Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
སྒྲུབ་གནས་སྐྱིད་ཕུག་བདེ་ལྡན་གྱི་གནས་བཤད།
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲུབ་གནས་སྐྱིད་ཕུག་བདེ་ལྡན་གྱི་གནས་བཤད།next

སྒྲུབ་གནས་སྐྱིད་ཕུག་བདེ་ལྡན་གྱི་གནས་བཤད།


TNT17_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་གནས་སྐྱིད་ཕུག་བདེ་ལྡན་གྱི་གནས་བཤད་བཞུགས།


TNT17_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔལ་ལྡན་དུས་ཀྱི་འཁོར་ལོ་དང༌། །རྡོ་རྗེ་ཕག་མོ་རྣལ་འབྱོར་མ། །མཐུ་སྟོབས་དབང་ཕྱུག་བིརྺ་པ། །ཆོས་སྐུ་ཀུན་བཟང་གཉིས་པ་ནི། །ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་སོགས། །ཆོས་རྗེ་ཡབ་སྲས་རྣམ་བཞི་ཡི། །ཞབས་ཀྱི་པད་མོ་ལ་བཏུད་དེ། །འདིར་ཚོགས་རྣམས་ལ་བྱིན་གྱིས་རློབས། སྒྲུབ་གནས་སྐྱིད་ཕུག་བདེ་ལྡན་འདིའི་ཆེ་བའི་དབང་དུ་བྱས་ན། ཤེས་རབ་ཨེ་ཡིག་ཆོས་ཀྱི་འབྱུང་གནས་མཆོག །ཝཾ་ཡིག་བདེ་བ་ཆེ་དང་མཉམ་སྦྱོར་བ། །ཟུང་འཇུག་ཡེ་ཤེས་མཚོན་པའི་བརྡ་ཐབས་ཅན། །གནས་ཀྱི་བཀོད་པ་ངོ་མཚར་རྨད་དུ་བྱུང༌། །ལྷུན་སྟུག་བྲག་རི་ཡངས་ཤིང་མཐོ་བ་ནི། །རྣམ་དག་ལྟ་བ་མཐོ་ཞིང་ཡངས་པ་མཚོན། །དེ་ལ་བྱ་རྒྱལ་འཕུར་ལྡིང་རོལ་བ་ནི། །ཉམས་རྟོགས་ཡོན་ཏན་སྣ་ཚོགས་


TNT17_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་བའི་རྟགས། །རྩ་བ་མེ་ཏོག་འབྲས་བུའི་ཚལ་གྱིས་མཛེས། །རྟགས་དང་ཉམས་མྱོང་ཕྱོགས་མེད་ཤར་བ་མཚོན། །རི་དྭགས་ཚོགས་རྣམས་དགའ་ཞིང་རྩེ་བའི་གནས། །ཐུགས་རྗེ་ཆེན་པོས་འགྲོ་བ་སྐྱོང་བའི་རྟགས། །གསང་བ་ནམ་མཁའི་ཁམས་ཀྱི་ཕུག་པ་ནི། །རྡོ་རྗེ་ཕག་མོའི་གནས་མཆོག་པཱ་ཊ་ན། །རང་བྱུང་མཆོད་རྟེན་གནས་དང་མཚུངས་པ་སྟེ། །དུས་དང་དུས་ལ་བདུད་རྩིའི་དྲི་བཟང་འབྱུང༌། །དེ་ཡང་གཤིན་རྗེ་གཤེད་དམར་ནག་གི་རྒྱུད་ལས་གསུངས་པ། ཙེ་ཏྱ་པཱ་ཊ་ན་མཆོད་རྟེན་གྱི་གྲོང་ཁྱེར་ཞེས་ཀྱང་བྱ། དགྱེས་རྡོར་དང་ཁ་སྦྱོར་སོགས་ལས། ཙཱ་རི་ཏྲ་ཞེས་བཤད་པ། རྒྱ་གར་ལྷོ་ཕྱོགས་ན་འཕྲིན་ལས་ཀྱི་རྡོ་རྗེ་ཕག་མོའི་རང་བྱུང་གི་གནས་མྱོས་བྱེད་བཟང་པོའི་དྲི་རང་བྱུང་དུ་འཐུལ་བ་ཞིག་ཡོད་པ་ཡིན་ལ། དེ་


TNT17_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཚུངས་པར་གནས་མཆོག་དམ་པ་འདིར་ཡང༌། རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས་པའི་རང་བྱུང་གི་གནས་ཡིན་པའི་རྟགས་སུ་དུས་བཟང་ཅི་རིགས་པ་ལ་ནང་མཆོད་ཀྱི་དྲི་བཟང་པོ་རང་བྱུང་དུ་འཐུལ་བའི་རྣམ་པ་ད་ལྟ་ཡང་འབྱུང༌། དེ་ལ་གནས་འདིར་ཆོས་རྗེ་ཀུན་སྤངས་ཆེན་པོས། སྒྲུབ་གནས་ཀྱི་དགེ་མཚན་དུ་མ་ཡོད་པར་གཟིགས་ཏེ། དབྱར་དགུན་བཅུ་གསུམ་ཙམ་བཞུགས། དེ་རྗེས་ཡབ་སྲས་གཞན་གཉིས་ཀྱིས་ཀྱང་ཐོག་རེ་བཞུགས་ཤིང༌། དེ་ནས་ཀུན་སྤངས་ཆོས་གྲགས་དཔལ་བཟང་ལ་སོགས་པ་དུ་མས་རིམ་ཅན་དུ་བཞུགས། ཁྱད་པར་ཀུན་མཁྱེན་དུས་གསུམ་སངས་རྒྱས་ཀྱིས་ཀྱང་ལོ་གཉིས་བཞུགས་ཤིང༌། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཡོངས་སུ་རྫོགས་པའི་གཟབ་བཤད་ཐོག་མར་མཛད་པའི་གནས་ཡིན་ལ། ཡང་སྔོན་ཆོས་རྗེ་ཀུན་སྤངས་ཆེན་པོས་སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་དངོས་སུ་ཞལ་གཟིགས། ལམ་འབྲས་ཀྱི་འཁྲུགས་སྡེབ་པ་དང༌། རྡོ་རྗེའི་ཚིག་རྐང་གི་ཊཱི་ཀ་གྱིས་ཤིག་པར་ལུང་བསྟན་པ་ཡང་བརྙེས། ལམ་འབྲས་ཀྱི་བསྟན་བཅོས་རྣམས་ཀྱང་འདིར་མཛད་པར་གདའ་བས། སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པས་བྱིན་གྱིས་བརླབས་པའི་གནས་ཆེན་ཡང་ཡིན་ནོ། །ཞུས་དག །དགེ་ལེགས་འཕེལ། །


previousསྒྲུབ་གནས་སྐྱིད་ཕུག་བདེ་ལྡན་གྱི་གནས་བཤད།next