་ཤིག་མ་རུའི་ཡུལ་གྱི་པུསྐཱ་ར་ཞེས་པའི་ཡུལ་དུ་སློབ་དཔོན་འདི་ཉིད་ཕྱག་རྒྱ་དྲུག་གིས་བརྒྱན་པ་མངོན་སུམ་དུ་བྱོན། ནུབ་ཕྱོགས་ཀྱི་ཡུལ་སྣ་ཚོགས་སུ་ཕེབས། སྐལ་ལྡན་གྱི་སྐྱེ་བོ་མང་པོ་གནས་ལུགས་རྟོགས་པ་ལ་བཀོད། ཟླ་བ་འགའ་རེ་བཞུགས་ནས་མཐར་གར་གཤེགས་ཆ་མེད་དོ། །ལྷོ་ཕྱོགས་ཀརྞ་ཊ་ཀར་ནི་བར་དོར་མཆོག་བསྒྲུབས་ཏེ་སྔར་གྱི་སྐུ་ལུས་དེ་ཉིད་ལ་ཞུགས་ནས་མངོན་སུམ་དུ་བྱོན་པ་ཡིན་ཅེས་འགྲོ་བ་མང་པོ་ལ་བཅུད་ལེན་སོགས་གནང་སྟེ་ཕན་འདོགས་པ་དང༌། དབུལ་འཕོངས་དང་ནད་པ་མང་པོའི་སྡུག་བསྔལ་བསལ། འགའ་ཞིག་ལ་གདམས་ངག་ཀྱང་ཅུང་ཟད་བསྟན་པར་མཛད་དེ་ཟླ་བ་བཞི་ཙམ་


TNT17_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པར་གྲགས། ཡུལ་དེའི་ཕྱོགས་གཅིག་ཤེ་ཡ་གི་རི་ཞེས་བྱ་བ་ན། དེ་ལྟར་བྱོན་པའི་དུས་ཀྱི་མཆོད་པ་ད་ལྟ་ཡང་ཡོད་དོ། །བྱང་ཕྱོགས་གངྒ་དང་ཡ་མུ་ནའི་བར་མཚམས་མ་ལ་བུ་རི་ཞེས་བྱ་བར་སྔར་གྱི་སྐུ་ལུས་ལ་ཞུགས་ཏེ་དེར་བྱོན་པ་ཡིན་གསུངས་ནས་སྔར་བརྟུལ་ཞུགས་སྤྱོད་པའི་དུས་ལ་མ་སླེབ་པས་ཉེས། ད་སྤྱོད་པའི་དུས་ལ་བབ་ན་ལུས་ལ་རང་བྱུང་གི་ཕྱག་རྒྱ་དྲུག་འབྱུང་བར་ཤོག་ཅེས་གསུངས་ནས། ཟླ་བ་དྲུག་ཏུ་རྩེ་གཅིག་ཏུ་བསྒོམ་པ་ལྟར་མཛད། དེ་ནས་སྐུ་ལ་རུས་པའི་རྒྱན་དྲུག་རང་བྱུང་དུ་ཡང་བྱུང༌། ཞག་བདུན་དུ་སྤྲོས་བཅས་ཀྱི་སྤྱོད་པ་མཛད་པར་ཀུན་གྱིས་མཐོང་ངོ༌། །དེ་ནས་ཟུང་འཇུག་གི་སྐུ་བསྙེས་ཏེ་མི་སྣང་བར་གྱུར་སྐད། ཡང་མ་ག་དྷ་དང་ཉེ་བ་ལྷོ་ཕྱོགས་ཛ་རི་ཁཎྜར་གཏོགས་པའི་དེ་བ་གྷ་ཊ་ཞེས་བྱ་བའི་གྲོང་ཁྱེར་དུ་བྲམ་ཟེའི་རིགས་སུ་གཏོགས་པ་ཅིག་གི་ཁྱིམ་དུ་སྐྱེ་བ་བཞེས་ཏེ། སྐུ་ལ་རུས་པའི་རྒྱན་དྲུག་རང་བྱུང་དུ་ཡོད་པར་སྐུ་བལྟམས། དེ་མ་ཐག་ང་སྔོན་གྱི་སློབ་དཔོན་ནག་པོ་ཡིན་གྱི་ལམ་ལྷག་མ་རྣམས་ལུས་འདི་ལ་རྫོགས་པར་འགྱུར་གསུང་ནས། བཙས་མ་ཐག་ནས་བསྒོམ་པར་མཛད། ཟླ་བ་གཅིག་ཙམ་ན་སྐུ་ལུས་ཀྱི་བསྐྱེད་རྫོགས་ཤིང༌། དེ་ནས་ཀྱང་མཉམ་བཞག་འབའ་ཞིག་ལ་བཞུགས་ཟླ་བ་དྲུག་གི་མཐའ་ཡང་ཟེར། ལོ་གཅིག་ལ་ཡང་ཟེར། སྒྲ་དང་འོད་དང་མེ་ཏོག་གི་ཆར་སོགས་ཆོ་འཕྲུལ་དང་བཅས་ཏེ་མི་སྣང་བར་གྱུར་ཏེ་ཟུང་འཇུག་གི་སྐུ་བརྙེས་པའོ། །ཡུལ་དེ་ན་ཡང་མཆོད་པ་དང༌། དུས་སྟོན་གྱི་རྣམ་གྲངས་རེ་ད་ལྟའི་བར་དུ་ཡང་ཡོད་དོ། །ཚུལ་དེ་ལྟ་བུས་ཕྱི་རྗེས་སུ་ཡང་ཆོ་


TNT17_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་མཐའ་ཡས་པ་བསྟན་ཏོ། །དེ་ལྟར་ན་རྣམ་ཐར་གཏམ་རྒྱུད་དེ་དག་ནི། སློབ་དཔོན་གྲུབ་ཐོབ་ཀུ་ས་ལི་པའི་གསུང་ལོ་རྒྱུས་ཀྱི་སྡོམས་ལ་སྲོགས་ཤིང་བཅོལ་ཏེ། རྒྱ་བོད་ཀྱི་ལོ་རྒྱུས་གཞན་ཡིད་ཆེས་ཡོད་ངེས་རྣམས་ལས་ཁ་བསྐང་སྟེ་བྲིས་པ་ཡིན་པས་ཤིན་ཏུ་རྣམ་པར་དག་པ་སེམ་མོ། །སློབ་དཔོན་འདིས་དང་པོ་ཡུལ་ཛ་ལནྡྷ་ར་ནས་བྱོན་པའི་དུས་ནས། ཕྱིས་དེ་བཱི་ཀོ་ཊར་ཕེབས་པའི་བར་ལ་སློབ་དཔོན་ཉིད་ཀྱིས་ཆོས་བསྟན་པ་དང༌། གཞན་ཡང་མིག་ལྟོས་ཀྱི་བདག་རྐྱེན་ལ་བརྟེན་ནས་སྐྱེ་བོ་དཔག་ཏུ་མེད་པ་ཅིག་སྔགས་ཀྱི་ཐེག་པ་ལ་ཞུགས་ཏེ་རྣལ་འབྱོར་ཕོ་མོར་གྱུར་པས། གྲོང་ཁྱེར་བཅུ་གསུམ་ཙམ་སྟོངས་སྐད་པའི་གྲོང་ཁྱེར་ནི་བྱང་ཕྱོགས་མ་ལའི་གྲོང་སྟེ་འཕྲོག་བྱེད་སྒོ་དང༌། ནུབ་ཕྱོགས་ཨརྦནྟི་སྟེ། མཱ་ལ་པ་དང༌། ཀཱནྟི་སྟེ་ལྷོ་ཕྱོགས་ཁ་ནའི་ཡུལ་དང༌། བི་རཱ་ཛ་སྟེ་ལྷོ་ཕྱོགས་བི་ཛ་པུ་ར་དང༌། པུནྚ་བརྡྷ་སྟེ་ཤར་ཕྱོགས་ལི་ཁ་ར་ཤིང་འཕེལ་དང༌། ཀ་ན་ཀ་སྟེ་ལྷོ་ཕྱོགས་མ་ར་ཧ་ཊའི་ནང་ཚན་ཅིག་དང༌། གྲོང་ཁྱེར་ཀ་ར་ནྱ་ཏེ་ལྷོ་ཕྱོགས་གོ་དྷ་བ་རི་དང་ཉེ་བ་དང༌། ཙི་ཏི་པ་ཊ་ན་སྟེ་ལྷོ་ཕྱོགས་ཙ་རི་ཏྲ་དང༌། ཧེ་མ་ད་ལ་སྟེ་ཤར་ཕྱོགས་བྷངྒ་ལའི་ཁྱད་པར་དང༌། ཡུལ་བྱང་ཕྱོགས་གནྡྷ་ར་སྟེ་དེང་སང་ཊི་ལར་གྲགས་པ་དང༌། དེ་བཱ་གྷ་ཊ་སྟེ་ལྷོ་ཕྱོགས་ཛ་རི་ཁཎྜའི་བྱེ་བྲག་ཅིག་དང༌། ཤར་ལྷོ་གྲོང་ཁྱེར་ག་ལིང་ཀ་དང༌། ཡུལ་དབུས་རཽ་ད་སི་དང༌། ནུབ་ཕྱོགས་གྲོང་ཁྱེར་པུ་ཀཱ་ར་རྣམས་སོ། །དེ་དག་ཀྱང་སྐོར་ཙེ་སྐོར་ཙེ་སྟོངས་པ་རང་མིན་གྱི། གྲོང་ཁྱེར་དེ་དང་དེའི་ཆ་ལག་ཡུལ་ཁམས་ཐམས་ཅད་ནས། སྐྱེས་པ་བུད་མེད་ཁྱེའུ་བུ་མོ་རྣམས་རྣལ་འབྱོར་ཕོ་


TNT17_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

མོ་བྱས་པའི་གྲངས་རྣམས་བགྲངས་ན། ཕྱི་ལྕགས་རིས་བསྐོར་བའི་གྲོང་ཁྱེར་ཚད་ལྡན་གཅིག་གི་གྲོང་མིའི་གྲངས་སུ་ལོངས་པ་རེའི་དབང་དུ་བྱས་པས་གྲོང་དེ་ཙམ་བསེ་བ་ཚེགས་སུ་སྟོངས་པ་སྟེ། དེ་ཡང་རྒྱ་གར་གྱི་གྲོང་ཁྱེར་རེ་རེ་ལ་ཡང་མི་གྲོང་ཁྲི་ཕྲག་མང་པོའམ། འབུམ་ཕྲག་བགྲང་པ་ཡོད་དོ། །ཡང་རྟག་ཏུ་རྗེས་སུ་འབྲང་བའི་འཁོར་སྟོང་དང་བཞི་བརྒྱ་ནི། དངོས་གྲུབ་ཀྱི་རྣམ་གྲངས་རེ་རེ་ཐོབ་པ་འབའ་ཞིག་སྟེ། དེའི་ཕྱེད་བདུན་བརྒྱ་ནི་དགོས་པ་ཡོད་ན་མི་རྣམས་ལ་སྟོན་པར་བྱེད་ལ། དེ་ཡང་སྤྲུལ་པས་སྟོན་པར་བྱེད་ཀྱི་ལུས་དངོས་མིས་མཐོང་བ་མིན་ནོ། །གཞན་གནས་སྐབས་ཐམས་ཅད་དུ་མིས་མི་མཐོང་བའི་ཕྱིར་མི་སྣང་བའི་འཁོར་ཞེས་གྲགས་ལ། ཕྱེད་ལྷག་མ་བདུན་བརྒྱ་ནི། ཤིང་ལྷམ་དང༌། གཏེར་གྱི་བུམ་པ་དང༌། རལ་གྲི་དང༌། གནོད་སྦྱིན་མོ་ལ་སོགས་པ་དངོས་གྲུབ་གཞན་ཐོབ་ཀྱང་མི་སྣང་བ་མ་བསྒྲུབས་པས། ལུས་དངོས་དེ་ཉིད་མི་རྣམས་ཀྱིས་མཐོང་བའི་ཕྱིར། སྣང་བའི་འཁོར་ཞེས་བྱ། འདི་དག་ཀྱང་འདོད་ན་ལུས་སྦས་པའི་མི་སྣང་བ་ནི་ཡོད་དོ། །རྣལ་འབྱོར་ཕོ་མོ་བདུན་ཅུ་རྩ་གཉིས་སུ་གྲགས་པ་ནི། གནས་ཆེན་ཐམས་ཅད་དུ་ཡིད་ཀྱིས་བསམས་པ་ཁོ་ནས་བགྲོད་ཅིང༌། སློབ་དཔོན་ཆེན་པོ་ཉིད་དང་རིག་པའི་བརྟུལ་ཞུགས་ལྷན་ཅིག་ཏུ་སྤྱོད་པའི་གྲོགས་ཡིན་པ་དང༌། སློབ་དཔོན་ཉིད་དང་རྟོགས་པ་མཉམ་པར་བྱིན་གྱིས་བརླབས་སོ་ཞེས་གྲགས་སོ། །སྟོང་བཞི་བརྒྱ་པོ་རྣམས་རྟོགས་པ་མཉམ་པར་མ་ངེས་ཀྱང༌། སློབ་དཔོན་ཆེན་པོ་སྐད་ཅིག་གིས་ཡུལ་ཆེན་རྣམས་སུ་འབྱོན་པ་ན། ལྷན་ཅིག་ཏུ་རྫུ་


TNT17_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་གྱིས་འགྲོ་བར་ནུས་ཤིང༌། རིག་པའི་བརྟུལ་ཞུགས་སྤྱོད་པའང་ཡིན་ནོ། །གྲོང་ཁྱེར་བཅུ་གསུམ་གྱི་མི་རྣམས་རྣལ་འབྱོར་པར་གྱུར་པ་ལ། རྣལ་འབྱོར་པ་འབུམ་སྡེ་བཅུ་གསུམ་ཞེས་གྲགས་ཏེ། འཕགས་ཡུལ་གྱི་ས་ཕྱོགས་ཐམས་ཅད་ནང་པ་སངས་རྒྱས་པའི་གསང་སྔགས་པ་རྣལ་འབྱོར་ཕོ་མོས་ཁྱབ་པ་ལྟར་གྱུར་ཏེ། རབ་ཀྱིས་མཆོག་འགྲུབ་པ་དང༌། གཞན་མང་པོས་ཐུན་མོང་གི་དངོས་གྲུབ་མཆོག་འབྲིང་ཐ་མ་ཅི་རིགས་པ་འགྲུབ་པ་དང༌། ཐ་མ་རྣམས་ཀྱིས་ཀྱང་ཏིང་ངེ་འཛིན་སྣ་རེ་མ་ཐོབ་པ་དང༌། ཕྲ་མོ་སྣ་རེ་མ་གྲུབ་པ་མེད་སྐད་དོ། །ཡང་བཤད་པ། སྤྱིར་གྲུབ་པའི་སློབ་དཔོན་རྣམས་ཀྱིས་བསྟན་བཅོས་མཛད་པ་ནི། དོ་ཧ་མགུར་དུ་བཞེས་པ་ཁོ་ན་མང༌། སྒྲུབ་ཐབས་ཆེ་ཆུང་དང་དབང་ཆོག་དང༌། རྫོགས་རིམ་གྱི་གཞུང་ཆེ་བའམ། ཆུང་བ་མཛད་པའང་ཅི་རིགས་པ་ཡོད་པ་དེར་གདའ། འགྲེལ་ཊཱིཀ་གི་རིགས་སོགས་བཤད་ཆོས་མང་པོ་དང༌། དགག་སྒྲུབ་མང་པོའི་རྩོད་ཆོས་དང༌། སྒྲ་སོགས་ཐ་སྙད་ཀྱི་གཙུག་ལག་གི་རིགས་ནི། གྲུབ་ཐོབ་དངོས་ཀྱིས་གསུངས་པ་ཆེར་མི་འབྱུང་ལ། དེ་འདྲའི་རིགས་གྲུབ་ཐོབ་དེས་མཛད་དོ་ཟེར་བ་ན། སློབ་དཔོན་དེ་དང་དེའི་གསུང་རྒྱུན་ནམ་བཞེད་སྲོལ་བསྐྱང་བའི་ཕྱིར་དུ་ཕྱིས་བརྩམས་པ་སྟེ། དེ་དང་དེའི་ལུགས་ཡིན་པས་ལུགས་སྲོལ་དེ་སློབ་དཔོན་དེས་མཛད་ཅེས་པའི་དོན་ཡིན་གྱི། དངོས་སུ་ནི་པཎྜི་ཏ་དག་གིས་བརྩམས་པའོ། །དེས་ན་གྲུབ་ཐོབ་ཀྱི་རྩོམ་པ་རྣམས་དཔེ་ཚོགས་ཆེན་པོའི་རིགས་ཅན་ཉུང་ངོ༌། །སློབ་དཔོན་འདིས་མཛད་པ་ལ་ཧེ་རུ་


TNT17_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཀས་ལུང་བསྟན་པ། གང་ལས་རྣམ་པ་དྲུག་གི་ངག་ཚིག་དཔྱོད་གསལ་བ། །ཞེས་འབྱུང་བ་དང༌། སྔར་བོད་དུ་གྲགས་པ་ལྟར་ན། གཞུང་དྲུག་རྩོམས་ཤིག་ཅེས་ལུང་བསྟན་པའི་གཞུང་དྲུག་གི་ངོས་འཛིན་ལ། སློབ་དཔོན་ཀུ་ས་ལ་བྷ་དྲ་ཆུང་བ་ན་རེ། དང་པོ་བསམ་གཏན་གཞུང་ཡིན་ཏེ། །ཡེ་ཤེས་ཀྱི་ནི་དེ་བཞིན་གཉིས། །གསུམ་པ་རིག་པའི་བརྟུལ་ཞུགས་ཏེ། །གཞན་ལ་གསང་སྔགས་སྦྱིན་བྱེད་པ། །བཞི་པ་ཡིན་ཏེ་གཞུང་གི་རིམ། །དེ་བཞིན་རབ་འབྱམས་རྟོག་པ་ནི། །བློ་ལྡན་རྣམས་ཀྱིས་ལྔ་བར་བཤད། །གང་ཡང་དམ་པའི་དོན་གསལ་བ། །རྣལ་མའི་སྦྱོར་བ་དྲུག་པ་སྟེ། སློབ་དཔོན་གྱིས་ནི་དེ་རབ་བསྟན། །ཉི་ཤུས་ལྷག་པའི་བརྒྱ་ཕྲག་གི །རབ་ཏུ་སྦྱོར་བ་བདག་གིས་མཐོང༌། ཞེས་འཆད་དེ། དང་པོ་བསྐྱེད་རིམ། གཉིས་པ་དབང་གི་ཡེ་ཤེས། གསུམ་པ་སྤྱོད་པ། བཞི་པ་དབང་ཆོག ལྔ་པ་ལས་ཚོགས། དྲུག་པ་རྫོགས་རིམ་སྟེ་དོན་སྡེ་ཚན་དྲུག་སྟོན་པའི་གཞུང་དྲུག་ཡིན་གྱི། སྤྱི་དོ་ཧ་ཕྲ་མོ་སོགས་བསྟན་བཅོས་མཐའ་དག་སྡོམ་པ་ལ། བརྒྱ་དང་ཉི་ཤུ་ཙམ་ཁོང་རང་གིས་གཟིགས་གསུང་ངོ༌། །ཡང་འཕྲོས་དོན་འདི་གོ་དགོས་ཏེ། རྡོ་རྗེའི་གླུ་བྱ་བ་དངོས་སུ་རྒྱུད་ལས་གསུངས་པའི་གླུ་ཁོ་ན་ལ་འཇོག་ཀྱང་གྲུབ་ཐོབ་ཡིན་ངེས་རྣམས་ཀྱི་ཉམས་ཤར་ཐོལ་བྱུང་གི་དོ་ཧ་རྣམས་ལའང་རྗེས་མཐུན་གྱི་དབང་ལས་རྡོ་རྗེའི་གླུ་ཞེས་ཟེར་བར་སྣང་བའང་མི་འགལ་ལོ། །ཡང་ཇོ་བོ་ནཱ་རོ་པ་རྗེས་འབྲང་དང་བཅས་པ་ནི། དཔལ་འཁོར་ལོ་སྡོམ་པ་ཉིད་ཀྱི་བཀས་གནང་བའི་ཕྱིར་འཁོར་ལོ་སྡོམ་པ་ཁོ་ནའི་དགོངས་འགྲེལ་དྲུག་ཡིན་མོད།


TNT17_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཀྱང་ཆ་ཤས་ཕྲ་མོ་ཙམ་ནས་རྩི་དགོས་པ་མ་ཡིན་པས་གཞུང་གི་གཙོ་པོ་དྲུག་གོ །དེ་ཡང་དབང་ཆོག་དང༌། སྒྲུབ་ཐབས་དང༌། སྦྱིན་སྲེག་དང༌། དཔྱིད་ཀྱི་ཐིག་ལེ་དང༌། རིམ་པ་བཞི་པ་དང༌། གསང་བའི་དེ་ཁོ་ན་ཉིད་དེ་དྲུག་གོ་གསུང་ངོ༌། །ད་ལྟ་བོད་ན་ཡོད་པའི་སྦྱིན་སྲེག་གི་ཆོ་ག་འདི། སློབ་དཔོན་ཆེན་པོའི་གསུང་དངོས་མ་ཡིན་པར། མར་དོ་ལོ་ཙཱ་བ་བཞེད་པ་ནི་དེ་བཞིན་ཡིན་ཏེ། སྔོན་སློབ་དཔོན་གྱིས་སྦྱིན་སྲེག་གི་ཆོ་ག་ཞིག་མཛད་ཀྱང༌། བར་སྐབས་སུ་དཔེ་ནུབ་པས་ཕྱིས་རྗེས་འབྲང་གི་སློབ་དཔོན་གཞན་གྱིས་དེའི་ཚབ་ཏུ་རྩམས་པའོ། །དཔེར་ན་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་ཀྱང༌། ལུང་དང་མཐུན་པའི་ཆོས་བཅུ་བཞི་མཛད། དེའི་ནང་ན་དབང་ཆོག་ཡོད་ཀྱང་ཁ་ཆེའི་ཡུལ་དུ་ཁྱེར་ནས་དཔེ་ནུབ་པས། དེའི་དོད་དུ་མར་མེ་མཛད་ཀྱིས་བཞི་བརྒྱ་ལྔ་བཅུ་པ་བརྩམས་པ་ལྟ་བུའོ། །ཡང་པཎྜི་ཏ་ག་ཡ་དྷ་ར་ནི། གཞུང་དྲུག་ཅེས་པ་རྫོགས་རིམ་གྱི་གཞུང་སྟེ། སྡོམ་པ་བཤད་པ། སྙིང་པོ་བསྡུས་པ། ཕྱག་རྒྱ་ཐིག་ལེ་རྣམ་ཀྱང་བགྲངས་ནས། སྡོམས་དྲུག་གི་ཐ་སྙད་མཛད་དོ། །འོན་ཀྱང་གཞུང་ཕྱི་མ་གསུམ་པོ་དེ་སློབ་དཔོན་ཆེན་པོ་འདིས་མཛད་པ་མིན་པས། གཞུང་དྲུག་ལ་བགྲོང་པ་མི་འཐད་མོད། ནག་པོ་པའི་རྗེས་འབྲང་གི་ཆོས་སྐོར་ངོ་མཚར་ཅན་ནི་ཡིན་ཏེ། མཛད་པ་པོ་ཡང་སློབ་དཔོན་གྲུབ་ཐོབ་སྤྱོད་ཆུང་བ་ཉིད་དོ། །སྤྱིར་སློབ་དཔོན་འདིས་མཛད་པའི་བསྟན་བཅོས་གཞན་མང་པོ་ཡོད་པ་ནི་བདེན་ནོ། །ཡང་སྔར་ཕམ་ཐིང་པ་མལ་ལོ་སོགས་ནས་བརྒྱུད་པའི་ལོ་རྒྱུས་ལ། བྷངྒ་ལར་རྒྱལ་པོ་རོལ་བའི་


TNT17_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་འདུལ་བར་བྱོན་པའི་སྐབས་དེའི་སྔོན་དུ། ཡུལ་དབུས་ནས་ཤར་ཕྱོགས་ལ་འབྱོན་པའི་ལམ་ཀ་རྣམས་སུ། རྡོ་རྗེ་ཕག་མོ་མཛེ་མོའི་རྣམ་པ་དང༌། ཤིང་ཐོག་བསྲུང་བའི་བུ་མོར་སྤྲུལ་པ་དང༌། དཔལ་ཧེ་རུ་ཀ་ཐོད་མཁན་དང༌། གློག་དར་མཁན་དུ་སྤྲུལ་པས་སྤྱོད་པའི་དུས་མ་ཡིན་ཞེས་བཟློག་པ་དང༌། བྷངྒ་ལ་ཕེབས་ནས་རྒྱལ་བློན་གྱིས་བྲིས་སྐུ་ལ་ཞག་བདུན་མཆོད་པའི་བར་དེར། སློབ་དཔོན་དུར་ཁྲོད་དུ་ཚོགས་འཁོར་ལ་བྱོན་པ་ན། ཏིརྟི་ཀ་སྟེ་མུ་སྟེགས་པའི་ཚུལ་མི་སྔོན་པོ་ཐོད་པ་འཛིན་པ་ཅིག་བྱུང་ནས། ངས་ཚོགས་དཔོན་བྱེད་ཟེར་བ་ལ་ཁྱོད་ཀྱིས་མི་རུང་བྱས་པས། དེ་དཔལ་ཧེ་རུ་ཀར་གྱུར་ནས་ནམ་མཁའ་ལ་འཕགས་ཏེ། མཛེ་མོ་དེ་ཡང་མཛེ་མོ་མ་ཡིན་རྡོ་རྗེ་ཕག་མོའི་རྣམ་འཕྲུལ་ཏེ། ཞིང་རྨོད་དེ་ཡང་ཞིང་རྨོད་མ་ཡིན་ཧེ་རུ་ཀ་ཡི་རྣམ་སྤྲུལ་ལོ། །བུ་མོ་དེ་ཡང་བུ་མོ་མ་ཡིན་རྡོ་རྗེ་ཕག་མོའི་རྣམ་སྤྲུལ་ལོ། །ཀློག་མཁན་དེ་ཡང་ཀློག་མཁན་མ་ཡིན་ཧེ་རུ་ཀ་ཡི་རྣམ་འཕྲུལ་ལོ། །ཐོད་པ་ཅན་ཡང་ཐོད་པ་ཅན་མིན་ཧེ་རུ་ཀ་ཡི་སྤྲུལ་པའོ། །ཚེ་འདིར་མཆོག་མིན་གཞུང་དྲུག་རྩོམས་ཤིག་བར་དོར་མཆོག་གི་དངོས་གྲུབ་ཐོབ། །ཅེས་གསུངས་པ་ལ། སློབ་དཔོན་གྱིས། ཁྱོད་ཀྱི་ཞབས་གཉིས་མཉམ་པར་མནན་ན་འོག་གི་ཀླུ་ཡང་འཇིག་འགྱུར་ཞེས་ཏེ་ཐུགས་རྗེས་ཞབས་གཡོན་བསྐུམ་པར་མཛད། །དབུ་ཡི་གཙུག་ཏོར་དྲང་པོར་བསྲངས་ན་ཚངས་པའི་འཇིག་རྟེན་འཇིག་འགྱུར་ཞེས་ཏེ་དབུ་ནི་ཅུང་ཟད་ཡོ་བར་གནས། ཁྱོད་ཀྱི་ཕྱག་རྣམས་དྲང་པོར་བསྲངས་ན་ཕྱོགས་སྐྱོང་རྣམས་ཀྱང་སྐྲག་འགྱུར་ཞེས་ཏེ་ཐུགས་རྗེས་ཕྱག་རྣམས་ཅུང་ཟད་བསྐུམ། །རྗེ་བཙུན་ཁྱོད་ཀྱི་སྐུ་ཡི་གར་ནི་


TNT17_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་དང་ལྡན་མཐོང་བས་དད་དེ་མཆོག་ཏུ་གུས་པས་འདུད། །ཅེས་བསྟོད་པས་མི་སྣང་བར་གྱུར། ཅེས་ཟེར་བར་སྣང༌། ཚིག་བཅད་རྟིང་མ་འདི་རྒྱ་གར་བའི་ངག་སྒྲོས་ཅིག་ཡིན་པར་འདུག བཅོམ་ལྡན་འདས་ཀྱིས་གསུངས་པར་བྱེད་པའི་ཚིག་སྔ་མ་དྲུག་བོ་རྣམས་བོད་ཚིག་ཏུ་གསལ། སྔར་བཤད་མཛེ་མོ་སོགས་ཀྱིས་དེ་བཱི་ཀོ་ཊར་བགྲོད་པ་ལས་བཟློག་པ་ཡིན་ན་མི་འགལ་མོད་ཀྱང༌། བརྟུལ་ཞུགས་ཀྱི་སྤྱོད་པ་ལས་བཟློག་པ་ནི་མི་བདེན་ཏེ། གྲུབ་པའི་སློབ་དཔོན་མཆོག་གི་བཀས་གནང་ནས། ཡི་དམ་མམ་མཁའ་འགྲོས་བཟློག་པ་ནི་འགལ་ཞིང༌། ཅི་སྟེ་བཟློག་དགོས་ཀྱང༌། སྤྱོད་པ་ལ་མ་ཞུགས་པའི་སྔོན་རོལ་ནས་བཟློག་པ་འོས་ཀྱི། སྐབས་དེར་སྤྱོད་པ་སྤྱད་ནས་ཡུན་རིང་ལོན་ཟིན་པ་ལ་བཟློག་ཀྱང་དགོས་པ་མེད་པའི་ཕྱིར་རོ། །ཐོད་མཁན་དང༌། ཀློག་མཁན་དང༌། ཐོད་པ་ཅན་རྣམས་ཀྱི་ལོ་རྒྱུས་འདི་སྒྲུབ་པ་པོ་གཞན་ལ་བྱུང་བ་ཡིན་གྱི། སློབ་དཔོན་འདིའི་ལོ་རྒྱུས་མིན་ནོ། །ཡང་བཤད་པ། སྤྱིར་དངོས་གྲུབ་ཆེན་པོ་ཁྱད་པར་ཅན་བརྙེས་པའི་གྲུབ་ཐོབ་རྣམས། གྲུབ་པའི་ས་དེ་བརྙེས་ཕྱིན་ཆད། ཡི་དམ་ལྷག་པའི་ལྷ་ཐམས་ཅད་འགྲུབ་པ་ཡིན་ལ། རྒྱུད་ཐམས་ཅད་ཀྱི་དགོངས་པའང་རྟོགས་པ་ཡིན་པས། ལྷ་སོ་སོ་དང་རྒྱུད་སོ་སོའི་ཕྱོགས་རིགས་སུ་བཅད་པ་མི་འབྱུང་བས། སློབ་དཔོན་འདི་ཡང་ལྷ་དང་རྒྱུད་ཀུན་གྱི་བདག་པོ་ཡིན་མོད་ཀྱི། སྔོན་དངོས་གྲུབ་མ་ཐོབ་པའི་དུས། དཔལ་འཁོར་ལོ་སྡོམ་པ་ཉིད་ཀྱི་སྒྲུབ་པ་པོ་ཡིན་ཅིང༌། ཕྱིས་དངོས་གྲུབ་བརྙེས་ནས་ཀྱང་བསྟན་བཅོས་མཛད་པ་གྲགས་ཆེ་བ་རྣམས། འཁོར་ལོ་


TNT17_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་པའི་དགོངས་འགྲེལ་ཤས་ཆེ་བས་འདི་ཉིད་རྒྱུད་དེའི་ལུགས་ལ་གྲུབ་པ་ཐོབ་པ་ཡིན་པར་ཐམས་ཅད་འདོད་པ་མཐུན། དེའི་སྟེང་དུ་ལྷག་ཆོས་ལ། རྒྱ་གར་བའི་དགྱེས་རྡོར་བ་རྣམས་དང༌། གསང་འདུས་པ་རྣམས་དང༌། གཤིན་རྗེ་གཤེད་ནག་པོ་མཁན་རྣམས་ཀྱང་རྒྱུད་དེ་དང་དེའི་སྒྲུབ་པ་པོ་ཡིན་ནོ་ཞེས། སློབ་དཔོན་འདི་ལ་སུ་ཐོབ་ཀྱི་ཚུལ་དུ་བྱེད་མོད་ཀྱི། དོན་ལ་དེ་ཐམས་ཅད་ཡིན་པས་འགལ་བ་མེད་དེ། རྒྱུད་དེ་དག་གི་ཆོས་རྒྱུན་ལ། སློབ་དཔོན་འདི་བཞུགས་པའང་མང་དུ་ཡོད་ཅིང༌། གཞན་ཡང་མཧཱ་མཱ་ཡའི་དཀྱིལ་ཆོག་རིམ་པ་གསལ་བ་དང༌། སངས་རྒྱས་ཐོད་པའི་དཀྱིལ་ཆོག་ས་ར་ཧས་མཛད་པར་གྲགས་པ་སོགས་ཀྱང་སློབ་དཔོན་འདིའི་རྗེས་འབྲང་གི་གཞུང་ཡིན་པར་དངོས་སུ་གྲུབ་པས་མཚོན་ཏེ་མཐའ་ཡས་པར་དག་གོ །སློབ་དཔོན་འདིའི་སློབ་མ་སངས་རྒྱས་ཀྱིས་ལུང་བསྟན་པ་དག་གི་དང་པོ། ཨེ་ཡ་ལ་པ་ནི།སློབ་དཔོན་ཆེན་པོ་ཡུལ་ཛ་ལནྡྷ་ར་ནས་སྤྱོད་པ་ལ་མི་འབྱོན་ཙམ་གྱི་དུས་ཤིག་རྒྱལ་པོ་ཞིག་གི་གླང་པོ་ཆེ་སྐྱོང་བའི་བུ་གཅིག་རྣལ་འབྱོར་པ་བྱས་ཤིང་བསྒོམས་པས། མི་རིང་བར་ལུས་ཤིན་ཏུ་ཡང་བ་ཐོབ་སྟེ། ཞབས་ས་ལ་མི་རེག་པར་གཤེགས་སོ། །ཕལ་ཆེར་བླ་མའི་ཕྱག་གཡོག་ཏུ་ཡོད་པའི་ངང་ནས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་དེ། ཡང་ཕྱིས་སྡོམ་པའི་རྒྱུད་ལས་བཤད་པའི་ལས་ཀྱི་ཕྱག་རྒྱ་ཆེན་པོ་གྲུབ་སྟེ། དེའི་རྟགས་སུ་ཡུལ་གྱི་བུད་མེད་ངན་མ་མང་པོ་དག་ལ་ཡེ་ཤེས་ཕབ་ཅིང་བསྒྲུབས་པས་ཐམས་ཅད་གཟུགས་དང་སྐལ་བ་མཆོག་དང་ལྡན་ཅིང་འབར་སྣང་ཅན་དུ་སོང༌། དེ་འདྲ་བརྒྱ་ཉི་ཤུས་ཚོགས་ཀྱི་དཀྱིལ་འཁོར་ཡང་བྱས། ཡང་


TNT17_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཨ་ལ་ཀ་ན་ལོག་ལྟའི་རྒྱལ་པོ་མ་ཧུ་བ་ཟེར་བ་ཅིག་གི་སར་བྱོན། ཁྱེད་ཀྱི་ཆོས་ལ་ཡིད་ཆེས་ཅི་ཡོད་ཟེར། ཁྱོད་ཉིད་གང་འདོད་བྱས་པས། གསེར་ལ་དགའ་ཟེར། སློབ་དཔོན་འདིས་སྣོད་ཆེན་པོ་གཅིག་ནམ་མཁའ་ལ་བཟེད་པས་གསེར་གྱིས་གང༌། རྒྱལ་པོ་དེ་ཡ་མཚན་སྐྱེས་ནས་ཆོས་ལ་ཞུགས་སོ། །ཕྱིས་སློབ་དཔོན་སྤྱོད་པ་བ་ཏཾ་བ་ལའི་ཡུལ་དུ་བཞུགས་དུས་གཅིག་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་སྟེ་འཇའ་ལུས་སུ་གྱུར་ཏོ། །འདི་ནི་དཔྱིད་ཀྱི་ཐིག་ལེ་ཁོ་ན་བསྒོམས་པས་གྲུབ་པ་ཐོབ་པའོ། །གཉིས་པ་མ་ཧི་ལ་པ་ནི། ཡུལ་ནི་མ་ལ་བར་འཁྲུངས་ཟེར། རིགས་དམངས་རིགས་ལུས་སྟོབས་ཤིན་ཏུ་ཆེ་བ་ཞིག་ཡོད་དེ། ལག་པ་ཡ་རིས་གོ་ཡུ་དང༌། ན་རི་ཀེ་ལའི་ཤིང་སྡོང་རྩ་བ་ནས་འབྱིན་ནུས་ཟེར། དེར་སྐྱེ་བོ་ཐམས་ཅད་ལུས་སྟོབས་ཀྱིས་ཕམ་པར་བྱེད་པ་ཅིག་ཡོད་པ་ལས། ལན་ཅིག་སློབ་དཔོན་སྤྱོད་པ་པ་ལས་ཞིག་ལ་ཕེབས་པ་ལ། ལུས་སྟོབས་འགྲན་ནོ་བྱས་ནས་འོངས་པ་ན་སློབ་དཔོན་གྱི་ཕྱག་གཡོན་པའི་སོར་མོ་གཅིག་རེག་པས། ཁོང་གི་ལུས་སྟོབས་ཐམས་ཅད་ཉམས་ཏེ་དེར་འགྱེལ་ལོ། །དེ་ནས་ང་རྒྱལ་ཆག་སྟེ་རྣལ་འབྱོར་པ་བྱས། ཁ་ཟས་ཉུང་ངུའི་དཀའ་ཐུབ་སྤྱད་དེ། ལོ་བཅུ་གཉིས་འཁོར་ལོ་སྡོམ་པ་བསྒོམས་པས་མཆོག་གི་དངོས་གྲུབ་ཉམས་འོག་ཏུ་ཆུད། ཡུལ་སཽ་རཥྟར་མུ་སྟེགས་ཀྱི་གནས་ཅིག་ན་བྲམ་ཟེ་དང་ཀུན་ཏུ་རྒྱུ་ལྔ་བརྒྱ་ཙམ་ཡོད་པ་ལ། དེར་བྱོན་ནས་སློང་མོ་བྱས་པས་དེ་རྣམས་ཀྱིས་བཞད་གད་བྱེད་ཅིང་འཕྱའོ། །དེར་ནི་ཏྲ་ཨ་བོ་ལི་ཞེས་པ་སྟེ་གཉིད་ཤོག་ཅིག་པ་ལན་མང་


TNT17_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསུངས་པས། དེ་རྣམས་ཐམས་ཅད་གཉིད་དུ་སོང༌། ཞག་བདུན་གྱི་བར་དུ་མ་སད་དོ། །དེར་གཞན་རྣམས་ཀྱིས་ནུས་པ་དཀྲོལ་བར་ཞུས་པས། ཕྱག་སེ་གོལ་གཏོག་པས་ཐམས་ཅད་གཉིས་སད་དོ། །དེ་ནས་ངོ་མཚར་སྐྱེས་ནས་དེ་རྣམས་སློབ་དཔོན་མ་ཧི་ལའི་ཞབས་ལ་གཏུགས། སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ཤིང༌། དེ་དག་གི་ནང་ནས་དངོས་གྲུབ་ཐོབ་པ་ཡང་མང་དུ་བྱུང་ངོ༌། །གསུམ་པ་དྷ་མ་པ་ནི། ཡུལ་མཧཱ་རཥྟ་བ། དང་པོ་བྲམ་ཟེའི་རིགས་མང་དུ་ཐོས་པ་ཞིག་ཡིན། དེ་ནས་སློབ་དཔོན་གྱི་དྲུང་དུ་བྱོན་བླ་མས་ཀྱང་དབང་བསྐུར་ཞིང་རྒྱུད་བྱིན་གྱིས་བརླབས། འདིས་ཐོག་མ་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཞལ་གཟིགས། ནུས་པ་ཅུང་ཟད་ཐོབ་ནས་སློབ་དཔོན་སྤྱོད་འཆང་དབང་པོའི་འཕྲལ་གྱི་རིམ་གྲོ་པ་མཛད། བླ་མ་ཕན་ཚུན་དུ་གཤེགས་ཤིང་བཞུད་པ་ན། དྷ་མཱ་མ་སྟེ་རྔ་ཟླུམ་བརྡུང་བ་པོ་ཡུན་རིང་དུ་མཛད་པས་དྷ་མ་པར་གྲགས་སོ། །དེ་ནས་ཡུན་རིང་ཞིག་ལོན་པ་ན། ལན་ཅིག་བསྒོམ་ཞིང་བཞུགས་པའི་དུས། རང་གི་མདུན་དུ་ཐོད་པ་དཀར་ཙེར་རེ་བ་ཅིག་བྱུང༌། དེ་ཕྱག་ཏུ་བླངས་པ་ན་དེའི་ནང་ན་མི་གཙང་བ་ལྗན་ལྗིན་སྣ་ཚོགས་ཀྱིས་གང་བ་འདྲ་བ་ཞིག་འདུག རྣམ་རྟོག་མེད་པར་དེ་གསོལ་བས། རྩིག་པ་ལ་ཐོགས་པ་མེད་པ་དང༌། དཔག་ཚད་བརྒྱ་ཕྲག་མང་པོ་ཡུད་ཙམ་གྱིས་བགྲོད་ནུས་པ་བྱུང༌། ཕྱིས་ཕྱག་རྒྱ་ཆེན་པོ་མཆོག་འགྲུབ་བོ། །བཞི་པ་དྷུ་མ་པ་ནི། ཡུལ་སྐད་དུ་ཤར་ཕྱོགས་ར་ར་ཟེར། ལེགས་སྦྱར་སྐད་དུ་ར་དྷའི་ཡུལ་ཏེ་དེར་འཁྲུངས། རིགས་ནི་ཚོང་དཔོན་གྱི་བུ་ཡིན། གནས་གཞི་


TNT17_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཏུ་རབ་ཏུ་བྱུང་ནས། སྤྱན་རས་གཟིགས་ཀྱི་རྣལ་འབྱོར་བ་ཞིག་ལ་དབང་ཞུས་ནས་བསྒོམ་ཞིང་འདུག་གོ །སློབ་དཔོན་སྤྱོད་པའི་རྡོ་རྗེ་འཁོར་བཅས་ལམ་ལ་འབྱོན་པ་མཐོང་ནས། དད་པ་སྐྱེས་ནས་ཕྱི་བཞིན་འབྲངས་སོ། །ལན་ཅིག་སློབ་དཔོན་གྱི་ཞབས་ལ་ཕྱག་འཚལ་དུ་ཕྱིན་པས། ཁྱོད་ཀྱིས་སྤྱན་རས་གཟིགས་བསྒོམས་སམ་གསུང༌། བསྒོམས་ཞུས་པས། འོ་ན་ཞལ་བལྟ་བར་འདོད་དམ་གསུང༌། འདོད་ཞུས་པས། འོ་ན་འདི་ལ་ལྟོས་ཞེས་མཛུབ་མོས་སྟོན་པར་མཛད་དེ། བལྟས་པས་ནམ་མཁར་འཕགས་པ་ལྷ་ལྔ་འོད་ལམ་མེ་མཐོང༌། ཤིན་ཏུ་དགའ་བས་བྲོ་འཁྲབས། ཞག་མང་པོར་ཏིང་ངེ་འཛིན་ཐུན་གཅིག་ལ་གནས་པ་བྱུང༌། དེ་སད་ཙ་ན་རྐང་མགྱོགས་ཀྱི་དངོས་གྲུབ་ཐོབ་སྐད། འདི་ཡང་སློབ་དཔོན་ཆེན་པོའི་རིམ་གྲོ་པ་གོ་རེ་ལོང་བྱས་ཏེ། རྔ་པ་ཊ་ཧ་བརྡུང་བ་དང༌། འབུད་དཀྲོལ་གྱི་བྱ་བ་མང་དུ་མཛད་པས། རོལ་མོའི་སྒྲ་ལས་བརྟགས་ཏེ་མཚན་དྷུ་མ་པར་གྲགས། འདི་རྡོ་རྗེ་བདག་མེད་མའི་རྣལ་འབྱོར་བསྒོམས་པས་མཆོག་ཐོབ་པ་ཡིན་ཡང་ཟེར། གང་ལྟར་རྒྱུད་དགྱེས་རྡོར་ལ་བརྟེན་ནས་གྲུབ་པ་ཐོབ་སྐད། སློབ་དཔོན་ཆེན་པོས་རྒྱལ་པོ་གོ་བོ་ཙནྡྲ་བཏུལ་བའི་དུས་དེ་ཙམ་ནས་གཟུང༌། དྷ་མ་དྷུ་མ་འདི་གཉིས་ཀྱིས་ལོ་མང་པོ་ཞིག་ཏུ་ཉེ་གནས་རིམ་འགྲོ་པ་ཁོ་ན་མཛད། ལན་ཅིག་ཨོ་རྒྱན་དང་ཉེ་བའི་ཡུལ་ཆུང་ཞིག་ན། ལྟ་བ་ལོག་པའི་རྒྱལ་པོ་སྐྱེ་བ་སྔ་ཕྱི་མེད་པར་འདོད་པ་ཅིག་ཡོད་པ་ལ། ཁོང་གཉིས་རྒྱལ་པོ་དེའི་དྲུང་དུ་ཕྱིན་པས། དེ་ན་རེ། སྐྱེ་བ་སྔ་ཕྱི་མེད་པ་ལ་ཁྱེད་རྣལ་འབྱོར་པ་བྱེད་པ་འཁྲུལ་ཟེར། སློབ་དཔོན་


TNT17_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ན་རེ། སྐྱེ་བ་སྔ་མ་ཡོད་དེ་རྒྱལ་པོ་ཁྱེད་རང་སྐྱེ་བ་སྔ་མ་ཞིག་གདོལ་བར་སྐྱེས་པའི་དུས། རབས་ཆད་པས་གསེར་ཡོད་པ་རྣམས་རི་འདིའི་མཚན་རྟགས་འདི་ལྟ་བུར་སྦས་འདུག་པ། དེ་ཐོན་ཞིགདེ་དུས་ཀྱི་སྐྱེ་བ་དྲན་འོང་གསུང༌། དེས་ཀྱང་དེ་བཞིན་དུ་བྱས་པས་སྐྱེ་བ་དྲན། རྒྱལ་པོ་དེ་ཆོས་ལ་བཅུག་གོ །ཐོག་མར་དུག་སྦྲུལ་དང༌། གཅན་གཟན་དང༌། ཆོམས་པོ་ལ་སོགས་གདུག་པ་ཅན་རྣམས་རེངས་པ་དང༌། དབང་དུ་བྱེད་པ་ལ་སོགས་པའི་ལྟ་སྟངས་འགྲུབ་པ་ཅིག་ཡིན་པ། དེ་ནས་ཕྱིས་བྷངྒ་ལར་སློབ་དཔོན་ཆེན་པོས་རྒྱལ་པོ་རོལ་པའི་ཟླ་བ་བཏུལ་བའི་སྐབས་ཤིག་ན། དྷ་མ་དྷུ་མ་གཉིས་ཀ་འཇའ་ལུས་སུ་གྱུར། དེ་ཡང་ཐུན་མོང་ཙམ་མིན་མཆོག་འགྲུབ་པའོ། །ཡང་ཕྱིས་སློབ་དཔོན་ཆེན་པོ་སྐུ་འདས་དུས། དེ་གཉིས་མངོན་སུམ་དུ་བྱུང་ནས་གདུང་བའི་གླུ་དབྱངས་ཀྱང་བླངས། དེ་རྗེས་རྣལ་འབྱོར་པ་རྣམས་ཀྱི་མྱ་ངན་བསལ་བ་ཡང་བྱས། སྐལ་ལྡན་མང་པོ་ལ་གདམས་ངག་བསྟན་པས། རྒྱུད་གྲོལ་བ་ཡང་མང་དུ་བྱུང༌། མི་རྣམས་ཀྱིས་མཐོང་བར་ལོ་འགའ་བཞུགས་སོ། །ལྔ་པ་བྷ་དྲ་པ་ནི། སློབ་མ་ཀུན་གྱི་མཆོག་ཏུ་གྱུར་པ་སྟེ། སློབ་དཔོན་ནག་པོ་པ་ཡུལ་ཀ་ལིང་ཀར་ཕེབས་པའི་དུས། ཡུལ་དེའི་རྒྱལ་པོའི་བུ་གཞོན་ནུ་མིང་བྷ་དྲ་ཞེས་བྱ་བ་ཞིགསློབ་དཔོན་འཁོར་བཅས་ལ་ལྷག་པར་དད་དེ། སློབ་དཔོན་གྱི་སློབ་མ་ཞིག་དང་འགྲོགས་ནས་ཕྱི་བཞིན་དུ་སོང༌། གྲུ་གཟིངས་ལ་ཞུགས་ནས་རྣལ་འབྱོར་པ་མང་པོ་དང་ལྷན་ཅིག་སང་གྷ་ལར་སོང་ངོ༌། །གཞོན་ནུ་དེས་རིག་པའི་གནས་ཐམས་ཅད་ནི་སྔར་ནས་ཤེས། སློབ་དཔོན་གྱི་ཞབས་ལ་གཏུགས་ཏེ་


TNT17_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་འཛིན་པར་ཞུས་པས་སྐལ་ལྡན་དུ་མཁྱེན་ཏེ་དབང་བསྐུར་ཞིང་རྗེས་སུ་གདམས། དབང་བསྐུར་བ་ཙམ་གྱིས་ཡེ་ཤེས་དང་ལྡན་པར་གྱུར་མོད་ཀྱི། ཕལ་ཆེར་བླ་མའི་དྲུང་དུ་བཞུགས་ཤིང༌། བླ་མ་བསྟེན་པའི་སྒོ་ནས་དཀའ་བ་སྤྱོད་ཅིང་ཡུན་རིང་ལོན་ནོ། །ལན་ཅིག་ལམ་དུ་སོང་བ་ན། མུ་སྟེགས་ཀྱི་རྣལ་འབྱོར་པ་མང་པོས་ཁྱོད་སློབ་དཔོན་ཙརྱ་པའི་སློབ་མ་ཡིན་ན་ནུས་པ་ཡོད་དམ་ཟེར། ཀྱལ་ཀའི་ཚུལ་དུ་ཅུང་ཟད་ཡོད་ཅེས་གསུངས་པས། དེ་རྣམས་ཀྱིས་རྡོ་དང་དབྱུག་པ་དང་ཐོ་བ་ལ་སོགས་པ་བརྒྱ་སྟོང་བསྣུན་པས་སྐུ་ལུས་དར་བལ་གྱི་ཕུང་པོ་འདྲ་བ་བསྒྱུར། ཆུ་གྲི་ལ་སོགས་པའི་མཚོན་ཆ་སྣ་ཚོགས་བསྣུན་ཙ་ན་རྡོ་ངར་མ་དང་ཐུག་པ་བཞིན་དུ་མེ་སྟག་ཁྲོམ་ཁྲོམ་པ་བྱུང༌། དེ་ལྟར་ཆུ་ཚོད་གཅིག་གཉིས་སོང་བ་ན། སྔོ་ཙམ་པེ་ལི་ཞེས་ཀྱང་ཟེར། མེ་ཏོག་མ་ལི་ཀའི་སྡོང་པོ་ཅིག་ཕྱག་ཏུ་བསྣམས་ནས། དེ་རྣམས་ཉིད་ལ་བསྣུན་པས་ཐམས་ཅད་ཐང་ལ་རོ་བཞིན་དུ་འགྱེལ་ཏེ་ཤི་བ་ལྟར་སོང་ངོ༌། །ཞག་གཅིག་ལོན་པ་གཞན་རྣམས་ཀྱིས་གསོལ་བ་བཏབ་སྟེ་སླར་གསོས་སོ། །དང་པོར་དབང་བསྐུར་ཐོབ་མ་ཐག་ཡེ་ཤེས་སྐྱེས་ཀྱང༌། འདི་ལྟ་བུའི་རྟགས་མ་བསྟན་གྱི་བར་དུ། ནུས་པ་ཐོབ་པར་སུས་ཀྱང་མ་ཤེས་པས། གུ་ཧྱ་པ་སྟེ་གསང་བ་པ་ཞེས་གྲགས། དེའི་གོ་བ་ནི་སྦས་པའི་རྣལ་འབྱོར་པའོ། །དེ་ནས་མི་རིང་བ་ན། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཉམ་འོག་ཏུ་ཆུད་པ་ཡིན། འོན་ཀྱང་རེ་ཞིག་བླ་མ་བཞུགས་ཀྱི་བར། མི་སྣང་བར་གྱུར་པའི་ཆོ་འཕྲུལ་མ་བསྟན་སློབ་དཔོན་སྤྱོད་པ་པ་སྐུ་འདས་ནས། སློབ་མ་རྣམས་ཀྱིས་ས་ཕྱོགས་


TNT17_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

དེར་མཆོད་རྟེན་དང་ལྷ་ཁང་ཞིག་ཀྱང་བཞེངས་སོ། །དེ་དག་གི་བྱ་བ་ཡང་མི་ཕལ་བ་བཞིན་དུ་མཛད། དེ་ནས་བླ་མའི་སྐུ་ཚེ་ལ་བར་དུ་གཅོད་པར་བྱེད་པའི་གདུག་པའི་མཁའ་འགྲོ་མ་དེ་གང་ན་འདུག་ཅེས་འཚོལ་བར་བཞུད་དེ། རྫུ་འཕྲུལ་གྱིས་གནས་ཆེན་གཞན་ཐམས་ཅད་དང༌། དུར་ཁྲོད་ཐམས་ཅད་དུ་བཙལ་ཡང་མ་རྙེད་དོ། །དེ་ནས་མངོན་ཤེས་ཀྱིས་རིང་དུ་བརྟགས་པས། དེ་བཱི་ཀོ་ཊའི་གནས་དེ་ཉིད་ན། སི་མི་ལི་ཟེར་བའི་ཤིང་ཞིག་གི་ཁོང་སྟོང་ན་སྲིན་འབུ་ལ་སོགས་ལུས་གཞན་སྣ་ཚོགས་སུ་བསྒྱུར་ནས་ཡིབ་ཅིང་སྡོད་པ་གཟིགས་སོ། །དེ་ནས་ཏིང་ངེ་འཛིན་གྱིས་སྤྲུལ་པའི་རལ་གྲིས་ཤིང་སྡོང་དེ་གཤགས་ཏེ། མཁའ་འགྲོ་མ་དེའི་ཅོ་ཏོ་ནས་བཟུང་སྟེ། ཕྱི་མི་མོའི་ལུས་ཀྱི་དབྱིབས་དེ་རལ་གྲིས་དུམ་བུར་གཏུབས་ནས། རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་བཟའ་བར་སྦྱིན། སྤྲུལ་གཞི་ལྷ་སྲིན་མོ་དེ་ཡེ་ཤེས་སྤྲུལ་པའི་མེ་འོད་ཀྱིས་བསྲེགས་ཏེ་ཚར་བཅད་དོ། །དེ་ནས་རྡོ་རྗེའི་གླུ་བླངས་ཤིང༌། ཆེད་དུ་བརྗོད་ནས་རེ་ཞིག་མི་སྣང་བར་གྱུར་ཏོ། །སླད་ཀྱི་ལོ་འགའ་ལོན་པ་ན། ཡུལ་ཛ་ཊ་སངྒྷ་ཊར་བྱོན། དེ་ན་རྒྱལ་པོ་ཨརྫུ་ན་དཏྟ་ཟེར་བ་ཕྱི་བ་ཅིག་ཡོད། དེས་སྤྱོད་པ་པའི་སློབ་མ་མཆོག་ཅིག་བྱུང་ཟེར་བ་ཐོས་ནས། རྒྱང་རིང་པོ་ནས་བལྟས་ན། སྒྲ་དང༌། འོད་དང༌། ས་གཡོ་བ་དང༌། འཚུབས་མ་དང༌། མེ་འབར་བ་སོགས་ཀྱི་བན་བུན་ལས་མ་མཐོང་ཉེ་བར་སླེབ་པ་ན་དེའི་གསེབ་ནས་རྣལ་འབྱོར་པ་ཅིག་བྱུང་ངོ༌། །རྒྱལ་པོ་ངོ་མཚར་སྐྱེས། མཆོད་གནས་མུ་སྟེགས་པ་རྣམས་ཀྱིས་བཀག་ཀྱང་མ་ཉན་པར། ཕོ་བྲང་གི་ཕྱི་རོལ་ཏུ་སོང་ནས་སློབ་དཔོན་གུ་ཧྱ་པའི་ཞབས་ལ་གཏུགས་སོ། །ཡུན་རིང་དུ་མཆོད་པར་བྱས་ཤིང༌། སྐབས་ཤིག་


TNT17_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་པའི་ལྷ་ཁང་ཞིག་ཏུ་ཚོགས་འཁོར་མཛད་གསུང་ཚོགས་རྫས་བསྣམས་ཏེ་བཞུད། སྒོ་བསྡམས་ཏེ་སུ་ཡང་མི་གཏོང་བར་འདུག་པ་ལ། ལན་ཅིག་སྒོ་གསེང་ཅིག་བྱུང༌། རྒྱལ་པོས་བལྟས་པས། རྡོ་རྗེ་སེམས་དཔའ་ལྷ་སུམ་ཅུ་རྩ་བདུན་དུ་བཞེངས་པར་མཐོང་སྐད། དེར་རྒྱལ་པོས་མཐོང་བ་དང་མཐུན་པའི་ལྷ་ཁང་བཞེངས་པར་ཞུས་པས། དེ་ལྟ་བུ་སྐལ་མེད་ཀྱི་བལྟར་མི་རུང་བས། བཀཽད་པ་དེ་ལྟ་བུ་ལ་ཆགས་བྲལ་གྱི་སྐུ་བཞེངས་ན་ལེགས་གསུང༌། གཙོ་བོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀ་ཐུབ་ཀྱིས་མཛད་པའི་ལྷ་ཁང་ཅིག་བཞེངས། དེ་ལ་མིང་བུདྡྷ་སྠཱ་པ་ན་སྟེ། སངས་རྒྱས་གནས་གཞི་ཟེར་བ་ཡིན། ཡུལ་དེ་ན་ལྷ་ཁང་གཞན་ཐམས་ཅད་མུ་སྟེགས་པའི་ཡིན་པས་དེ་ལ་སངས་རྒྱས་ཀྱི་གནས་གཞིར་ཐོགས་པའོ། །ལྷ་ཁང་འདིའི་ངོ་དོད་ད་ལྟ་ཡང་ཡོད། ཡང་ལན་ཅིག་ཁ་ཆེའི་ཡུལ་དུ་ཏུ་རུ་སྐ་མ་ན་ཞེས་བྱ་བར། རྒྱལ་པོ་ཀླ་ཀློར་གྱུར་པ་ཅིག་གི་དམག་བྱུང་སྟེ། ཁ་ཆེའི་ཡུལ་མཐའི་མི་རྣམས་ཐམས་ཅད་བྲོས། རྒྱལ་པོ་འཁོར་བཅས་ཀྱིས་འཁྲུགས་ཀྱང་ཐུབ་པར་དཀའ་བ་ལ། སློབ་དཔོན་འདི་ཉེ་སྐོར་ན་བཞུགས་པ་ལ་གསོལ་བ་བཏབ་པས། རི་དྭགས་རུ་རུའི་རྭ་དུང་ཞིག་ལ་སྔགས་ཀྱིས་བཟླས་ཤིང་བྱིན་གྱིས་བརླབས་ནས། རྒྱལ་པོ་ལ་གཏད་དེ། ཕན་ཚུན་གཡུལ་བཤམས་པའི་ཚེ། འབུད་དཀྲོལ་དང་ལྷན་ཅིག་འདི་བུས་ཤིག་གསུང་དེ་ནས་དེ་བཞིན་བྱས་པས། ཀླ་ཀློའི་དམག་མི་མང་པོ་ནི་བརྒྱལ་ཞིང་མྱོས། ཕལ་ཆེར་ནི་རྣ་བ་འོན། རྟ་ཐམས་ཅད་སུས་ཀྱང་བཟུང་མི་ཐུབ་པར་རྒྱུག་ཅིང་བྲོས་སོ། །དེར་ཀླ་ཀློའི་དཔུང་རྨེག་མེད་པར་


TNT17_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། ཁ་ཆེའི་རྒྱལ་པོའི་དམག་གིས་ཡུལ་དེ་ཡང་མནན་ཏེ་ཆོས་དབུ་འཕང་མཐོ་བར་མཛད་དོ། །དེ་སྐབས་ཀྱི་ཁ་ཆེའི་རྒྱལ་པོ་ནི་ཧརྵ་དེ་བ་ཡིན་པར་གྲགས། བློན་པོའི་བུ་ཤིན་ཏུ་རྨོངས་པ་བློ་ཞན་པ་རྡུལ་བ་ཞིག་གིས། རྭ་དུང་དེ་བླངས་ཏེ་འགའ་རེར་བུས་པས་སྐད་ཅིག་དེ་ལ་སྐད་དང་བསྟན་བཅོས་མཐའ་དག་ཤེས་པ་ཅིག་བྱུང་མིང་ལ་སྭཱ་ཡམྦྷུ་ར་ཛ་ཟེར་ཏེ། ཕྱིས་ཁ་ཆེའི་ཡུལ་གྱི་ཀློག་དང་ཡི་གེ་དང་བརྡ་སྤྲོད་ཕལ་ཆེར་དེ་ལ་ཐུག་པ་ཡིན། སྨྲ་བ་ཆེས་མཁས་པ་ཅིག་བྱུང་བར་སྣང༌། གཞན་ཡང་སློབ་དཔོན་འདིས་ཡུལ་དེར། དིགས་པ་བརྒྱ་ཙམ་ལ་བྱིན་རླབས་མཛད་པས་མཁས་པར་སོང་བར་གྲགས། ཡང་ལན་ཅིག་དཔལ་ཨོ་རྒྱན་གྱི་གནས་སུ་བཞུགས་ཏེ། དེའི་ཚེ་ཨོ་རྒྱན་དང་ཉེ་བའི་བྱང་ཕྱོགས་ཤིག་ཏུ། སྔོན་མེད་པའི་མཚོ་གསར་བ་བརྡོལ། ཀླུ་གདུགས་པ་ཅན་ཨོ་རྒྱན་པ་རྣམས་ལ་གནོད་ཅིང༌། ཆོས་ལ་སྡང་བ་ཞིག་བྱུང༌། དེས་རྒྱུད་བསྐུལ་ནས། མ་ཁ་པའི་ཆོམ་པོའི་འཚེ་བ་ཡང་ཡང་ཡོང་བ་ཞིག་བྱུང་བ་ན། སློབ་དཔོན་འདིས་དེ་འདུལ་བར་དགོངས་ནས། འཁོར་འགའ་ཞིག་དང་བཅས་ཏེ་མཚོ་དང་ཉེ་བར་བཞུགས་སོ། །དེར་ཐོག་ལྷུང་བ་དང༌། ལྕེ་འབབ་པ་ཇི་ཙམ་བསྟན་ཀྱང༌། སློབ་དཔོན་འཁོར་བཅས་ལ་གནོད་པ་མེད་པར་མ་ཟད། ཕྱག་གིས་བླངས་ནས་ཞལ་དུ་གསོལ་ལོ། །ཆར་དྲག་པོ་མི་བཟད་པའི་ཤྭ་བརྒལ་ཁྲུ་ཉི་ཤུའི་དཔངས་ཙམ་བྱུང་ངོ༌། །འཁོར་བཅས་དེ་ལྟ་བུའི་རྦ་རླབས་ཀྱི་སྟེང་དུ་བྱོན་ནས། མཚོ་དེའི་སྟེང་དུ་བཞུགས་སོ། །དེར་སྲོག་ཆགས་གདུག་པ་ཅན་མི་ཟད་པ་དཔག་ཏུ་མེད་པ་འདུས་ནས་བྱུང་ཡང་སྣང་བ་མེད་པ་ལ་མཉམ་པར་བཞག་པས།


TNT17_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལས་མ་མཐོང༌། ལ་ལས་མཐོང་ཡང་རེག་ཐོགས་མེད་དེ། འཇའ་ཚོན་བཞིན་དུ་གྱུར་པས་ཅི་བྱར་ཡང་མ་བྱུང་ངོ༌། །ཇི་ཞིག་ལྟར་ན། སློབ་དཔོན་གྱིས་དགོངས་པ་བརྟད་པས་མཚོ་ཁོལ། འགྲམ་ཕྱོགས་གཅིག་གི་ས་སྒངས་རྣམས་དྲལ་ཏེ། ཆུ་རྣམས་ཕྱིར་ཕོ་བས་མ་ཁ་བའི་རྟ་བ་མང་པོའང་ཁྱེར། མཚོ་བསྐམས་ཤིང༌། ཀླུ་གདུག་པ་ཅན་ཡང་རྫུ་འཕྲུལ་ཉམས་ཏེ་གྲགས་པ་མེད་པར་གྱུར་སྐད། དེ་ནས་ལོ་ལྔ་བརྒྱ་ཙམ་གྱི་བར་དུ། ཨོ་རྒྱན་དུ་མ་ཁ་སོགས་ཡུལ་གཞན་གྱི་གནོད་པ་མ་བྱུང་སྐད། དེ་དག་ལ་སོགས་པ་ལོ་མང་དུ་འགྲོ་བའི་དོན་མཛད་ནས། སླར་ཡང་སྐུ་ལུས་མི་སྣང་སྟེ། ཟུང་འཇུག་གི་སྐུས་མཁའ་ཁྱབ་ཏུ་བཞུགས་པའོ། །སློབ་དཔོན་འདིས་ཀྱང་འཁོར་ལོ་སྡོམ་པའི་ཕྱོགས་ལ་བསྟན་བཅོས་ཅི་རིགས་མཛད་ཅིང༌། དགྱེས་རྡོར་གྱི་དགོངས་འབྲེལ་ཡང་ཅུང་ཟད་མཛད་དོ། །སྤྱིར་བདེ་མཆོག་འཁོར་ལོའི་གྲུབ་བརྙེས་སུ་ཀུན་ལ་གྲགས་སོ། །དྲུག་པ་དགེ་ཚུལ་ཚིམ་བུ་པ་ནི། མ་གྷ་དྷའི་རྒྱལ་རིགས་ཀྱི་བུ་ཅིགན་ལནྡར་དགེ་ཚུལ་བྱས་ཆོས་ཀྱང་ལེགས་པར་ཤེས་པ་ཅིག་ཡིན། སློབ་དཔོན་སྤྱོད་འཆང་དབང་པོ་ཡུལ་ཀོངྐ་ནར་བཞུགས་པའི་སྐབས་ཤིགགྲོགས་འགའ་ཞིག་གིས་བསྐུལ་ནས་གནས་དེར་སོང་སྟེ་སློབ་དཔོན་དང་མཇལ། རྗེས་སུ་བཟུང་བར་ཞུས་པས། ཡང་དག་པའི་དབང་བསྐུར་ཏེ། གདམས་པ་དང་རྗེས་སུ་གདམས་པས་སྐྱོང་བཞིན་དུ་ལོ་བདུན་གྱི་བར་དུ་འདུག་གོ །དེ་ནས་ནང་ཅིག་སྤྲིན་ཁ་དོག་སྣ་ལྔ་པ་དང༌། ཉི་མའི་འོད་དང༌། ཆར་ཟིམ་དང༌། འཇའ་ཚོན་ཐམས་ཅད་ཚོགས་པ་ཅིག་འདུག་ནས། དེ་ལ་


TNT17_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་ཞིང་ལྷན་ཅིག་སྐྱེས་པའི་དོན་བསྒོམས་པས་དེ་རྣམས་སྒྱུ་མ་ལྟ་བུར་ཤར། དེའི་རྐྱེན་གྱིས་ཡང་དག་པའི་ཡེ་ཤེས་ཕྱིན་ཅི་མ་ལོག་པ་རྒྱུད་ལ་སྐྱེས་སོ། །དེ་ནས་ལྟ་སྟངས་བརྒྱད་ལ་སོགས་པ་ཡང་རིམ་པས་གྲུབ། ཡང་ལན་ཅིག་དྲོད་རྟགས་དང༌། མིག་སྨན་ལ་སོགས་པའི་དངོས་གྲུབ་སྒྱུ་མས་སྒྱུ་མ་བསླུ་བ་འདིས་ཅི་ཕན་བྱས་སྟེ། ལྷན་ཅིག་སྐྱེས་པ་འབའ་ཞིག་བསྒོམ་ཞིང༌། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་སྤྱོད་དོ། །དེ་ནས་དུས་ཕྱི་ཞིག་ན་སློབ་དཔོན་སྤྱོད་པ་པ་འཁོར་བཅས་ཤར་ཕྱོགས་ལ་གཤེགས་པའི་སྐབས། ཆུ་བོ་གང་གཱའི་འགྲམ་གྱི་ལམ་འཕྲང་དོག་པོ་འཛུར་ས་མེད་པ་ཅིག་ན་མཛེ་མོ་ལུས་ཐམས་ཅད་རྣག་ཁྲག་དང་རྨ་ཤུས་གང༌། སོར་མོ་རྣམས་ཆད་པ་ཅིག་འདུག་གོ །དེ་ན་རེ་ཁྱེད་རྣམས་ཀྱིས་ང་ཆུ་བོ་འདི་ལས་བསྒྲལ་ནས་གྲོང་ཁྱེར་ཞིག་གི་འདབས་སུ་སྐྱོལ་ཟེར་ཡང་གཞན་རྣམས་ཀྱིས་ལེན་མཁན་མ་བྱུང༌། དེར་ཚིམ་བུ་པས་རྒྱབ་ཏུ་ཁུར་ཏེ། ཆུ་བོ་གང་གཱ་ལ་རྐྱལ་ཞིང་སོང༌། གཱང་གའི་དབུས་སུ་སླེབ་པ་ཙམ་ན། མཛེ་མོ་དེ་རྡོ་རྗེ་ཕག་མོའི་སྐུའི་རྣམ་པར་དངོས་སུ་གྱུར་ཏེ། ཚིམ་བུ་པའང་བདེ་མཆོག་ཧེ་རུ་ཀའི་རྣམ་པ་འཛིན་པར་གྱུར་པ། རྡོ་རྗེ་ཕག་མོས་ཚོམ་བུ་པའི་ཕྱག་ནས་ཁྲིད་དེ་ནམ་མཁའ་ལ་འཕགས་སོ། །དེར་རྣལ་འབྱོར་པ་གཞན་རྣམས་ལ། རྡོ་རྗེ་ཕག་མོའི་ཞལ་ནས། རྣལ་འབྱོར་པ་བྱ་བ་སྙིང་རྗེ་དང་ལྡན་པ་དགོས་པ་ཡིན། དེ་མེད་པར་དངོས་གྲུབ་ག་ལ་ཐོབ་གསུང༌། ཚུལ་དེས་ཚིམ་བུ་པ་མཁའ་སྤྱོད་དུ་བཞུད་དོ། །འདི་བདེ་མཆོག་རྩ་རྒྱུད་ཀྱི་ལེའུ་སོ་བདུན་པ་ནས། ཧ་ཧར་རྒོད་པའི་དངོས་གྲུབ་ཏུ་བཤད་པ་དེ་ཡིན་པར་སྣང་བས། དེ་དུས་དངོས་སུ་


TNT17_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་གི་དངོས་གྲུབ་ཆེན་པོ་ཡིན་ཡང༌། དེ་ནས་མི་རིང་པར་མཆོག་དངོས་སུ་འགྲུབ་པའོ། །སློབ་དཔོན་འདི་སྔོན་དགེ་ཚུལ་ཡིན་པས། དགེ་ཚུལ་ཚོམ་བུ་པ་ཟེར་ཡང༌། ཕྱིས་ཆ་བྱེད་རྣལ་འབྱོར་པ་ཀ་ཡིན་པར་འདུག ཚིམ་བུའི་གོ་བ་ནི་ཕྱགས་དར་ཁྲོད་གྱོན་པའི་མིང་ཡིན། ཁ་ཅིག་མཚན་དངོས་མ་ཎི་བྷ་དྲ་སྟེ་ནོར་བུ་བཟང་པོ་བྱ་བ་ཡིན་ཟེར་རོ། །སློབ་དཔོན་འདིས་མཛད་པའི་དོ་ཧའི་རིགས་ནི་ཅི་རིགས་པ་ཡོད། གཞན་དེས་མཛད་པའི་བསྟན་བཅོས་དང༌། ཆོས་རྒྱུན་གྱི་རིགས་ནི་ཆེར་མ་བྱུང་བ་འདྲ་ཞིང༌། རྫུ་འཕྲུལ་རྣམ་པར་འཕྲུལ་པའི་ལོ་རྒྱུས་ཀྱང༌། སྤྱིར་མང་དུ་ཡོད་དགོས་ཀྱང་གཞན་མ་རྙེད་དོ། །དེ་ལྟར་སློབ་མ་དྲུག་པོ་དེ་དག་ནི། སློབ་དཔོན་ཆེན་པོ་ཉིད་དང་ལྷན་ཅིག་ཏུ་རིག་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་པས་མཆོག་ཐོབ་པའོ། །སློབ་དཔོན་ཆེན་པོ་ཀཧྣ་པའི་སློབ་མ་བུད་མེད་གྲུབ་པ་ཐོབ་པ་ལ། སློབ་དཔོན་ཆེན་པོ་ལྷོ་ཕྱོགས་མཧཱ་རཥྟར་བྱོན་པའི་དུས། ཡུལ་དེ་ན་རྒྱལ་རིགས་ཀྱི་བུ་མོ་སྤུན་གཉིས་ལས་ཆེ་བའི་མིང་ནི་མེ་ཁ་ལ་ཞེས་བྱ། ཆུང་བའི་མིང་ནི་ཀ་ན་ཁ་ལའོ། །དེ་གཉིས་ལོ་བཅུའམ་བརྒྱད་ལོན་པ་ན། བྲམ་ཟེའི་ཁྱེའུ་གཉིས་དང་གཉེན་དུ་བསྒྲིགས་ཡོད་ཀྱང༌། ཁྱེའུ་དེ་གཉིས་ཆེས་གཞོན་པས་ལོ་འགར་བག་མ་ལ་མ་སོང་བ་ན། ཡུལ་མི་ཐམས་ཅད་ཀྱི་དེ་དག་ལ་ཁ་ཟེར་བར་བྱེད་དོ། །དེ་ཡང་ལས་ཀྱི་མཐུ་ཡིན་གྱི་ཉེས་པ་ནི་མེད་སྐད། དེ་ནས་མདུན་མ་དེ་དྲལ་ལོ། །སློབ་དཔོན་འཁོར་བཅས་རྫུ་འཕྲུལ་རྣམ་པར་འཕྲུལ་བ་ཅན་མཐོང་པས། ཡིད་ལ་ཡ་མཚན་ཆེར་སྐྱེས་ནས། བདག་ཅག་འཁོར་བས་འཇིགས་པ་ལགས་ཀྱི། འཁོར་བ་


TNT17_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཐར་བའི་ཐབས་ཅིག་འཚལ་ཞུས་པས། སྣོད་དང་ལྡན་པར་མཁྱེན་ཏེ་དབང་བསྐུར་བས་ཡེ་ཤེས་མཆོག་ཕེབས། གདམས་པ་དང་རྗེས་སུ་གདམས་པས་བསྐྱངས་པ་ན། མི་རིང་བར་ལྟ་སྟངས་བརྒྱད་ལ་སོགས་པའི་ནུས་པ་ཡང་ཐོབ། རྩིག་པ་དང༌། རི་དང༌། ཆུ་ལ་ཐོགས་པ་མེད། མངོན་ཤེས་ལ་སོགས་པའི་ཡོན་ཏན་མང་པོ་ཐོབ་བོ། །དེ་ནས་ཀྱང་ཚོགས་པ་དེ་ཉིད་དུ་གཙོ་བོར་གནས་ཤིང༌། རིག་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་ཅན་ནོ། །ལན་ཅིག་དེ་གཉིས་ལམ་དུ་སོང་བ་ན། གོ་རཀྵའི་རྗེས་འབྲང་རྣལ་འབྱོར་པ་ཕལ་པ་མང་པོ་ལམ་ན་འདུག་པ་རྣམས་ཀྱིས་ཅོ་འདྲི་ཞིང༌། ནག་པོ་པ་སློབ་མར་བཅས་པ་སྒྱུ་མ་སྟོན་པར་བྱེད་དོ་ཞེས་སྨྲ་བ་ལ། ཛོ་གིར་གྲགས་པ་དེ་རྣམས་ཉིད་ཀྱི་གནས་གཞིས་ཕྱོགས་ཡིད་དུ་འོང་བ་ཅིག་ན་འདུག་པ་ལས་ཁང་པ་ཐམས་ཅད་ལྟ་སྟངས་ཀྱིས་དྲངས་ནས་མ་ཞིག་པ་ཁོ་ནར་བྱེ་མའི་ཐང་སྐྱ་བོ་ཡིད་དུ་མི་འོང་པ་ལ་བཞག་གོ ཁྱེད་རྣམས་ཀྱང་སྒྱུ་མ་འདི་ལྟ་བུ་གྱིས་ཤིག་བྱས་ནས་སོང་ངོ༌། །དེ་ནས་དུས་གཞན་ཞིག་ན་དེ་དག་གིས་བཟོད་པ་གསོལ་བས། ཁང་པ་རྣམས་སྔར་གྱི་གནས་སུ་བསྐྱལ་ལོ། །ཕྱིས་སློབ་དཔོན་ཆེན་པོས་བྷངྒ་ལར། རྒྱལ་པོ་རོལ་པའི་ཟླ་བ་བཏུལ་བའི་དུས་སྐབས་ཤིག་ན་སྐྱེ་བོ་མང་པོ་འདུས་པའི་དབུས་ཤིག་ཏུ་དེ་གཉིས་སློབ་དཔོན་གྱི་ཞབས་ལ་ཕྱག་འཚལ་ནས་བླ་མའི་དྲིན་གྱིས་བདག་ཅག་གཉིས་ཀྱིས་དོན་ཆེན་པོ་བླ་ན་མེད་པ་ཐོབ་པ་ལགས་པས། ད་ནི་མཁའ་སྤྱོད་དུ་འགྲོ་ན། ཐོག་མར་སློབ་དཔོན་གྱིས་གང་བཀའ་སྩོལ་བ་དེ་བགྱིད་ཞུས་པས། འོ་ན་མགོ་བོ་བཅད་དེ་ང་ལ་ཕུལ་ཞིག་གསུང༌།


TNT17_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

དེར་ཡེ་ཤེས་ཀྱི་རལ་གྲི་རྣོ་ངར་དང་ལྡན་པ་རེ་ཁ་ནས་བྱུང་སྟེ། རང་རང་གི་མགོ་བོ་ཐོགས་པ་མེད་པར་བཅད་དེ་བླ་མའི་ཕྱག་ཏུ་ཕུལ་ནས། ཕྱི་ལྟས་སུ་གར་བྱེད་ཅིང་ནམ་མཁའི་ལམ་ལས་ཇེ་མཐོ་ཇེ་མཐོར་སོང་ནས་འཇའ་འོད་དུ་ཡལ་ལོ། །སྔོན་ལྷ་མོ་དཔལ་གྱི་བློ་གྲོས་ལས་ཀྱང་འདི་དག་དང་འདྲ་པའི་ཆོ་འཕྲུལ་བསྟན་འདུག །སྲིན་པོ་དང་མཁའ་འགྲོ་མ་ཕལ་པའི་གཟུགས་ལ་ཡང༌། འདི་ལྟ་བུ་མང་དུ་ཡོད་པ་ཡིན་འདུག །དེའི་གཉེན་པོར་རྡོ་རྗེ་ཕག་མོ་དབུ་བཅད་མ་སོགས་འབྱུང་བ་ལྟར། རྡོ་རྗེ་ཕག་མོའི་གྲུབ་ཐོབ་རྣམས་ཀྱི་ཆོ་འཕྲུལ་ལ་ཡང༌། འདི་འདྲ་མང་དག་བྱུང་པར་གདའ་འོ། །སློབ་དཔོན་ནག་པོ་སྤྱོད་པའི་སློབ་མ་བུད་མེད་ཀྱི་རྟེན་ཅན་གྲུབ་པ་ཐོབ་པ་ཐམས་ཅད་ཀྱི་མཆོག་རྣལ་འབྱོར་མ་བནྡྷེ་པའམ། སིང་གྷ་གླིང་གི་རྣལ་འབྱོར་མའམ། ཌོམྦི་རྣལ་འབྱོར་མར་གྲགས་པ་དེ་ནི། གླིང་ཁྱད་པར་དུ་འཕགས་པ་སིང་གྷ་ལར། ཌོཾ་པ་ཞེས་པ་རིགས་ངན་གཡུང་པོའི་རིགས་ལ་བུ་མོ་ཞིག་བཙས་པ་ནི་པདྨ་ཅན་མཆོག་གི་མཚན་ཉིད་ཡོངས་སུ་རྫོགས་པ་ཞིག་གོ །ཆེར་སྐྱེས་པ་ན་བློ་གསལ་ཞིང་རིག་པ་དང་ལྡན་པ་དང་ཚུལ་བཟང་བ་ཞིག་ཡོད་པས་ཡི་གེ་སོགས་རིག་པ་ཀུན་ཡང་བྱང་ངོ༌། །སློབ་དཔོན་སྤྱོད་པ་པ་འཁོར་བཅས་གླིང་དེར་ཕེབས་ནས་མི་རིང་བ་ཞིག་ན། དེ་རྣམས་ཀྱིས་ངོ་མཚར་རྨད་དུ་བྱུང་བའི་ཆོས་མཐོང་སྟེ། ཤིན་ཏུ་དད་པར་གྱུར་ཀྱང༌། རིགས་ཀྱི་དབང་གིས་ཆོས་སྤྱོད་པའི་སྐལ་བ་མེད་སྙམ་པ་དང༌། འདི་དག་དང་ཉེ་བར་ཡང་མི་ནུས་སྙམ་ཙ་ན། རྣལ་འབྱོར་པ་ཁ་ཅིག །འདི་ན་རིགས་དང་རིགས་མིན་མེད། །འགྲོ་བ་འདི་དག་ཐམས་ཅད་ལ། །རང་བྱུང་ཡེ་ཤེས་ཡང་དག་


TNT17_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

གནས། །དེ་ཕྱིར་ཀུན་ལ་བརྙས་མི་བྱ། །ཞེས་སོགས་གླུར་ལེན་པ་ཐོས་པས་རང་ཉིད་ཆོས་ཀྱི་སྐལ་བ་ཡོད་པར་ཤེས་ནས། མཆོག་ཏུ་དགའ་བ་སྐྱེས་སོ། །དེ་ནས་ལན་ཅིག་སློབ་དཔོན་འཁོར་དང་བཅས་པ་མཆོད་སྟོན་རྒྱ་ཆེན་པོས་ཚིམས་པར་བྱས་ནས། ཡང་དག་པའི་ལམ་སྩལ་དུ་གསོལ་ཞེས་གསོལ་བ་བཏབ་པས་ཞལ་གྱིས་བཞེས་སོ། །དེ་ནས་དུས་གཅིག་ན་སློབ་དཔོན་འཁོར་བཅས་དུར་ཁྲོད་ཅིག་ཏུ་བཞུགས་པའི་སར། ཕག་གི་ཤ་གཅིག་དང་མྱོས་བྱེད་བུམ་པ་གང་ཁྱེར་ཏེ་ཕུལ་པས། ཚོགས་རྫས་དེ་ཁོ་ནས་རྣལ་འབྱོར་ཕོ་མོ་སྟོང་ཕྲག་མང་པོ་འབྱུང་པོ་དང་ཐམས་ཅད་ཚིམས་པར་མཛད་དེ་ཌོམྦི་ནི་ལ་དབང་བསྐུར་བས། དེ་ཉིད་དུ་ཡེ་ཤེས་མཆོག་དང་ལྡན་པའི་རྣལ་འབྱོར་མ་ཆེན་མོར་གྱུར། ཚོགས་ཀྱི་འཁོར་ལོ་དེ་ཡང་ཞག་བདུན་གྱི་བར་དུ་ཟད་པ་མེད་པར་ལོངས་སྤྱད་དོ། །དེ་ནས་དཔྱིད་ཀྱི་ཐིག་ལེའི་རྣལ་འབྱོར་འབད་པས་བསྒོམས་པས། དུས་ཇི་ཞིག་ལྟར་ན། ཉིན་ཞག་བདུན་དུ་སྡུག་བསྔལ་གྱི་ཚོར་བ་ཤིན་ཏུ་མི་བཟད་པའི་ཉམས་ལུས་བརྒྱ་སྟོང་དུ་འཐོར་པ་འདྲ་བ་བྱུང༌། དེས་གཏུམ་མོ་འབར་བའི་མེ་ཚད་རྫོགས། རྩ་མདུད་ཐམས་ཅད་ཞིག་སྟེ་ལྷན་ཅིག་སྐྱེས་པའི་དོན་ཇི་བཞིན་དུ་རྟོགས་ནས། ཏིང་ངེ་འཛིན་ཐུན་གཅིག་ལ་ཟླ་བ་དྲུག་འདས་སྐད། དེ་སད་ཙ་ན་གྲུབ་པའི་དབང་ཕྱུག་མར་གྱུར་ཏེ། ཡང་དག་པ་ལྷན་ཅིག་སྐྱེས་པའི་དོན་རྟོགས་པས། ཞོར་བྱུང་གི་ཡོན་ཏན་གཟུགས་བསྒྱུར་བའི་ཆོ་འཕྲུལ་དང༌། དཔག་ཚད་བརྒྱ་སྟོང་དུ་འཇུག་པའི་མངོན་ཤེས་དང༌། ལྟ་སྟངས་ལ་སོགས་པའི་ནུས་པ་དང༌། རྐང་མགྱོགས་ལ་སོགས་པའི་ཆོ་འཕྲུལ་རྣམས་ཀྱང་རང་ཤུགས་ལ་ཐོབ་བོ། །དེ་ནས་ཡུན་


TNT17_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

རིང་པོའི་བར་དུ་སློབ་དཔོན་ཆེན་པོའི་འཁོར་གྱི་ཚོགས་པ་དེར་བཞུགས་ནས་རྟག་ཏུ་ཚོགས་ཀྱི་དཀྱིལ་འཁོར་འབྱུང་བའི་ཚོགས་ཀྱི་གཙོ་མོའི་བྱ་བ་བསྒྲུབས་པས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་དོ། །དེ་ནས་ཕྱི་ཞིག་ན་འཇའ་ལུས་བརྙེས་ཤིང་བར་སྐབས་དེར་མི་སྣང་པར་གྱུར་པ་ལས། སློབ་དཔོན་སྤྱོད་པ་པའི་འདས་མཆོད་ཀྱི་དུས་མངོན་སུམ་དུ་བྱོན་ཏེ། ས་གཡོ་བ་ལ་སོགས་པ་ཆོ་འཕྲུལ་དུ་མ་བསྟན་དེ་སྐབས་ཡུལ་ཀ་མ་རཱུ་པར། ལྷ་ཁྱབ་འཇུག་ཆེན་པོ་རྟའི་གདོང་ཅན་གྱི་རྡོ་སྐུ་ཁྲུ་གང་པ་ཅིག་རང་བྱུང་དུ་བྱུང༌། ཆོ་འཕྲུལ་ཤིན་ཏུ་ཆེ། ཧ་རི་གི་རི་མཱ་ཐོ་ཞེས་གྲགས་ཤིང༌། ཕྱོགས་དེར་དེ་ལ་མཆོད་པ་པོ་བྲམ་ཟེ་ཆོ་འཕྲུལ་ཅན་སྔགས་གྲུབ་པ་མང་པོས་ཀྱང་བསྐོར་ནས་ཡོད། དེར་སངས་རྒྱས་པའི་ཕྱོགས་འཛིན་པ་རྣམས་ལ། འབོག་ནད་གདོང་ཐུག་མང་པོ་དང༌། མེ་ལྕེ་འབབ་པས་གནས་ཁང་དང་ཡོ་བྱད་སྲེག་པ་སོགས་གནོད་པ་མང་དུ་བྱུང་ཞིང༌། སྐྱེ་བོ་གཞན་རྣམས་ལ་ཡང་གནོད་པ་ཆེར་བྱུང་ངོ༌། །སྐབས་དེར་དེ་བྱུང་ནས་ལོ་མང་མ་ལོན་པའི་སྐབས་ཡིན། དེ་འདུལ་བར་རྣལ་འབྱོར་མ་འདིས་བྱོན། ལམ་དུ་ཆོ་འཕྲུལ་གྱི་རྟ་བ་མང་པོ་མཚོན་ཆ་ཐོགས་ཏེ་བྱུང༌། ཡི་དམ་གྱི་ཕྱག་མཚན་གྲི་གུག་ཅིག་ཡོད་པ་དེ། ཕྱར་བ་ཙམ་གྱིས་དེ་རྣམས་ཐམས་ཅད་སིལ་བུར་ཞིག་གོ །དེ་ནས་ལྷ་ཁང་དེའི་དྲུང་དུ་བྱོན་པ་ན། ལྷ་དེ་ཁྲོས་པས་ཕྱི་ནང་ཐམས་ཅད་ཏུ་མེ་འབར་བར་བསྟན་པས། རྣལ་འབྱོར་མས་དེ་ཉིད་དུ་ཆར་ཆེན་པོ་ཕབ་ཀྱང་ཟེར། སྔགས་ཀྱིས་བཏབ་ཀྱང་ཟེར། མི་བསྐྱོད་པས་གཏོར་ཡང་


TNT17_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར། གང་ལྟར་ཡང་དེ་མ་ཐག་མེ་ཤིའོ། །དེ་ནས་ནང་དུ་བྱོན་པ་ན་སྐུ་དེ་ཉིད་རྟ་གདོང་ཁྲོས་པ་མི་བཟད་པ་འཇིགས་པའི་ཆོ་འཕྲུལ་ཅན་དུ་སོང་ནས། ཟ་ཟ་འཆའ་འཆའ་ལྟར་རྒོལ་དུ་བྱུང༌། བྲམ་ཟེ་སྔགས་མཁན་རྣམས་ཀྱང་སྲིན་པོ་མི་གདུག་པའི་གཟུགས་སུ་བསྒྱུར་ཏེ། མཚོན་ཆ་སྣ་ཚོགས་དང༌། དབྱུག་པ་དང༌། རྡོ་བ་ཆེན་པོ་དག་བརྡེག་ཏུ་བྱུང་ངོ༌། །དེར་རྣལ་འབྱོར་མས་ཐུགས་གཡོ་བ་མེད་པར་ཐལ་མོ་བརྡབས་པས། ཁྱབ་འཇུག་གི་སྐུ་དེའི་སྐུ་གཟུགས་མ་དེ་ཐལ་བར་ཞིག རྟ་མགོ་ས་ལ་ལྷུང༌། བྲམ་ཟེ་རྣམས་ཁྲག་ཏུ་སྐྱུག་ཅིང་འགྱེལ་ལོ། །དེ་དང་ཉེ་བ་ན་སྤྱོད་པ་ཁྱབ་འཇུག་དེ་ཉིད་ལྷར་འཛིན་པའི་མི་ཐམས་ཅད་ཀྱང་མྱོས་ཤིང་རོད་རོད་བོར་སོང་ངོ༌། །དེའི་ལྷ་ཁང་དང་གནས་གཞི་ཐམས་ཅད་ཀྱང་ལ་ལ་རྩ་བ་ནས་ཞིག །ལ་ལ་ཤག་ཤིག་ཏུ་སོང་ངོ༌། །དེ་ལྟར་ཉིན་ཞག་གཉིས་འདས་པ་ན། རྒྱལ་པོ་ལ་སོགས་པ་སྐྱེ་བོ་རྣམས་འོངས་ཏེ། ཞབས་ལ་གཏུགས་ནས་གསོ་བར་ཞུས་སོ། །དེར་བྲམ་ཟེ་ལ་སོགས་པའི་སྐྱེ་བོ་རང་རོད་དུ་གྱུར་པ་རྣམས་གསོས་སོ། །དེ་རྗེས་རྣལ་འབྱོར་མ་བནྡྷེ་པ་ཡུལ་དེའི་ཨུ་མ་གི་རི་ཟེར་བའི་རི་ལ་བཞུགས་ནས། སྐལ་ལྡན་རྣམས་ལ་ཆོས་ཅུང་ཟད་སྟོན་ནོ། །དེ་ནས་མུ་སྟེགས་དེ་རྣམས་ཀྱིས་ཁོ་རང་ཚོའི་གནས་ཞིག་པ་རྣམས་གསོས། ཧ་རི་གི་རི་མཱ་ཐོའི་སྐུ་འདྲ་བཞེངས་པ་ན། བཞེངས་པའི་བྱ་བ་དང༌། ཞལ་བསྲོ་བྱེད་པ་ལ་གླང་པོ་ཆེ་རྒྱུགས་པས་ཐམས་ཅད་བཅོམ་མོ། །ཡང་བསྐྱར་ནས་བཞེངས་ཟིན་པ་ན། ཁྱིམ་རྡིབ་སྟེ་ཞིག་གོ །ཡང་བཞེངས་ཟིན་པ་ན་དུམ་བུར་གས་ཏེ་རང་ཞིག་གོ །དེ་ནས་རྒྱལ་པོ་དང་སྐྱེ་བོ་


TNT17_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་དང་བྲམ་ཟེ་དེ་རྣམས་ཀྱང་རྣལ་འབྱོར་མའི་དྲུང་དུ་འོངས་ཏེ། རིན་པོ་ཆེ་དུ་མས་སྐུ་ལ་གཏོར་ཞིང་བཟོད་པར་གསོལ་ནས་སེམས་ཅན་རང་རང་གི་ལུགས་འདོར་བར་མི་ནུས་པས། ཐུགས་བརྩེ་བར་མཛོད་ཅེས་ལྷ་ཁང་བཞེངས་པར་གནང་བ་ཞུས། ཕྱིས་ཁོང་རྣམས་ཀྱིས་ལྷ་ཁང་བཞེངས་པ་ན་འཇིགས་པ་ནི་མ་བྱུང༌། འོན་ཀྱང་དུས་དེ་ནས་གཟུང་སྟེ་ཡུལ་ཕྱོགས་དེར་ལྷ་ཁྱབ་འཇུག་ལ་མཆོད་པ་ནི་ཉུང་ངོ༌། །དེ་རྗེས་ཀྱང་ཡུལ་སྣ་ཚོགས་སུ་སྐལ་ལྡན་འགའ་རེ་སྨིན་ཅིང་གྲོལ་བ་ལ་བཀོད་དེ་ལོ་ཡང་ཅི་རིགས་པར་མི་རྣམས་ཀྱིས་མཐོང་བར་བཞུགས་པར་གྲགས་སོ། །འདིས་མཛད་པའི་བསྟན་བཅོས་ཐོར་བུ་དང༌། དོ་ཧཱ་འགའ་རེ་ད་ལྟའང་ཡོད་དོ། །དེ་དག་ནི་སློབ་དཔོན་སྤྱོད་པ་པ་ཉིད་སྐུ་བཞུགས་པའི་སྐབས་ཉིད་དུ་མཆོག་གི་དངོས་གྲུབ་ཐོབ་པའི་སློབ་མ། སྐྱེས་པའི་རྟེན་ཅན་དྲུག་དང༌། བུད་མེད་གསུམ་སྟེ་ཤིན་ཏུ་གྲགས་ཆེ་བ་རྣམས་ཡིན་ནོ། །གཞན་སློབ་དཔོན་བྷ་དཱ་ལི་པ་ནི། ཤར་ཕྱོགས་བྷ་ག་ལར་འཁྲུངས་པ། སློབ་དཔོན་སྤྱོད་པ་པ་ཡུལ་ཛ་ལནྡྷ་ར་ནས་སྤྱོད་པ་ལ་འབྱོན་ཁར་སླེབ་ཟེར། ཕྱིས་སློབ་དཔོན་སྐུ་འདས་པའི་རྗེས་སུ། ཤར་ཕྱོགས་ཨོ་ཌི་བི་ཤིའི་ཡུལ་དུ་བཞུགས། དེར་ཚོང་དཔོན་ཞིག་གིས་དགེ་འདུན་ལ་ས་གཞི་ཕུལ་ཏེ། གཙུག་ལག་ཁང་ཞིག་རྩིག་པའི་གྲབས་བྱས་པ་ན། ས་ཕྱོགས་དེ་དང་པོ་ནས་མུ་སྟེགས་རྣམས་དབང་ཟེར་ནས། ནང་པའི་གཙུག་ལག་ཁང་བཞེང་དུ་མི་སྟེར་ཏེ། སླད་ཀྱིས་རྒྱལ་པོ་ལ་ཞུས་ནས། བྲམ་ཟེ་ཞིག་གིས་དེར་མུ་སྟེགས་བྱེད་ཀྱི་ལྷ་ཁང་ལིང་ག་ཅན་ཆུང་ངུ་ཞིག་བརྩིགས་


TNT17_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཡང་སླད་ཀྱིས་དགེ་འདུན་གྱི་གནས་བརྟན་གྱིས་རྩོད་པ་བསླངས་ཏེ། ཕྱི་ནང་གི་སྐྱེ་བོ་མང་པོ་དེར་འདུས། དེར་སློབ་དཔོན་བྷ་དཱ་ལི་བྱོན་ཏེ། རེ་ཞིག་རྩོད་པ་འདི་མ་ཞིའི་བར་དུ་ལྷ་ཁང་འདི་ཕ་གིར་བསྐྱལ་ལགས་ཀྱི་བྱས། ལྷ་ཁང་དེ་ཐག་པས་འཆིང་ཚུལ་བྱས་རྒྱབ་ཁུར་དུ་ཐོགས་ནས། བྲམ་ཟེ་དེ་རྣམས་ཉིད་ཀྱི་གྲོང་གི་འདབས་སུ་བསྐྱལ་ལོ། །དེར་གྲུབ་པའི་རྟགས་ལ་ཡ་མཚན་སྐྱེས་ཏེ། ས་ཕྱོགས་དེར་རང་ཤུགས་ཀྱིས་དགེ་འདུན་ལ་བྱུང་ནས། ཨཾ་ཀྵ་སྠཱ་པ་ན་ཞེས་བྱ་བའི་གཙུག་ཁང་བརྩིགས་སོ། །འདིས་ཀྱང་ཕྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པར་གྲགས་སོ། །གྲུབ་ཐོབ་ལ་བཱ་ཡི་པ་ནི། གོང་དུ་སྨོས་པ་ལྟར་ཡང་ཡིན་ལ། ཕྱིས་མ་ག་དྷར་རྣལ་འབྱོར་པ་ནུས་པ་ཅུང་ཟད་ཐོབ་པ་མང་པོ་འདུས་ནས། དུར་ཁྲོད་བསིལ་བའི་ཚལ་དུ་ཚོགས་ཀྱི་དཀྱིལ་འཁོར་བསྒྲུབས་པའི་ཚོགས་འཁོར་བྱེད་པར་བྱས། སློབ་དཔོན་ལ་བཱ་ཡི་པས་ཚོགས་ཀྱི་གཙོ་བོ་བྱེད་པར་ཁས་བླངས་སོ། །དེར་ཚོགས་ཀྱི་ཁང་པར་ཞུགས་ཙ་ན། མུ་སྟེགས་ཅན་མདོག་ནག་པོ་དབང་ཕྱུག་པའི་ཆ་བྱད་འཛིན་པ། ཨུ་ཙིཥྟ་པ་སྟེ་གཙང་སྨེ་མེད་པའི་སྤྱོད་པ་ཅན་ཐོད་པ་ཐོགས་པ་ཅིག་བྱུང་ནས་ཚོགས་དཔོན་ངས་བྱེད་ཟེར་རོ། །དེར་སློབ་དཔོན་གྱིས་ཁྱེད་མུ་སྟེགས་པས་ངེད་སངས་རྒྱས་པའི་ཚོགས་དཔོན་མི་རུང་བྱས་པས། འོ་ན་ཁྱོད་རང་ཚོགས་ཀྱི་གཙོ་བོའི་ཁྲི་ལ་འཛེགས་ཟེར། ཁྲིའི་དཔངས་ཁྲུ་དོ་ཙམ་ཡོད་པ་དེའི་རྩར་སོང་ན། ཁྲི་དེ་མཐོ་རུ་མ་སོང༌། སློབ་དཔོན་གྱི་ལུས་ཆུང་དུ་མ་སོང་ཡང༌། སློབ་དཔོན་གྱི་ལུས་ཀྱིས་ཁྲི་དེའི་བཞི་ཆ་ཙམ་ལས་མ་སླེབ། ཐབས་


TNT17_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གང་གིས་ཀྱང་ཁྲིའི་སྟེང་དུ་འགྲོ་བར་མ་ནུས་སོ། །དེ་ནས་ཐོད་པ་ཅན་དེ་སྤྲུལ་པའི་སྐུ་ཡིན་པར་ཤེས་ནས། སློབ་དཔོན་ལ་བཱ་ཡི་པས་ཉེས་པ་བཤགས་ཤིང་གསོལ་བ་བཏབ་པས། དེ་དཔལ་ཧེ་རུ་ཀར་གྱུར་ཏེ་ནམ་མཁར་བཞུགས་ནས། ཁྱོད་ཀྱི་དང་པོ་ཉིད་ནས་ང་རྒྱལ་སྤངས་ཏེ་གསོལ་བ་བཏབ་ན་ད་རེས་ཀ་འདོད་པའི་དངོས་གྲུབ་ཐོབ་པ་ལ་ང་རྒྱལ་གྱིས་ཉེས། ད་སེམས་ཅན་གྱི་དོན་གྱིས་ཟེར་མི་སྣང་བར་གྱུར། དེ་ནས་སློབ་དཔོན་འདིར་གྲོང་ཁྱེར་ཨ་ཛོ་དྷྱ་རུ་བྱོན། དེ་ན་ལྟ་བ་ལོག་པ་འཛིན་པའི་རྒྱལ་པོ་བི་ཛྙ་པྟི་ཟེར་བ་ཞིག་ཡོད། དེ་འདུལ་བ་ལ་དགོངས་ནས། ཡུལ་དེའི་ཕྱོགས་གཅིག་བྲག་ཅིག་གི་ཁོང་ན། ཕུག་པ་ཁོང་སྟོང་ཅུང་ཟད་ཡོད་པ་ལ། བུ་ག་སོར་བརྒྱད་ཙམ་གྱི་ཚད་ཅན་བྲག་སྲབ་ཐུག་ཁྲུ་བརྒྱད་ཙམ་ཡོད་པ་ལ་བུ་ག་དེ་དོད་པ་ཅིག་ཡིན། དེ་མིན་སྒོ་མེད་པའི་བྲག་གི་ཁོང་སེང་དེར་བཞུགས།རྒྱལ་པོ་དེའི་བློན་པོ་དང་ནང་གཡོག་འགའ་ཞིག་གིས་དོན་འདྲ་སྤྱོད་པའི་ལམ་དུ་དེར་སོང་ཙ་ན། ཕུག་པའི་སྒོ་ཤིན་ཏུ་ཡངས་པ་དང༌། ཕུག་པ་དེ་ཡང་ཤིན་ཏུ་ཆེ་བར་འདུག་ཅིང༌། ཟས་ནོར་སྣ་ཚོགས་པའི་དབུས་ན་རྣལ་འབྱོར་པ་དེ་འདུག་པར་མཐོང་ངོ༌། །དེ་དག་གིས་རྒྱལ་པོ་ལ་བསྙད་པས་ནང་པར་རྒྱལ་པོ་ལིངས་ལ་འགྲོ་བའི་ཚུལ་གྱིས་དེར་བལྟར་འོངས་པ་ན། སློབ་དཔོན་ཕྱིར་བྱོན་ཏེ་རྒྱལ་པོ་ཆེན་པོ་འདིར་ཅིས་ཀྱང་འབྱོན་པར་ཞུ་གསུང༌། དེར་ཕུག་གི་སྒོ་ཡངས་བའི་འདུ་ཤེས་ཀྱིས་འཁོར་འགའ་དང་བཅས་པ་ཞུགས་ཤིང༌། བཟའ་བཏུང་གྱ་ནོམ་པ་མང་པོས་ཚིམས་པར་བྱས་སོ། །དེ་ནས་རྒྱལ་བློན་གཉིས་འདུག གཡོག་དེ་ཕྱིར་སོང་བའི་


TNT17_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཤིག སློབ་དཔོན་གྱིས་ཆོ་འཕྲུལ་བསྡུས་པས་ཁོང་གཉིས་ཕུག་པ་དོག་མོ་དེར་ཆུད། ཕྱི་རོལ་ཏུ་འགྲོ་སའི་སྒོ་མེད་ཅིང༌། བུ་ག་ཕྲ་མོ་དེའི་ཕྱོགས་ཀྱང་བྲག་ཤིན་ཏུ་འཐུག་པར་ཤེས། ཡ་མཚན་ཡང་སྐྱེས་ལ་ཤིན་ཏུ་སྐྲག་གོ །དེ་ནས་སློབ་དཔོན་གྱིས་དེ་གཉིས་སྔར་གྱི་ལྟ་བ་ལོག་པ་དེ་སྤངས། དགེ་བ་བྱེད་པར་དམ་འཆའ་རུ་བཅུག་ནས་བྲག་གི་བུ་ག་ཆུང་ངུ་དེ་ནས་ཀ་གནོད་པ་མེད་པར་ཕྱིར་བཏོན་ནོ། །རྣམ་འཕྲུལ་དེ་ལྟ་བུ་བསྟན་པས་རྒྱལ་པོ་དེ་ཆོས་ལ་བཀོད་པའོ། །རྒྱལ་པོ་རོལ་བའི་ཟླ་བ་དང༌། བློན་པོ་དགེ་བའི་མགོན་པོའི་གཏམ་རྒྱུད་ཀྱི་འཕྲོས་ནི། རྒྱལ་བློན་གཉིས་ཀས་ཉིན་མོ་ནི་རྒྱལ་སྲིད་ཀྱི་བྱ་བ་ཆོས་བཞིན་དུ་སྐྱོད། མཚན་ཐོག་ཐག་ནི་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་བསྒོམ་པ་ལས། ལོ་འགའ་ཞིག་འདས་པར་གྱུར་པ་ན། བློན་པོ་ལ་དངོས་སུ་ཙནྡྲ་ལི་འབར་བའི་གསལ་སྣང་བྱུང༌། དང་པོར་ཁྱིམ་ཉེ་འཁོར་དང་བཅས་པ་རྩིག་པ་སོགས་ཀྱིས་སྒྲིབ་ཐོགས་མེད་ཅིང༌། ཉིན་མཚན་ཀུན་ཏུ་མཐོང༌། དེ་ནས་རིམ་པས་རྒྱང་གྲགས་ཙམ་དང༌། དཔག་ཚད་ཙམ་དང༌། གཽ་རའི་ཡུལ་ཙམ་ཡང་མཐོང༌། མི་རིང་བར་མཐའ་མེད་དུ་འཕེལ་ལོ། །དེ་བཞིན་དུ་སྒྲ་སྐད་ཐམས་ཅད་ཀྱང་ཐོས་ཤིང་ཤེས། སྔར་མ་ཐོས་པའི་བསྟན་བཅོས་ཐམས་ཅད་ཀྱང་རང་ཤེས་ནས། ལན་ཅིག་རྒྱལ་པོའི་དྲུང་དུ་ཕྱོགས་ཀྱི་རྒྱལ་པོ་མང་པོའི་འཕྲིན་ཡིག་དུས་གཅིག་ཏུ་འཛོམ། འཕྲིན་ཡིག་དེ་དག་ཡུལ་སོ་སོའི་པཎྜི་ཏས་བརྩམས་པ། སྡེབས་སྦྱོར་དང་སྙན་ངག་གིས་བཅིངས་པས་གོ་དཀའ་ཞིང༌། སྐད་རིགས་དང་ཡིག་རིགས་ཐ་དད་པ་དང༌། ལྟ་གྲུབ་ཐ་དད་པའི་ཤིས་བརྗོད་མི་འདྲ་བ་དུ་མ་ཡོད་པས།


TNT17_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་མཁན་དང༌། མདུན་ན་འདོན་བྲམ་ཟེ་པཎྜི་ཏ་མང་པོ་འདུས་ཏེ་དཔྱད་ཀྱང༌། ཤིན་ཏུ་གོ་དཀའ་བར་གྱུར་པ་ལ། བློན་པོས་དེ་དག་ཐམས་ཅད་བཀྲོལ་ཞིང་དོན་རྒྱས་པར་བཤད། ལན་རྣམས་ཀྱང་སོ་སོ་དང་མཐུན་པར་བྱས་པས་རྒྱལ་པོ་དང་འཁོར་རྣམས་ན་རེ། སྔར་ཁྱོད་ཀྱིས་འདི་ལྟ་བུ་ཤེས་སུ་མི་བཤའ་པ་ལ། འདི་ལྟར་ཡོད་པ་ཅི་ཡིན་དྲིས་པས། ངས་ན་ནིང་བར་ལ་བསླབས་པ་ཡིན་ཞེས་ཁ་བསྒྱུར་རོ། །དེ་ནས་མི་རིང་བ་ཞིག་ན་ནམ་ཕྱེད་ཅིག་གཉིད་དུ་སོང་བའི་གཉིད་སད་པ་ན། བུད་མེད་རྒན་མོ་ཆེས་མི་སྡུགས་པ། མཛེ་སྐྱས་ཐེབས་པ་ཅིག་གཤེད་ནས་ལངས་ནས། མཁར་བ་ལ་བརྟེན་ཅིང་བློན་པོའི་མདུན་དུ་འོངས་ནས། བཀྲེས་སོ་ཞེས་ཟེར་རོ། །དེ་བཅོམ་ལྡན་འདས་མའི་རྣམ་འཕྲུལ་དུ་ཤེས་ནས། ཚམ་ཚོམ་མེད་པར་ཕྱག་བྱས་ནས། བཟའ་བཏུང་འབྲུ་བཅུད་གྱ་ནོམས་པ་ཐམས་ཅད་ཕུལ། བདག་རྗེས་སུ་གཟུང་བར་ཞུ་ཞུས་པས། དེས་ཕྱག་སྤྱི་བོར་བཞག་ཅིང་བྱིན་གྱིས་རློབ་རློབ་ལྟར་མཛད་ནས། བློན་པོ་ཉིད་ཀྱི་སྤྱི་བོར་ཐིམ་པ་སྙམ་བྱེད་པ་ན་མི་སྣང་བར་གྱུར་སྐད། དེར་གནས་ལུགས་ཀྱང་རྗེས་སུ་རྟོགས། ཕྲ་མོ་རྣམས་དང༌། དངོས་གྲུབ་སྣ་ཚོགས་ཉམས་འོག་ཏུ་ཆུད་པའི་གྲུབ་ཐོབ་ཏུ་གྱུར་ཀྱང༌། རེ་ཞིག་སྦས་ཏེ་ཐ་མལ་བའི་ཚུལ་གྱིས་རྒྱལ་སྲིད་ཀྱི་བྱ་བ་བྱེད་ཅིང༌། མི་རྣམས་ཀྱི་བསམ་པ་དང་སྐལ་བ་ཤེས་པའི་སྒོ་ནས་སྤྱོད་དོ། །ལན་ཅིག་རྒྱལ་པོའི་དྲུང་དུ་ཡོད་པ་ལ། རང་གི་སྐྱེད་མོས་ཚལ་གྱི་ལྷ་ཁང་ན། འོ་མ་དང་ཞོ་དག་ཡོད་པ་ལ། བྱི་ལ་འགའ་ཞིག་གིས་བལྡག་པ་མཐོང་ནས། ཡེངས་ཚུལ་གྱིས་དེ་སྐྲོད་པའི་བརྡ་བྱས་སོ། །


TNT17_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོས་ཅི་ཡིན་དྲིས་པས། དུས་ལ་བབ་པར་ཤེས་ནས། རང་གི་དངོས་གྲུབ་ཐོབ་ཚུལ་རྣམས་བཤད། དེ་ནས་བློན་པོའི་བྱ་བ་བོར་ཏེ་རྣལ་འབྱོར་པའི་སྤྱོད་པས་བཞུགས་ཤིང་སེམས་ཅན་གྱི་དོན་མཛད། མཐར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་གྲགས་སོ། །གྲུབ་ཐོབ་ཀུ་ཤ་ལ་ནཱ་ཐ་འདིས། དོ་ཧ་དང་ཟབ་དོན་གྱི་བསྟན་བཅོས་ཅི་རིགས་པར་མཛད་དོ། །སྔར་གྱི་འཕྲོས་ལ་དེར་རྒྱལ་པོས་བསམས་པ། གྲུབ་པའི་སློབ་དཔོན་གྱི་གདམས་ངག་ཐོབ་ནས་ཡུན་དེ་སྙེད་ལོན་ཡང༌། དངོས་གྲུབ་མ་ཐོབ་པ་ང་བརྩོན་འགྲུས་ཆུང་སྙམ་སྟེ། རྒྱལ་སྲིད་ཀྱི་བྱ་བ་བློན་པོ་དང་མདུན་ན་འདོན་དག་བྱེད་དུ་བཅུག་སྟེ། ཉིན་མཚན་ཀུན་ཏུ་འབད་པས་བསྒོམས་སོ། །དེ་ནས་ལོ་གཅིག་གམ་གཉིས་ཙམ་སོང་བའི་དུས་ན། ཉིན་མོ་ཅིག་གཙུག་ལག་ཁང་དང་དགེ་འདུན་རྣམས་མཆོད། དེའི་མཚན་མོ་གསངས་ཏེ་དུར་ཁྲོད་ལ་མཆོད་པར་བྱོན། དེ་ན་བུད་མེད་ཀྱི་རོ་ཤ་ཐམས་ཅད་བཏོགས་པའི་ཀེང་རུས་མ་འཐོར་བ་ཞིག་འདུག་པ་ལ་མཆོད་པ་བྱས་པས་དེ་ལངས་སོ། །དེ་ལ་བཅོམ་ལྡན་འདས་མ་བཞུགས་པར་ཤེས། སྔགས་ཀྱིས་གསོལ་བ་བཏབ་པས། ཀེང་རུས་ཀྱི་གཟུགས་གར་མཛད་ཅིང་ཆོས་བསྟན། སྐད་ཅིག་དེ་ཉིད་ལ་རྒྱལ་པོས་ཉམས་རྟོགས་ཕུན་སུམ་ཚོགས་པ་ཡང་བརྙེས། ལས་ཕྲ་མོ་སྣ་ཚོགས་པ་གྲུབ་བོ། །དེ་ནས་གཟུང་ཀེང་རུས་ཏ་ར་ཎའི་གདམས་ངག་བྱུང་པ་ཡིན་ཞེས་གྲགས། བར་དེར་བློན་པོ་རྣམས་དང་བྲམ་ཟེས་ཁྲིམས་འཆོལ་བས་ཡུལ་མི་བདེ་བར་གྱུར་པ་ལ། རྒྱལ་པོ་ཉིད་ཀྱིས་སྔགས་དང་ཏིང་ངེ་འཛིན་གྱིས་བསྐུལ་ནས་ཡུལ་ཁམས་


TNT17_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བར་སྤྱོད་དོ། །ལན་ཅིག་མུ་སྟེགས་པའི་རྒྱལ་ཕྲན་བཅོ་ལྔ་ཙམ་གྱི་དམག་གིས་མཐའ་བསྐོར་བ་ལ། རྒྱལ་པོས་སྔགས་ཀྱིས་བསྔགས་པའི་མེ་ཏོག་གཏོར་བས། ཕ་རོལ་པོ་ཐམས་ཅད་ཤེས་པ་འགྱུར་ཏེ་དབང་དུ་འདུས། རྒྱལ་པོའི་ཞབས་ལ་ཕྱག་བྱས་སོ། །བྷང་ག་ལ་པ་ལ་གནོད་པ་མི་བྱེད་པར་མནའ་བོར། དམ་བཞག་མང་པོ་བྱས་ཏེ་སོང་ངོ༌། །མཐར་རྒྱལ་པོ་དེས་ཀྱང་མི་སྣང་བའི་རིག་པ་འཛིན་པ་ཐོབ་སྐད། སྤྱིར་རྒྱལ་བློན་འདི་གཉིས་ལས་བློན་པོ་གྲུབ་ཐོབ་ཆེ་བར་བྱེད་དོ། །གཞན་ཡང་རྣལ་འབྱོར་མ་ཀང་ཀ་ནཱ་པ་ཞེས་བྱ་བ་རང་གི་ལག་གདུབ་ལ་སེམས་ཟིན་པས་དེ་ལ་བརྟེན་ནས་གནས་ལུགས་ཀྱི་དོན་མངོན་སུམ་དུ་གྱུར། རྣལ་འབྱོར་པ་དྷུ་མ་པ་དང་ལྷན་ཅིག་ཏུ་རིག་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད། འཕྲལ་ཕལ་ཆེར་དུ་ཤིང་ཨ་མྲའི་ལྗོན་པའི་འབྲས་བུ་རྣམས་ཛམྦུའི་ཤིང་ལ་སྤོ། དེའི་འབྲས་བུ་ཀེ་ལའི་ཤིང་ལ་སྤོ་བ་སོགས་ལྗོན་ཤིང་རྣམས་ཀྱྀ་མེ་ཏོག་འབྲས་བུ་ལོ་མ་དག་ཕན་ཚུན་དུ་སྤོ་བའི་རོལ་རྩེད་ཁོ་ན་མཛད་སྐད། མཐར་འདི་ཡང་མི་སྣང་བའི་དངོས་གྲུབ་འགྲུབ་བོ། །རྣལ་འབྱོར་མ་ཛ་ལ་ཧ་རི་ནི། རྗེ་རིགས་ཀྱི་བུ་མོ་ཞིག་ལོ་གཉིས་སམ་གསུམ་དུ་ཚོགས་ཅན་མ་བྱས་སོ། །དེ་ནས་དད་པ་རྙེད་ནས་སྔགས་ཀྱི་སྒོར་ཞུགས་ཏེ། སློབ་དཔོན་ཆེན་པོའི་དངོས་སློབ་ཀྱང་ཡིན། སློབ་དཔོན་གུ་ཧྱ་པ་རིང་དུ་བསྟེན་ཅིང༌། གཏུམ་མོ་བསྒོམས་པས་གྲུབ་པ་ཐོབ། ལོ་མང་དུ་འགྲོ་བའི་དོན་མཛད་དེ། དེ་དག་གི་སྐབས་ཕལ་ཆེར་དུ་ཁ་ཟས་ཀྱི་བྱ་བ་མཛད་པ་ན། རང་གི་


TNT17_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་ཐོད་པ་རེ་བཞག་ནས། ཁྱིམ་གཅིག་གམ་གཉིས་སམ་གསུམ་སོགས་ནས། གོང་བུ་དགུག་པའི་སྦྱོར་བ་བྱས་ཏེ། ལ་ལ་ནས་འབྲས་ཆན་དང་ཁུར་བ་བཀུག ལ་ལ་ནས་ཆང་བཀུག ལ་ལ་ནས་ཞུན་མར་སོགས་དགུག་སྟེ་སྣོད་ཁེངས་པར་མཛད་དེ་གསོལ་ལོ། །དེའི་སྐབས་སུ་ཡུད་ཅིག་ཁྱིམ་དེ་དང་དེའི་ཟས་དང་སྐོམ་རྣམས་བཅུད་མེད་པར་འགྱུར། །དེ་ནས་ཁོང་རང་ཚིམས་ཚུལ་མཛད་ནས་སེ་གོལ་གཏོགས་པ་ན། སླར་ཡང་ཁྱིམ་དེ་དང་དེར་ཆང་ཁུགས་པ་དང༌། དར་བ་ལས་མར་སྐྱེ་བ་སོགས་འབྱུང་ངོ༌། །འདིས་སྣ་ཚོགས་རི་མོ་ཞེས་བྱ་བའི་གཞུང་ཞིག་ཀྱང་མཛད་དེ་རྫོགས་རིམ་སྟོན། འདི་ཡང་འཇའ་ལུས་སུ་གྱུར་པར་གྲགས། དེ་དག་ལ་སོགས་པ་དངོས་གྲུབ་དང་ནུས་པ་ཐོབ་པའི་སློབ་མ་བགྲང་བར་མི་སྤྱོད་དོ། །ཡང་ཉིང་སློབ་རྣམས་ཀྱི་རྣམ་པར་ཐར་པ་ནི་སྤྱིར་བྲི་བར་མི་ལང་ཡང༌། སློབ་དཔོན་གུ་ཧྱ་པ་ལ་སློབ་མ་གྲུབ་པ་ཐོབ་པ་མང་དུ་བྱུང་བའི་གཙོ་བོ་ལྷག་པར་གྲགས་ཆེ་བ་ནི། སློབ་དཔོན་ཨནྟར་པ་སྟེ་ཨནྟར་ཙརྱ་ཞེས་ཟེར། དེ་ཉིད་བོད་སྐད་དུ་བསྒྱུར་བ་བར་མའི་སློབ་དཔོན་ནོ། །མཚན་དངོས་བྀ་ཛ་ཡ་རཀྵི་ཏ་རྣམ་རྒྱལ་སྲུང་བ་སྟེ། དེ་ལ་ཞེས་སྦྱར་བས་རྣལ་རྒྱལ་ཞབས་ཟེར་རོ། །སློབ་དཔོན་འདི་ནི་དཔལ་ནཱ་ལན་དར། རིག་པའི་གནས་ལྔ་ལ་མཁས་པར་བྱས་ཤིང༌། གསང་སྔགས་ཀྱི་རྒྱུད་སྡེ་ཡང་མང་དུ་ཤེས་པ་ཅིག་གོ །དེ་ནས་སློབ་དཔོན་གུ་ཧྱ་པ་ལ་དད་པ་རྙེད་ནས། དེའི་དྲུང་དུ་རྣལ་འབྱོར་པ་མཛད། དཔལ་འཁོར་ལོ་སྡོམ་པའི་དོན་བསྒོམ་ཞིང་བཞུགས། ལན་ཅིག་ལམ་ཅིག་ལ་


TNT17_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བཞུད་པས། གྲོང་ཁྱེར་ཞིག་གི་མཐའ་ན་སྔར་གདོལ་པའི་ཁྱིམ་ཞིག་ཡོད་པ། སྐབས་དེར་ཁང་བཟང་རྒྱ་དཔངས་ཆེན་པོ་ཡོད་པ་ཅིག་ཏུ་སོང་འདུག །དེའི་ཁང་ཐོག་མདའ་ཡབ་ཀྱི་ཕག་ནས་བུད་མེད་བཟང་མོ་ཞིག་རིབ་ཙམ་རིབ་ཙམ་བལྟ་ཞིང༌། ཡུལ་ཨོ་ཏྲེ་ཞེས་པ་ན་ཆང་འཚོང་མ་ནག་མོ་ཞེས་བྱ་བའི་ཁྱིམ་ན། ཆོས་ཀྱི་གླེགས་བམ་ཞིག་འདུག་པ་ཁྱོད་ཀྱིས་ལོང་ཞེས་ཟེར་བ་གསན་པས། དེ་མ་ཐག་ཆས་ནས་རིམ་གྱིས་ཡུལ་ཨོ་ཏྲེར་བྱོན་ནོ། །དེ་ན་ཆང་འཚོང་མ་ནག་མོ་བྱ་བ་ཡོད་དམ་བྱས་པས་ཡོད་ཟེར། ཁྱིམ་རྩད་བཅད་དེ་དེར་ཞུགས་ནས་གླེགས་བམ་ཡོད་མེད་དྲིས་པས་མེད་ཟེར། ཁྱིམ་དེ་ཡང་ཆུང་ངུ་ངན་པ་ཅིག་ལ་སྟེང་འོག་ཀུན་ཏུ་བཙལ་ཡང་མ་མཐོང་ངོ༌། །དེ་ནས་དེའི་སྒོ་དྲུང་དུ་བཞུགས་ཏེ་ཞག་ཤས་ཤིག་སོང་བ་ན། ཉིན་ཅིག་ཆང་འཚོང་མ་ཏེ་ཕྱིར་སོང༌། རང་ཉིད་ཆང་མང་པོ་འཐུངས་པས་ར་རོ་སྟེ། སྲང་ཁར་གཉིད་དུ་སོང༌། ཇི་ཞིག་ན་དེ་བློ་རྡོལ་གྱི་ཚུལ་དུ་ཁྲོ་བོ་ཆེན་པོ་སྒོ་གོང་ན་ཡོད་ཟེར། དེར་སྒོ་སྟེང་བྲུས་ཏེ་བཙལ་བས་གཏུམ་པོ་ཁྲོ་བོ་ཆེན་པོའི་རྒྱུད་ཀྱི་གླེགས་བམ་བྱུང་ངོ༌། །དེ་ཉིད་སྤྲུལ་པར་ཤེས་ནས་གསོལ་བ་བཏབ་ཀྱང༌། དངོས་སུ་ལན་ཅང་མ་བྱུང༌། རྨི་ལམ་དུ་ལོ་བདུན་ནས་སྟོན་པར་འགྱུར་གསུང་བ་བྱུང་བས། གླེགས་བམ་སྤྱན་དྲངས་ཏེ་མ་ག་དྷར་བྱོན། ཕྱིས་ལོ་བདུན་ན་རྡོ་རྗེ་མཁའ་འགྲོ་མ་མངོན་སུམ་དུ་བྱོན་ནས་བྱིན་གྱིས་བརླབས་ཤིང་རྒྱུད་དེ་ཡང་གཞན་ལ་སྟོན་པའི་སྣང་བ་སྩལ་ལོ། །དེ་ནས་ལན་ཅིག་དུར་ཁྲོད་བསིལ་བའི་ཚལ་དུ་བསྒོམས་པས་ཧེ་རུ་ཀ་ཞལ་གཟིགས་ཤིང༌། ནུས་པ་ཐོབ་པའི་རྣལ་འབྱོར་པ་ཆེན་པོར་གྱུར་ཏོ། །


TNT17_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་རིམ་པས་བསྒོམས་པས། རྒྱུད་དང༌། སྔགས་དང༌། ཡེ་ཤེས་ཀྱི་རིམ་པའི་རྟོགས་པ་རྫོགས། འཁོར་མང་པོ་དང་བཅས་ནས་བྷང་ག་ལ་དང༌། མ་ག་དྷར་ཕར་འགྲོ་ཚུར་འགྲོ་མཛད་ཅིང༌། སྤྲོས་བཅས་དང༌། སྤྲོས་མེད་ཀྱི་རིག་པའི་བརྟུལ་ཞུགས་ཅི་རིགས་པ་མཛད་པ་ན། དུས་ལན་ཅིག་མ་ག་དྷིས་ཡུལ་གྱི་མཐའ་གྲོང་ཁྱེར་ཁ་བ་ཙ་ཟེར་བ་ཅིག་ཏུ། རྒྱལ་པོའི་བློན་པོ་ཞིག་གིས་ལྷ་ཁང་བཞེངས་ཤིང༌། དེ་ལ་རབ་གནས་ཞུས་པས་ཟླ་བ་ཉ་བ་ཞིག་ལ་རབ་གནས་མཛད། ཉི་མ་དེ་ཀ་ལ་ནུབ་ཕྱོགས་སིནྡྷུའི་ཡུལ་དུ་ཀླ་ཀློའི་རྒྱལ་པོ་བཏུལ་པ་ཡིན། སྐུ་ལུས་ཀྱི་བཀོད་པ་གཉིས་དུས་གཅིག་ཏུ་བསྟན་པའོ། །དེ་ཡང་སིནྡྷུའི་ཡུལ་དུ་ཀླ་ཀློའི་རྒྱལ་པོ་ཞིག་གསར་དུ་བཞུགས། ཡུལ་དེ་ན་དགེ་སློང་ལྔ་བརྒྱ་ཙམ་གནས་པའི་གཙུག་ལག་ཁང་ནོར་བུ་སྦས་པའི་མིང་ཅན་ཞིག་ཡོད། རྒྱལ་པོ་དེས་དེ་འཇོམས་པར་འདོད་པ་ན་དེར་གནས་པའི་དགེ་སློང་ཕལ་ཆེར་ནི་བྲོས། ནང་པར་ཀླ་ཀློའི་རྒྱལ་པོ་དེ་རིང་ཡོང་རྒྱུའི་དེའི་ནུབ་མོ་ཁྱིམ་ཆུང་ཞིག་ན་ཕྱོགས་ནས་འོངས་པའི་རྣལ་འབྱོར་པ་ཅིག་འདུག །ནམ་ཕྱེད་ན་དེར་རོལ་མོའི་སྒྲ་བྱུང་བས། དེར་སྡོད་མཁན་བཙུན་པ་ཅིག་གིས་སྒོ་གསེང་ནས་བལྟས་པས། བུད་མེད་གཟུགས་དང་རྣམ་འགྱུར་སྣ་ཚོགས་ཅན་མང་པོ་རྣལ་འབྱོར་པ་དེ་ལ་མཆོད་པ་བྱེད་པར་མཐོང་ངོ༌། །དེ་ལ་ཁྱེད་ནུས་པ་ཐོབ་པར་འདུག་པས་མ་རུངས་པའི་རྒྱལ་པོ་འདུལ་བར་ཞུ་ཞུས་པས། ངས་དེ་འདུལ་བའི་སྐལ་བ་མེད། སློབ་དཔོན་ཨནྟར་པ་སྤྱན་དྲངས་ཀྱི་ཟེར། རྒྱལ་པོ་སང་ཉིན་འོང་ན་དེས་མི་ཕན་བྱས་པས། ངས་ད་ལྟ་སླེབ་འོང་ཟེར། དེ་རྐང་མགྱོགས་གྲུབ་པ་ཡིན། དེ་ནས་ནམས་ལངས་


TNT17_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ན་སློབ་དཔོན་ཨནྟར་པ་འཁོར་བཅས་དེར་བྱུང་ངོ༌། །དེ་ནས་ཉི་མ་ཤར་བ་ན་རྒྱལ་པོ་གླང་པོ་ཆེ་ལ་ཞོན་འཁོར་དང་བཅས་པ་དེར་འོངས། སློབ་དཔོན་གྱིས་གླང་པོ་ཆེ་ལ་ལྟ་སྟངས་མཛད། གླང་པོ་ཆེའི་སྣ་དང་མཆེ་བ་ས་ལ་ལྷུང༌། གླང་པོ་ཆེའི་འབྲོགས་པས་ཀླ་ཀློའི་རྒྱལ་པོ་ཡང་ས་ལ་ལྷུང༌། ཡང་ལྟ་སྟངས་མཛད་པས་རྒྱལ་པོ་དང་དམག་མི་དཔའ་བོ་ཐམས་ཅད་ལྐུགས་ཤིང་རེངས་པར་གྱུར། དཔུང་གཞན་རྣམས་བྲོས་སོ། །དེ་ནས་དམག་མི་དཔའ་བོ་དེ་རྣམས་ཀྱི་ནང་ནས། ཕལ་ཆེར་གྱིས་སློབ་དཔོན་གྲུབ་པ་ཐོབ་པར་ཤེས། གུས་པ་བྱས་པས་རེངས་པ་ལས་གྲོལ་ལོ། །ཡང་ལྟ་སྟངས་མཛད་པས་གླང་པོའི་སྣ་དང་མཆེ་བ་འབྱོར། རྒྱལ་པོ་ནི་གསོ་བའི་སྐལ་བ་མེད་གསུང་སྟེ་དུས་ལས་འདས་སོ། །དེ་ནས་མི་རིང་བར་རྒྱལ་པོ་གཤིན་རྗེ་ཞེས་བྱ་བ་ཆོས་དང་ལྡན་པ་ཅིག་གིས་རྒྱལ་སྲིད་དེ་བླངས་སོ། །སློབ་དཔོན་འདིས་ཕལ་ཆེར་འཁོར་ལོ་སྡོམ་པའི་སྒོ་ནས་འགྲོ་བའི་དོན་མཛད། གྲུབ་ཐོབ་ཏིལླི་པའི་རྩ་བའི་བླ་མ་ཡང་འདི་ཡིན། མཐར་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་སྤྱད་པས་གསང་རིམ་མཐར་ཕྱིན། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པའོ། །གཞན་ཡང་སློབ་དཔོན་ནག་པོ་སྤྱོད་པ་ཆུང་བ་དང༌། བྷུ་བ་རི་པ་དང༌། བྷུ་པ་བློ་ལྡན་ལ་སོགས་པ་དང༌། ཀུ་ས་ལ་བྷ་དྲ་ཆུང་བ་ནས་བརྩམས་ཏེ། ད་ལྟའི་བར་དུ་ཡང་ཙརྱ་པའི་སྡེ་མ་སྟོངས་པར་ཡོད་དོ། །དེ་དག་གི་ལོ་རྒྱུས་ཅི་རིགས་པ་ནི་གཞན་དུ་ཤེས་པར་བྱའོ། །འདིར་སྨྲས་པ། བླ་མེད་བདེ་བས་སྲིད་གསུམ་ཁྱབ་མཛད་


TNT17_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

པ། །དངོས་གྲུབ་མཆོག་བརྙེས་རྣམས་ཀྱི་གཏམ་འདི་མཚར། །རང་བསྟོད་ཙམ་གྱི་རྫུ་རླབས་འཕྲེང་བ་ལ། །རྡཽམ་བརྗིད་ཆེན་པོར་རློམ་པ་བཞད་གད་གནས། །སྤྱོད་པའི་རྡོ་རྗེ་སློབ་མའི་ཚོགས་བཅས་པའི། །གཏམ་རྒྱུད་ཡིད་ཆེས་རུང་བ་འདིར་བཤད་ཀྱི། །འདི་ལས་བསོད་ནམས་ཕུང་པོ་ཅི་ཐོབ་པ། །དེས་ནི་ཧེ་རུ་ཀ་དཔལ་གནས་ཐོབ་ཤོག །སློབ་དཔོན་ཆེན་པོ་སྤྱོད་འཆང་དབང་པོའི་རྣམ་པར་ཐར་བ་ངོ་མཚར་སྙན་པའི་སྒྲ་དབྱངས་ཞེས་བྱ་བ་འདི་ཡང༌། རང་དང་ལྷན་ཅིག་སྤྱོད་པ་ཀུན་དགའ་དཔལ་བཟང་གིས་ཡང་ཡང་བསྐུལ་ནས། ཏཱ་ར་ནཱ་ཐས་བར་སྐབས་སུ་ངེས་པར་བརྗོད་པའོ། །རང་ལོ་ང་བརྒྱད་པ་ལ་བྲིས་པ་ཡིན། གཅིག་ཞུས། མངྒ་ལཾ།། །།བདག་གིས་དགེ་བ་གང་བསགས་འདི་ཡིས་ནི། །སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པ་དང༌། །གནས་སྐབས་མཐར་ཐུག་ཕན་བདེ་མཆོག་སྤེལ་བའི། །བླ་ན་མེད་པའི་རྒྱུ་ཚོགས་ཉིད་གྱུར་ཅིག། །།


previousསློབ་དཔོན་ཆེན་པོ་སྤྱོད་འཆང་དབང་པོའི་རྣམ་ཐར་ངོ་མཚར་སྙན་པའི་སྒྲ་དབྱངས།next