Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་མདོའི་འགྲེལ་བ།
   


 
previousཚེ་མདོའི་འགྲེལ་བ།next

ཚེ་མདོའི་འགྲེལ་བ།


TNT17_Page_1037
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་མདོའི་འགྲེལ་བ་བཞུགས་སོ།


TNT17_Page_1038
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མཚན་བརྒྱ་རྩ་བརྒྱད་པའི་གཟུངས་མདོར་གྲགས་པ་འདི་ལ། དོན་གསུམ་གྱི་གཏན་ལ་དབབ་པར་བྱ་སྟེ། ཐོག་མར་གླེང་གཞི་བཀོད་པ། བར་དུ་མདོ་སྡེའི་དངོས་པོ། མཐར་རྗེས་སུ་ཡི་རང་སྟེ་རྣམ་པ་གསུམ་མོ། །དང་པོ་ནི།འདི་སྐད་བདག་གིས་སོགས་ཏེ། འོག་ནས་འབྱུང་བའི་མདོ་སྡེ་འདི་སྐད་བསྡུད་པ་པོ་ཕྱག་ན་རྡོ་རྗེ་བདག་གིས། དོན་ཟབ་མོ་ནི་སངས་རྒྱས་ཉག་གཅིག་གི་ས་སྤྱོད་ཡུལ་ཡིན་པས་རྟོགས་པར་མ་གྱུར་ཀྱང༌། དེ་བཞིན་གཤེགས་པའི་བྱིན་རླབས་ཀྱི་སྟོབས་ཀྱིས། ཐོས་པའི་ཤེས་རབ་ཀྱིས་རྟོགས་པའི་དུས་གཅིག་ན་འདི་སྐད་གསུང་ངོ༌། །གསུང་བ་པོ་གང་ཞིག་ན་བཅོམ་ལྡན་འདས་ཏེ། མཐའ་ཡས་པའི་ཡོན་ཏན་གྱིས་ཉེ་བར་བརྒྱན་


TNT17_Page_1039
[མ་དཔེ་གཟིགས་ན་འདིར་གནོན།]

པ། སྟོན་པ་བླ་ན་མེད་པའི་སངས་རྒྱས་ཤཱཀྱ་ཐུབ་པའོ། །གནས་གང་དུ་ཅེ་ན། སྔོན་དྲང་སྲོང་གཉན་པ་དང་ཡོད་པ་ཞེས་བྱ་བས་བཟུང་བའི་བསྟི་གནས་ལ་ཕྱིས་གྲོང་ཁྱེར་དུ་གྱུར་པ་ནི་མཉན་ཡོད་དེ། རྒྱལ་པོ་ལ་སོགས་པ་ཡུལ་གྱི་གཙོ་བོ་རྣམས་ཀྱི་གནས་སྨོས་པའོ། །རྒྱལ་བུ་རྒྱ་ལ་བྱེད་ནི། རྒྱལ་པོ་གསལ་རྒྱལ་གྱི་ནུ་བོ་ཞིག་སྟེ། སྔོན་དེ་ཉིད་ཀྱི་སྐྱེད་མོས་ཚལ་ཡིན་ལ། ཕྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་གསེར་ས་གཞི་ཁེབས་པར་རིན་བཅལ་ཏེ་ཉོས་ནས་རྩ་བ་དང་མེ་ཏོག་དང་འབྲས་བུས་བརྒྱན་པའི་ཀུན་དགའ་ར་བའི་དབུས་སུ།གཙུག་ལག་ཁང་ཡངས་ཤིང་རྒྱ་ཆེ་བ་བཞེངས་པ་དེ་ནའོ། །འཁོར་གང་དང་ལྷན་ཅིག་ཏུ་ཐོས་ཞེ་ན། དགེ་སློང་སོགས་ཏེ། དགེ་སློང་ནི་མིང་གི་དགེ་སློང་དང༌། ཁས་འཆེས་པའི་དགེ་སློང་


TNT17_Page_1040
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། སློང་བའི་དགེ་སློང་དང༌། གསོལ་བ་དང་གཞིའི་ལས་ཀྱི་དགེ་སློང་དང༌། དོན་དམ་པའི་དགེ་སློང་དང་ལྔ་ལས། འདིར་ཁ་ཅིག་བཞི་པ་ཡང་ཡིན་ལ། ཐམས་ཅད་ཀྱང་དོན་དམ་པའི་དགེ་སློང་དགྲ་བཅོམ་པའོ། །དགེ་འདུན་ནི་འདུས་པ་སྟེ། དགྲ་བཅོམ་པ་འདུས་པ་ཉིད་ཀྱི་ཕྱིར། འདི་བས་མཆོག་ཏུ་གྱུར་པའི་འདུས་པ་མེད་པས་ན་དགེ་འདུན་ཆེན་པོའོ། །དེའི་གྲངས་ནི། བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་དགེ་སློང་སྟེ་འཁོར་གྱི་གཙོ་བོ་བྱང་ཆུབ་སེམས་དཔའ་ཡིན་ཡང་ཐོག་མར་ཉན་ཐོས་རྣམས་སྨོས་སོ། །དེ་ལ་ཉན་ཐོས་རྣམས་ནི། དེ་བཞིན་གཤེགས་པ་ཉིད་ཀྱི་བྱིན་རླབས་མ་གཏོགས་པ། སངས་རྒྱས་གཞན་གྱི་ཞིང་ཁམས་སུ་བགྲོད་པར་ནུས་པ་མ་ཡིན་པའི་ཕྱིར། དགེ་སློང་དེ་རྣམས་ནི། སྟོན་པ་ཤཱཀྱ་སེང་གེ་ཉིད་ཀྱི་ཐུན་མོང་མ་ཡིན་པའི་འཁོར་ཡིན་པའི་ཕྱིར་དང༌། དེ་སྐབས་ཀྱི་ཡུལ་རུང་བ་ན་གནས་པའི་མུ་སྟེགས་བྱེད་སོགས་སྐྱེ་བོ་ཕལ་བ་ཀུན་དང་ཡང་ཐུན་མོང་གི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར་ཐོག་མར་སྨོས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་དེ་ལས་ལྡོག་པའི་ཕྱིར་ཕྱིས་སྨོས་པའོ། །འགའ་ཞིག་རབ་བྱུང་དང་ཁྱིམ་པའི་ཁྱད་པར་ཞེས་སྨྲ་བ་དེ་ནི། རྒྱལ་སྲས་ཆེན་པོ་རྣམས་ཁྱིམ་པའོ་ཞེས་སྨྲ་བ་མི་བཟད་པའི་སྡིག་པ་སྒྲུབ་པར་བྱེད་པ་སྟེ། ཐེག་པ་ཆེན་པོ་ལས་ཕྱིར་ཕྱོགས་པའི་ཉན་ཐོས་སྡེ་བ་འགའ་ཞིག་གི་བློ་གྲོས་དང་མཚུངས་པའོ། །


TNT17_Page_1041
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་བྱང་ཆུབ་སེམས་དཔའ་ནི། སེམས་བསྐྱེད་པ་རྣམ་པ་གཉིས་ཀྱིས་རྒྱུད་ཕྱུག་པའོ། །སེམས་དཔའ་ཆེན་པོ་ནི། ཏིང་ངེ་འཛིན་དང་གཟུངས་དང༌། མངོན་པར་ཤེས་པ་དཔག་ཏུ་མེད་པ་དང་ལྡན་པ་སྟེ། རྡོ་རྗེའི་སྐུ་ཡིད་དང་མཚུངས་པ་ཐོབ་པའོ། །དེ་ཡང་རྒྱལ་བའི་སྲས་ཀྱི་གཙོ་བོ་འཇམ་དཔལ་ལ་སོགས་པ་རབ་ཏུ་མང་པོ་སྟེ། མཐའ་ཡས་པ་དག་དང་ཐབས་ཅིག་ཏུ་བཞུགས་སོ་ཞེས་པའོ། །དེ་ལ་འདི་སྐད་ཅེས་སོགས་ནི། ཆོས་ཕུན་སུམ་ཚོགས་པ། དུས་གཅིག་ན་ཞེས་པ་དུས་ཕུན་སུམ་ཚོགས་པ། བཅོམ་ལྡན་འདས་ནི་སྟོན་པ་ཕུན་སུམ་ཚོགས་པ། གཉན་ཡོད་ན་སོགས་ནི་གནས་ཕུན་སུམ་ཚོགས་པ། དགེ་སློང་བརྒྱ་ཕྲག་ཅེས་སོགས་ནི་འཁོར་ཕུན་སུམ་ཚོགས་པའོ། །གཉིས་པ་བར་དུ་མདོ་སྡེའི་དངོས་པོ་བཤད་པ་ལ། ཕ་རོལ་ཏུ་ཕྱིན་པའི་ཚུལ་དང་ཐུན་མོང་དུ་བཤད་པ་དང༌། སྔགས་ཀྱི་ཐུན་མོང་མ་ཡིན་པའི་དོན་སྟོན་ཚུལ་བཤད་པའོ། །དང་པོ་ལ་མཚམས་སྦྱོར་བ་དང༌། དོན་དངོས་སོ། །དང་པོ་མཚམས་སྦྱོར་བའི་ཚིག་ནི། དེ་ནས་དེའི་ཚེ་སོགས་ཏེ། འཁོར་བའི་སྡུག་བསྔལ་དང་ཉོན་མོངས་པ་དང༌། རྣམ་པར་སྨིན་པའི་ལུས་ཀྱི་རྩུབ་རེག་ཐམས་ཅད་བྲལ་བས་འཇམ་པ། རང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་དཔལ་དང་ལྡན་པས་ན་འཇམ་དཔལ། གཞོན་ནུའི་ས་ལ་གནས་པས་ན་གཞོན་ནུར་གྱུར་པ་སྟེ། དེ་


TNT17_Page_1042
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྒྱལ་པོའི་བུ་ཐུ་བོ་རྒྱལ་ཚབ་ལ་གནས་པ་ལ་གཞོན་ནུ་ཞེས་གྲགས་པ་ལྟར། ཆོས་ཀྱི་སྤྲིན་གྱི་ས་ལ་འོད་ཟེར་ཆེན་པོས་མངོན་པར་དབང་བསྐུར་བ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཡང་རྒྱལ་སྲས་ཐུ་བོ་དབང་བསྐུར་བ་བརྙེས་པ་ཡིན་པའི་ཕྱིར་གཞོན་ནུའི་ས་པ་ཞེས་བྱའོ། །ཡང་གཅིག་ཏུ་ན་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་རྟག་ཏུ་ཚངས་པར་སྤྱོད་པ་ལ་གནས་པ་དེ་ཡང་གཞོན་ནུའི་ས་པ་ཞེས་བྱའོ། །དེ་ལ་འདིར་གདུལ་བྱའི་དུས་མཁྱེན་ནས་ཞུ་བ་པོ་མེད་པ་ཉིད་དུ་ཡང༌། འཇམ་དཔལ་ལ་བཀའ་སྩལ་པའི་ཚུལ་གྱིས་འཁོར་རྣམས་ལ་སྟོན་པས་གསུངས་པའོ། །གཉིས་པ་དོན་དངོས་ལ། དོན་གྱི་གཙོ་བོ་མདོར་བསྟན་པ་དང༌། ཕན་ཡོན་གྱི་སྒོ་ནས་རྒྱས་པར་བཤད་པ་གཉིས་སོ། །དང་པོ་ལ། བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་ཞིང་ཁམས་དང༌། སྟོན་པ་ཉིད་ཀྱི་ཆེ་བ་དང༌། ཆོས་སྟོན་པ་དང༌། ཕན་ཡོན་དང་བཅས་པའི་གཟུངས་སྔགས་བསྟན་པའོ། །དང་པོ་ནི། འཇམ་དཔལ་སྟེང་གི་ཕྱོགས་ན་སོགས་ཏེ། སྟེང་གི་ཕྱོགས་འཇིག་རྟེན་གྱི་ཁམས་ཡོན་ཏན་དཔག་ཏུ་མེད་པ་ཞེས་བྱ་བ་ཞེས་པ་ལ། ཞིང་ཁམས་དེ་ནི་སྣོད་ཀྱི་འབྱོར་བའི་ཁྱད་པར་རིན་པོ་ཆེའི་རི་བོ་དང༌། དཔག་བསམ་གྱི་ཤིང་ལ་སོགས་པ་རིན་པོ་ཆེ་སྣ་བདུན་གྱི་ས་གཞི་དང༌། བདུད་རྩིའི་ཆུ་བོ་ལ་སོགས་པ་འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་ཕྱིར་དང༌། བཅུད་ཀྱི་ཡོན་ཏན་ཡང་ངན་འགྲོ་དང་


TNT17_Page_1043
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་ལོག་པ་དང༌། ཐེག་པ་དམན་པ་མེད་ཅིང༌། སྡུག་བསྔལ་གྱི་མིང་ཡང་མེད་ལ། དེར་སྐྱེས་པ་ཙམ་གྱིས་གཟུངས་དང་སྤོབས་པ་དང༌། མངོན་པར་ཤེས་པ་རྣམས་ཆོས་ཉིད་ཀྱིས་ཐོབ་པའི་ཕྱིར། ཞིང་ཁམས་དེ་ནི་ཡོན་ཏན་དཔག་ཏུ་མེད་པ་ཞེས་བྱ་ལ། རྒྱ་དཔེ་འགའ་ཞིག་ལས། ཨ་པ་ར་མི་ཏ་གུ་ཎ་པཉྩ་ཡཱ་ཞེས་འབྱུང་བ་ལྟར་ན་ཡོན་ཏན་དཔག་ཏུ་མེད་པ་བསྡུད་པ་ཞེས་བྱའོ། །གཉིས་པ་ནི། དེ་ན་དེ་བཞིན་གཤེགས་པ་སོགས་ཏེ། བདེན་པ་གཉིས་ཀྱི་ཆོས་ཇི་ལྟ་བ་བཞིན་དུ་མ་ནོར་བར་མཁྱེན་པས་སམ། ལམ་མ་ནོར་བར་སྟོན་པས་སམ། སྲོག་ཆགས་གྲོག་སྦུར་ལ་ཡང་འཇིགས་སྐྲག་བསྐྱེད་པར་མི་མཛད། སྡུག་བསྔལ་བསྐྱེད་པར་མི་མཛད་དེ་ཚུལ་ཇི་ལྟ་བ་བཞིན་དུ་སྤྱོད་པས་ན། དེ་བཞིན་གཤེགས་པ་སྟེ། གཤེགས་པ་ནི་རྟོགས་པ་དང་སྟོན་པ་དང་སྤྱོད་པའི་དོན་ནོ། །ཉོན་མོངས་པའི་དགྲ་རྣམས་བཅོམ་པ་དང༌། ཡང་དག་པ་སྟེ་ཕྱིན་ཅི་མ་ལོག་པར་ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་རྫོགས་པ་དང་ཚད་མཉམ་པའི་སྐྱོན་རྣམས་སངས་ཤིང་ཡོན་ཏན་ཐམས་ཅད་རྒྱས་པ། སྐུ་ཚེ་བསྐལ་པ་མཐའ་མེད་པའི་བར་དུ་བཞུགས་པ་དང༌། ཡེ་ཤེས་ཏེ་མངོན་པར་མཁྱེན་པ་ཟད་པ་མེད་པ་མངའ་བའི་ཕྱིར། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའོ། །ཤིན་ཏུ་རྣམ་པར་ངེས་པ་ནི་རིག་པའི་ལམ་རྣམ་པར་ངེས་པར་སྟོན་པའོ། །གཟི་བརྗིད་ནི་གང་གི་འོད་ཟེར་གྱིས་


TNT17_Page_1044
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་ཁམས་གཞན་ན་གནས་པའི་ངན་སོང་ཐམས་ཅད་སེལ་བར་བྱེད་པའི་ཕྱིར་རོ། དབང་དང་ལྡན་པས་རྒྱལ་པོའོ། །འདིར་ཨེ་ཏར་ཧི་ཏིཥྛ་ཏི་ཌྷི་ཡ་ཏ་ཡཱ་པ་ཡ་ཏི། ཞེས་འབྱུང་བ་ལོ་ཙཱ་བ་འགའ་ཞིག་གིས་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཞེས་བསྒྱུར་བ་ལྟར་ན། སྟོན་པའི་ཁྱད་ཆོས་སུ་སྦྱོར་དགོས་ལ། ཚེ་འཛིན་ཅིང་ཚེ་མཐར་ཕྱིན་པར་བཞེད་དེ། ཞེས་པ་ནི་པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་དང༌། ཀུན་སྤངས་ཆོས་གྲགས་དཔལ་དང༌། ལོ་ཙཱ་བ་བློ་གྲོས་དཔལ་གྱིས་བསྒྱུར་བ་རྣམས་ལ་ཡོད་དེ། དེའི་ལུགས་ལྟར་ན། ཆོས་སྟོན་པའི་ཁྱད་པར་ལ་སྦྱོར་རོ། །གསུམ་པ་ནི། བཅོམ་ལྡན་འདས་དེ་འཁོར་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པ་དང་བཅས་ཏེ་བཞུགས་ལ། སྔོན་གྱི་སྨོན་ལམ་དང་ཐུགས་བསྐྱེད་པ་དང༌། ཞིང་སྦྱོར་བ་ཁྱད་པར་ལས། དེ་ལྟར་མཚན་ཐོས་པ་ཙམ་དང༌། འོད་ཟེར་རེག་པ་དང༌། དེའི་གསུང་གི་ཆོས་ཐོས་པ་དང༌། དེ་བཞིན་གཤེགས་པ་དེ་ཡིད་ལ་བྱས་པ་ཐམས་ཅད་མཆོག་ཏུ་ཚེ་རིང་བར་འགྱུར་བའོ། །དེ་འདྲ་ནི་སྤྱིར་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཡང་ཡིན་མོད། གདུལ་བྱ་རྣམས་ཚེ་སྤེལ་བའི་འཕྲིན་ལས་ཀྱི་སྒོ་ནས། རྒྱལ་བ་གཞན་ལས་ཀྱང་རྒྱལ་བ་འདི་ཉིད་ཆེས་ཁྱད་པར་དུ་བསྔགས་པ་ཡིན་ནོ། །དེ་བས་ན་མ་ལུས་པའི་སེམས་ཅན་རྣམས་ཀྱི་ཚེ་འཛིན་པ་སྟེ། ཚེ་སྲོག་བརྟན་པར་གནས་པ་དང༌།


TNT17_Page_1045
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་མཐར་ཕྱིན་པ་སྟེ་ཕྱིར་ཞིང་ཡང་ཡང་ཚེ་འཕེལ་བས་མཐར་ཕྱིན་པར་བྱེད་པའི་ཕྱིར། ཚེ་ཚད་ལ་བར་ཆད་མེད་ཅིང་བརྟན་པ་དང༌། ཚད་ལས་ཀྱང་ལྷག་པར་གནས་པར་འགྱུར་བའི་ཐབས་ཀྱི་སྒོ་རྣམ་གྲངས་དུ་མ་དང་བཅས་པའི་ཆོས་ཀྱང་སེམས་ཅན་རྣམས་ལ་སྟོན་ཅིང་བཞུགས་སོ། །དེ་ཡང་ཞིང་ཁམས་དེ་ཉིད་ཁོ་ནར་མ་ཟད་རྣམ་པར་འཕྲུལ་བ་མཐའ་ཡས་པས། འཇིག་རྟེན་གྱི་ཁམས་གཞན་མཐའ་ཡས་པར་ཡང་ཆོས་སྟོན་པའོ། །ཅི་ཞིང་ཁམས་དེ་ན་བཞུགས་པའི་རྒྱལ་བ་དེ་ཡང་མཆོག་གི་སྤྲུལ་པའི་སྐུ་ཡིན་ཞེ་ན། དེ་ཁོ་ན་ཏེ་ཞིང་ཁམས་དམིགས་གསལ་ཅན་དུ་ངེས་པ་དང༌། སྐུ་ཚེ་དང༌། འོད་དང༌། ཆོས་སྟོན་པ་རྣམས་དམིགས་གསལ་ཅན་གྱི་ཁྱད་ཆོས་དང་བཅས་པའི་ཕྱིར་རོ། །དེས་ན་འདིར་ནི་དེ་ལོངས་སྐུའོ་ཞེས་ཁ་ཅིག་འདོད་པ་ནི། སྐུ་གསུམ་གྱི་རྣམ་གཞག་མི་ཤེས་པའི་རྣམ་འགྱུར་རོ། །སྤྱིར་ནས་སངས་རྒྱས་ཐམས་ཅད་ཀྱི་ལོངས་སྤྱོད་རྫོགས་སྐུ་ནི་གཅིག་ཏུ་ཡང་འདྲེས་ལ་རྣམ་པ་ཐམས་ཅད་པར་ཡང་འཆར་པ་ནི་ནམ་དུ་ཡང་འགྲོངས་པ་མི་མངའ་བའི་ཕྱིར། རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བར་གསུངས་པ་ཡང་ཡིན་མོད་དེ་ངེས་པའི་དོན་ཁོ་ནའི་སྐབས་ཡིན་པས་སྐབས་འདིར་བཤད་པ་དང་མི་འདྲའོ། །དེ་ལྟར་ན་བཅོམ་ལྡན་འདས་ལོངས་སྐུ་དེ་ཡང་བདག་ཉིད་རྟག་པའི་ཕྱིར། ཚེ་འཛིན་པ་དང༌། རྟག་པ་དེ་ཡང་ཡོན་ཏན་མཐའ་ཡས་པ་དང་ལྡན་


TNT17_Page_1046
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། ཚེ་མཐར་ཕྱིན་པ་ཡིན་ལ། སེམས་ཅན་ཐམས་ཅད་ཀྱང་དེ་ལྟ་བུའི་གོ་འཕང་ལ་འགོད་པར་བཞེད་པའི་ཕྱིར། ཚེ་འཛིན་ཅིང་ཚེ་མཐར་ཕྱིན་པར་བཞེད་པའོ། །ཞེས་སངས་རྒྱས་ཀུན་གྱི་སྤྱི་གཟིགས་དེ་ལ་ཡང་ཡོན་ཏན་དེ་འགྲིག་པར་ནི་འགྱུར་རོ། །དེ་ལྟར་ཡང་མགོན་པོ་བྱམས་པས། རྒྱུ་མཐའ་ཡས་དང་སེམས་ཅན་ཟད་མེད་དང༌། །བརྩེ་དང་འཕྲུལ་དང་མཁྱེན་དང་ཕུན་ཚོགས་ལྡན། །ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་དང༌། །ངོ་བོ་མེད་ཕྱིར་འཇིག་རྟེན་མགོན་པོ་རྟག །ཅེས་གསུངས་ཏེ། གཟུགས་ཀྱི་སྐུ་རྒྱུན་མི་ཆད་པས་རྟག་པ་དང༌། ཆོས་ཀྱི་སྐུ་རང་བཞིན་གྱིས་རྟག་པ་ཞེས་བྱ་བ་འདི་ནི་ངེས་པའི་དོན་ནོ། །བཞི་པ་ལ་ཐོག་མ་གཟུངས་ཀྱི་ཕན་ཡོན་ནི། འཇམ་དཔལ་གཞོན་ནུར་གྱུར་པ་ཉོན་ཅིག །ཅེས་པ་ལ་སོགས་པ་སྟེ། འཛམ་བུ་གླིང་འདིའི་མི་རྣམས་ཞེས་པ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་པའི་གནས་སྐབས་ནའོ། །ཕལ་ཆེར་ཞེས་པ་ནི་ཚེ་ཚད་ཚེ་ལོ་བརྒྱ་པ་ཡིན་ཡང༌། ཕལ་ཆེར་ཚད་ལ་མི་གནས་པའོ། །དུས་མ་ཡིན་པར་འཆི་བ་ནི། དེ་བཞིན་གཤེགས་པ་བདུན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་ལས་འབྱུང་བ་བཞིན་ཏེ། དང་པོ་ནད་དང༌། གཉིས་པ་རྒྱལ་པོའི་ཆད་པ་དང༌། གསུམ་པ་བག་མེད་པའི་རྒྱུས་མི་མ་ཡིན་པས་མདངས་འཕྲོག་པ་དང༌། བཞི་པ་མེ་དང༌། ལྔ་པ་ཆུ་དང༌། དྲུག་


TNT17_Page_1047
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྲོག་ཆགས་དང༌། མཚོན་ཆ་གཅིག་ཏུ་སྡོམས་པ་དང༌། བདུན་པ་གཡང་དུ་ལྷུང་བ་དང༌། བརྒྱད་པ་དུག་དང་བྱད་ཐེམས་སོགས་གཅིག་ཏུ་སྡོམས་པ་དང༌། དགུ་པ་ཟས་སྐོམས་མ་རྙེད་པའི་རྒྱུ་ལས་བྱུང་བ་སྟེ་རྣམ་གྲངས་དགུའོ། །དེ་ལ་མི་འགྲོ་བ་གང་དག་བདེ་བའི་དུས་ན། མདོ་སྡེ་འདི་རང་ཉིད་ཡི་གེར་འབྲི་འམ། གཞན་འབྲིར་འཇུག་གམ། མིང་སྟེ་མཚན་གྱི་གཟུངས་སྔགས་ཙམ་ཉན་ནམ། གླེགས་བམ་ཁྱིམ་དུ་འཆང་བ་སྟེ་ཁྱིམ་དུ་འཇོག་གམ། ཚིག་བློ་ལ་བཟུང་ནས་བརྗོད་པར་བྱེད་དམ། གླེགས་བམ་ཀློག་པར་བྱེད་དམ། གླེགས་བམ་དང་སྐུ་གཟུགས་ལ་ཉིན་རེ་བཞིན་རྟག་ཏུ་མཆོད་པར་བྱེད་ན། ཐོག་མའི་ཚེ་ཚད་ལོ་བརྒྱའི་བར་དུ་བར་ཆད་མེད་ཅིང་བརྟན་པར་གནས་ལ། དེ་ཟད་པ་ལས་སླར་ཡང་ལོ་བརྒྱ་འཕེལ་ཞིང་ཐུབ་སྟེ། ཚེ་མཐར་ཕྱིན་པར་འགྱུར་རོ། །འཇམ་དཔལ་སེམས་ཅན་ཞེས་སོགས་ལ་གུས་པས་ཡི་གེར་འབྲི་སོགས་ཀྱི་ཕན་ཡོན་བཤད་ནས། དེར་མ་ཟད། འཇམ་དཔལ་སེམས་ཅན་གང་དག་ཅེས་སོགས་ཐོག་མ་ཉིད་ནས་དད་པས་བདག་ཉིད་ཀྱིས་གླེགས་བམ་འབྲི་བ་སོགས་ཆེད་དུ་བསམ་བཞིན་པས་བརྩམས་པ་ཡང་མ་ཡིན། ཉིན་རེ་བཞིན་འདོན་པ་སོགས་མ་ཡིན་ཀྱང༌། གློ་བུར་དུ་བླ་མ་དམ་པ་ལས་གཟུངས་འདི་ཐོས་པར་གྱུར་པ་དེ་དག་ཀྱང༌། ཚེའི་བར་ཆད་ཞི་ཞིང་ཚེ་འཕེལ་བར་འགྱུར་རོ། །


TNT17_Page_1048
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གང་ཚེ་ཡོངས་སུ་ཟད་པ་སོགས་ལ་ཚེ་ཡོངས་སུ་ཟད་ཀར་མཚན་གྱི་གཟུངས་སྔགས་འདི་འཆང་བ་སྟེ་བཟླ་བར་བྱེད་པ་ན། དེ་མ་ཐག་ཚེ་འཕེལ་ཏེ་ལོ་མང་པོར་གནས་པ་ཡང་ཡོད་དོ། །དེ་རྣམས་ཀྱི་དོན་བསྡུས་པ་ནི། འཇམ་དཔལ་དེ་ལྟ་བས་ན་སོགས་ཏེ། འདི་དག་གོ་ཞེས་པ་ནི་གོང་དུ་བསྟན་པ་དེ་དག་གོ །གཉིས་པ་གཟུངས་དངོས་ནི། ཨོཾ་ན་མོ་སོགས་དེ་ཨོཾ་ནི་སྔགས་ཀྱི་འགོ་འདྲེན་པ་སྟེ། རྡོ་རྗེ་རྩེ་མོ་ལས། ཡི་གེ་ཨོཾ་ནི་ཅི་ཡིན་བརྗོད། མཆོག་དང་ནོར་གཏེར་དཔལ་དང་གཡང༌། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྙིང་པོ་ཡིན། །ཞེས་གསུངས་ཏེ། མཆོག་ནི་དངོས་གྲུབ་བོ། །ནོར་ནི་ལོངས་སྤྱོད་དོ། །དཔལ་ནི་དབང་ཕྱུག་གོ །གཏེར་ནི་ལོངས་སྤྱོད་ཀྱི་རྒྱུ་བསོད་ནམས་སོ། །གཡང་ནི་ལུས་སེམས་བདེ་བ་མྱོང་བ་སྟེ། ཨོཾ་གྱི་མཐུ་ལས་དེ་དང་དེ་དག་སྒྲུབ་པར་བྱེད་དོ། །ངེས་པའི་དོན་དུ་ནི་མཆོག་ལ་སོགས་པ་ལྔ་པོ་ཡེ་ཤེས་རྣམ་པ་ལྔའོ། །ཨོཾ་དང་ལྡན་པའི་དོན་མཐར་ཕྱིན་པར་འགྱུར་བ་ནི། དམ་བཅའ་བ་སྟེ་མི་འགྱུར་བའི་དོན་ནོ། །ཨོཾ་དང་ཨ་ཐ་ནི་བཀྲ་ཤིས་པའི་དོན་དུ་བརྗོད་དོ། །ཞེས་ཀྱང་རབ་ཏུ་གྲགས་སོ། །རིགས་སྔགས་ཀྱི་ནོར་བུ་འཛིན་པ་ཞེས་ཀྱང་བྱ་སྟེ། སྔགས་འབྲུ་གཞན་ཐམས་ཅད་ཀྱི་ནུས་པ་དགེ་ཞིང་བཀྲ་ཤིས་པར་བསྒྱུར་བར་བྱེད་པ་སྟེ། ངེས་པའི་དོན་དུ་ནི། དེ་བཞིན་གཤེགས་པའི་སྙིང་པོ་


TNT17_Page_1049
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་དགེ་བ་ཉིད་མཚོན་པར་བྱེད་ཅིང༌། དེས་སྔགས་སྤྲུལ་ཞིང་འདི་བཟླས་པས་རྟོགས་པར་བྱེད་པའོ། །ན་མོ་ནི་ཕྱག་འཚལ་བའོ། །བྷ་ག་ནི་བཅོམ་ལྡན་འདས་སོ། །ཨ་པ་ར་མི་ཏ་ནི་དཔག་ཏུ་མེད་པ། ཨཱ་ཡུར་ཛྙཱ་ན་ནི་ཚེ་དང་ཡེ་ཤེས། སུ་བི་ནི་ཤྩི་ཏ་ནི་ཤིན་ཏུ་རྣམ་པར་ངེས་པ། ཏེ་ཛོ་རཱ་ཛ་ནི་གཟི་བརྗིད་ཀྱི་རྒྱལ་པོ། ཏ་ཐཱ་ག་ཏ་ཡ་ནི་དེ་བཞིན་གཤེགས་པ་ལ། ཨར་ཧ་ཏེ་ནི་དགྲ་བཅོམ་པ་ལ། སམྱཀ་ནི་ཡང་དག་པར། སམ་བུདྡྷཱ་ཡ་ནི་རྫོགས་པའི་སངས་རྒྱས་ལ་ཞེས་སོ། །དེ་དག་ནི་ཕྱག་འཚལ་བའི་སྔགས་སོ། །ཏདྱ་ཐཱ་ནི་འདི་ལྟ་སྟེ། ཨོཾ་ནི་སྔར་བཞིན། པུཎྱེ་གཉིས་ནི་བསོད་ནམས་ལན་གཉིས། མཧཱ་པུཎྱེ་ནི་བསོད་ནམས་ཆེན་པོ། ཨ་པ་ར་མི་ཏ་པུཎྱེ་ནི་དཔག་ཏུ་མེད་པའི་བསོད་ནམས་ཏེ། དེ་ལྟར་བསོད་ནམས་ཞེས་པ་རྣམས་ལ། རྒྱ་སྐད་དུ་མོ་རྟགས་ཡོད་པ་ནི་འདི་གསང་སྔགས་དང་གཟུངས་སྔགས་གཉིས་ཀྱི་ཟླས་ཕྱེ་བའི་གཟུངས་སྔགས་ཡིན་པའི་དོན་གྱི་སྟེ། ཤེས་རབ་ཀྱི་ཕྱོགས་ཀྱི་སྔགས་མཚོན་པ་ཡིན་ལ། ལྷ་མོའི་རྣམ་པ་སྟོན་པར་ནི་མ་ངེས་སོ། །ཛྙཱ་ན་ནི་ཡེ་ཤེས། སམྦྷ་རོ་པ་ཙི་ཏེ་ནི་ཚོགས་ཉེ་བར་བསགས་པ། ཙི་ཏེ་ཞེས་པའི་མོ་རྟགས་ཀྱང་གོང་བཞིན་ནོ། །ཨོཾ་ནི་སྔར་བཞིན། སརྦ་ནི་ཐམས་ཅད། སཾ་སྐཱ་ར་ནི་འདུ་བྱེད། པ་རི་ཤུདྡྷ་ཡོངས་སུ་དག་པ། དྷརྨ་ཏེ་ནི་ཆོས་ཉིད། ག་ག་ན་


TNT17_Page_1050
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ། ས་མུད་ག་ཏེ་ཡང་དག་པར་འཕགས་པ། སྭ་བྷཱ་ཝ་རང་བཞིན། བི་ཤུདྡྷེ་རྣམ་པར་དག་མ། མཧཱ་ན་ཡ་ཚུལ་ཆེན་པོ། པ་རི་ཝ་རེ་ཡོངས་སུ་སྐོར་མ་སྟེ་ཀུན་ཏུ་ཁྱབ་པའོ། །སྭཱཧཱ་ནི་གཞི་ཚུགས་ཤིག་པ་སྟེ་རིག་སྔགས་གྲུབ་པར་གྱུར་ཅིག་པའོ། དེ་ལ་མཚན་སྔགས་ཀྱི་དོན་ནི་གོང་དུ་བཤད་ཟིན་ལ། འདི་ལྟ་སྟེ་ཞེས་པ་ནི། དེ་བཞིན་གཤེགས་པ་དེའི་ཡེ་ཤེས་ལས་བྱུང་བའི་གཟུངས་སྔགས་ཀྱི་རྣམ་པར་སྤྲུལ་པ་ནི། འོག་ནས་འབྱུང་བ་འདི་འདྲའོ་ཞེས་པའོ། །བསོད་ནམས་དང་པོ་ནི་སྦྱིན་པ་དང༌། གཉིས་པ་ནི་ཚུལ་ཁྲིམས་དང༌། ཆེན་པོ་ནི་བཟོད་པ་དང༌། དཔག་ཏུ་མེད་པ་ནི་བརྩོན་འགྲུས་དང༌། དཔག་ཏུ་མེད་པའི་བསོད་ནམས་གཉིས་པ་ནི་ཏིང་ངེ་འཛིན་ཏེ་བསམ་གཏན་དང༌། ཡེ་ཤེས་ནི་ཤེས་རབ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་གསང་སྔགས་ཏེ། ཚོགས་གཉིས་རབ་ཏུ་བསགས་པ་ལས་བྱུང་བའོ། །འདུ་བྱེད་ཐམས་ཅད་ཡོངས་སུ་དག་པ་ནི། དངོས་པོ་དང་དངོས་མེད་ཀྱིས་བསྡུས་པ་འདུས་བྱས་ཀུན་རྫོབ་ཀྱི་ཆོས་གང་གིས་ཀྱང་མ་གོས་པའི་ཆོས་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟེ། ཆོས་དབྱིངས་ནམ་མཁའ་ལྟ་བུ་ལ་ཡང་དག་པར་འཕགས་པ་མོ། གདོད་ནས་རང་བཞིན་རྣམ་པར་དག་པ་ལ། གློ་བུར་གྱི་དྲི་མའང་སྤངས་པའི་ཕྱིར། དག་པ་གཉིས་ལྡན་དུ་གྱུར་པ་མའོ། །ཚུལ་ཆེན་པོ་ནི། ཇི་སྙེད་པ་མ་ལུས་པ་མཁྱེན་


TNT17_Page_1051
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡེ་ཤེས་ཀྱི་ཀུན་ཏུ་ཁྱབ་པ་མོའོ། །མོ་རྟགས་ཀྱི་ཚིགས་བརྗོད་པ་རྣམས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་སྟོན་པའི་ཚིག་སྟེ། དེ་ཡང་ཅི་ཞེ་ན་གཟུང་འཛིན་གཉིས་དང་བྲལ་བའི་ཡེ་ཤེས་སོ། །གཉིས་པ་ཕན་ཡོན་གྱི་སྒོ་ནས་རྒྱས་པར་བཤད་པ་ལ། སྔ་མ་དང་མཚམས་སྦྱོར་བའི་ཚུལ་གྱིས་ཕན་ཡོན་མདོ་ཙམ་སྨོས་པ་ནི། བྱང་ཆུབ་ཏུ་སེམས་མ་སྐྱེད་ཅིང༌། དམ་པའི་ཆོས་མ་སྤངས་ལ། མཚམས་མེད་ཀྱི་ལུས་མ་བྱས་པའི་ལས་དང་པོ་པ་རྣམས་ཀྱིས་ཀྱང་འབྲི་འདོན་མཆོད་གསུམ་བྱས་པའི་ཕན་ཡོན་ནི། འཇམ་དཔལ་དེ་བཞིན་གཤེགས་པའི་མཚན་མཆོག་བརྒྱ་རྩ་བརྒྱད་པོ་སོགས་ཏེ། མདོ་འདི་འབྲི་འདོན་མཆོད་གསུམ་བྱས་པས། དེ་འདྲ་དེ་ཡང་ཚེ་འདིར་ཡང་ཚེ་འཕེལ་ཞིང༌། ཤི་བའི་འོག་ཏུ་ཚེ་དཔག་མེད་ཀྱི་ཞིང་ཁམས་ཡོན་ཏན་དཔག་ཏུ་མེད་པའམ། བདེ་བ་ཅན་ལ་སོགས་པར་སྐྱེ་བར་འགྱུར་ན། བྱང་ཆུབ་ཏུ་སེམས་བསྐྱེད་པ་སོགས་ཀྱིས་ལྟ་ཅི་སྨོས་ཞེས་ཏེ། ཚེ་འདི་ཕྱི་གཉིས་ཀྱི་ཕན་ཡོན་བསྟན་ཏོ། །དེའི་རྗེས་སུ་ཕན་ཡོན་དེ་ལྟ་བུ་ལྡན་པའི་གཟུངས་སྔགས་ནི་འདི་ཡིན་ནོ་ཞེས་པའི་དོན་དུ་སླར་ཡང་གཟུངས་སྔགས་ཉིད་ཟློས་ཏེ་བསྟན་པ་ཡིན་ལ། འདིས་ནི་འོག་མ་རྣམས་ལའང་རིགས་འགྲེའོ། །དེའི་ཚེ་འཁོར་འདུས་པ་དེ་རྣམས་ཀྱི་ཐེ་ཚོམ་བསལ་བའི་ཕྱིར། ཡང་དེའི་ཚེ་སངས་རྒྱས་བྱེ་བ་


TNT17_Page_1052
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་མདོ་ཚན་དགུ་སྟེ། གཟུངས་འདི་ཁོ་ན་ལས། ཕན་ཡོན་གོང་འོག་ཏུ་བསྟན་ཅིང་སྟོན་པར་འགྱུར་བ་རྣམས་ལ་ཐེ་ཚོམ་མི་འབྱུང་བའི་དོན་དུ། ད་ལྟར་སྟོན་པ་ཤཱཀྱ་ཐུབ་པས་གསུངས་པར་མ་ཟད། སངས་རྒྱས་དཔག་ཏུ་མེད་པས་གསུངས་ཤིང་བྱིན་གྱིས་བརླབས་པའི་ཕྱིར། རིག་སྔགས་མཐུ་ཆེ་བར་ཡང་བསྟན་པས་ཕན་ཡོན་དཔག་ཏུ་མེད་པ་འབྱུང་བའི་རྒྱུ་མཚན་དུ་འགྱུར་ཞིང༌། སངས་རྒྱས་མང་པོས་མགྲིན་གཅིག་ཏུ་གསུངས་པའི་ཕྱིར། དེ་རྣམས་དཔང་པོར་གྱུར་པས་ཤིན་ཏུ་ཡིད་ཆེས་པའི་ཡང་ཕྱིར་རོ། །འདི་དག་ཕྱོགས་བཅུའི་སངས་རྒྱས་ཀྱི་ཚུལ་དུ་བསྟན་པ་ཡིན་ཏེ། བརྒྱད་ནི་རིམ་པ་བཞིན་དུ་ཤར་སོགས་ཕྱོགས་བཞི་དང༌། དབང་ལྡན་སོགས་མཚམས་བཞི་ལ་གཡས་བསྐོར་རོ། །དགུ་པ་སངས་རྒྱས་བྱེ་བ་ཕྲག་གང་གཱའི་ཆུ་ཀླུང་བཅུའི་བྱེ་མ་སྙེད་ཅེས་གསུངས་པ་ནི། སྟེང་དང་འོག་གི་ཕྱོགས་ལ་སྦྱར་བར་བྱའོ། །གང་ཞིག་ཚེ་དཔག་ཏུ་མེད་པའི་མདོ་སྡེ་འདི་སོགས་ནི། ཕན་ཡོན་གྱི་སྡེ་ཚན་བཅོ་བརྒྱད་བསྟན་པ་སྟེ། དེ་དག་ཀྱང་འདི་རྣམས་ཡིན་ཏེ། བྱང་ཆུབ་ཀྱི་སེམས་མ་བསྐྱེད་ཀྱང༌། ཚེ་ཟད་པ་གསོ་བ་དང༌། ལོ་བརྒྱ་ཐུབ་པ་དང༌། དེ་ལས་ཀྱང་ལྷག་པར་འཕེལ་བར་འགྱུར་རོ། །ཞེས་པ་དོན་ཚན་དང་པོའོ། །གང་སེམས་བསྐྱེད་ཅིང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་དེ་ནི། དམྱལ་བ་དང༌། བྱོལ་སོང་དང༌། གཤིན་རྗེའི་འཇིག་རྟེན་


TNT17_Page_1053
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ངན་སོང་གསུམ་དུ་ནམ་ཡང་མི་སྐྱེ་ཞིང༌། ཡང་མི་ཁོམས་པ་ཞེས་པ་མི་ཁོམ་པ་ལྷག་མ་རྣམས་ཏེ། འདུ་ཤེས་མེད་པའི་ལྷ་དང༌། དམ་པའི་ཆོས་མེད་པའི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བ་དང༌། ཀླ་ཀློར་སྐྱེ་བ་དང༌། ལོག་པར་ལྟ་བ་ཅན་དང༌། དབང་པོ་མ་ཚང་བ་རྣམས་སོ། །འདིར་གཤིན་རྗེའི་འཇིག་རྟེན་པ་ནི་ཡི་དྭགས་ཀྱི་འགྲོ་བའོ། །དེ་ལྟར་མི་ཁོམ་པ་རྣམས་སུ་མི་སྐྱེ་ཞིང༌། རྟག་ཏུ་སྐྱེ་བ་དྲན་པ་ནི་དོན་ཚན་གཉིས་པའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོའི་རང་བཞིན་ཅན་སྟོང་པ་ཉིད་ལ་སྤྱོད་ཡུལ་བས་རིག་སྔགས་འདི་སྒྲུབས་ཤིང་གྲུབ་པར་གྱུར་པ་ན། འདི་འབྲི་སྟོན་མཆོད་གསུམ་བྱས་པས། རིག་སྔགས་མ་གྲུབ་པ་རྣམས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འབྲིར་བཅུག་པའི་ཕན་ཡོན་དང་མཉམ་པ་ནི་དོན་ཚན་གསུམ་པའོ། །དེ་བཞིན་དུ་དེ་ལ་རབ་ཏུ་གནས་པ་སྟེ། མཆོད་པ་ཆེན་པོའི་ཞལ་སྲོ་བ་རྒྱ་ཆེན་པོ་བྱས་པ་དང་མཉམ་པར་འགྱུར་བ་སྟེ་དོན་ཚན་བཞི་པའོ། །རང་གི་སྡིག་པ་ཆེན་པོ་བྱང་བར་མ་ཟད་འབྲི་བ་པོ་དང་ཡོན་བདག་གི་མཚམས་མེད་པ་ལྔ་ལས་ཅི་རིགས་པའི་ལས་བྱས་པ་ཡང་དེ་ཉིད་དུ་བྱང་བ་སྟེ་ལྔ་པའོ། །སྡིག་པའི་ཕུང་པོ་རི་རབ་ཙམ་སྟེ། སྡིག་པ་རྣམ་པ་སྣ་ཚོགས་པ་ཆེས་གྲངས་མང་བ་བསགས་པ་ཡང་བྱང་བར་འགྱུར་བ་སྟེ་དྲུག་པའོ། །བདུད་དང་སོགས་པ་བདུད་ནི་གསོད་བྱེད་དེ། གཞན་འཕྲུལ་དབང་བྱེད་ཀྱི་བདག་


TNT17_Page_1054
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྡིག་ཏོ་ཅན་ཏེ་འདོད་པའི་ལྷའོ། །བདུད་ཀྱི་རིགས་ནི་བདུད་ཀྱི་འཇིག་རྟེན་སྐྱོང་བ་བཞི་ལ་སོགས་པ་ལྷ་དང་འབྱུང་པོ་ནག་ཕྱོགས་ཁོ་ན་དང༌། དེ་དག་གིས་བྱིན་གྱིས་བརླབས་པའི་མིའི་འགྲོ་བ་ཀླ་ཀློ་སྡིག་སྤྱོད་སྟོབས་དང་ལྡན་པ་ལ་སོགས་པ། འདོད་ཆགས་དང་བྲལ་བའི་ལམ་སྟོན་པ་ལ་འཚེ་བ་ཅན་རྣམས་སོ། །གནོད་སྦྱིན་དང་སྲིན་པོ་ཞེས་པ་ནི། བདུད་ཀྱི་རིགས་མ་ཡིན་དུ་ཟིན་ཀྱང༌། གཏུམ་པོ་མ་རུངས་པ་འཚེ་བ་བྱེད་པ་སྟེ། དེ་དག་ལ་སོགས་པ་མདོར་ན་མི་དང་མི་མ་ཡིན་པས་གནོད་པ་མི་འབྱུང་ཞིང༌། དུས་མ་ཡིན་པའི་འཆི་བ་བཟློག་པ་སྟེ། སྒྲུབ་པ་པོ་གཅིག་པུར་མ་ཟད་འཁོར་གཡོག་ཡུལ་འཁོར་བཅས་པ་ལ་ཡང་སྟེ་བདུན་པའོ། །འཆི་བའི་ཚེ་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུའི་ཞལ་མངོན་སུམ་དུ་མཐོང་ཞིང་སྒྲིབ་པ་ལྔ་ཕྱིར་བསལ་ནས། ཏིང་ངེ་འཛིན་གྱི་སྒོ་མང་པོ་ཐོབ་པར་འགྱུར་རོ། །དེ་དག་དགྱེས་པས་ལུང་ཡང་སྟོན་པར་འགྱུར་རོ། །སངས་རྒྱས་སྟོང་ཕྲག་དག་གིས་ཕྱག་བརྐྱང་སྟེ། མགོ་ལ་བྱུགས་ཏེ་ཕྱག་གི་དབང་བསྐུར་བར་འགྱུར་རོ། །དེ་ནས་འདོད་ན་མ་དག་པའི་ཞིང་དུ་སྐྱེ་བར་མི་འགྱུར་ཏེ། སངས་རྒྱས་ཀྱི་ཞིང་དག་པ་འབའ་ཞིག་ཏུ་འགྲོ་བ་འདི་ལ་ཐེ་ཙོམ་མེད་ཅེས་པ་བརྒྱད་པའོ། །རྒྱལ་པོ་ཆེན་པོ་བཞི་ཕྱི་བཞིན་དུ་འབྲངས་ཏེ། རྟག་ཏུ་བསྲུང་སྐྱོབ་བྱེད་པ་སྟེ་དགུ་པའོ། །ངེས་པར་སྐྱེ་བ་གཞན་གྱིས་བར་མ་ཆོད་པར། འོད་དཔག་མེད་


TNT17_Page_1055
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞིང་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ་བཅུ་པའོ། །དེ་རྣམས་ལས་མཚམས་མེད་བྱང་བ་དང༌། སྡིག་པ་བྱང་བ་དང༌། ཉེར་འཚེ་སེལ་བ་དང༌། རྒྱལ་པོ་ཆེན་པོ་བཞིས་བསྲུང་བ་རྣམས་ནི། ལས་དང་པོ་པ་དང་རིག་སྔགས་གྲུབ་པ་རྣམས་ཀྱི་ཐུན་མོང་དུ་བསྟན་པ་ཡིན་ལ། གཞན་རྣམས་གཙོ་བོར་རིག་སྔགས་གྲུབ་པའི་དབང་དུ་བྱས་མོད་ཀྱི། ལས་དང་པོ་པ་ལ་ཡང་འབྲས་བུ་དེ་དག་རྗེས་མཐུན་པ་འབྱུང་བའོ། །གཞན་དོན་ངན་འགྲོ་ལས་སྒྲོལ་བ་ནི། ཆོས་འདི་འབྲི་བ་དང༌། བཞུགས་པའི་ས་ཕྱོགས་དེ་ཡང་མཆོད་རྟེན་དང་འདྲ་བར་ཕྱག་བྱ་བའི་འོས་སུ་འགྱུར་ཞིང༌། མཐོང་བ་དང་རེག་པ་དོན་ཆེན་དང༌། བྱོལ་སོང་རྣམས་ཀྱི་རྣ་ལམ་དུ་མདོ་འདི་སྒྲགས་ན་ཡང༌། འཁོར་བ་མཐའ་ཅན་དང༌། རིམ་གྱིས་སངས་རྒྱས་སུ་འགྱུར་ངེས་པ་སྟེ། སྐལ་བ་མཆོག་ནི་ཐོས་པའི་མདོ་ལ་ཡང་གྲོལ་བར་འགྲོ་མོད་ཕལ་ཆེར་ནི་མ་ཡིན་ལ། རིམ་གྱིས་དབང་པོ་སྨིན་ནས་འགྲོ་བ་སྟེ་བཅུ་གཅིག་པའོ། །མཐོ་རིས་ལ་ཕན་འདོགས་པ་ནི། བུད་མེད་ཀྱི་དངོས་པོར་མི་སྐྱེ་བར་གསུངས་པ་ནི་མཚོན་བྱེད་དེ། བུད་མེད་དང་འདྲ་བར་ཤེས་རབ་འཆལ་བ་དང༌། ཉོན་མོངས་མང་བ་དང༌། གཞན་གྱི་དབང་དུ་སོང་བ་ལ་སོགས་པ་བར་དུ་གཅོད་པ་ཅན་དུ་སྐྱེ་བར་མི་འགྱུར་བ་སྟེ་བཅུ་གཉིས་པའོ། །གཟུངས་ཐོབ་པ་རྣམས་ཀྱིས་འདི་འབྲི་འདོན་མཆོད་


TNT17_Page_1056
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བྱས་པའི་ཕན་ཡོན་ནི། མདོ་འདི་འབྲི་འདོན་སོགས་ཀྱི་ཕྱིར། ཀརྵ་པ་ཎ་གཅིག་བྱིན་པ་དང༌། སྐྱེ་བོ་ཕལ་བ་གཞན་གྱིས་སྟོང་གསུམ་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་སྦྱིན་པ་གཉིས། འདི་ཆུང་བར་མི་འགྱུར་བའི་དོན་ཏེ་བཅུ་གསུམ་པའོ། །དེ་ལ་ཀརྵ་པ་ཎ་ནི། གསེར་གྱི་དོང་ཙེ་འམ། དངུལ་གྱི་ཊང་ཀ་ཡིན་ལ། རིན་པོ་ཆེ་སྣ་བདུན་ནི་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ནམ། ཡང་ན་ཨིནྡྲ་ནཱི་ལ། ཟླ་བ་ཆུ་ཤེལ་དང༌། པདྨ་རཱ་ག་དང༌། བཻཌཱུརྱ་དང༌། མརྐ་ཏ་དང༌། མུ་ཏིག་དམར་པོ་དང༌། རྡོའི་སྙིང་པོའོ། །དེ་བཞིན་དུ་སྐྱེ་བོ་ཕལ་པས་ཆོས་ཐམས་ཅད་ལ་མཆོད་པར་གྱུར་པ་དང༌། གཟུངས་ཐོབ་པས་འདི་ཁོ་ན་མཆོད་པ་ཡང་མཉམ་སྟེ་བཅུ་བཞི་པའོ། །རིགས་སྔགས་འདི་ལ་བརྟེན་ནས་བདེན་པ་མཐོང་བ་རྣམས་ཀྱིས། འདི་འབྲི་འདོན་མཆོད་བཟླས་བྱས་པའི་ཕན་ཡོན་ནི། སངས་རྒྱས་དཔའ་བོ་བདུན་གྱི་སྐུ་གདུང་གི་མཆོད་རྟེན་ལ་རིན་པོ་ཆེ་སྣ་བདུན་གྱིས་མཆོད་པ་རྒྱ་ཆེན་པོ་བསྐལ་པར་ཕུལ་བས་ཀྱང་ལྷག་པ་སྟེ་བཅོ་ལྔ་པའོ། །སྐབས་འདིར་དཔེ་མང་པོ་ལས། ལོག་པར་དང་སེལ་དང། འཁོར་བ་འཇིག་དང་ཞེས་སོ་སོར་བགྲངས་པ་ནི་ཡི་གེ་མ་དག་པ་སྟེ། ཀྲ་ཀུཙྪནྡ་ཞེས་པ་ཁོ་ན་ལ། ལོག་པར་དད་སེལ་དང། འཁོར་བ་འཇིག་ཅེས་འགྱུར་གྱི་ཁྱད་པར་སོ་སོར་བསྒྱུར་བ་ཙམ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་རི་རབ་དང་མཉམ་པའི་རིན་པོ་ཆེའི་ཕུང་པོ་སྦྱིན་པ་


TNT17_Page_1057
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱང་ལྷག་སྟེ་བཅུ་དྲུག་པའོ། །རྒྱ་མཚོ་ཆུ་ཐིགས་ལས་ཀྱང་ཆེས་མང་བའི་བསོད་ནམས་ཀྱི་ཕུང་པོ་ཐོབ་སྟེ་བཅུ་བདུན་པའོ། །སངས་རྒྱས་ཐམས་ཅད་ལ་ཕྱག་དང་མཆོད་པ་བྱས་པ་ལས་ཀྱང་ལྷག་པར་འགྱུར་ཏེ་བཅོ་བརྒྱད་པའོ། །གཟུངས་སྔགས་འདི་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་དུ་བསྟན་པའི་ཕྱིར། སྦྱིན་པའི་སྟོབས་ཀྱི་སོགས་ཏེ། དེ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས། རྫོགས་པའི་སངས་རྒྱས་རྣམས་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་ལས་ཡང་དག་པར་འཕགས་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པའི་བྱང་ཆུབ་དམ་པ་བརྙེས་པ་ཡིན་ལ། མི་ཡི་སེང་གེ་སངས་རྒྱས་དེས་སྦྱིན་པའི་སྟོབས་ཞེས་བྱ་བ། སྦྱིན་པས་མཐར་ཕྱིན་པའི་ཡེ་ཤེས་གཟུངས་སྔགས་སུ་གྱུར་པ། མཁྱེན་ཅིང་རྟོགས་པ་དང་གྲུབ་པར་གྱུར་ནས། སྙིང་རྗེ་ཅན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གྲོང་ཁྱེར་ཏེ། རོལ་ཞིང་བརྩེ་བའི་གནས་ཡིན་པའི་ཕྱིར། གཞན་དོན་ཏེ་དེ་ལ་འཇུག་པ་ན། སྦྱིན་པའི་ཕར་ཕྱིན་གྱི་སྟོབས་ལ་བྱུང་བའི་གཟུངས་སྔགས་འདི་ལྟ་བུའི་སྒྲ་ནི་གྲགས་པར་འགྱུར་གཟུངས་སྔགས་འདིས་འགྲོ་དོན་སྤྱོད་པའོ། །དེ་བཞིན་དུ་ཚུལ་ཁྲིམས་དང་ཤེས་རབ་ཀྱི་བར་ཡང་སྦྱར་བར་བྱའོ། །དེ་ལྟ་བུའི་ཕར་ཕྱིན་དྲུག་གི་སྒྲ་ཡང་གང་ཞེ་ན། འདིའོ་ཞེས་ཏེ་སླར་ཡང་གཟུངས་སྔགས་གསུངས་སོ། །འདིས་ནི་གཟུངས་སྔགས་ཀྱི་ངོ་བོ་དང་རྒྱུ་དང་འབྲས་བུ་དང་བྱེད་


TNT17_Page_1058
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྣམས་བསྟན་ཏེ། རྒྱུ་ནི་ཕྱིན་དྲུག་གོ །ངོ་བོ་ནི་ཡེ་ཤེས་ཀྱི་སྟོབས་སོ། །འབྲས་བུ་ནི་མི་གནས་པའི་མྱང་འདས་སོ། །བྱེད་ལས་ནི་སེམས་ཅན་གྱི་དོན་ཏོ། །ཞེས་གོ་བར་བྱའོ། །གཉིས་པ་སྔགས་ཀྱི་ཐུན་མོང་མ་ཡིན་པའི་དོན་སྟོན་ཚུལ་ནི། སྤྱིར་འདི་དག་སྔགས་ཀྱི་ཚུལ་དུ་འགྲེལ་བ་ན། བྱ་བའི་རྒྱུད་ཁོ་ན་དང་མཐུན་པར་བྱས་ན་ལེགས་མོད། འདིར་སློབ་དཔོན་དགྲ་ལས་རྣམ་རྒྱལ་བས། རྒྱུད་སྡེ་གོང་མ་དང་གོ་བསྟུན་ནས་བྱ་རྒྱུད་ཀྱི་ཆོ་ག་མཛད་དེ། གང་ལྟར་ཡང་ཆོ་ག་ཁ་སྐོང་པ་མཐའ་དག་ནི་དེ་དང་དེར་ཤེས་པར་བྱས་ནས། འདིར་ཐུན་མོང་མ་ཡིན་པའི་དོན་བཤད་ན། སྔོན་བྱུང་ལ་ཞིང་ཁམས་ཡོན་ཏན་དཔག་ཏུ་མེད་པ་ནི། རྗེས་འཇུག་གི་དོན་དུ་སྲུང་འཁོར་གཞལ་ཡས་ཁང་དང་བཅས་པ་སྟོན་ལ། དེ་བཞིན་དུ་སྔོན་དང་རྗེས་འཇུག་གི་དབྱེ་བ་འོག་མ་རྣམས་ལའང་ཤེས་པར་བྱས་ལ། དེར་སངས་རྒྱས་ཚེ་དཔག་མེད་བཞུགས་པ་ནི། བྱ་རྒྱུད་རང་ལུགས་ལྟར་ན། བསྙེན་པའི་དུས་སུ་གཙོ་བོ་རྐྱང་པའི་མདུན་བསྐྱེད་བསྟན་པ་ཡིན་མོད། རྒྱུད་གོང་མའི་རྒྱས་བཀབ་པའི་ལུགས་ལྟར་ན་ནི། བདག་ཉིད་ལྷར་སྒོམ་པའི་རིམ་པ་ཡིན་ལ། གཉིས་ཀ་ལྟར་ཡང༌། ཆོས་སྟོན་པ་ནི་བཟླས་པའོ། །འབྲི་ཀློག་མཆོད་པ་གསུམ་བསྟན་པས་ནི། ཐུན་མཚམས་ཀྱི་སྤྱོད་པའོ། །འཇམ་དཔལ་དེ་བཞིན་གཤེགས་པའི་མཚན་མཆོག་སོགས་ཀྱི་ནི། དེའི་ཕན་ཡོན་བསྟན་ན། དེ་ནས་ཕྱོགས་མཚམས་


TNT17_Page_1059
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀྱི་སངས་རྒྱས་རྣམས་དང༌། སྟེང་འོག་གི་སངས་རྒྱས་ནི་དབུས་ཀྱི་སྟོན་པ་རྣམ་པར་སྣང་མཛད་ཚེ་དཔག་མེད་པ་ཤཱཀྱའི་རྒྱལ་པོ་དང་རོ་གཅིག་ཏུ་བསྲེས་ཏེ། དེ་དག་གིས་ནི་མདུན་བསྐྱེད་ལྷ་དགུའི་དཀྱིལ་འཁོར་བྱེད་པ་བསྟན་ཏོ། །བྱ་རྒྱུད་དངོས་ལྟར་ན་སྒྲུབ་པའི་སྐབས་སོ། །ཚེ་ཟད་པ་འཕེལ་བར་བཤད་པ་ནི་འཆི་བ་བླུ་བའི་ཆོ་གའོ། །རབ་ཏུ་གནས་པ་བྱས་པར་འགྱུར་ཞེས་བྱ་བས་ནི། རྟེན་གསུམ་རབ་ཏུ་གནས་པ་དང༌། དཀྱིལ་འཁོར་གྱི་རབ་གནས་ཏེ། སྟ་གོན་དང་དངོས་གཞིའི་མདུན་བསྐྱེད་སྒྲུབ་པའི་ཆོ་ག་རྣམས་བསྟན་ཏོ། །མཚམས་མེད་པ་ལྔའི་ལས་སྦྱོང་བ་དང༌། སྡིག་པའི་ཕུང་པོ་བྱང་བ་གཉིས་ནི། རིག་སྔགས་ཀྱིས་སྒྲུབ་པའི་ཆུ་དང༌། ཕྱག་རྒྱས་དབང་བསྐུར་བ་སྟེ། ཆུ་དང་ཅོད་པན་ནོ། །བདུད་ཀྱི་གླགས་མི་རྙེད་པ་ནི། བཀྲུ་བ་དང་བྱབས་པ་དང་བསྲུང་བའི་ཚུལ་ལོ། །ཇི་ལྟར་དབང་བསྐུར་བའི་ཚུལ་ནི། སངས་རྒྱས་རྣམས་ཀྱི་ཞལ་བསྟན་ཅིང་ལུང་སྟོན་པ་སོགས་ཏེ་ཕན་ཡོན་དང་བཅས་པའོ། །རྒྱལ་པོ་ཆེན་པོ་བཞིས་བསྲུང་བར་བཤད་པ་ནི། འདིའི་བྱ་བ་ཐམས་ཅད་ལ་དེའི་གཏོར་མའི་ཆོ་ག་བསྟན་ཏོ། །ཆོས་ལ་མཆོད་པ་དང༌། སངས་རྒྱས་བདུན་གྱི་མཆོད་རྟེན་ལ་མཆོད་པ་བྱས་པར་འགྲོ་ཚུལ་བཤད་པས་ནི། གླེགས་བམ་མཆོད་ཆོག་དང་ཚ་ཚ་གདབ་པ་སོགས་མཆོད་རྟེན་སྒྲུབ་པ་དང༌། དེ་མཆོད་པའི་ཆོ་ག་ཡང་བསྟན་ཏོ། །དེ་བཞིན་གཤེགས་པ་


TNT17_Page_1060
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་ཕྱག་དང་མཆོད་པ་བྱས་པར་འགྱུར་ཞེས་པས་ནི། དཀྱིལ་འཁོར་ལ་མཆོད་པ་དང༌། དཀྱིལ་འཁོར་དུ་འཇུག་པའི་དུས་ཀྱི་ཕྱག་འཚལ་བ་བསྟན་ཏོ། །དབང་བསྐུར་བའི་ཚིག་ནི་ཕར་ཕྱིན་དྲུག་གི་ཚིགས་བཅད་དོ། །བསྙེན་པ་དང་དབང་གི་སྐབས། ཐུན་མོང་མ་ཡིན་པའི་བྱིན་རླབས་བྱ་བ་ནི། ཚེ་འཛིན་ཅིང་ཚེ་མཐར་ཕྱིན་པ་ཞེས་པས་བསྟན་ཏོ། །རྩ་བའི་ས་བཅད་གསུམ་པ་རྗེས་སུ་ཡི་རང་ནི། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཞེས་པ་ལ་སོགས་པ་སྟེ་མདོ་སྡེ་སྤྱི་དང་འདྲའོ། །འདི་ལ་མཚན་བརྒྱ་རྩ་བརྒྱད་པ་ཞེས་བྱ་བ་ལ་མཚན་བརྒྱ་རྩ་བརྒྱད་ནི་སྭཱཧཱ་མ་གཏོགས་པའི་ཡི་གེ་བརྒྱ་དང་བརྒྱད་ལ་བླ་མ་གོང་མ་རྣམས་བཞེད་དོ། །འོན་ཀྱང་ཅུང་ཟད་དཔྱད་ན་ཨོཾ་གསུམ་པ་ཅན་གྱི་མདོ་ལ་དེ་ལྟར་བཤད་ཀྱང་འགལ་བ་མ་མཐོང་ལ། ཕྱི་རབས་པ་འགའ་ཞིག་ཨོཾ་གཉིས་པ་ཅན་གྱི་གཟུང་སྔགས་མ་དག་སྟེ། ལོ་ཙཱ་བ་འགའ་ཞིག་གིས་དཔེ་འཁྱུད་བྱས་པའི་ཕྱིར་རོ་ཞེས་སྨྲ་བ་ནི། རྫུན་དུ་སྣང་སྟེ་ཨོཾ་གསུམ་པ་དང་གཉིས་པའི་གཟུངས་མདོ་གཉིས་ཀ་ལ་རྒྱ་དཔེ་མང་དུ་ཡོད་པའི་ཕྱིར་རོ། །དེ་ལྟ་བས་ན་གཉིས་པའི་ཕྱོགས་ལ་ནི་མཚན་བརྒྱ་རྩ་བརྒྱད་པ་ལོགས་སུ་ཡོད་དགོས་ཏེ། མཚན་བརྒྱ་དང་དེ་ཉིད་ཀྱི་གཟུངས་མདོ་གླེགས་བམ་ཐ་དད་དུ་ཡོད་པ་ལ་ཡང་མི་འགལ་ཏེ། དཔལ་ཧེ་རུ་ཀའི་མཚན་བརྒྱ་དང་དེའི་སྔགས་བཞིན་ནོ། །དེས་ན་མ་མཐོང་བའི་དོན་ལ་ཁ་མཚོན་གཅོད་པ་


TNT17_Page_1061
[མ་དཔེ་གཟིགས་ན་འདིར་གནོན།]

དཀའོ། །དེའི་ཕྱིར་གཟུངས་མདོ་གཉིས་པོ་ཚིག་རིགས་གཞན་ཐམས་ཅད་འདྲ་བར་བྱུང་ཡང༌། མདོ་གཅིག་ལ་རྒྱ་དཔེའི་ཁྱད་པར་རམ། འགྱུར་བྱེད་ཀྱི་ཁྱད་པར་མ་ཡིན་ཏེ། ཆོ་ག་ཐ་དད་པས་སྒྲུབ་དགོས་པའི་རྒྱུད་དམ་གཟུངས་ཐ་དད་ཡིན་པར་ཤེས་པར་བྱའོ། །སྤྱིར་སངས་རྒྱས་ཀྱིས་གསུངས་པའི་སྔགས་རྒྱུད་ཐམས་ཅད་མདོ་སྡེ་ཙམ་དུ་འདུས་པ་ཡིན་ལ། མདོ་སྔགས་གཉིས་ཀྱི་ཟླས་ཕྱེ་བའི་དབང་དུ་བྱས་ན་ཡང༌། གཞི་མཐུན་པ་མེད་པ་ནི་མ་ཡིན་ཏེ། བྱ་བའི་རྒྱུད་ཀྱི་ནང་ཚན་གཟུངས་རྐྱང་དུ་གྲགས་པ་རྣམས་ནི། མདོ་རྒྱུད་གཉིས་ཀ་ཡིན་ལ་འདི་ཡང་དེ་ལྟར་ཤེས་པར་བྱའོ། །འདིའི་སྒྲས་ཟིན་གྱི་དོན་ཙམ་ཉམས་སུ་ལེན་པ་ནི་ཕ་རོལ་ཏུ་ཕྱིན་པ་ཁོ་ནའི་ཚུལ་དང་མི་འགལ་ལ། དབང་བསྐུར་པ་ལ་ཡང་ལྟོས་པ་མ་ཡིན་ཏེ། བསླབ་པ་ཀུན་ལས་བཏུས་པ་ལས། འོད་ཟེར་ཅན་མའི་གཟུངས་ལ་སོགས་པ་གསུངས་པ་བཞིན་ནོ། །སྒྲས་ཟིན་མ་ཡིན་པ་གསང་བའི་དོན་སྒོམ་པ་ནི། ངེས་པར་དབང་བསྐུར་པ་ལ་ལྟོས་པར་ཤེས་པར་བྱའོ། །ཚེ་དཔག་མེད་པའི་གཟུངས་ཀྱི་མདོ། །མདོ་ཙམ་རྣམ་པར་སྤྲོ་བ་ལས། །དགེ་བ་གང་ཞིག་བསགས་པ་དེས། །འཆི་མེད་རྡོ་རྗེའི་སྐུ་ཐོབ་ཤོག །ཚེ་མདོའི་འགྲེལ་པ་མདོ་ཙམ་འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ། །ཞུས་དག །མངྒ་ལཾ།། །།


TNT17_Page_1062
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཚེ་མདོའི་འགྲེལ་བ།next