Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀྲ་ཤིས་ཀྱི་རྣམ་བཤད།


 
previousབཀྲ་ཤིས་ཀྱི་རྣམ་བཤད།no next

བཀྲ་ཤིས་ཀྱི་རྣམ་བཤད།


TNT17_Page_1063
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་ཀྱི་རྣམ་བཤད་བཞུགས། ཨོཾ་སྭཱ་སྟི། བཀྲ་ཤིས་ཀུན་ལས་རྨད་བྱུང་བཀྲ་ཤིས་པ། །དགེ་ལེགས་བླ་ན་མེད་པའི་དགེ་ལེགས་ཅན། །རིན་ཆེན་གསུམ་གྱི་གཟི་འོད་རིན་ཆེན་གྱིས། །བདེ་སྐྱིད་དོན་གཉེར་འགྲོ་རྣམས་བདེ་སྐྱིད་ཤོག །འདིར་ཤིས་པ་བརྗོད་པར་འདོད་པས། དཀོན་མཆོག་གསུམ་གྱི་བཀྲ་ཤིས་བརྗོད་པར་བྱའོ། །དེ་ལ་ཕུན་སུམ་ཚོགས་པ་མངའ་བ་ཞེས་བྱ་བ་ནི། ཆོས་ཀྱི་སྐུ་ཕུན་སུམ་ཚོགས་པ་དང༌། གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པ་དང༌། འཕྲིན་ལས་ཕུན་སུམ་ཚོགས་པ་སྟེ། ངོ་མཚར་རྨད་དུ་བྱུང་བ་ཐུན་མོང་མ་ཡིན་པའི་ཕུན་སུམ་ཚོགས་པ་གང་ལ་མངའ་བ་ནི་སངས་རྒྱས་སོ། །ཆོས་གང་ལའང་ཆགས་པ་དང་ཐོགས་པ་མེད་པའི་ཡེ་ཤེས་དང༌། སྒྲིབ་པ་མ་ལུས་པ་རྩ་བ་དང་བཅས་པར་སྤངས་པ། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་ནི་ཆོས་ཀྱི་སྐུ་ཕུན་སུམ་ཚོགས་པའོ། །མཚན་དང་དཔེ་བྱད་ཕུན་སུམ་ཚོགས་པ་དང༌། སྟོབས་མཐའ་མེད་པ་དང༌། ཡན་ལག་དྲུག་ཅུའི་གསུངས་དབྱངས་དང་ལྡན་པ་ནི་གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པའོ། །འགྲོ་བ་མཐའ་དག་གི་སྡུག་བསྔལ་སེལ་བ་དང༌། ཁྱད་པར་ཅན་གྱི་ཕུན་སུམ་ཚོགས་པ་ལ་འགོད་པ་སྟེ། རྣམ་པ་གཉིས་ནི་འཕྲིན་ལས་ཕུན་སུམ་ཚོགས་པའོ། །གསེར་གྱི་རི་བོ་འདྲ་ཞེས་པ་ནི།


TNT17_Page_1064
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཁ་དོག་བཟང་ཞིང་གཟི་བརྗིད་དང་ལྡན་པས་གསེར་གྱི་རི་བོ་དང་འདྲ་བའམ། ངོ་བོ་རབ་ཏུ་བཟང་ཞིང་རྐྱེན་གང་གིས་ཀྱང་མི་གཡོས་པས་གསེར་གྱི་རི་བོ་གཡོ་བ་མེད་པ་དང་འདྲ་བའོ། །འདིས་ནི་སངས་རྒྱས་དེ་ཉིད། བཟང་བའི་ཕྱིར་ཐུགས་རྗེ་ཆེན་པོ་ཤེས་བྱ་ཐམས་ཅད་ལ་འཇུག་པའི་ཡེ་ཤེས་རྣམ་པ་ཐམས་ཅད་པ་མཐུ་ཐོགས་པ་མེད་པ་དང༌། བརྟན་པའི་ཕྱིར་རྟག་ཅིང་ཐེར་ཟུག་ལ་གཡུང་དྲུང་གི་སྐུར་བསྟན་པ་ཡིན་ནོ། །གང་ཕུན་སུམ་ཚོགས་པ་མི་འཇིག་པ་དེ་ནི་མཆོག་ཏུ་ཕུན་སུམ་ཚོགས་པ་སྟེ། དེ་ཉིད་ཀྱི་ཕྱིར་གསེར་གྱི་རི་བོ་དང་འདྲ་བའོ། །འཇིག་རྟེན་གསུམ་གྱི་མགོན་པོ་ནི་ཐམས་ཅད་ཀྱི་སྐྱབས་དང་སྐྱོབ་པ་བླ་ན་མེད་པར་གྱུར་པ་སྟེ་འཕྲིན་ལས་སོ། །དྲི་མ་གསུམ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྟེ། དེ་རྣམས་བག་ཆགས་དང་བཅས་པ་གཏན་ནས་སྤངས་པའོ། །པདྨོ་རྒྱས་པའི་འདབ་མ་ཤིན་ཏུ་ཁ་བྱེ་བ་ལྟར་ཤེས་བྱ་ཐམས་ཅད་ལ་བློ་གྲོས་རབ་ཏུ་རྒྱས་ཤིང་ཁ་བྱེ་བའི་ཡེ་ཤེས་ཀྱི་སྤྱན་མངའ་བ་དེ་ནི་སངས་རྒྱས་ཏེ། དྲི་མ་གསུམ་སྤངས་པ་ནི་སངས་པ་དང༌། སྤྱན་མངའ་བ་ནི་རྒྱས་པའི་དོན་ནོ། །དེ་ཡང་བུདྡྷཿཞེས་བྱ་བ་ལ་མོ་ཧ་ནཱི་དྲཱ་པྲ་མརྡ་པྲ་བུདྡྷ་པུ་རུ་ཥ་བ་ཏ། ཞེས་གཏི་མུག་གི་གཉིད་སངས་པས་ན་མི་གཉིད་སངས་པ་བཞིན་ཞེས་བྱ་སྟེ། བུདྡྷ་སངས་པའི་དོན་དང༌། བུདྡྷརྦི་ཀཱ་སཱ་ནཱཏ་བུདྡྷ་བི་བུདྡྷ་པདྨ་བ་


TNT17_Page_1065
[མ་དཔེ་གཟིགས་ན་འདིར་གནོན།]

ཏ། ཞེས་པ་བློ་གྲོས་ཁ་བྱེ་ཞིང་རྒྱས་པས་ན། པདྨ་ཁ་བྱེ་བ་དང་འདྲ། ཞེས་པ་བུདྡྷ་རྒྱས་པའི་དོན་ནོ། །འདི་ནི་འཇིག་རྟེན་དུ་དགེ་བའི་བཀྲ་ཤིས་པ་ཐམས་ཅད་ཀྱི་དང་པོར་བགྲང་བ་མཆོག་ཡིན་ཏེ། འདི་བས་མཆོག་ཏུ་གྱུར་པ་གཞན་མེད་པ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་སྐྱིད་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཐུ་ལས་བྱུང་བའི་ཕྱིར་རོ། །དེ་ཡིས་ཉེ་བར་བསྟན་པ་སོགས་ནི་སྟོན་པ་དེས་བསྟན་པའི་ཆོས་ཏེ། བརྡའི་ཆོས་ནི་སྟོན་པར་བྱེད་པའི་ཚིག་གསུང་དབྱངས་རྣམས་ཡིན་ལ། གང་བསྟན་པར་བྱ་རྒྱུའི་ཆོས་ནི་རྣམ་གྲངས་གསུམ་སྟེ། བླང་དོར་དང་འབྲེལ་བ་བསྒྲུབ་པར་བྱ་བའི་ཆོས་ལམ་དང༌། གང་ཞིག་ཐོབ་པར་བྱ་བ་འགོག་པའི་བདེན་པ་འབྲས་བུའི་ཆོས་རྣམས་དང༌། གང་ཞིག་རྟོགས་པར་བྱ་བ་ཆོས་ཉིད་ཡང་དག་པའི་མཐའོ། །མཆོག་དང་རབ་ནི་ཕྱིན་ཅི་མ་ལོག་པ་མ་ནོར་བའི་དོན་དང༌། མི་གཡོ་བ་ནི་ལུང་གི་དོན་ལ་གཞན་གྱི་སྐྱོན་གདགས་པའི་སྒོ་ནས་གཡོ་བ་མེད་པ་དང༌། ལམ་གྱི་ཆོས་ལ་བོར་དུ་རུང་བར་བཏགས་པའི་སྒོ་ནས་གཡོ་བ་མེད་པ་དང༌། འབྲས་བུ་ཉམས་པ་མི་སྲིད་པས་གཡོ་བ་མེད་པ་དང༌། དེ་བཞིན་ཉིད་ནི་གནས་ལུགས་སུ་མ་སོང་བའི་སྒོ་ནས་སྐྱོན་གདགས་སུ་མེད་པས་གཡོ་བ་མེད་པའོ། །འཇིག་རྟེན་གསུམ་དུ་གྲགས་པ་ནི། སངས་


TNT17_Page_1066
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་བསྟན་པ་མ་ཡིན་པ་དག་ནི་ཁ་ཅིག་མིའི་ཡུལ་དུ་གྲགས་ཆེ་བ་སྲིད་ཀྱང༌། འགྲོ་བ་གཞན་གྱིས་གུས་པར་མི་བྱེད་པའམ། ཅུང་ཟད་དགའ་བར་བྱེད་ཀྱང་ཐམས་ཅད་ཀྱིས་མ་ཡིན་ནོ། །དེ་བཞིན་གཤེགས་པའི་བསྟན་པ་ནི། མཐོ་རིས་དང་ས་སྟེང་དང་ས་འོག་ན་གང་བློ་གྲོས་དང་ལྡན་ཞིང་བསོད་ནམས་དང་ལྡན་པ། ཆེས་ཆེ་བ་ཐམས་ཅད་ཀྱིས་བསྔགས་ཏེ་ཚངས་པ་དང་དབང་ཕྱུག་ལ་སོགས་པའི་ལྷ་དང༌། ཀུན་འགྱེད་གཞོན་ནུ་ལ་སོགས་པའི་དགེ་སྦྱོང་དང༌། དྲང་སྲོང་རྒྱས་པ་ལ་སོགས་པའི་བྲམ་ཟེ་དབང་ཆེ་བ་ཆེ་བར་གྲགས་པ་རྣམས་ཀྱང༌། རང་གི་བློ་གྲོས་ལ་ཐེ་ཚོམ་ཟ་ཞིང༌། དེ་བཞིན་གཤེགས་པས་བསྟན་པ་ལ་ནི་ཡིད་ཆེས་པས་བསྟོད་པར་བྱེད་དོ། །དེའི་ཕྱིར་བརྒྱ་བྱིན་ལ་སོགས་པའི་ལྷ་དང་འཁོར་ལོས་བསྒྱུར་བ་ལ་སོགས་པའི་མིས་མཆོད་པའོ། །ཆོས་ཀྱི་དམ་པ་མཆོག་སེམས་ཅན་ལ་བསྟན་པ་དེས་ནི་སྐྱེ་དགུ་སྟེ་འགྲོ་བར་སྐྱེས་ཚད་ཀྱི་སེམས་ཅན་ཆོས་དེ་ལ་བརྟེན་པ་རྣམས་ཀྱི་སྡུག་བསྔལ་རྒྱུ་དང་བཅས་པ་མ་ལུས་པ་ཞི་བར་བྱེད་པ་སྟེ། དེ་ལྟར་དམ་པའི་ཆོས་འདི་ནི། འཇིག་རྟེན་དུ་དགེ་ལེགས་ཐམས་ཅད་རྒྱུ་གྱུར་པའི་བཀྲ་ཤིས་སུ་བགྲང་རྒྱུ་གཉིས་པ་ཡིན་ཏེ། སངས་རྒྱས་ཀྱིས་བསྟན་པའི་ཕྱིར་ན་དེའི་རྗེས་སུ་ནི་བརྗོད་དགོས་ལ། གཞན་འདི་ལས་ལྷག་པ་མེད་པའི་ཕྱིར་གསུམ་པ་སོགས་ཕྱིས་བརྗོད་པར་བྱ་བ་མ་ཡིན་ནོ། །དགེ་འདུན་དམ་པ་སོགས་ཀྱིས་


TNT17_Page_1067
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དཀོན་མཆོག་གསུམ་པ་འཆད་དེ། དེ་ལྟ་བུའི་ཆོས་མངོན་དུ་བྱས་པ་ནི་འཕགས་པ་ཡིན་ལ། འཕགས་པ་དེ་ཉིད་མང་དུ་ཚོགས་པ་ནི་འདུས་པའོ། །དེ་ལ་སངྒྷ་ཞེས་བྱ་བ་འདུས་པའི་དོན་དང༌། ཡང་རྣམ་པ་གཅིག་ཏུ་ན། སཾ་ནི་དགེ་བའམ་བཟང་པོའི་དོན་ཡིན་པའི་ཕྱིར། སྐྱེ་བོ་བཟང་འདུན་ལ་ཚོགས་པ་ལྟར་དགེ་བ་སྟེ་ཐར་བའི་བཟང་འདུན་བྱེད་པ་ཡིན་པའི་ཕྱིར་དགེ་འདུན་ཏེ། དམ་པ་ནི་འཕགས་པའི་སྐྱེས་བུའོ། །ཆོས་ལམ་གྱི་བདེན་པ་རྒྱུད་ལ་ལྡན་པ་དང༌། དེ་བཞིན་གཤེགས་པའི་བསྟན་པ་ཐོས་པ་མཆོག་གི་བཀྲ་ཤིས་ཀྱིས་ཕྱུག་པོ་སྟེ། བཀྲ་ཤིས་ནི་དཔལ་འབྱོར་དང་ནོར་གྱི་དོན་ནོ། །མིས་མཚོན་པའི་ས་སྟེང་གི་འགྲོ་བ་མིའམ་ཅི་དང་གནོད་སྦྱིན་དང་གྲུལ་བུམ་དང་སྲིན་པོ་ལ་སོགས་པ་རྣམས་སོ། །ལྷ་ནི་འདོད་པའི་ཁམས་ཀྱི་ལྷ་དྲུག་དང༌། གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ལྷ་དང༌། ལྷས་མཚོན་པའི་དྲི་ཟ་དང་ནམ་མཁའ་ལ་སྤྱོད་པའི་གནོད་སྦྱིན་ལྷ་མ་སྲིན་རྣམས་ཀྱང་ངོ༌། །ལྷ་མ་ཡིན་ཏེ་ཐགས་བཟང་རིས་ལ་སོགས་པ་སྟེ། དེས་མཚོན་པའི་ཡི་དྭགས་དང་ཀླུ་ལ་སོགས་པ་ས་འོག་ན་སྤྱོད་པ་ཐམས་ཅད་དོ། །དེ་ལྟར་ན་སྲིད་པ་གསུམ་གྱིས་མཆོད་པའི་གནས། མཆོད་པར་འོས་པ་ནི་འཕགས་པའི་ཚོགས་རྣམས་ཡིན་ཏེ། ཉོན་མོངས་པ་སྤངས་པའི་ཕྱིར་ཡོན་ཅུང་ཟད་ཕུལ་ཡང་འབྲས་བུ་མཐའ་མེད་པར་འགྱུར་བ་དང༌། རྣམ་པར་གྲོལ་པའི་


TNT17_Page_1068
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སྟོན་པའི་ཕྱིར་རོ། །མུ་སྟེགས་བྱེད་དང་དེའི་སྟོན་པ་རྣམས་ནི། རྣམ་པར་གྲོལ་བའི་ལམ་མི་ཤེས་ཤིང་ཆགས་སོགས་དང་བཅས་པའི་ཕྱིར་མཆོད་འོས་ཁྱད་པར་ཅན་དུ་མི་འགྱུར་རོ། །སྲིད་པ་འདི་ན་ཚོགས་པ་ཇི་ཙམ་ཡོད་པ་རྣམས་ཀྱི་མཆོག་དང་རབ་དང་ཕུལ་དང་གྱ་ནོམ་པ་སྟེ། བདེན་པ་མཐོང་པས་རང་བཞིན་གྱི་ངོ་ཚ་ཤེས་ཤིང༌། བདག་ཉིད་ངན་འགྲོར་འགྲོ་བ་ནི་སྲིད་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་གོང་ནས་གོང་དུ་འཕེལ་བར་འགྲོ་བའི་ཕྱིར། རང་ཉིད་ཀྱི་དཔལ་གྱི་གཞི་དང༌། འཕགས་པ་རྣམས་གང་དུ་བཞུགས་པའི་གཟི་བྱིན་གྱིས་བདུད་དང་ཉེར་འཚེ་དག་དེངས་ཤིང༌། རྩོད་པ་དང་ནད་ཡམས་ལ་སོགས་པ་མེད་པར་འགྱུར་ལ། ཡོན་འབུལ་བ་རྣམས་ཀྱི་འབྱོར་པ་རྒྱས་པ་དང༌། མཐོ་རིས་དང་ཐར་པའི་རྒྱུ་ལ་སྐྱེ་བོ་རྣམས་འཇུག་པར་འགྱུར་པ་དང༌། རྫུ་འཕྲུལ་དང་སྤྱོད་ལམ་དང་ཆོས་བསྟན་པས་དད་པ་སྐྱེད་པ་ལ་སོགས་པ་མཐོང་པ་དང་ཐོས་པ་ཚུན་ཆོད་ཀྱང་དོན་མཆོག་ལ་སྦྱོར་བའི་ཕྱིར། གཞན་འགྲོ་བ་ཐམས་ཅད་ཀྱི་ཡང་དཔལ་གྱི་གཞིའོ། །དེ་ལྟར་ན་འཕགས་པ་ཉན་ཐོས་རྒྱུན་དུ་ཞུགས་པ་དང་འབྲས་གནས་དང༌། ཕྱིར་འོང་ཞུགས་པ་དང་འབྲས་གནས་དང༌། ཕྱིར་མི་འོང་ཞུགས་པ་དང་འབྲས་གནས་དང༌། དགྲ་བཅོམ་ཞུགས་པ་དང་འབྲས་གནས་ཏེ། གང་ཟག་བརྒྱད་པོ་རྣམས་དང༌། རང་སངས་རྒྱས་རྣམས་དང༌། བྱང་ཆུབ་སེམས་དཔའ་


TNT17_Page_1069
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ཕྱིར་མི་ལྡོག་པ་རྣམས་དང༌། རྗེས་མཐུན་པ་མོས་པས་སྤྱོད་པའི་ཕྱིར་མི་ལྡོག་པ་རྣམས་ཀྱང་སྟེ། དེ་དག་ནི་འཕགས་པའི་དགེ་འདུན་ཞེས་བྱའོ། །དོན་དམ་པ་མཐར་ཐུག་པའི་དགེ་འདུན་ནི་དེ་བཞིན་གཤེགས་པ་ཉིད་ཡིན་ཅིང༌། ཆོས་མཐར་ཐུག་ཀྱང་ཆོས་ཀྱི་སྐུའོ། །འོན་ཀྱང་རེ་ཞིག་འདིར་དཀོན་མཆོག་རིན་པོ་ཆེ་གསུམ་དུ་བཞག་སྟེ། ཐེག་པ་གསུམ་གྱི་འཕགས་པའི་དགེ་འདུན་འདི་ནི། འཇིག་རྟེན་དུ་དགེ་ལེགས་ཐམས་ཅད་འབྱུང་བའི་བཀྲ་ཤིས་ངོ་མཚར་རྨད་དུ་བྱུང་བ་བླ་ན་མ་མཆིས་པ་གྲངས་སུ་བགྲང་རྒྱུ་གསུམ་པ་ཡིན་ཏེ། ཆོས་ནི་བཀྲ་ཤིས་གཉིས་པ་ཡིན་ལ། འདི་ནི་དམ་པའི་ཆོས་བསྒོམས་པ་ལས་བྱུང་བའི་ཕྱིར་རོ། །བདེ་བ་ཀུན་གྱི་གཞིར་གྱུར་པ། །བདེ་མཆོག་རིན་ཆེན་རྣམ་གསུམ་གྱིས། །བདེ་ལེགས་ཐམས་ཅད་སྩོལ་ཞིག་ཅེས། །བདེ་དང་ཕན་པའི་སེམས་ཀྱིས་བཀོད། །དཔལ་བཀྲ་ཤིས་ཀྱི་རྣམ་པར་བཤད་པ་འདི་ཡང་ཏཱ་ར་ནཱ་ཐའམ་མིང་གཞན་ཀུན་དགའ་སྙིང་པོས། དཔལ་བདེ་འབྱུང་གིས་བཟུང་པའི་གནས་གཉིས་པར་བཀོད་པའོ།། །།ཞུས་དག །བཀྲ་ཤིས།


previousབཀྲ་ཤིས་ཀྱི་རྣམ་བཤད།no next