Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
རྣམ་གྲངས་ཀྱི་མདོ་སློབ་ཕན།
   
   
   


 
previousརྣམ་གྲངས་ཀྱི་མདོ་སློབ་ཕན།next

རྣམ་གྲངས་ཀྱི་མདོ་སློབ་ཕན།


TNT18_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གྲངས་ཀྱི་མདོ་སློབ་ཕན་བཞུགས་སོ།


TNT18_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ཕུན་སུམ་ཚོགས་པ་ལྔ་གང་ཞེ་ན། ཆོས་དང་དུས་དང་སྟོན་པ་དང་གནས་དང་འཁོར་ཕུན་སུམ་ཚོགས་པའོ། །ཆོས་དུས་སྟོན་པ་གནས་དང་འཁོར། །ཕུན་སུམ་ཚོགས་པ་ལྔ་རུ་འདོད། །ཀུན་ཤེས་རྟ་ཐུལ་རླངས་པ་དང༌། །མིང་ཅན་བཟང་ལྡན་ལྔ་སྡེའོ། །གྲགས་པ་དྲི་མེད་གང་པོ་དང༌། །བ་ལང་བདག་དང་ལག་བཟང་ནི། །ཉེ་བའི་ལྔ་སྡེ་ཞེས་སུ་བརྗོད། །དགའ་བོ་ཉེར་དགའ་འགྲོ་མགྱོགས་དང༌། །འཆར་ཀ་འདུན་པ་ནམ་སོ་སྟེ། །དྲུག་སྡེ་ཞེས་སུ་བརྗོད་པ་ཡིན། །འོད་སྲུང་ཀུན་དགའ་ཤ་ནའི་གོས། །ཉེར་སྦས་དྷི་དྷི་ཀ་ནག་པོ། །ལེགས་མཐོང་བསྟན་པའི་གཏད་རབས་བདུན། །སྟག་མོ་ཤི་བི་ཀོ་ས་ལ། །ཚོང་དཔོན་གཉིས་དང་རི་བོང་དང༌། ཨཱ་གསྟ་དང་ཤ་བྱིན་དང༌། །ཐམས་ཅད་སྒྲོལ་དང་མཆོད་སྦྱིན་བྱེད། །བརྒྱ་བྱིན་བྲམ་ཟེ་མྱོས་བྱེད་མ། །ལེགས་པར་ཕ་རོལ་ཕྱིན་དང་ཉ། །བྱ་དང་བུམ་པ་ཕྱུག་པོའི་བུ། །དཀའ་ཐུབ་ཅན་དང་ཚོང་དཔོན་ནོ། །བྱང་ཆུབ་དང་བ་བྱང་ཆུབ་ཆེ། སྤྲེའུ་རི་དྭགས་ཤ་ར་བྷ། །རུ་རུ་སྤྲེལ་རྒྱལ་བཟོད་པར་སྨྲ། །ཚངས་པ་གླིང་ཆེན་དག་སྟེ་བཅུ། །ཟླ་བ་ལྕགས་ཀྱི་ཁྱིམ་ན་སྐྱེས། །མ་ཧེ་ཤིང་རྟ་མོ་ཞེས་པ། །སྐྱེས་རབས་སུམ་ཅུ་རྩ་བཞི་ཡིན། གཞན་ནི་བརྗོད་ལས་འདས་པའོ། །མཉན་ཡོད་གནས་


TNT18_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཙམ་པ་ཀ །ཝཱ་རཱ་ཎ་སིཡངས་པ་ཅན། །རྒྱལ་པོའི་ཁབ་སྟེ་གྲོང་ཁྱེར་དྲུག །སྐྱེ་བ་མངོན་པར་སྐྱེ་བ་དང༌། །དགའ་ལྡན་ནས་ནི་འཕོ་བ་དང༌། །ལྷུམས་སུ་འཇུག་དང་བལྟམ་པ་དང༌། །བཟོ་ཡི་གནས་ལ་མཁས་པ་དང༌། །བཙུན་མོའི་འཁོར་གྱིས་རོལ་པ་དང༌། །ངེས་འབྱུང་དཀའ་བ་སྤྱོད་པ་དང༌། །བྱང་ཆུབ་སྙིང་པོར་གཤེགས་པ་དང༌། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་མཁོར་ལོ་དང༌། །མྱ་ངན་འདས་པར་གཤེགས་མཛད་རྣམས། །མཛད་པ་བཅུ་གཉིས་ཞེས་སུ་གྲགས། །མདོ་སྡེ་དབྱངས་སྙན་ལུང་དུ་བསྟན། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང༌། །རྟོགས་བརྗོད་དེ་ལྟ་བུ་འབྱུང་དང༌། །སྐྱེས་རབས་ཤིན་ཏུ་རྒྱས་པ་དང༌། །རྨད་བྱུང་གཏན་ལ་དབབ་པའི་སྡེ། །གསུང་རབ་ཡན་ལག་བཅུ་གཉིས་ཡིན། །རྫོགས་ལྡན་གསུམ་ལྡན་གཉིས་ལྡན་དང༌། །རྩོད་ལྡན་ཞེས་བྱ་དུས་བཞི་ཡིན། །དཔྱིད་སོས་དབྱར་སྟོན་དགུན་གཉིས་ནི། །དུས་དྲུག་དགུན་དཔྱིད་དབྱར་དུས་གསུམ། །དུས་བཟང་དུས་ངན་བསམ་མི་ཁྱབ། །གསང་བའི་དུས་ནི་གསུམ་དུ་བརྗོད། །ཕུན་སུམ་ཚོགས་པ་ལྔ་ལས་འཕྲོས་པའི་རབས་ཏེ་དང་པོའོ།། །།མིག་རྣ་སྣ་ལྕེ་ལུས་དང་ཡིད། །གཟུགས་སྒྲ་དྲི་རོ་རེག་ཆོས་ནི། །སྐྱེ་མཆེད་བཅུ་གཉིས་ཞེས་སུ་བརྗོད། །བཅུ་གཉིས་པོ་དེའི་སྟེང་དུ་ནི། །མིག་རྣ་སྣ་


TNT18_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ལྕེ་ལུས་ཡིད་ཀྱི། །རྣམ་ཤེས་བསྣན་པས་ཁམས་བཅོ་བརྒྱད། །གཟུགས་ཚོར་འདུ་ཤེས་འདུ་བྱེད་དང༌། །རྣམ་ཤེས་རྣམས་ཏེ་ཕུང་པོ་ལྔ། །གཟུགས་སྒྲ་དྲི་རོ་རེག་བྱ་ལྔ། །མིག་རྣ་སྣ་ལྕེ་ལུས་དབང་ལྔ། །རིག་བྱེད་མིན་པའི་གཟུགས་ཞེས་པ། །བཅུ་གཅིག་པོ་དེ་གཟུགས་ཕུང་ཡིན། །མིག་སོགས་འདུས་ཏེ་རེག་པ་དྲུག །རེག་པའི་ཚོར་བ་དྲུག་ཡིན་ཏེ། ཡང་ན་བདེ་སྡུག་བཏང་སྙོམས་དང༌། །ཡིད་བདེ་ཡིད་མི་བདེ་བ་ལྔ། །རེག་དྲུག་ལས་བྱུང་འདུ་ཤེས་དྲུག །མཚན་བཅས་མཚན་མེད་ཆུང་ཆེ་དང༌། །ཚད་མེད་ཅི་ཡང་མེད་འདུ་ཤེས། །འདུ་བྱེད་མཚུངས་ལྡན་མི་ལྡན་གཉིས། །རྣམ་ཤེས་དྲུག་པོ་སྔར་བཤད་ཟིན། །སྔོ་སེར་དཀར་དམར་རིང་ཐུང་དང༌། །ལྷམ་པ་ཟླུམ་པོ་མཐོ་དམའ་དང༌། །ཕྱ་ལེ་ཕྱ་ལེ་མ་ཡིན་དང༌། །སྤྲིན་དང་དུ་བ་རྡུལ་ཁུག་རྣ། །གྲིབ་མ་ཉི་མ་སྣང་མུན་ནོ། །ཟིན་དང་མ་ཟིན་དེ་གཉིས་ལ། །སྟོན་དང་མི་སྟོན་གཉིས་གཉིས་བཞི། །དེ་ཡང་སྙན་དང་མི་སྙན་བརྒྱད། །དྲི་ཞིམ་མི་ཞིམ་མཉམ་མི་མཉམ། །ཡང་ན་ལྷན་སྐྱེས་སྦྱར་བྱུང་བཞི། །མངར་སྐྱུར་ལན་ཚྭ་ཁ་ཚ་བསྐ། །རོ་དྲུག་འབྱུང་བཞི་འཇམ་རྩུབ་དང༌། །ལྕི་ཡང་གྲང་བཀྲེས་སྐོམ་རེག་བྱ། །བཅུ་གཅིག་ཏུ་ནི་བརྗོད་པ་ཡིན། །ཉེར་དགུ་བཅུ་གཅིག་དྲུག་བཅུ་གཉིས། །ཉེར་དྲུག་ཐེག་ཆེན་གཞུང་ལས་བཤད། །ཐོབ་དང་མ་ཐོབ་སྐལ་མཉམ་དང༌། འདུ་ཤེས་མེད་དང་འགོག་སྙོམས་དང༌། །འདུ་ཤེས་མེད་པའི་སེམས་ཅན་དང༌། །སྲོག་དང་སྐྱེ་རྒ་གནས་དང་འཇིག །མིང་ཚིག་ཡེ་གེ་བཅུ་བཞི་པོ། །ལྡན་མིན་འདུ་བྱེད་ཅེས་པའོ། །ཉེར་གསུམ་རྣལ་འབྱོར་སྤྱོད་གཞུང་ལས། །ནམ་མཁའ་སོ་སོར་བརྟགས་འགོག་དང༌། །བརྟགས་མིན་འགོག་གསུམ་འདུས་མ་བྱས། །གཞན་ལས་འདུས་མ་བྱས་བརྒྱད་བཤད། །རྣམ་ཤེས་དྲུག་དང་ཉོན་ཡིད་དང༌། །ཀུན་གཞི་རྣམ་ཤེས་ཞེས་བྱ་བ། །རྣམ་ཤེས་ཚོགས་བརྒྱད་ཅེས་སུ་བརྗོད། །ཀུན་འགྲོ་ལྔ་དང་ཡུལ་ངེས་ལྔ། །རྩ་


TNT18_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་དྲུག་དང་ཉེ་ཉོན་མོངས། །ཉི་ཤུ་དད་སོགས་དགེ་བཅུ་གཅིག །གཞན་འགྱུར་བཞི་སྟེ་སེམས་བྱུང་ཡིན། །ཚོར་འདུ་སེམས་པ་རེག་ཡིད་བྱེད། །འདུན་མོས་དྲན་ཏིང་ཤེས་རབ་ལྔ། །འདོད་ཁོང་ང་མ་ཐེ་ཚོམ་ལྟ། ཁྲོ་དང་འཁོན་འཛིན་སེར་སྣ་འཆབ། །གཡོ་སྒྱུ་རྒྱགས་དང་རྣམ་འཚེ་དང༌། །འཚིག་དང་ཕྲག་དོག་མེད་གཉིས་དང༌། །མ་དད་པ་དང་རྨུགས་དང་རྒོད། །ལེ་ལོ་བག་མེད་བརྗེད་ངེས་དང༌། །ཤེས་བཞིན་མིན་དང་རྣམ་གཡེང་ངོ༌། །དད་དང་བག་ཡོད་ཤིན་ཏུ་སྦྱངས། །བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད། །རྩ་བ་རྣམ་གསུམ་མི་འཚེ་དང༌། །བརྩོན་འགྲུས་དགེ་བ་བཅུ་གཅིག་གོ །གཉིད་འགྱོད་རྟོག་དཔྱོད་གཞན་འགྱུར་བཞི། །རེག་དྲུག་ལས་བྱུང་སེམས་པ་དྲུག །དགེ་ཕྱིར་ཀུན་ཉོན་མོངས་ཕྱིར་དང༌། །གནས་སྐབས་བྱེ་བྲག་ལ་སེམས་པ། །གསུམ་དུ་དབྱེ་བས་བཅོ་བརྒྱད་ཡིན། །སྲིད་དང་འདོད་པའི་འདོད་ཆགས་གཉིས། །ང་རྒྱལ་ཆེ་བའི་ང་རྒྱལ་དང༌། །ང་རྒྱལ་ལས་ཀྱང་ང་རྒྱལ་དང༌། །ངའོ་སྙམ་དང་མངོན་ང་རྒྱལ། །ཅུང་ཟད་སྙམ་དང་ལོག་ང་རྒྱལ། །ལྟ་ངན་གཉིས་ཏེ་རྟག་ཆད་གཉིས། །ལོག་ལྟ་འཇིག་ཚོགས་མཐར་འཛིན་དང༌། །ཚུལ་ཞུགས་མཆོག་འཛིན་ལྟ་མཆོག་འཛིན། །ལྟ་ངན་ལྔ་ཞེས་བརྗོད་པ་ཡིན། །གཟུགས་བདག་མ་ཡིན་བདག་ལྡན་མིན། །བདག་ལ་གཟུགས་མེད་གཟུགས་ལ་མེད། །ཕུང་པོ་བཞི་ལའང་དེ་བཞིན་སྦྱར། །འཇིག་ཚོགས་ལྟ་བ་ཉི་ཤུར་འདོད། །བདག་དང་འཇིག་རྟེན་མཐའ་ལྡན་དང༌། །མི་ལྡན་གཉིས་ཀ་གཉིས་མིན་དང༌། །རྟག་མི་རྟག་གཉིས་གཉིས་ཀ་མིན། །དེ་བཞིན་གཤེགས་པ་གྲོངས་ཕན་ཆད། །འབྱུང་མིན་འབྱུང་


TNT18_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གཉིས་ཀ་མིན། །བདག་སྲོག་གཅིག་གམ་ཐ་དད་ཅེས། །ལུང་མ་བསྟན་ལྟ་བཅུ་བཞི་ཡིན། །མ་རིག་འདུ་བྱེད་རྣམ་པར་ཤེས། །མིང་གཟུགས་སྐྱེ་མཆེད་དྲུག་རེག་པ། །ཚོར་བ་སྲེད་ལེན་སྲིད་པ་དང༌། །སྐྱེ་བ་རྒ་ཤི་རྟེན་འབྲེལ་ནི། །བཅུ་གཉིས་ཞེས་སུ་བརྗོད་པ་ཡིན། །དམྱལ་བ་ཡི་དྭགས་དུད་འགྲོ་དང༌། །མི་རྣམས་དང་ནི་འདོད་ལྷ་དྲུག །ཡང་སོས་ཐིག་ནག་བསྡུས་འཇོམས་དང༌། ངུ་འབོད་ངུ་འབོད་ཆེན་པོ་དང༌། །ཚ་བ་རབ་ཚ་མནར་མེད་པ། །ཆུ་བུར་ཆུ་བུར་བརྡོལ་བ་དང༌། །ཨ་ཆུ་ཀྱེ་ཧུད་སོ་ཐམ་པ། །ཨུཏྤལ་པདྨ་པད་ཆེར་གས། མེ་མ་མུར་དང་རོ་མྱག་དང༌། །སྤུ་གྲི་སོགས་གསུམ་ཆུ་བོ་ཡིན། །རྒྱལ་ཆེན་བཞི་རིགས་སུམ་ཅུ་གསུམ། །འཐབ་བྲལ་དགའ་ལྡན་འཕྲུལ་དགའ་དང༌། །གཞན་འཕྲུལ་དབང་བྱེད་ཅེས་ལྷ་དྲུག །གཉིས་ཀ་འཁྱུད་དང་ལག་བཅང་དང༌། རྒོད་དང་བལྟས་པས་འཁྲིག་པའོ། །དུད་འགྲོ་ཡི་དྭགས་བྱིང་ཁ་འཐོར། །ཕྱི་ནང་ཟས་སྒྲིབ་ཡི་དྭགས་གསུམ། །བརྒྱད་པོ་ཀུན་ལ་ལྷག་བཅུ་དྲུག །ཡི་དྭགས་སོ་དྲུག་དུད་འགྲོ་ནི། །བྱེ་བ་མང་པོར་མདོ་ལས་གསུངས། །འདི་ནས་བྱང་དུ་རི་ནག་པོ། །དགུ་འདས་གངས་རིའོ་དེ་ནས་ནི། །སྤོས་ངད་ལྡན་པའི་ཚུར་རོལ་ན། །ཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ། །གངྒཱ་གླང་པོ་ཁ་ནས་ཤར། །སིནྡྷུ་གླང་གི་ཁ་ནས་ལྷོ། །པཀྵུ་རྟ་ཡི་ཁ་ནས་ནུབ། །སི་ཏཱ་སེངྒེའི་ཁ་ནས་བྱང༌། །མ་དྲོས་རྫིང་བུ་དལ་འབབ་དང༌། །གསེར་གྱི་བྱ་སྐྱིབས་སཱ་ལའི་རྒྱལ། །གླང་ཆེན་ས་སྲུང་བུ་རབ་བརྟན། ཁང་བུ་ཅན་དང་སྤྲིན་གྱི་ཤུགས། །ལྷུན་པོ་གཉའ་ཤིང་འཛིན་རི་དང༌། །གཤོལ་མདའ་འཛིན་དང་སེང་ལྡན་ཅན། །དེ་བཞིན་ལྟ་ན་སྡུག་རི་དང༌། །ལྟ་ན་དང་ནི་རྣམ་འདུད་དང། །མུ་འཁྱུད་འཛིན་དང་ལྕགས་རིའོ། །རོལ་མཚོ་བདུན་དང་བ་ཚྭའི་མཚོ། །རི་རབ་བང་རིམ་བཞི་སོགས་ལ། །ལག་ན་གཞོང་ཐོགས་ཕྲེང་ཐོགས་དང། །རྟག་མྱོས་པི་ཝཾ་ཅན་གསུམ་པ། །བར་སྣང་ས་བླའི་གནོད་སྦྱིན་དང༌། །ཀུན་ཏུ་རྒྱུ་བའི་ལྷ་རྣམས་སོ། །ཡུལ་འཁོར་དང་ནི་འཕགས་པར་སྐྱེས། །སྣ་ཚོགས་གཟུགས་དང་ལྕང་ལོ་ཅན། །རྒྱལ་པོ་འཇིག་རྟེན་སྐྱོང་བཞི་གནས། །གཉའ་ཤིང་འཛིན་རིའི་རྩེ་མོ་ལའོ། །ལྷུན་པོའི་རྩེ་ན་སུམ་ཅུ་གསུམ། །


TNT18_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་ན་སྡུག་རྣམས་ཁང་བཟང་དང༌། །ཆོས་བཟང་ཡོངས་འདུའི་ཚལ་དང་ནི། །ཕྱི་རོལ་ཤིང་རྟ་སྣ་ཚོགས་དང། །རྩུབ་འགྱུར་འདྲེས་ཚལ་དགའ་བས་བརྒྱན། །དེ་དག་གི་ནི་ཕྱོགས་བཞི་ན། །ཉི་ཤུས་བཅད་ན་ས་གཞི་བཟང༌། །བྱང་ཤར་མཚམས་ན་ཡོངས་འདུ་སྟེ། །ལྷོ་ནུབ་མཚམས་ན་ཆོས་བཟང་ངོ༌། །དེ་སྟེང་ལྷ་རྣམས་གཞལ་མེད་ཁང༌། །འདོད་པ་སྤྱོད་པ་དྲུག་ཡིན་ནོ། །ཟླ་ཕྲེང་བཟང་པོ་གསེར་ལྡན་དང། །མི་གཡོ་བ་སྟེ་ས་བཞི་བཞི། །འོད་ཅན་སྐར་ཕྲེང་ཟབ་པ་དང༌། །མཛེས་པ་ཞེས་ཏེ་གྲོང་ཁྱེར་བཞི། །སྒྲ་གཅན་མགུལ་ཕྲེང་མེ་ཏོག་དང༌། །ཐག་བཟང་རིས་ཏེ་དབང་པོ་བཞི། །ལྷོ་ནུབ་མཚམས་ན་ནོར་བཟང་དང༌། །བྱང་ཤར་མཚམས་ན་ཙི་ཏས་ལི། ཁང་བཟང་གཏམས་པ་ཅན་དང་ནི། །ཚལ་བཞི་བཟོད་དཀའ་གངས་བརྩེགས་དང༌། །སྐྲག་འཇིགས་སོགས་ཀྱིས་ལྷ་མིན་བསྡུས། །ཚངས་རིས་ཚངས་པ་འདུན་ན་འདོན། །ཚངས་ཆེན་བསམ་གཏན་དང་པོ་ཡིན། །འོད་ཆུང་ཚད་མེད་འོད་འོད་གསལ། །གཉིས་པའོ་དགེ་ཆུང་ཚད་མེད་དགེ །དགེ་རྒྱས་བསམ་གཏན་གསུམ་པ་ཡིན། །སྤྲིན་མེད་བསོད་ནམས་སྐྱེས་དང་ནི། །འབྲས་བུ་ཆེ་ཞེས་གནས་གསུམ་དང༌། །མི་ཆེ་མི་གདུང་གྱ་ནོམ་སྣང༌། །ཤིན་ཏུ་མཐོང་དང་འོག་མིན་ནི། །གནས་གཙང་ལྔ་སྟེ་བཞི་པ་ཡིན། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། །རྣམ་ཤེས་མཐའ་ཡས་ཅི་ཡང་མེད། །སྲིད་རྩེ་ཞེས་བྱ་གཟུགས་མེད་བཞི། ཁམས་གསུམ་འདོད་ཁམས་གཟུགས་ཁམས་དང༌། །གཟུགས་མེད་ཁམས་རྣམས་རིམ་པ་བཞིན། །ཉི་ཤུ་བཅུ་བདུན་བཞི་ཡིན་ནོ། །ཏིལ་སྦྱང་ནང་ནས་ལོ་བརྒྱ་ཞིག །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུས་སྒྱུར། །ཡང་གསོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །རབ་ཏུ་ཚ་ཕྱེད་མནར་མེད་ནི། །བར་གྱིས་བསྐལ་པའོ་དུད་འགྲོ་རྣམས། །མཆོག་རིང་


TNT18_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པའོ་ཡི་དྭགས་རྣམས། །ཟླ་བ་ཉིན་ཞག་གི་ལྔ་བརྒྱ། །གླིང་བཞི་བ་དང་ཉི་ཟླ་དང༌། །རི་རབ་དང་ནི་འདོད་ལྷ་དང༌། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་མོ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །འཛམ་བུའི་གླིང་བ་རྣམས་ཀྱི་ཚད། །ཁྲུ་བཞི་པ་དང་ཕྱེད་དང་བཞི། །ཤར་དང་བ་ལང་སྤྱོད་དང་ནི། །བྱང་ཞེས་བྱ་བ་ཉིས་འགྱུར་བསྐྱེད། །འདོད་དང་ལྡན་པའི་ལྷའི་ལུས། །བཞི་ཆ་ནས་ནི་རྒྱང་གྲགས་དག །བྱེད་དང་གཉིས་ཀྱི་བར་དུ་བསྐྱེད། །གཟུགས་ཅན་དང་པོ་དཔག་ཚད་ཕྱེད། །དེ་ཡིས་གོང་མ་ཕྱེད་ཕྱེད་བསྐྱེད། །འོད་ཆུང་རྣམས་ཀྱི་ལྷག་ཡན་ཆད། །ལུས་ནི་ཉིས་འགྱུར་ཉིས་འགྱུར་ཏེ། །སྤྲིན་མེད་དཔག་ཚད་གསུམ་དོར་རོ། །སྒྲ་མི་སྙན་ན་ཚེ་སྟོང་སྟེ། །ནུབ་ཤར་ལྔ་བརྒྱ་ཕྱེད་སུམ་བརྒྱ། །འདི་ནི་མ་ངེས་ཐ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །མི་རྣམས་ཀྱི་ལོ་ལྔ་བཅུ་ལ། །འདོད་པ་དག་གི་ལྷ་རྣམས་ལས། །འོག་མ་དག་གི་ཉིན་ཞག་གཅིག །དེས་ན་ཚེ་ལོ་ལྔ་བརྒྱའོ། །གོང་མ་གཉིས་ཀ་ཉིས་འགྱུར་རོ། །གཟུགས་ཅན་ཉིན་མཚན་མེད་ཚེ་ནི། །རང་ལུས་གཞལ་བའི་བསྐལ་པ་ཡིན། །གཟུགས་མེད་བསྐལ་པ་སྟོང་ཕྲག་ནི། ཉི་ཤུ་ལྷག་པས་ལྷག་པ་ཡིན། །འོད་ཆུང་ནས་གཟུང་བསྐལ་ཆེན་ཏེ། །དེ་ཡི་འོག་མ་ཕྱེད་ཡིན་ནོ། །གཟུགས་མིང་དུས་མཐའ་རྡུལ་ཡིག་དང༌། །སྐད་ཅིག་ཕྲ་རགས་རྡུལ་དང་ནི། །རྡུལ་ཕྲན་དག་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང༌། །ཉི་ཟེར་རྡུལ་དང་སྲོ་མ་ཤིག །སོར་ཚིག་ཞེས་བྱ་གོང་བདུན་བསྒྱུར། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། ཁྲུ་བཞི་ལ་ནི་གཞུ་གང་ངོ༌། །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱའོ། །སྐད་ཅིག་མ་བརྒྱ་ཉི་ཤུ་ལ། །དེའི་སྐད་ཅིག་དེ་དག་ཀྱང༌། །དྲུག་ཅུ་ལ་ནི་ཐང་གཅིག་གོ །ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། །


TNT18_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

གོང་ནས་གོང་དུ་སུམ་ཅུར་འགྱུར། །འཆགས་དང་འཇིག་དང་གནས་དང་ཞིག །བར་བསྐལ་བསྐལ་ཆེན་བསྐལ་ཆུང་དང༌། །མཚོན་དང་ནད་དང་མུ་གེ་སོགས། །བསྐལ་པ་རྣམ་པ་མང་པོ་ཡིན། །ལས་ལ་སེམས་པ་བསམ་པ་གཉིས། །མྱོང་བར་ངེས་དང་མ་ངེས་གཉིས། །རྣམ་རིག་རྣམ་རིག་བྱེད་མིན་གཉིས། །འཕེན་བྱེད་རྫོགས་བྱེད་ལས་གཉིས་སོ། །ཀུན་སློང་རྣམ་གཉིས་རྒྱུ་དང་ནི། །དེའི་དུས་ཀྱི་སློང་ཞེས་བྱ། །རིག་བྱེད་མིན་རྣམ་སུམ་ཞེས་བྱ། །སྡོམ་དང་སྡོམ་པ་མིན་དང་གཞན། །སྡོམ་པ་སོ་སོར་ཐར་ཞེས་བྱ། །དེ་བཞིན་བསམ་གཏན་ཟག་མེད་སྐྱེས། །བསོད་ནམས་བསོད་ནམས་མིན་མི་གཡོ། །ལས་ནི་རྣམ་པ་གསུམ་དུ་བརྗོད། །སྡུག་བསྔལ་མྱོང་འགྱུར་བདེ་མྱོང་འགྱུར། །སྡུག་མིན་བདེ་མིན་མྱོང་འགྱུར་གསུམ། །མཐོང་ཆོས་དང་ནི་སྐྱེས་ནས་དང༌། །ལན་གྲངས་གཞན་ལ་མྱོང་འགྱུར་གསུམ། །ལས་དཀར་རྣམ་སྨིན་གནག་པ་དང༌། །ལས་གནག་རྣམ་སྨིན་དཀར་བ་དང༌། །གཉིས་ཀར་དཀར་དང་གཉིས་ཀ་ནག །དཀར་དང་ནག་དང་འདྲེས་མ་དང༌། །མི་དཀར་མི་ནག་དེ་ཡང་གསུམ། །དཀར་ནག་གཉིས་ཀ་ཟད་བྱེད་པའོ། །མཚམས་མེད་སྐྱེས་ནས་མྱོང་འགྱུར་ཡིན། །བདེ་གཤེགས་སྐུ་ལ་ངན་སེམས་ཀྱིས། །སྐུ་མཚལ་འབྱིན་དང་དགྲ་བཅོམ་གསོད། །ཕ་མ་གསོད་དང་དགེ་འདུན་དབྱེན། །མ་དགྲ་བཅོམ་མ་སུན་བྱས་དང༌། །བྱང་ཆུབ་སེམས་དཔའ་ངེས་གནས་དང༌། །སློབ་པ་གསོད་དང་དགེ་འདུན་གྱི། །འདུ་བའི་སྒོ་ནས་འཕྲོག་པ་དག །མཚམས་མེད་པ་དང་ཆ་འདྲ་སྟེ། །ལྔ་པ་མཆོད་རྟེན་བཇིག་པ་ཡིན། །སྲོག་གཅོད་ལོག་གཡེམ་མ་བྱིན་ལེན། །ཕྲ་མ་ཚིག་རྩུབ་ངག་འཁྱལ་རྫུན། །བརྣབ་སེམས་གནོད་སེམས་ལོག་ལྟ་ནི། །བྱེད་ན་མི་དགེ་སྤངས་དགེ་བཅུ། །ཚེ་ཐུང་དགྲ་མང་འཕོངས་པ་དང༌། །བཤེས་བྲལ་མི་སྙན་ངག་མི་བཙུན། །སྐུར་བ་རེ་བ་འཇོམ་པ་དག །འཇིག་བཅས་ལྟ་ངན་གྱིས་རྨོངས་པའི། །གཟི་ཆུང་ལོ་ཉེས་


TNT18_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་འཁྲིག་དང༌། །དྲི་ང་མཐོ་དམན་ཚ་སྒོ་སྐྱེས། །དུས་ལོག་དགུན་དུས་སོགས་ཐ་ཆད། །འབྲུ་ཁ་འབྲས་བུ་མེད་པའོ། །ཀུན་གྱི་རྣམ་སྨིན་ངན་འགྲོ་སྟེ། །ཐམས་ཅད་བདག་པོ་རྒྱུ་འཐུན་དང༌། །རྣམ་སྨིན་འབྲས་བུ་ཡིན་པར་འདོད། །སྡུག་བསྔལ་ཕྱིར་དང་བསད་ཕྱིར་དང༌། །གཟི་བྱིན་མེད་ཕྱིར་འབྲས་རྣམ་གསུམ། །མཐོང་ཆོས་འབྲས་བུ་ཅན་གྱི་ལས། །ཞིང་དང་བསམ་པའི་ཁྱད་པར་ལས། །གང་དག་འགོག་བྱམས་ཉོན་མོངས་མེད། །མཐོང་དང་དགྲ་བཅོམ་འབྲས་ལངས་པ། །དེ་ལ་ཕན་གནོད་བྱས་པ་ཡིས། །འབྲས་བུ་འཕྲལ་དུ་མྱོང་བར་འགྱུར། །འགྲོ་དང་སྡུག་བསྔལ་ཕན་འདོགས་དང༌། །ཡོན་ཏན་རྣམས་ཀྱི་ཞིང་ཁྱད་འཕགས། །འཕགས་པ་མིན་ཡང་ཕ་མ་དང༌། །ནད་པ་དང་ནི་ཆོས་སྨྲ་དང༌། །སྐྱེས་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་ཏུ་མེད་པ་ཡིན། །འཇུག་དང་ཞིང་དང་གཞི་དང་ནི། །སྦྱོར་དང་སེམས་པ་བསམ་པ་སྟེ། །དེ་དག་ཆུང་དང་ཆེ་བ་ལས། །ལས་ཀྱང་ཆུང་དང་ཆེ་བ་ཡིན། །བསམ་བཞིན་པ་དང་རྫོགས་པ་དང༌། །མི་འགྱོད་གཉེན་པོ་མེད་པ་དང༌། །འཁོར་དང་རྣམ་པར་སྨིན་པ་ལས། །བསགས་པའི་ལས་ཤེས་བྱ་བ་ཡིན། །ལས་སུ་རྣམ་སྨིན་སྒྲིབ་པ་གསུམ། །སྡུག་བསྔལ་གསུམ་མམ་བརྒྱད་ཅེས་བྱ། །སྡུག་བསྔལ་སྡུག་བསྔལ་འགྱུར་སྡུག་བསྔལ། །འདུ་བྱེད་སྡུག་བསྔལ་ཞེས་པའོ། །ཉོན་མོངས་མཐོང་བས་སྤང་བྱ་དང༌། །སྒོམ་པས་སྤང་བྱ་གཉིས་སུ་འདུ། །གཉིས་ཀའང་ཁམས་གསུམ་སོ་སོས་བསྡུས། །བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང༌། །སྐལ་མཉམ་མཚུངས་པར་ལྡན་པ་དང༌། །ཀུན་ཏུ་འགྲོ་དང་རྣམ་སྨིན་ཏེ། །རྒྱུ་ནི་རྣམ་པ་དྲུག་ཏུ་འདོད། །རྐྱེན་རྣམ་བཞི་ཏེ་རྒྱུ་དང་ནི། །དམིགས་པ་དང་ནི་དེ་མ་ཐག །བདག་པོ་ཡང་ནི་དེ་བཞིན་ཏེ། །རྐྱེན་ལྔ་པ་ནི་ཡོད་མ་ཡིན། །རྣམ་སྨིན་བདག་པོ་རྒྱུ་འཐུན་དང༌། །སྐྱེས་བུ་བྱེད་དང་བྲལ་འབྲས་ལྔ། །རྒྱུ་དྲུག་རྐྱེན་བཞི་འབྲས་བུ་ལྔའོ། །གཞིའི་ཆོས་ཀྱི་སྐབས་ཏེ་


TNT18_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པའོ།། །།བསྙེན་གནས་དགེ་བསྙེན་ཕ་མ་དང༌། །དགེ་ཚུལ་ཕ་མ་དགེ་སློབ་མ། །དགེ་སློང་ཕ་མ་སོ་ཐར་བརྒྱད། །ཚོགས་སྤྱོར་མཐོང་སྒོམ་མི་སློབ་ལམ། །ལམ་ལྔ་ཞེས་ནི་བཤད་པ་ཡིན། །ཉན་ཐོས་རང་རྒྱལ་ཐེག་ཆེན་གསུམ། །ལྷ་དང་ཚངས་པའི་ཐེག་སྟེ་ལྔ། །འཇིག་རྟེན་འཇིག་རྟེན་འདས་ཐེག་གཉིས། །ལུས་ཚོར་སེམས་དང་ཆོས་རྣམས་ཀྱི། །དྲན་པ་ཉེ་བར་བཞག་པ་བཞི། །དགེ་བ་མ་སྐྱེས་བསྐྱེད་པ་དང༌། །སྐྱེས་པ་སྲུང་དང་མི་དགེ་བ། །སྐྱེས་སྤོང་མ་སྐྱེས་མི་སྐྱེད་པའོ། །འདུན་བརྩོན་སེམས་དཔྱོད་ཅེས་བྱ་བ། །རྫུ་འཕྲུལ་རྐང་པ་བཞི་ཞེས་བརྗོད། །དད་བརྩོན་དྲན་ཏིང་ཤེས་རབ་ནི། །དབང་པོ་ལྔ་དང་སྟོབས་ལྔར་བརྗོད། །དྲན་ཤེས་བརྩོན་དགའ་སྦྱངས་ཏིང་བཏང༌། །བྱང་ཆུབ་ཡན་ལག་བདུན་དུ་བརྗོད། །རང་བཞིན་ཡན་ལག་གནས་ཡན་ལག །གསུམ་པ་ངེས་འབྱུང་ཡན་ལག་སྟེ། །བཞི་བ་ཕན་ཡོན་ཡན་ལག་ཡིན། །རྣམ་གསུམ་ཉོན་མོངས་མེད་ཡན་ལག །ལྟ་རྟོག་ངག་ལས་འཚོ་དང་རྩོལ། །དྲན་ཏིང་འཕགས་ལམ་ཡན་ལག་བརྒྱད། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་བདུན། །སྡུག་བསྔལ་ཀུན་འབྱུང་འགོག་དང་ལམ། །བདེན་པ་བཞི་ཞེས་རབ་ཏུ་བསྒྲག །མི་རྟག་སྡུག་བསྔལ་སྟོང་བདག་མེད། །རྒྱུ་དང་ཀུན་འབྱུང་རྐྱེན་རབ་སྐྱེ། །འགོག་ཞི་གྱ་ནོམས་ངེས་འབྱུང་དང༌། །ལམ་དང་རིག་སྒྲུབ་ངེས་འབྱིན་ཏེ། །མི་རྟག་སོགས་རྣམས་བཅུ་དྲུག་གོ །ཆོས་དང་གང་ཟག་བདག་མེད་གཉིས། །རྣམ་ཐར་སྒོ་ནི་སྟོང་ཉིད་དང༌། །མཚན་མེད་སྨོན་མེད་རྣམ་གསུམ་མོ། །སྟོང་ཉིད་སྟོང་ཉིད་ལ་སོགས་གསུམ། །ཕྱི་ནང་གཉིས་ཀ་སྟོང་པ་ཆེ། །དོན་དམ་འདུས་བྱས་འདུས་མ་བྱས། །མཐའ་ལས་འདས་དང་ཐོག་མ་མེད། །དོར་མེད་རང་བཞིན་ཆོས་ཐམས་ཅད། །རང་གི་མཚན་ཉིད་དང་མི་དམིགས། །དངོས་མེད་ངོ་བོ་དངོས་པོ་དང༌། །དངོས་པོ་མེད་པའི་སྟོང་ཉིད་ནི། །བཅོ་བརྒྱད་


TNT18_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

རང་དང་གཞན་ངོ་བོ། །སྟོང་ཉིད་བསྣན་པས་ཉི་ཤུ་ཡིན། །གཉེན་པོ་རྣམ་བཞི་སྤོང་བ་དང༌། །གཞི་དང་ཐག་སྲིང་སུན་འབྱིན་པའོ། །མདོར་ན་ལམ་ནི་རྣམ་བཞི་སྟེ། ཁྱད་པར་ཅན་དང་རྣམ་གྲོལ་དང༌། །བར་ཆད་མེད་དང་སྦྱོར་ཞེས་བྱ། །ཚོགས་ལམ་ཆེ་འབྲིང་ཆུང་གསུམ་སྟེ། །སྦྱོར་ལམ་དྲོད་རྩེ་བཟོད་ཆོས་མཆོག །རེ་རེའང་ཆེ་འབྲིང་ཆུང་གསུམ་མོ། །སྡུག་བསྔལ་ཆོས་བཟོད་ཆོས་ཤེས་དང༌། །རྗེས་བཟོད་རྗེས་ཤེས་ཞེས་པ་བཞི། །ཀུན་འབྱུང་འགོག་ལམ་ལ་བཞི་བཞི། །མཐོང་ལམ་སྐད་ཅིག་བཅུ་དྲུག་གོ །སྒོམ་ལམ་ཆུང་ངུའི་ཆུང་སོགས་དགུ། །ཉམས་པ་འཆི་སེམས་རྗེས་སུ་བསྲུང༌། །གནས་ལས་མི་བསྐྱོད་རྟོགས་སྐལ་ཅན། །མི་གཡོ་ཆོས་ཅན་ཞེས་པ་དྲུག །དགྲ་བཅོམ་སློབ་དང་བྱས་ལ་འདོད། །མཚན་ཉིད་རབ་རིག་མོས་དབེན་བྱུང༌། །དགའ་སྡུད་སྤྱོད་པ་སྦྱོར་བའི་མཐའ། །སྦྱོར་མཐའི་འབྲས་བུ་ཡིད་བྱེད་བདུན། །མིག་རྣ་གཞན་སྔོན་རྫུ་འཕྲུལ་ཟབ༌། །མངོན་ཤེས་དྲུག་ཏུ་བརྗོད་པ་ཡིན། །བསམ་གཏན་ཡན་ལག་བཅོ་བརྒྱད་ནི། །དང་པོ་ལ་ལྔ་རྟོག་དཔྱོད་དང༌། །དགའ་དང་བདེ་དང་ཏིང་འཛིན་རྣམས། །གཉིས་པ་ལ་ནི་ཡན་ལག་བཞི། །རབ་དང་དང་ནི་དགའ་ལ་སོགས། །གསུམ་པ་ལ་ལྔ་བཏང་སྙོམས་དང༌། །དྲན་དང་ཤེས་བཞིན་བདེ་དང་གནས། །མཐའ་ན་བཞི་དྲན་བཏང་སྙོམས་དང༌། །བདེ་མིན་སྡུག་མིན་ཏིང་འཛིན་ནོ། །བྱམས་དང་སྙིང་རྗེ་དགའ་བ་དང༌། །བཏང་སྙོམས་ཚད་མེད་ཚད་མེད་བཞི། །བསམ་གཏན་དང་པོའི་སྙོམས་འཇུག་སོགས། །བསམ་གཏན་བཞི་དང་གཟུགས་མེད་བཞི། །འགོག་སྙོམས་ཞེས་པ་སྙོམས་འཇུག་དགུ །གཟུགས་ཅན་གཟུགས་ལ་ལྟ་བའི་དང༌། །གཟུགས་མེད་གཟུགས་ལྟ་ཁྱད་པར་སྡུག །གཟུགས་མེད་བཞི་དང་འགོག་པ་ཡི། །རྣམ་པར་ཐར་བ་བརྒྱད་ཡིན་ནོ། །ཟད་པར་སྔོན་པོའི་ཏིང་འཛིན་དང༌། །སེར་དམར་དཀར་དང་ས་ཆུ་མེ། །རླུང་དང་ནམ་མཁའ་རྣམ་ཤེས་བཅུ། །ནང་གཟུགས་འདུ་ཤེས་ཕྱི་ཡི་གཟུགས། །ཆུང་ངུ་བཟང་ངན་ཟིལ་གནོན་དང༌། །ཆེན་པོ་ཟིལ་གནོན་ནང་གཟུགས་མེད། །སྔར་བཞིན་ཆེ་ཆུང་ཟིལ་


TNT18_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

གནོན་གཉིས། །སྔོ་སེར་དམར་དཀར་ཟིལ་གནོན་བཞི། །དེ་ལྟར་ཟིལ་གནོན་བརྒྱད་དུ་དྲན། །ཆོས་ཤེས་རྗེས་ཤེས་གཞན་སེམས་ཤེས། །ཀུན་རྫོབ་སྡུག་ཀུན་འགོག་ལམ་དང༌། །ཟད་དང་མི་སྐྱེ་ཤེས་པ་བཅུ། །དབང་པོ་རྟུལ་དང་རྣོན་པོ་དང༌། །དད་དང་མཐོང་ཐོབ་རིགས་ནས་རིགས། །བར་ཆད་གཅིག་པར་སྐྱེས་ནས་དང༌། །བྱེད་དང་བྱེད་མིན་འོག་མིན་འགྲོ། །འཕར་གསུམ་སྲིད་རྩེ་མཐར་ཐུག་འགྲོ། །གཟུགས་ལ་ཆགས་བཅོམ་མཐོང་བ་ཡི། །ཆོས་ལ་ཞི་ལུས་མངོན་སུམ་བྱེད། །བསེ་རུ་དང་ནི་ཉི་ཤུའོ། །ཀུན་བརྟགས་གཞན་དབང་ཡོངས་གྲུབ་ནི། །མཚན་ཉིད་གསུམ་ཞེས་བརྗོད་པར་བྱ། །མཚན་ཉིད་སྐྱེ་བ་དོན་དམ་སྟེ། །ངོ་བོ་ཉིད་མེད་གསུམ་དུ་བརྗོད། །དག་དང་ཉོན་མོངས་དང་ལྡན་ཕྱིར། །ཀུན་ནས་ཉོན་མོངས་མེད་དག་ཕྱིར། །རྣམ་པར་དབྱེ་བ་མེད་ཆོས་ཕྱིར། །ལྷུན་གྲུབ་རྣམ་པར་མི་རྟོག་ཕྱིར། །རྒྱུ་བཞི་ཡིས་ནི་བསམ་མི་ཁྱབ། །ཐོག་མ་མེད་ནས་བརྒྱུད་འོངས་དང༌། །སྐྱེ་མཆེད་དྲུག་གི་ཁྱད་པར་འདྲ། །ཆོས་ཉིད་ཀྱིས་ཐོབ་སངས་རྒྱས་རིགས། །རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཆོས་ལ་ཁོང་ཁྲོ་བདག་ལྟ་དང༌། །འཁོར་བའི་སྡུག་བསྔལ་གྱིས་འཇིགས་དང༌། །སེམས་ཅན་དོན་ལ་ལྟོས་མེད་ཉིད། །འདོད་ཆེན་མུ་སྟེགས་ཉན་ཐོས་དང༌། །རང་བྱུང་རྣམས་གྱི་སྒྲིབ་རྣམ་བཞི། །ཆོས་མོས་ལྷག་པའི་ཤེས་རབ་དང༌། །ཏིང་འཛིན་སྙིང་བརྩེ་ལམ་བཞིའོ། །གཙང་བདག་བདེ་དང་རྟག་ཉིད་ཀྱི། །ཡོན་ཏན་ཕ་རོལ་ཕྱིན་པ་འབྲས། །སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ལ། །སྦུན་པ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལ་གཏེར་དང་མྱུག་སོགས་འབྲས་ཕྱུང་དང༌། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་དང༌། །ས་ལ་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་སྒྲིབ་


TNT18_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང༌། །ཡང་དག་མི་འཛིན་ཡང་དག་ཆོས་ལ་སྐུར། །བདག་ཆགས་ལྷག་པའི་སྐྱོན་ལྔ་གང་དག་ལ། །ཡོད་པ་དེ་དག་དེ་སྤངས་དོན་དུ་གསུངས། །ཆུ་ཁམས་གསེར་དང་ནམ་མཁའ་ནི། །དག་པ་བཞིན་དུ་དག་པར་འདོད། །བྱང་སེམས་མཚན་བཅུ་དྲུག་པོ་ནི། །བྱང་ཆུབ་སེམས་དཔའི་སེམས་དཔའ་ཆེ། །བློ་ལྡན་ཉིད་དང་གསལ་བའི་མཆོག །རྒྱལ་སྲས་རྒྱལ་བའི་གཞི་དང་ནི། །རྒྱལ་བྱེད་རྒྱལ་བའི་མྱུ་གུ་དང༌། །རྩལ་ལྡན་དང་ནི་འཕགས་མཆོག་དང༌། །དེད་དཔོན་དང་ནི་བསོད་ནམས་ཆེ། །དབང་ཕྱུག་དེ་བཞིན་ཆོས་དང་ལྡན། །གཟུངས་ནི་རྣམ་པ་བཞི་ཡིན་ཏེ། །བཟོད་པ་སྔགས་ཆོས་དོན་གྱི་གཟུངས། །ཐོས་འཛིན་དོན་སྟོན་ལ་མི་འཇིགས། །བདག་མེད་སྲུང་བ་ཕུན་ཚོགས་དང༌། །ཐབས་ཤེས་མཐར་ཕྱིན་བར་ཆད་མེད། །སེམས་ཅན་དོན་ལ་མི་འཇིགས་ཏེ། །རྒྱལ་སྲས་མི་འཇིགས་རྣམ་བཞིའོ། །མ་བསྟན་པར་ཡང་སྦྱིན་ལ་འདུག །ཚུལ་བཟོད་བརྩོན་བསམ་ཤེས་བསྡུ་དངོས། །ཡོངས་བསྔོ་ཤེས་དང་ངེས་འབྱུང་སྟོན། །ཐེག་ལས་མ་ཉམས་ལམ་གཉིས་སྟོན། །ཟུང་དང་སེལ་བཞིའི་རྒྱུད་ལ་མཁས། །ཡེ་ཤེས་སྔོན་འགྲོ་འདུ་མི་བྱེད། །སྒོ་གསུམ་དགེ་བ་བཅུ་དང་ལྡན། །བཟོད་པས་སེམས་ཅན་ཡོངས་མི་གཏོང། །འགྲོ་ཀུན་མངོན་པར་དགའ་བར་སྟོན། །ཐམས་ཅད་མཁྱེན་པའི་སེམས་མ་ཉམས། །དཀོན་མཆོག་རྩ་བར་བསྟན་པ་ལས། །མི་ལྡོག་རྒྱལ་སྲས་མ་འདྲེས་ཆོས། །བསམ་ལྷག་སྦྱོར་ཤེས་སྨོན་ཐེག་སྤྱཽད། །རྣམ་འཕྲུལ་བྱང་ཆུབ་ཆོས་འཁོར་སྟོབས། །བྱང་ཆུབ་སེམས་དཔའི་སྟོབས་བཅུ་ཡིན། །ཚེ་སེམས་ལས་ཡོ་སྐྱེ་མོས་དང༌། །སྨོན་རྫུ་ཡེ་ཆོས་དབང་བཅུ་ཡིན། །སྨོན་འཇུག་ཀུན་རྫོབ་དོན་དམ་གྱི། །སེམས་བསྐྱེད་གཉིས་གཉིས་བརྗོད་པ་ཡིན། །སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་


TNT18_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་དང༌། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམ་པ་ལས། །མི་བརྟན་པ་དང་བརྟན་བྱུང་བ། །གཞན་གྱིས་བརྟན་པའི་སེམས་བསྐྱེད་བཤད། །རིགས་དང་ཆོས་ལ་མོས་པ་དང༌། །དེ་བཞིན་སེམས་ནི་བསྐྱེད་པ་དང༌། །སྦྱིན་ལ་སོགས་པ་སྒྲུབ་པ་དང༌། །སྐྱོན་མེད་པ་ལ་འཇུག་ཉིད་དང༌། །སེམས་ཅན་རྣམས་ཡོངས་སྨིན་བྱེད་དང༌། །ཞིང་ནི་རྣམ་པར་སྦྱོང་པ་དང༌། །མི་གནས་མྱ་ངན་འདས་པ་དང༌། །བྱང་ཆུབ་མཆོག་དང་སྟོན་པའོ། །གཅིག་ནི་མོས་པ་དང་ལྡན་པ། །ལྷག་པའི་བསམ་པ་དག་དང་གཞན། །མཚན་མ་དང་ནི་མཚན་མེད་དང༌། །མངོན་པར་འདུ་བྱེད་མེད་སྤྱོད་པ། །ལྔ་པོ་འདི་དག་ས་ཀུན་ལ། །བྱང་ཆུབ་སེམས་དཔའ་ཡིན་ཞེས་བྱ། །བརྩེ་དང་སྙན་པར་སྨྲ་བ་དང༌། །བརྟན་པ་ཉིད་དང་ལག་བརྐྱངས་དང༌། །དགོངས་པ་ཟབ་མོ་ངེས་འགྲེལ་བ། །འདི་དག་བློ་ལྡན་རྣམས་ཀྱི་རྟགས། །ངོ་བོ་ཉིད་དང་གནས་དང་ནི། །འབྲས་བུ་གོ་རིམ་བསྡུ་བ་ཡིན། །ཡི་གེ་འབྲི་མཆོད་སྦྱིན་པ་དང༌། །ཉན་དང་ཀློག་དང་ལེན་པ་དང༌། །འཆད་དང་ཁ་བཏོན་བྱེད་པ་དང༌། །དེ་སེམས་པ་དང་སྒོམ་པ་ནི། །སྤྱོད་པ་དེ་བཅུའི་བདག་ཉིད་དེ། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །སངས་རྒྱས་ཆོས་དང་དགེ་འདུན་གཏོང༌། །ཚུལ་ཁྲིམས་ལྷ་རྗེས་དྲན་པ་དྲུག །གོས་གསུམ་ཕྱིང་བ་ཕྱག་དར་ཁྲོད། །བསོད་སྙོམས་སྟན་གཅིག་ཕྱིས་མི་ལེན། །དགོན་པ་ཤིང་དྲུང་བླ་གབ་མེད། །དུར་ཁྲོད་ཅོག་པུ་བཞི་ཇི་བཞིན། །སྦྱངས་པའི་ཡོན་ཏན་བཅུ་གཉིས་ཡིན། །བསོད་སྙོམས་ཕྱག་དར་ཁྲོད་ཤིང་དྲུང༌། །སྨན་བཀུས་བོར་བ་གནས་བཞིའོ། །ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱར། །ཤེས་རབ་ཐོས་བསམ་སྒོམ་བྱུང་གསུམ། །སྦྱིན་དང་ཚུལ་ཁྲིམས་སྒོམ་བྱུང་གི །བསོད་ནམས་རྣམ་པ་གསུམ་དུ་གསུངས། །རྣམ་པར་


TNT18_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོས་པའི་འདུ་ཤེས་དང༌། །རྣག་འབུས་བམ་དམར་ཟོས་འཐོར་ཞིག །རུས་གོང་འདུ་ཤེས་མི་སྡུག་དགུ། །བགྲང་དང་རྗེས་འགྲོ་རྟོག་པ་དང༌། །འཇོག་དང་རྒྱུར་དང་ཡོངས་དག་སྟེ། །དབུགས་བགྲང་བ་ཡིའི་མན་ངག་གོ མི་སྡུག་བྱམས་དང་རྟེན་འབྲེལ་རླུང༌། །དུག་གསུམ་རྣམ་རྟོག་གཉེན་པོར་གསུངས། །སོ་སྐྱེ་ཚུལ་ཁྲིམས་ལ་གནས་དང༌། །དབང་པོའི་སྒོ་བསྡམས་མི་ཉལ་བརྩོན། ཁ་ཟས་ཚོད་རིག་ཤེས་བཞིན་གནས། །བྱང་སེམས་ཚོགས་ལམ་ཡོན་ཏན་ལྔ། །འཇོག་པར་བྱེད་དང་རྒྱུན་དུ་འཇོག །ཀླན་འཇོག་ཉེར་འཇོག་འདུལ་བར་བྱེད། །ཞི་བྱེད་ཉེར་ཞི་རྒྱུད་གཅིག་བྱེད། །མཉམ་འཇོག་སེམས་གནས་ཐབས་དགུ་ཡིན། །ཐེ་ཚོམ་འགྱོད་གཉིད་ལེ་ལོ་རྒོད། །སྐྱོན་ལྔ་ཉིད་ཡིན་གཞན་ཡང་ནི། །ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང༌། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །གནས་དང་དེ་ལ་གནས་པ་དང༌། །རྒྱུ་དང་འབྲས་བུ་ཉིད་དུའོ། །དམིགས་པ་བརྗེད་པར་མ་གྱུར་དང༌། །བྱིང་དང་རྒོད་དང་རྟོག་པ་དང༌། །དེ་སྤོང་མངོན་པར་འདུ་བྱེད་དང༌། །ཞི་ཚེ་རྣལ་དུ་འདུག་པའོ། །དེ་དག་སྤོང་བའི་འདུ་བྱེད་བརྒྱད། །དཀར་པོ་རྣམ་མཐོང་རིགས་ཀྱི་ས། །བརྒྱད་པ་མཐོང་སྲབ་འདོད་ཆགས་བྲལ། །བྱས་པ་བསྲུང་བའི་ས་དེ་བརྒྱད། །རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང༌། །དགྲ་བཅོམ་ཞུགས་འབྲས་བརྒྱད་པོ་སྟེ། །ཉན་ཐོས་ས་བརྒྱད་ཅེས་བྱའོ། །དད་ཚུལ་ངོ་ཁྲེལ་ཐོས་གཏོང་ཤེས། །འཕགས་པའི་ནོར་བདུན་ཞེས་སུ་བརྗོད། །མཐོང་བ་ཐོས་པ་རྙེད་པ་བསླབ། །རིམ་གྲོ་རྗེས་དྲན་བླ་མེད་དྲུག །སྦྱིན་དང་སྙན་པར་སྨྲ་བ་དང༌། །དོན་མཐུན་དོན་སྤྱོད་བསྡུ་དངོས་བཞི། །བདེན་པའི་བྱིན་བརླབས་གཏོང་ཉེར་ཞི། །ཤེས་རབ་ཅེས་བྱ་བྱིན་རླབས་བཞི། །གནོད་སེམས་རྣམ་འཚེ་མི་དགའ་དང༌། །འདོད་པ་ཐེ་ཚོམ་མཚན་མ་ལས། །འབྱིན་བྱེད་ཚད་མེད་ང་རྒྱལ་བཅོམ། །མཚན་མེད་རྣམས་ཏེ་འབྱུང་འོས་དྲུག །སྨྲ་བོ་ཕུན་ཚོགས་རྣམ་པ་བཞི། །གཟུངས་དང་རབ་ཏུ་གསལ་


TNT18_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དང༌། །དྲིས་ལུང་སྟོན་དང་འཛིན་ཕུན་ཚོགས། །གཟུངས་ཀྱང་རྣམ་པ་བཅུར་འགྱུར་ཏེ། །དོན་གཞུང་མངོན་ཤེས་འོད་ཟེར་འགྱེད། །ཚར་བཅད་རྗེས་འཛིན་གཟེངས་བསྟོད་དང༌། །སྤོབས་པ་མི་བཟད་པ་དང་ནི། །སྣ་ཚོགས་དོན་ལ་སྤོབས་པའི་གཟུངས། །རབ་ཏུ་དགའ་དང་དྲི་མ་མེད། །འོད་བྱེད་པ་དང་འོད་འཕྲོ་བ། །སྦྱངས་དཀའ་བ་དང་མངོན་དུ་གྱུར། །རིང་དུ་སོང་དང་མི་གཡོ་བ། །ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཐབས་དང་སྟོབས། །སྨོན་ལམ་ཡེ་ཤེས་ཕར་ཕྱིན་བཅུ། གྲངས་ངེས་དེ་ཡི་མཚན་ཉིད་གོ་རིམ་དང༌། །ངེས་པའི་ཚིག་དང་གོམས་པའི་ཡོན་ཏན་དང༌། །དེ་དག་རབ་དབྱེ་བསྡུ་དང་མི་མཐུན་ཕྱོགས། །ཡོན་ཏན་ཕུན་ཚོགས་རྣམ་ངེས་ཡིན་ཞེས་བྱ། །ཕྱིན་དྲུག་མི་མཐུན་ཕྱོགས་ཉམས་དང༌། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །འཛམ་གླིང་བདག་དང་འཁོར་བསྒྱུར་ཆེ། །བརྒྱ་བྱིན་འཐབ་བྲལ་དགའ་ལྡན་བདག །རབ་འཕྲུལ་དབང་བསྒྱུར་བདག་པོ་དང༌། །སྟོང་དང་སྟོང་གཉིས་བདག་ཚངས་པ། །གནས་གཙང་བདག་པོ་དབང་ཕྱུག་ཆེ། །ས་བཅུར་རྣམ་པར་སྨིན་པར་གསུངས། །ཏིང་འཛིན་བརྒྱ་ལ་སྙོམས་འཇུག་དང༌། །སངས་རྒྱས་བརྒྱ་མཐོང་བྱིན་རླབས་ཤེས། །འཇིག་རྟེན་ཁམས་བརྒྱ་གཡོ་སྣང་བྱེད། །ཞིང་བརྒྱར་འགྲོ་ཞིང་འགྲོ་བརྒྱ་སྨིན། །བསྐལ་བརྒྱར་སྔོན་དང་ཕྱི་མར་འཇུག །ཆོས་བརྒྱར་ལུས་བརྒྱ་འཁོར་བརྒྱ་སྟོན། །སྟོང་དང་འབུམ་དང་བྱེ་བ་བརྒྱ། །བྱེ་སྟོང་བྱེ་བ་སྟོང་བརྒྱ་དང༌། །བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང༌། །སྟོང་གསུམ་འབུམ་དང་དེ་ཉིད་ཀྱང༌། །གྲངས་མེད་གསུམ་བརྒྱ་དང་མཐའ་ཡས། །མཚན་ཉིད་གང་ཟག་བསླབ་པ་དང༌། །ཕུང་པོ་གྲུབ་པ་རྟགས་དང་ནི། །ངེས་པའི་ཚིག་དང་གོམས་པ་ཡི། །གནས་པ་དང་ནི་ས་ཉིད་དོ། །སེམས་ཅན་ཆོས་ལ་དམིགས་པ་དང༌། །དམིགས་མེད་


TNT18_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་གསུམ་དུ་འདོད། །ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །སྟོང་པ་ཉིད་ནི་འདི་ལ་ཡོད། །དེ་ལ་ཡང་ནི་དེ་ཡོད་དོ། །ཡོད་པས་མེད་པས་ཡོད་པས་ན། །དེ་ནི་དབུ་མའི་ལམ་ཡིན་ནོ། །བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །མུ་བཞི་སྐྱེ་འགོག་གཅིག་དུ་བྲལ། །ཡོད་མེད་སྐྱེ་འགོག་རྟེན་འབྲེལ་ཏེ། །དབུ་མའི་རིགས་པ་བཞི་རུ་བརྗོད། །རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །དེ་ནས་ཐམས་ཅད་ཤེས་པ་ཉིད། །རྣམ་ཀུན་མངོན་རྫོགས་རྟོགས་པ་དང༌། །རྩེ་མོར་ཕྱིན་དང་མཐར་བགྱིས་པ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱད། །ལམ་གྱི་ཆོས་ཀྱི་སྐབས་ཏེ་གསུམ་པའོ།། །།མེ་ལོང་ཡེ་ཤེས་མཉམ་ཉིད་དང༌། །སོ་སོར་རྟོག་དང་བྱ་བ་སྒྲུབ། །ཆོས་དབྱིངས་ཡེ་ཤེས་རྣམ་ལྔའོ། །ངོ་བོ་ཉིད་ལོངས་རྫོགས་བྱས་དང༌། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །གནས་ཆོས་འཁོར་དུས་རྣམ་པ་ངེས། །འོག་མིན་ཐེག་ཆེན་ས་བཅུ་པ། །རྒྱུན་མི་འཆད་དང་མཚན་དཔེས་སྤྲས། །སྟོན་པ་རྣམ་སྣང་གངས་ཆེན་མཚོ། །ལོངས་སྐུ་ངེས་པ་ལྔ་ལྡན་ནོ། །ཁ་དོག་དབྱིབས་ཚད་ཡུལ་དང་རྒྱུ། །འབྲས་བུ་བདག་པོ་ཕྱོགས་དང་ནི། །ཞབས་འབྲིང་ལོངས་སྤྱོད་འཕྲིན་ལས་དང༌། །ཕན་འདོགས་འཇིགས་མེད་རྟེན་དང་ལམ། །བཞོན་པ་སྒོ་དང་བཞི་བཅོ་བརྒྱད། །འོག་མིན་གནས་ཀྱི་སྤྱྀ་སྡོམ་ཡིན། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་གསུམ། །སྐུའི་སྤྲུལ་པ་རྣམ་པ་གསུམ། །རྫུ་འཕྲུལ་ཀུན་ཏུ་སྟོན་པ་དང༌། །སྐྱེ་བ་ཀུན་ཏུ་སྟོན་པ་དང༌། །ལས་ཀྱི་རྣམ་སྨིན་ཀུན་ཏུ་སྟོན། །རྫུ་འཕྲུལ་གྱི་ནི་ཆོ་འཕྲུལ་དང༌། །ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་དང༌། །རྗེས་སུ་བསྟན་པའི་ཆོ་འཕྲུལ་ཏེ། །ཆོ་འཕྲུལ་གསུམ་དུ་རབ་ཏུ་བརྗོད། །ཟག་མེད་སྡེ་ཚན་ཉེར་གཅིག་ནི། །བྱང་ཆུབ་ཕྱོགས་འཐུན་ཚད་མེད་དང༌། །རྣམ་པར་ཐར་དང་མཐར་གྱིས་ནི། །སྙོམས་འཇུག་ཡི་


TNT18_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་དང། །ཟད་པར་བཅུ་ཡི་བདག་ཉིད་དང༌། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བས་རྣམ་བརྒྱད་དང༌། །ཉོན་མོངས་མེད་དང་སྨོན་གནས་ཤེས། །མངོན་ཤེས་སོ་སོ་ཡང་དག་རིག །རྣམ་པ་ཐམས་ཅད་དག་བཞི་དང༌། །དབང་བཅུ་དང་ནི་སྟོབས་བཅུ་དང༌། །མི་འཇིགས་པ་ནི་བཞི་དག་དང༌། །སྲུང་བ་མེད་པ་རྣམ་གསུམ་དང༌། །དྲན་པ་ཉེར་བཞག་རྣམ་གསུམ་དང༌། །བསྙེལ་བ་མི་མངའི་ཆོས་ཉིད་དང༌། །བག་ཆགས་ཡང་དག་བཅོམ་པ་དང༌། །སྐྱེ་ལ་ཐུགས་རྗེ་ཆེན་པོ་དང༌། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་དང༌། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཉན་ཐོས་ཉོན་མོངས་མེད་པའི་ལྟ། །མི་ཡི་ཉོན་མོངས་ཡོངས་སྤོངས་ཉིད། །གྲོགས་སོགས་སུ་དེའི་ཉོན་མོངས་དག །རྒྱུན་གཅོད་རྒྱལ་བའི་ཉོན་མོངས་མེད། །སངས་རྒྱས་སྨོན་གནས་མཁྱེན་པ་ནི། །ལྷུན་གྱིས་གྲུབ་དང་ཆགས་སྤངས་དང༌། །ཐོགས་པ་མེད་དང་རྟག་གནས་དང༌། །འདྲི་བ་ཀུན་ལན་འདེབས་པར་བཞེད། །རྟེན་དང་དམིགས་པ་ཐུགས་དང་ནི། །ཡེ་ཤེས་རྣམ་པར་དག་པ་བཞི། །གནས་དང་གནས་མིན་མཁྱེན་སྟོབས་དང༌། །ལས་དང་རྣམ་སྨིན་མཁྱེན་སྟོབས་དང༌། ཁམས་སྣ་ཚོགས་དང་མོས་སྣ་ཚོགས། །དབང་མཆོག་མཆོག་མིན་མཁྱེན་སྟོབས་གསུམ། །ཐམས་ཅད་འགྲོ་བའི་ལམ་མཁྱེན་སྟོབས། །བསམ་གཏན་རྣམ་ཐར་ཏིང་འཛིན་སོགས། །སྙོམས་འཇུག་ཀུན་བྱང་མཁྱེན་སྟོབས་དང༌། །སྔོན་གནས་རྗེས་དྲན་མཁྱེན་སྟོབས་དང༌། །འཆི་འཕོ་སྐྱེ་བ་མཁྱེན་སྟོབས་དང༌། །ཟག་ཟད་མཁྱེན་པའི་སྟོབས་དེ་བཅུ། །མངོན་པར་རྫོགས་པར་བྱང་ཆུབ་དང༌། །ཟག་པ་ཟད་དང་བར་གཅོད་ཆོས། །ངེས་འབྱུང་ཆོས་ལ་མི་འཇིགས་པ། །རྒྱལ་བའི་མི་འཇིགས་རྣམ་བཞིའོ། །སྐུ་གསུང་ཐུགས་ཀྱི་སྤྱོད་པ་ལ། །སྲུང་བ་མེད་པ་རྣམ་པ་གསུམ། །གུས་པས་ཆོས་ཉན་མི་ཉན་དང༌། །གཉིས་ཀ་ལ་ཡང་ཐུགས་མཉམ་པ། །དྲན་པ་ཉེར་


TNT18_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་རྣམ་གསུམ་མོ། །ཉོན་མོངས་ཤེས་བྱ་སྙོམས་འཇུག་གི །སྒྲིབ་གསུམ་བག་ཆགས་སྤངས་པའོ། །རྟོགས་པས་བསྡུས་དང་སྤྱོད་བསྡུས་དྲུག །ཡེ་ཤེས་བསྡུས་གསུམ་འཕྲིན་ལས་གསུམ། །མ་འདྲེས་བཅོ་བརྒྱད་ཡིན་ཏེ་འདིར། །འཁྲུལ་ཅ་བསྙེལ་གཡོ་ཐ་དད་བཏང་སྙོམས་མེད། །འདུན་བརྩོན་དྲན་ཏིང་ཤེས་གྲོལ་ཉམས་པ་མེད། །དུས་གསུམ་ཆགས་ཐོགས་མེད་པའི་ཡེ་ཤེས་གསུམ། །སྒོ་གསུམ་འཕྲིན་ལས་ཡེ་ཤེས་སྔོན་རྗེས་འཇུག །རྒྱུ་འབྲས་གཞན་ཕན་ཕུན་སུམ་ཚོགས། །ཕུང་ཉོན་འཆི་ལྷ་བདུད་བཞི་བཅོམ། །དབང་ཕྱུག་དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་དེ་ལ་སྐལ་ཞེས་བྱ། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང༌། །རྣམ་གྲོལ་རྣམ་གྲོལ་ཡེ་ཤེས་མཐོང༌། །ཟག་མེད་ཕུང་པོ་རྣམ་ལྔའོ། །ཤ་ལྷ་ཤེས་ཆོས་སངས་རྒྱས་སྤྱན། །ཚོགས་གཉིས་གོམས་དང་དུས་རིང་གོམས། །རྒྱུན་གོམས་བཀུར་བསྟིར་བྱས་ཏེ་གོམས། །རྒྱུ་ནི་ཕུན་ཚོགས་རྣམ་བཞིའོ། །ཡེ་ཤེས་སྤངས་པ་མཐུ་དང་གཟུགས། །འབྲས་བུ་ཕུན་ཚོགས་རྣམ་པ་བཞི། །ངན་འགྲོ་གསུམ་དང་འཁོར་ལས་སྒྲོལ། །བདེ་འགྲོ་དང་ནི་ཐེག་གསུམ་འགོད། །གཞན་ཕན་ཕུན་ཚོགས་རྣམ་བཞིའོ། །མ་བསྟན་མཁྱེན་དང་ཐམས་ཅད་མཁྱེན། །རྣམ་ཀུན་མཁྱེན་དང་འབད་མེད་མཁྱེན། །ཡེ་ཤེས་ཕུན་ཚོགས་རྣམ་བཞིའོ། །ཉོན་མོངས་ཀུན་སྤངས་གཏན་དུ་སྤངས། །བག་ཆགས་བཅས་སྤངས་སྙོམས་འཇུག་གི །སྒྲིབ་སྤངས་སྤངས་པ་རྣམ་བཞིའོ། །སྤྲུལ་བརྒྱུར་དང་ནི་གཏོང་འདོད་དང༌། །ཆུང་ངུར་ཆེ་འཇུག་ཡ་མཚན་ཆོས། །ནར་མ་སྣ་ཚོགས་མངའ་འབྱོར་བཞིས། །ནུས་མཐུ་ཕུན་ཚོགས་རྣམ་བཞི་འོ། །མཚན་བཟང་བ་དང་དཔེ་བྱད་བཟང༌། །སྟོབས་དང་སྐུ་གདུང་རྡོ་རྗེ་ལྟར། །སྲ་བའི་ཡོན་ཏན་མཆོག་མངའ་བ། །གཟུགས་སྐུ་ཕུན་ཚོགས་རྣམ་བཞིའོ། ཁམས་དང་རང་བཞིན་བསམ་པ་དང༌། །བག་ལ་ཉལ་ཀུན་མཁྱེན་པ་བཞི། །བརྒྱ་


TNT18_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རྔ་སྤྲིན་ཚངས་པ་དང༌། །ཉི་མ་ནོར་བུ་རིན་ཆེན་བཞིན། །དེ་བཞིན་གཤེགས་པ་སྒྲ་བརྙན་བཞིན། །ནམ་མཁའ་དང་ནི་ས་བཞིན་ནོ། །དེ་ལྟར་འཕྲིན་ལས་དཔེ་དགུའོ། །ཐུབ་དབང་དུས་གཅིག་ཁོ་ནར་དེའི་རྒྱུ་མཐུན། །གཟུགས་ནི་གཅིག་ལ་རང་གི་སྐྱེ་གནས་སྐབས། །སྔར་འགགས་གསལ་དང་མ་འཆོལ་འབྱུང་ཚུལ་ནི། །མ་ལུས་ཀྱི་བཀྲ་མཐའ་དག་སྟོན་པར་མཛད། །དག་པ་འདི་ནི་བཞེད་པ་འཇུག་པ་ཡི། རྡུལ་གཅིག་ཡུལ་ལ་མཁའ་གཏུགས་འཇིག་རྟེན་དང༌། །འཇིག་རྟེན་མཐའ་ཡས་ཕྱོགས་ཁྱབ་རྡུལ་སྟོན་མོད། །རྡུལ་རགས་མི་འགྱུར་འཇིག་རྟེན་ཕྲར་མི་འགྱུར། །རྣམ་རྟོག་མི་མངའ་ཁྱོད་ཀྱི་སྲིད་མཐའི་བར། །སྐད་ཅིག་དེ་རེ་རེ་ལ་སྤྱོད་སྣ་ཚོགས། །ཇི་སྙེད་སྟོན་པ་དེ་སྙེད་འཛམ་བུ་གླིང༌། །མ་ལུས་རྡུལ་གང་དེ་སྙེད་ལ་གྲངས་མེད། །གསུངས་དབྱངས་ཡན་ལག་དྲུག་ཅུ་དང༌། །འའཕྲིན་ལས་སུམ་ཅུ་རྩ་གཉིས་དང༌། །མཚན་ནི་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བརྒྱད་ཅུ་ཐུགས་རྗེ་ཆེ། །སུམ་ཅུ་རྩ་གཉིས་སོགས་དབྱེ་བ། །རེ་ཞིག་བདག་གིས་འདིར་མ་བཀོད། །རྟེན་དང་བརྟེན་པ་དོན་དམ་དང༌། །ཀུན་རྫོབ་བྲལ་དང་རྣམ་སྨིན་དང༌། །ཆོས་དང་གཟུགས་སྐུ་རང་དོན་དང༌། །གཞན་དོན་སྐུ་ཞེས་བྱ་བ་ཡིན། །འབྲས་བུའི་ཆོས་ཀྱི་སྐབས་ཏེ་བཞི་པའོ།། །།ད་ནི་ལྔ་པ་སྣ་ཚོགས་པའི་སྡེ་བཤད་པར་བྱའོ། །ཆེན་པོ་བདུན་ནི། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང༌། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང༌། །ཐབས་ལ་མཁས་པར་གྱུར་པ་དང༌། །ཡང་དག་འགྲུབ་པ་ཆེན་པོ་དང༌། །སངས་རྒྱས་འཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་བདུན་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །འབྱོར་པ་བཅུ་ནི། མི་ཉིད་དབུས་སྐྱེས་དབང་པོ་ཚང༌། །ལས་མཐའ་མ་ལོག་གནས་ལ་དད། །སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་


TNT18_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

པ་གནས་དང་དེར་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ། །རང་འབྱོར་ལྔ་དང་གཞན་འབྱོར་ལྔ། །མི་ཁོམས་པ་བརྒྱད་ནི། དམྱལ་བ་ཡི་དྭགས་དུད་འགྲོ་དང༌། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་ཅན་དང་སངས་རྒྱས་སྟོངས། །ལྐུགས་པ་འདི་དག་མི་ཁོམས་བརྒྱད། །ས་རྣམ་པ་དྲུག་ཏུ་གཡོས་པ་དང་ལྟས་བཅོ་བརྒྱད་ནི། ཤར་མཐོ་ནུབ་ནི་དམའ་བ་དང༌། །དེ་བཞིན་ཕྱོགས་བཞི་དབུས་མཐའ་དྲུག །འབྱུང་ངོ་འུར་དང་རབ་ཏུ་འུར། །ཀུན་ཏུ་རབ་ཏུ་འུར་དེ་བཞིན། །སྤྲིན་སོགས་ཆེམ་དང་རི་སོགས་འགུལ། །ས་གཞི་ལྡེག་དང་ནགས་ཚལ་གཡོས། །ཆུ་སོགས་འཁྲུགས་སོགས་གསུམ་བཅོ་བརྒྱད། །སྡུག་བསྔལ་བརྒྱད་ནི། སྐྱེ་རྒ་ན་འཆི་འདོད་མི་རྙེད། །སྡུག་བྲལ་མི་སྡུག་ཕྲད་པ་དང༌། །མདོར་ན་ཉེར་ལེན་ཕུང་སྡུག་བསྔལ། །སྐྱེ་གནས་བཞི་ནི། མངལ་སྒོང་དྲོད་གཤེར་རྫུས་སྐྱེས་སོ། །ཟས་བཞི་ནི། རེག་དང་སེམས་པ་རྣམ་ཤེས་དང༌། ཁམས་ཀྱི་ཟས་ཞེས་བྱ་བའོ། །སེམས་ཅན་གྱི་གནས་དགུ་ནི། ལུས་དང་འདུ་ཤེས་ཐ་དད་དང༌། །ལུས་ཐ་དད་ཅིང་འདུ་ཤེས་གཅིག །མདོག་དང་ལུས་དང་འདུ་ཤེས་གཅིག །གཟུགས་མེད་བཞི་དང་འདུ་ཤེས་མེད། །སེམས་ཅན་གྱི་ནི་གནས་དགུ་ཡིན། །ལྟ་བ་ཉོན་མོངས་སེམས་ཅན་ཚེ། །བསྐལ་པའི་སྙིགས་མ་ལྔ་ཞེས་བརྗོད། །རྙེད་དང་མ་རྙེད་སྙན་མི་སྙན། །བསྟོད་སྨད་བདེ་སྡུག་ཆོས་བརྒྱད་དོ། །མུ་སྟེགས་ཀྱི་སྟོན་པ་དྲུག་གསུམ་བཅོ་བརྒྱད་ལ། རྟོག་གེ་པ་དྲུག་ནི། འོད་སྲུང་རྫོགས་བྱེད། ཀུན་ཏུ་རྒྱུ་གནག་ལྷས་གྱི་བུ། སྨྲ་འདོད་ཀྱི་བུའི་བུ་ཡང་དག་རྒྱལ་བ་ཅན། མི་ཕམ་སྐྲའི་ལྭ་བ་ཅན། ཀཱ་ཏའི་བུ་ནོག་ཅན། གཅེར་བུ་བ་གཉེར་གྱི་བུའོ། །སྙོམས་འཇུག་པ་དྲུག་ནི། སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར། རེངས་བྱེད་ཀྱི་བུ་ལྷག་སྤྱོད། དྲང་སྲོང་ཉོན་མོངས་མེད། བྲམ་ཟེའི་ཁྱེའུ་ཀུན་རྒྱལ། ཀུན་ཏུ་རྒྱུ་རབ་བཟང༌། ལྟེངས་རྒྱས་འོད་སྲུང་རལ་པ་ཅན་ནོ། །


TNT18_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སྒྲོག་པ་དྲུག་ནི། བྲམ་ཟེ་རྒྱུས་རྒྱལ། གནག་ལྡེག བཟང་ལྡན། ཚངས་པའི་ཚེ། པདྨའི་སྙིང་པོ། དམར་པོའོ། །མང་བཀུར་འོད་མཛེས་དགེ་བ་དང༌། །དགེ་མཆོག་གསོ་སྦྱོང་ང་ལས་ནུ། །སྔོན་གྱི་རྒྱལ་པོ་དེ་དྲུག་གོ གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། །གླིང་བཞི་གསུམ་དང་གཉིས་དང་གཅིག །ཕས་བསུ་རང་འགྲོ་གཡུལ་བཤམ་དང༌། །མཚོན་བརྩམས་པས་རྒྱལ་གནོད་པ་མེད། །ལེགས་སྦྱར་རང་བཞིན་ཟུར་ཆག་སྐད། །ཤ་ཟའི་སྐད་དེ་སྐད་རིགས་བཞི། །བྱེད་པའི་སྐྱེས་བུ་རྣམས་ནི། བདག་སེམས་ཅན་སྲོག་སྐྱེ་བ་གསོ་བ་སྐྱེས་བུ་གང་ཟག་ཤེད་ལས་སྐྱེས་ཤེད་བུ་བྱེད་པ་པོ་ཚོར་བ་པོ་ཤེས་པ་པོ་མཐོང་བ་པོ་སློང་བ་པོའོ། །ཉན་ཐོས་སྡེ་བ་བཅོ་བརྒྱད་ནི། ཤར་དང་ནུབ་དང་གངས་རིར་གནས། །འཇིག་རྟེན་འདས་པར་སྨྲ་བ་དང༌། །རྟག་པར་སྨྲ་བའི་སྡེ་ཚན་ནི། །ལྔ་ཚན་དགེ་འདུན་ཕལ་ཆེན་པ། །གཞི་ཀུན་པ་དང་འོད་སྲུང་དང༌། །ས་སྟོན་སྡེ་དང་ཆོས་སྲུང་དང༌། །མང་ཐོས་གོས་དམར་སློབ་མ་དང༌། །རྣམ་པར་ཕྱེ་སྟེ་སྨྲ་བ་ནི། །ཐམས་ཅད་ཡོད་པར་སྨྲ་བའི་སྡེ། །རྒྱལ་བྱེད་ཚལ་གནས་འཇིགས་མེད་རི། །གཅུང་ཆེན་གནས་བརྟན་སྡེ་བའོ། །ས་སྒྲོག་རི་དང་སྲུང་བ་པ། གནས་མ་བུའི་སྡེ་རྣམས་ནི། །ཀུན་གྱི་བཀུར་པ་རྣམ་པ་གསུམ། །ལྷ་མིའི་འཁོར་ལོ་བཞི་ནི་གང༌། །མཐུན་པའི་ཡུལ་ན་གང་གནས་པ། །སྐྱེས་བུ་དམ་པ་ལ་བརྟེན་པ། །བདག་གི་ཡང་དག་སྨོན་ལམ་བཏབ། །སྔོན་གྱི་བསོད་ནམས་བསགས་པའོ། །མགོ་གཅིག་དང་ནི་རྣམ་ཕྱེ་དང༌། །དྲི་དང་བཞག་པ་ལུང་བསྟན་བཞི། །དབང་པོ་གཟུགས་ཅན་ལྔ་པོ་དང༌། །ཕོ་མོ་སྲོག་ཡིད་ཅེས་པ་བཞི། །བདེ་དང་ཡིད་བདེ་སྡུག་བཏང་སྙོམས། །ཡིད་མི་བདེ་སྟེ་ཚོར་དབང་ལྔ། །དད་སོགས་ལྔ་དང་ཀུན་ཤེས་དང༌། །ཀུན་ཤེས་བྱེད་དང་ཀུན་ཤེས་ལྡན། །དེ་ལྟར་དབང་པོ་ཉེར་གཉིས་སོ། །ཆོས་གསུམ་ནི། བཤད་དང་སྒྲུབ་པ་འབྲས་བུའི་ཆོས། །དགོངས་ལྡེམས་དགོངས་བརྒྱད་


TNT18_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ནི། མཉམ་པ་ཉིད་དང་དོན་གཞན་དང༌། །དེ་བཞིན་དུ་ནི་དུས་གཞན་དང༌། །གང་ཟག་གི་ནི་བསམ་པ་ལ། །དགོངས་པ་རྣམ་པ་བཞིར་བཤད་དོ། །གཞུག་པ་ལྡེམ་པོར་དགོངས་པ་དང༌། །མཚན་ཉིད་ལྡེམ་པོར་དགོངས་པ་དང༌། །གཉེན་པོ་ལྡེམ་པོར་དགོངས་པ་དང༌། །བསྒྱུར་བ་ལྡེམ་པོར་དགོངས་པའོ། །བརྟོན་པ་བཞི་ནི། ཚིག་ལ་མི་བརྟོན་དོན་ལ་བརྟོན། གང་ཟག་ལ་མི་བརྟོན་ཆོས་ལ་བརྟོན། རྣམ་ཤེས་ལ་མི་བརྟོན་ཡེ་ཤེས་ལ་བརྟོན། དྲང་དོན་ལ་མི་བརྟོན་ངེས་དོན་ལ་བརྟོན། འདུས་མ་བྱས་གསུམ་དེ་བཞིན་ཉིད། །འདུས་མ་བྱས་པ་རྣམ་པ་བཞི། །རིག་གནས་བཅོ་བརྒྱད་ལ། རོལ་མོ་འཁྲིག་ཐབས་འཚོ་ཚེས་གྲངས། །སྒྲ་དང་གསོ་སྤྱད་ཆོས་ལུགས་བཟོ། །འཕོངས་དཔྱད་གཏན་ཚིགས་རྣལ་འབྱོར་ཐོས། །དྲན་པ་སྐད་ཅིག་མིག་འཕྲུལ་དང༌། །སྔོན་བྱུང་བ་དང་སྔོན་རབས་སོ། །གཞན་ཡང་བརྟགས་པ་བཅོ་བརྒྱད་དང༌། །རྒྱུ་རྩལ་དྲུག་ཅུ་ལ་སོགས་ཡོད། །རིག་པའི་གནས་ལྔ་ལ། ནང་རིག་པ། གཏན་ཚིགས་རིག་པ། སྒྲ་རིག་པ། གསོ་བ་རིགས་པ། བཟོ་རིག་པའོ། །བཟོ་དང་གསོ་བ་སྒྲ་ཚད་ནང་དོན་རིག །བཟོ་ལ་ལུས་བཟོ་ངག་བཟོ་ཡིད་བཟོ་གསུམ། །གསོ་བྱ་གསོ་བྱེད་ཇི་ལྟར་གསོ་བའི་ཚུལ། །བརྡ་སྤྲོད་རང་བཞིན་རྐྱེན་དང་རྣམ་འགྱུར་གསུམ། །མངོན་གྱུར་ལྐོག་གྱུར་ཤིན་ཏུ་ལྐོག་གྱུར་གསུམ། །ནང་རིག་སྡེ་སྣོད་གསུམ་དུ་གྲགས་ཤིང་གྲུབ། །གནས་རྣམས་དང་ནི་མཚན་ཉིད་དང༌། །ཆོས་དོན་སྨོས་ཕྱིར་མདོ་སྡེ་ཡིན། །མངོན་འདུའི་ཕྱིར་དང་ཡང་ཡང་དང༌། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ལྟུང་དང་འབྱུང་དང་ལྡང་བ་དང༌། །ངེས་པར་འབྱུང་དང་གང་ཟག་དང༌། །བཅས་པ་དང་ནི་རབ་དབྱེ་དང༌། །རྣམ་པར་ངེས་ཕྱིར་འདུལ་བ་ཉིད། །རྒྱུ་གསུམ་བཞི་དང་བརྒྱད་ཀྱིས་ནི། །སྡེ་སྣོད་གསུམ་དུ་རྣམ་པར་བཞག །བསླབ་པ་གསུམ་ནི། ལྷག་པའི་ཚུལ་ཁྲིམས་ཏིང་འཛིན་དང༌། །ཤེས་རབ་ཅེས་བྱ་བསླབ་པ་གསུམ། །ཆོས་ལྔ་ནི། མིང་དང་མཚན་


TNT18_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྣམ་རྟོག་དང༌། །དེ་བཞིན་ཉིད་དང་མི་རྟོག་ཤེས། །ཆོས་སྡོམ་ཕྱག་རྒྱ་བཞི་ནི། འདུས་བྱས་མི་རྟག །ཟག་བཅས་སྡུག་བསྔལ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད། མྱ་ངན་ལས་འདས་པ་རབ་ཏུ་ཞི་བའོ། །ཕྱི་མའི་དུས་ཀྱི་རྨི་ལྟས་བཅོ་བརྒྱད་ནི། གླང་ཆེན་ཁྲོན་པ་ཕྱེ་དང་བེའུ་དང༌། །ཀུན་དགའ་ར་བ་འཐབ་དང་རས་ཡུག་དང༌། །མེ་ཏོག་རྫེའུ་གསུམ་ཙན་དན་སྤྱི་ཅེར་དང༌། །རྟ་ཁྱི་བ་དང་ཕྱི་དྲོ་རྒས་པ་དང༌། སེང་གེ་སྤྲེའུ་རྒྱལ་མི་གཙང་སྐུད་པའོ། །ཡང་བཅུ་ནི། གླང་ངན་ཁྲོན་པ་ཕྱི་དང་ཙན་དན་དང༌། མུ་ཏིག་བེའུ་སྤྲེའུ་རྒྱལ་མི་གཙང་སྐུད། ཆོམ་རྐུན་རས་ཡུག་བགོ་བཤའ་བྱེད་པའོ། །དགོད་པ་བཞི་ནི། ཐེག་པ་བདེན་པ་རིགས་དང་ཆོས་ལ་དགོད། རིགས་པ་བཞི་ནི། ལྟོས་པ་དང་ནི་བྱ་བ་བྱེད། །འཐད་པ་སྒྲུབ་དང་ཆོས་ཉིད་རིགས། །མངོན་ཤེས་མྱུར་བུལ་དཀའ་སླ་ལ། །ལམ་བཞིར་རྣམ་པར་དབྱེ་བར་བྱ། །བློ་རྟུལ་མངོན་ཤེས་བུལ་བ་སྟེ། །གཅིག་ཤོས་ཀྱི་ནི་མངོན་ཤེས་མྱུར། །སློང་དང་མིང་དང་ཁས་འཆེ་དང༌། །གསོལ་བཞིའི་ལས་དང་ཉོན་མོངས་བྲལ། །དགེ་སློང་ལྔ་ཞེས་བརྗོད་པ་ཡིན། །འདོད་ཆགས་གནོད་སེམས་རྨུགས་གཉིད་འགྱོད། །རྣམ་གཡེང་ཐེ་ཚོམ་ཞེས་བྱ་བདུན། །གཉིས་བཞི་གཅིག་རྣམས་བསླབ་གསུམ་ལ། །རིམ་པ་བཞིན་དུ་སྒྲིབ་པ་ཡིན། །ཕྱིན་ཅི་ལོག་གི་ལྟ་ཚུལ་མིན། །ཡིད་བྱེད་བཞི་ནི། མི་གཙང་ལ་སོགས་བཞི་པོ་ལ། །གཙང་བདག་བདེ་དང་རྟག་པར་འཛིན། །རྟོག་གེའི་ཚིག་དོན་བརྒྱད་ནི། མངོན་སུམ་དང་ནི་རྗེས་སུ་དཔག །ལྟར་སྣང་བཅས་པ་བདག་རིག་བྱེད། །སྒྲུབ་པ་དང་ནི་སུན་འབྱིན་དང༌། །ལྟར་སྣང་བཅས་པ་གཞན་གོ་བྱེད། །བསླུ་བའི་བདུད་བཞི་ནི། ཐབས་དང་སྐྱབས་དང་དག་པ་དང༌། །ཐེག་ཆེན་ངེས་པར་འབྱུང་བ་ལ། །བསླུ་བྱེད་བདུད་ནི་རྣམ་པ་བཞི། །གཟུགས་ནི་དབུ་བ་རྡོས་པ་འདྲ། །ཚོར་བ་ཆུའི་ཆུ་བུར་འདྲ། །འདུ་ཤེས་སྨིག་སྒྱུ་ལྟ་བུ་སྟེ། །


TNT18_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་བྱེད་ཆུ་ཤིང་འདྲ་བར་གསུངས། །རྣམ་པར་ཤེས་པ་སྒྱུ་མ་འདྲ། །བསམ་གཏན་ས་དགུ་ནི། བསམ་གཏན་དངོས་གཞིའི་ཉེར་སྡོགས་ཙམ་པོ་དང༌། ཉེར་སྡོགས་མི་ལྕོགས་མེད་པ་དང༌། བསམ་གཏན་དང་པོའི་དངོས་གཞི་དང༌། །གཉིས་པ་གསུམ་པ་བཞི་པའི་ཉེར་སྡོགས་དང་དངོས་གཞིའོ། །བསྟན་བཅོས་དགུ་ནི། དོན་མེད་དོན་ལོག་དོན་དང་ལྡན། །ངན་གཡོ་བརྩེ་བྲལ་སྡུག་བསྔལ་སྤོངས། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་པ། །བསྟན་བཅོས་དྲུག་བྲལ་གསུམ་དུ་འདོད། །མདོ་སོགས་འཆད་པའི་མན་ངག་ནི། །དགོས་པ་བསྡུས་པའི་དོན་བཅས་དང༌། །ཚིག་དོན་བཅས་དང་མཚམས་སྦྱོར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱས། །གྲུབ་མཐའ་སྨྲ་བ་བཞི་ནི། བྱེ་བྲག་སྨྲ་དང་མདོ་སྡེ་པ། །རྣལ་འབྱོར་སྤྱོད་དང་དབུ་མ་པ། །བྱེ་བྲག་སྨྲ་བ་ནི། ཉི་འོག་ཁ་ཆེ་ཐོ་གར་བ་གསུམ་མོ། །དབུ་མ་པ་ནི། རྣལ་འབྱོར་སྤྱོད་དང་མདོ་སྡེ་སྤྱོད། །འཇིག་རྟེན་གྲགས་སྡེ་སྤྱོད་པ་དང༌། །ཕྱི་མོའི་དབུ་མ་པ་སྟེ་བཞི། །མུ་སྟེགས་ཀྱི་གྲུབ་མཐའ་ལས་བྱུང་བ་ཁྱབ་འཇུག་གི་འཇུག་པ་བཅུ་ནི། ཉ་དང་རུས་སྦལ་ཕག་པ་དང༌། །མི་ཡི་སེངྒེ་མིའུ་ཐུང་དང༌། །དགའ་བྱེད་རཱ་མ་དཱ་མ་དང། །སངས་རྒྱས་ཀལྐི་ཏ་སྟེ་བཅུ། །བྱེ་བྲག་པའི་ཚིག་དོན་དྲུག་ནི། རྫས་དང་ཡོན་ཏན་ལས་དང་སྤྱི། །བྱེ་བྲག་འདུ་བ་རྣམ་པ་དྲུག །རིག་བྱེད་བཞི་ནི། ངེས་བརྗོད་མཆོད་སྦྱིན་སྙན་ཚིག་དང༌། །སྲིད་བསྲུང་ཞེས་བྱ་རིག་བྱེད་བཞི། །བྲམ་ཟེའི་ལས་དྲུག་ནི། ཀློག་དང་ཀློག་འཇུག་མཆོད་སྦྱིན་དང༌། །མཆོད་སྦྱིན་བྱེད་འཇུག་སྦྱིན་དང་ལེན། །ཤེས་བྱ་ཉེར་ལྔ་ནི། བདག་དང་གཙོ་བོ་བློ་ང་རྒྱལ། །གཟུགས་སོགས་དེ་ཙམ་ལྔ་དང་ནི། །ས་ཆུ་མེ་རླུང་མཁའ་དང་མིག །རྣ་སྣ་ལྕེ་ལྤགས་རྐང་ལག་འཕོངས། །འདོམས་དང་ངག་ཡིད་ཉི་ཤུ་ལྔ། །མགུ་བ་དགུ་ནི། ཆུ་དང་ཆུ་རྒྱུན་ཆུ་པོ་ཆར། །ལེགས་བརྒལ་གཞན་མིན་མིག་བཟང་དང༌། །འོད་ཅན་ལུས་མཆོག་


TNT18_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

མགུ་བ་དགུ། གྲུབ་པ་བརྒྱད་ནི། སྒྲོལ་པོ་ལེགས་སྒྲོལ་སྒྲོལ་མཐར་ཕྱིན། །མགུ་གྱུར་ཉམས་དགའ་རབ་དགའ་དགའ། །མཆོག་དགའ་ཞེས་པ་གྲུབ་པ་བརྒྱད། །ནུས་པ་ཉེར་བརྒྱད་ནི། དབང་པོ་བཅུ་གཅིག་སྐྱོན་ཅན་ནུས། །མགུ་དང་གྲུབ་པ་འགལ་ཟླ་ནི། །མི་དགའ་མ་གྲུབ་སོགས་བཅུ་བདུན། །ཕྱིན་ཅི་ལོག་ལྔ་ནི། མུན་རྨོངས་རྨོངས་ཆེན་ཤིན་ཏུ་མུན། །སྨག་གྱུར་ཕྱིན་ཅི་ལོག་ལྔ་ཡིན། །མི་མཐོང་པའི་རྒྱུ་བརྒྱད་ནི། ཧ་ཅང་རིང་ཕྱིར་ཉེར་ཕྱིར་དང༌། །དབང་པོ་ཉམས་ཕྱིར་ཡིད་མེད་ཕྱིར། །ཆ་ཕྲ་ཕྱིར་དང་སྒྲིབ་ཕྱིར་དང༌། །ཟིལ་གནོན་ཕྱིར་དང་འདྲེས་ཕྱིར་རོ། །ལྟ་བ་ངན་པ་དྲུག་ཅུ་རྩ་གཅིག་ནི། རྟག་པར་སྨྲ་བ་རྣམ་བཞི་དང༌། ཁ་ཅིག་རྟག་པར་སྨྲ་བ་བཞི། །མཐའ་ཡོད་སོགས་བཞི་མི་སྤོང་བཞི། །རྒྱུ་མེད་གཉིས་ནི་སྔོན་མཐར་རྟོག །འདུ་ཤེས་ཡོད་སྨྲ་བཅུ་དྲུག་དང༌། །མེད་སྨྲ་བརྒྱད་དང་དེ་བཞིན་དུ། །ཡོད་མིན་མེད་མིན་སྨྲ་བ་བརྒྱད། །ཆད་སྨྲ་བདུན་དང་ཚེ་འདི་ལ། །མྱ་ངན་འདའ་པར་སྨྲ་བ་བརྒྱད། །ཕྱི་མའི་མཐར་རྟོག་ལྟ་བའོ། གཅེར་བུ་པའི་དོན་དགུ་ལ། སྲོག་དང་གང་ཟག་སྡོམ་པ་དང༌། །ངེས་པར་རྒས་དང་འཆིང་པ་དང༌། །ལས་དང་སྡིག་དང་བསོད་ནམས་དང༌། །ཐར་བ་ཞེས་བྱ་དོན་དགུ་པོ། །འབྱུང་ལྔ་དུས་ཕྱོགས་བདག་ཡིད་ནི། །རྫས་དགུར་བྱེ་བྲག་པ་རྣམས་འདོད། །རིག་པ་ཅན་པའི་ཚིག་དོན་བཅུ་དྲུག་ནི། ཚད་མ་གཞལ་བྱ་ཐེ་ཚོམ་དགོས་པ་དཔེ། །གྲུབ་མཐའ་ཆ་ཤས་རྟོག་གེ་གཏན་ལ་དབབ། །བརྗོད་པ་རྩོད་པ་སུན་འབྱིན་རྒྱུ་ལྟར་སྣང༌། །ཚིག་དོན་ལྟག་ཆོད་ཚར་གཅོད་གནས་རྣམས་སོ། །དབང་ཕྱུག་གི་ཡོན་ཏན་བརྒྱད་ནི། ཕྲ་ཡང་མཆོད་འོས་བདག་པོར་གྱུར། །དབང་གྱུར་གར་ཕྱིན་འདོད་དགུར་བསྒྱུར། །དགའ་མགུར་གནས་པ་དབང་ཕྱུག་བརྒྱད། །ལྷ་བཞི་ནི། ཚངས་པ་དབང་ཕྱུག་ཁྱབ་འཇུག་སྟེ། །བཞི་པ་ནཻ་ར་ཛྙཱ་ནའོ། །


TNT18_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་གཞན་ཡང༌། སངས་རྒྱས་དཀོན་མཆོག་ནི། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཆོས་ནི། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་དག་གི །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་ཏེ་ཆོས། །དགེ་འདུན་ནི། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་ཐོབ་བྱའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཐེག་པ་གསུམ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །བྱང་སེམས་ཀྱི་སྤྲུལ་པ་བཅུ་ནི། སེམས་ཅན་ལུས་ཞིང་མཆོད་དབྱངས་སྤྱོད། །སྨོན་སྨིན་གདུལ་བ་བྱང་ཆུབ་ཆོས། །བྱིན་རླབས་ཞེས་བྱ་སྤྲུལ་པ་བཅུ། །བྱང་སེམས་རྒྱུ་མཐུན་བཅུ་ནི། བྱང་སེམས་དགེ་བཤེས་ཕར་ཕྱིན་ཆོས་དང་སྨིན་ནམ་སྤྱོད། །སེམས་པ་མཆོད་པ་དེ་བཞིན་གཤེགས། །བྱང་སེམས་ངོ་མཚར་འདུ་ཤེས་བཅུ་ནི། དགེ་དང་ས་བོན་སྣོད་འདུ་ཤེས། །ཆོས་ཀུན་ལ་ནི་འབྱུང་པ་དང༌། །ཆོས་ལ་སངས་རྒྱས་ཆོས་འདུ་ཤེས། །རྒྱལ་ལ་ཕ་དང་གཉིས་མེད་དུ། །འདུ་ཤེས་དང་ནི་དེགནས་གསུམ། །སྨོན་ནམ་སྦྱོང་པ་ཚིག་ཀུན་ལ། །སྨོན་མེད་ལ་སོགས་རྣམ་པ་གསུམ། །ཡོངས་སྨིན་བཅུ་ནི། སྦྱིན་གཟུགས་ཆོས་སྟོན་སྐལ་མཉམ་དང༌། །གནས་མེད་སྤྱོད་པ་རྫུ་འཕྲུལ་དང༌། །སངས་རྒྱས་ཆེད་བརྗོད་ཞིང་རྣམས་ཀྱིས། །སེམས་ཅན་ཁམས་ཡོངས་སྨིན་པར་བྱེད། །བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་འཇུག་པ་བཅུ་ནི། སྨོན་ལམ་སྤྱོད་པ་ཡང་དག་སྒྲུབ། །མོས་པ་ཐ་དད་ཞིང་གི་རྒྱན། །


TNT18_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འཕྲུལ་སྐྱེ་བ་བསྟན་ལ་འཇུག། དབང་བསྒྱུར་བཅུ་ནི། ལྷ་མི་གཟུགས་སྟོབས་འཁོར་འདོད་རྒྱལ་སྲིད་དང༌། །དབང་ཕྱུག་ཡོན་ཏན་ཤེས་རབ་དབང་བསྒྱུར་བཅུ། །སངས་རྒྱས་ཆོས་ལས་སེམས་ཅན་དང༌། །སྤྱོད་པ་སྨོན་ལམ་སྤྱོད་ཡུལ་དུས། །དགེ་བ་ཡེ་ཤེས་བྱིན་རླབས་བཅུ། །རྒྱལ་བའི་གསུང་ལ་ཚད་མེད་པ་བཅུ་ནི། མཁའ་དབྱིངས་ཆོས་དབྱིངས་སེམས་ཅན་ལྟར། །ལས་ལྟར་མོས་ལྟར་ཉོན་མོངས་ལྟར། །སྒྲ་དབྱངས་ཐམས་ཅད་པ་ལྟ་བུ། །ཡེ་ཤེས་དུས་གསུམ་ཚད་མེད་ལྟར། །སངས་རྒྱས་ཡུལ་ལྟར་ཚད་མེད་བཅུ། །མཉམ་ཉིད་བཅུ་ནི། སེམས་ཅན་ཆོས་དང་སངས་རྒྱས་ཞིང༌། །ལྷག་བསམ་དགེ་རྩ་བྱང་སེམས་དཔའ། །སྨོན་ལམ་ཕར་ཕྱིན་སྤྱོད་སངས་རྒྱས། །མཉམ་པ་ཉིད་ཅེས་བྱ་བ་ཡིན། །བྱང་སེམས་ཀྱི་དགའ་བ་བཅུ་ནི། དྲན་དང་ཤེས་རབ་རྟོགས་དང་བློ། །རྣམ་འཕྲུལ་ཏིང་འཛིན་གཟུངས་སྤོབས་པ། །བྱང་ཆུབ་ཆོས་འཁོར་བསྐོར་བ་ཡི། །དགའ་བ་བཅུ་ཞེས་བརྗོད་པ་ཡིན། །མདོ་སྡེ་བལྟ་བར་གྱིས་ཤིག་དང༌། །འདི་སོགས་མཐའ་མུ་ཚད་མེད་གསུངས། །སངས་རྒྱས་བཅུ་དང་སེམས་ཅན་བཅུ། །བྱང་ཆུབ་སྙིང་རྗེ་བཅུ་དྲུག་དང༌། །འཕྲིན་ལས་སོ་གཉིས་ལ་སོགས་པ། །མངས་ཀྱི་དོགས་པས་རེ་ཞིག་བཞག །རྒྱན་བཞི་ནི། ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་གཟུངས་ཀྱི་བརྒྱན། །སྣང་བ་བརྒྱད་ནི། དྲན་པ་བློ་གྲོས་རྟོགས་ཆོས་ཤེས་པ་དང༌། །བདེན་པ་མངོན་ཤེས་སྒྲུབ་པའི་སྣང་བ་བརྒྱད། །རེ་རེའི་དབྱེ་བ་དཔག་ཏུ་མེད་པ་དག །གཟུངས་དབང་གིས་ཞུས་མདོ་སྡེ་ཉིད་དུ་ལྟོས། །རྒྱན་བཞི་སྣང་བརྒྱད་སྙིང་རྗེ་བཅུ་དྲུག་དང༌། །འཕྲིན་ལས་སོ་གཉིས་ཡོངས་སྦྱོང་དྲུག་ཅུ་ཡིན། །གཞན་ཡང་ཕལ་པོ་ཆེ་ས་བཅུ་པ་དང༌། ཆོས་ཡང་དག་པར་སྡུད་པ་སོགས་ཅིས་ཀྱང་ལྟོས་ཤིག་དང་བློ་གྲོས་མི་ཟད་པར་འགྱུར་རོ། །རྡོ་རྗེའི་གནས་


TNT18_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ནི། སངས་རྒྱས་ཆོས་ཚོགས་ཁམས་དང་བྱང་ཆུབ་དང༌། །ཡོན་ཏན་སངས་རྒྱས་འཕྲིན་ལས་ཐ་མ་སྟེ། །བསྟན་བཅོས་ཀུན་གྱི་ལུས་ནི་མདོར་བསྟན་ན། །རྡོ་རྗེའི་ཡི་ནི་གནས་བདུན་འདི་དག་གོ །ད་ནི་གསང་སྔགས་ལས་བྱུང་བ་ཅི་རིགས་པ་ལ། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང༌། །སྟང་སྟབས་འདུག་སྟངས་བཟླས་བརྗོད་དང༌། །སྦྱིན་བསྲེག་མཆོད་པ་ལས་སྦྱོར་དང༌། །སླར་སྡུད་པ་ཡི་རྣམ་པ་ནི། །ཕྱིའི་དེ་ཉིད་བཅུ་ཡིན་ནོ། །ཕྱིར་ཟློག་གཉིས་ཀྱི་ཆོ་ག་དང༌། །གསང་བ་ཤེས་རབ་ཡེ་ཤེས་དང༌། ཁ་སྦྱོར་དབྱེ་བའི་ཆོ་ག་དང༌། །གཏོར་མ་རྡོ་རྗེའི་བཟླས་པ་དང༌། །དྲག་ཤུལ་སྒྲུབ་པའི་ཆོ་ག་དང༌། །རབ་ཏུ་གནས་དང་དཀྱིལ་འཁོར་སྒྲུབ། །གསང་བའི་དེ་ཉིད་བཅུ་ཡིན་ནོ། །རྒྱུད་སྡེ་གཉིས་དང་གསུམ་དང་བཞི། །ལྔ་དང་དྲུག་ཏུ་འདོད་པ་ཡིན། །བྱ་སྤྱོད་རྣལ་འབྱོར་རྣལ་འབྱོར་ཆེ། །བྱ་རྒྱུད་དྲུག་ནི། དེ་བཞིན་གཤེགས་དང་པདྨ་དང༌། །རྡོ་རྗེ་ནོར་བུ་ལྔ་བརྩེན་དང༌། །འཇིག་རྟེན་ཕལ་བའི་རིགས་ཏེ་དྲུག །སྤྱོད་རྒྱུད་སྐུ་གསུང་ཐུགས་རིགས་གསུམ། །དེ་བཞིན་གཤེགས་རིགས་དེ་བཞིན་གཤེགས། །ཁྲོ་བོ་འགྲོ་འདུལ་དོན་གྲུབ་སྟེ། །རྣལ་འབྱོར་རྒྱུད་ལ་རིགས་ལྔའོ། །གཉིས་མེད་བླ་ན་མེད་པ་ལ། །ཐབས་ཤེས་ཕ་མ་རྣལ་འབྱོར་དང༌། །རྣལ་འབྱོར་མ་རྒྱུད་རྣམ་པ་བཞི། །རིགས་ལྔའམ་འདོད་ཆགས་ཞེ་སྡང་དང༌། །གཏི་མུག་གི་ནི་རྒྱུད་གསུམ་པོ། །ཐབས་རྒྱུད་ཀྱི་ནི་དབྱེ་བ་ཡིན། །རྡོར་སེམས་རྣམ་སྣང་ཧེ་རུ་ཀ །རྡོ་རྗེ་ཉི་མ་གར་དབང་ཕྱུག །རྟ་མཆོག་ཅེས་བྱ་མ་རྒྱུད་དྲུག །རྣལ་འབྱོར་བཞི་ནི། རྣལ་འབྱོར་རྗེས་སུ་རྣལ་འབྱོར་དང༌། །ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། །བསྙེན་པ་ཉེར་སྒྲུབ་སྒྲུབ་པ་དང༌། །སྒྲུབ་ཆེན་བསྙེན་སྒྲུབ་ཡན་ལག་བཞི། །དང་པོ་སྦྱཽར་དང་དཀྱིལ་རྒྱལ་མཆོག །ལས་རྒྱལ་མཆོག་སྟེ་རང་བཞིན་གསུམ། །སྤྱན་དྲངས་བཞུགས་དང་གཤེགས་སུ་གསོལ། །ལས་གསུམ་དུ་ནི་བརྗོད་པ་ཡིན། །


TNT18_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་དང་ལུས་དང་ལོངས་སྤྱོད་ནི། །རིག་པ་འཛིན་པ་གསུམ་དུ་བརྗོད། །དམ་ཚིག་བཟླས་པ་སྦྱིན་པ་དང༌། །འཆད་བྱེད་མན་ངག་སྟོན་པ་དང༌། །དབང་བསྐུར་པ་དང་ལས་བྱེད་པ། །སློབ་དཔོན་དྲུག་ཏུ་བརྗོད་པ་ཡིན། །ས་འོག་སྟེང་འགྲོ་རལ་གྲི་དང༌། །ཚར་གཅོད་ཕན་འདོགས་ཉིད་དང་ནི། །རིལ་བུ་མིག་སྨན་གཏེར་དང་ནི། །རྐང་མགྱོགས་དང་ནི་བཅུད་ཀྱི་ལེན། །དངོས་གྲུབ་དགུ་རུ་བཤད་པ་ཡིན། །བཞི་པ་བོར་བ་གྲུབ་ཆེན་བརྒྱད། །གཞན་དུ་གནོད་སྦྱིན་མོ་ཡང་བགྲངས། །ལོངས་སྤྱོད་རྫོགས་སྐུ་ཡན་ལག་བདུན་ནི། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་འཆད་དང་འགོག་པ་མེད། །རོ་མྱང་བརྒྱད་ནི། རྟག་པ་དང་ནི་མི་གདུང་དང༌། །བསིལ་བ་དང་ནི་གཅིག་པ་དང༌། །བདེ་བ་དང་ནི་དྲི་མེད་དང༌། །དགའ་བ་དང་ནི་ཡིད་དང་བ། །དབང་ཕྱུག་བརྒྱད་ནི། སྐུ་ཡི་དབང་ཕྱུག་དང་ནི་གསུང་གི་དབང་ཕྱུག་དང༌། །དེ་བཞིན་དུ་ནི་ཐུགས་ཀྱི་དབང་ཕྱུག་དང༌། །རྫུ་འཕྲུལ་ཀུན་འགྲོ་གནས་ཀྱི་དབང་ཕྱུག་དང༌། ཅི་འདོད་བྱེད་དང་ཡོན་ཏན་བརྒྱད་པའོ། །འདུས་པའི་རིམ་ལྔ་ནི། སྔགས་དང་སེམས་དང་ལུས་དང་ནི། །རྣམ་དག་དང་ནི་ཟུང་འཇུག་སྟེ། །རིམ་པ་ལྔ་ཡི་བསྡུས་པའི་དོན། །ལུས་དབེན་ངག་དབེན་སེམས་དབེན་དང༌། །སྒྱུ་ལུས་འོད་གསལ་ཟུང་འཇུག་གོ །སྒོམ་པའི་ཐིག་ལེ་བཞི་ནི། སྙིང་ཁ་ནོར་བུ་སྤྲུལ་པ་དང༌། །མི་ཤིགས་ཐིག་ལེ་རྣམ་བཞིའོ། །མ་རྒྱུད་ཀྱི་རྫོགས་རིམ་གསུམ་ནི། རང་བྱིན་བརླབས་དང་དཀྱིལ་འཁོར་དང༌། །བསམ་མི་ཁྱབ་ཅེས་བྱ་བ་རྣམ་གསུམ་ཡིན། །སྔགས་དང་དབྱིབས་དང་ཆོས་བདག་ཉིད། །སྦྱོར་བ་རྣམ་པ་གསུམ་དུ་འགྱུར། །བདེ་དགྱེས་ཀྱི་རིམ་པ་བཞི་ནི། རྒྱུད་སྔགས་ཡེ་ཤེས་གསང་རིམ་བཞི། །བདེ་མཆོག་རིམ་ལྔ་ནི། བདག་བྱིན་བརླབས་དང་སྣ་ཚོགས་རྡོ་རྗེ་དང༌། །ནོར་བུ་འགེངས་དང་འབར་འཛེག་བསམ་མི་ཁྱབ། །སྒྱུ་དྲྭ་ཉི་ཤུ་རྣམ་ལྔ་དང༌། །


TNT18_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་མངོན་རྫོགས་བྱང་ཆུབ་བཞི། །ཨེ་ཝཾ་མ་ཡ་ཡི་གེ་བཞིའོ། །བྲམ་ཟེ་རྒྱལ་རིགས་རྗེ་དམངས་བཞི། །བལྟ་རྒོད་ལག་བཅིངས་གཉིས་སྤྲོད་བཞི། །སད་རྨི་གཉིད་སྟུག་བཞི་པ་ནི། །གནས་སྐབས་བཞི་ཞེས་བྱ་བ་ཡིན། །འདུས་མ་བྱས་བཅས་རྣམ་ཐར་བཞི། །སྐད་ཅིག་མ་བཞི་ནི། རྣམ་པ་སྣ་ཚོགས་པ་དང༌། རྣམ་པར་སྨིན་པ་དང༌། རྣམ་པར་ཉེད་པ་དང༌། མཚན་ཉིད་དང་བྲལ་བའོ། །དགའ་བ་བཞི་ནི། དགའ་བ་དང༌། མཆོག་ཏུ་དགའ་བ་དང༌། ཁྱད་པར་གྱི་དགའ་བ་དང༌། ལྷན་ཅིག་སྐྱེས་པའོ། །གདན་བཞི་ནི། བདག་གཞན་སྦྱོར་དང་གསང་བའོ། །དེ་ཉིད་བཞི་ནི། བདག་སྔགས་ལྷ་དང་ཡེ་ཤེས་ནི། །དེ་ཁོ་ན་ཉིད་བཞི་རུ་འདོད། །རྒྱུད་བཤད་རྒྱན་ནི་རྣམ་པ་བདུན། །བདེན་དོན་རྣམ་པ་བཅུ་གཉིས་དང༌། །དེ་ཉིད་རྣམ་པ་བཅུ་དྲུག་ཡིན། །དབྱུག་གུ་དྲུག་ཅུ་བཞི་དང་ནི། །དམ་པའི་རིགས་ནི་བརྒྱ་དག་ལས། །མཐའ་ཡས་རིགས་རྣམས་འཕེལ་བ་ཡིན། །ཞེས་པ་སློབ་མ་ལ་ཕན་པ་ཞེས་བྱ་བ་རྣམ་གྲངས་ཀྱི་མདོ་སྟེ། ལས་དང་པོ་པ་ཀུན་དང༌། ཁྱད་པར་སྡེ་སྣོད་རྒྱ་ཆེན་པོ་དག་ཉན་པར་མི་ནུས་པར་སྔགས་ལ་འཇུག་པ་དག་ལ་ཕན་པའི་ཕྱིར་དང༌། བློ་གསལ་མོས་ལྡན་ཀུན་དགའ་ཆོས་དབྱིངས་ཀྱིས་བསྐུལ་བའི་ངོར། ཏཱ་ར་ནཱ་ཐ་ཀུན་དགའ་སྙིང་པོས་རང་ལོ་ཉེར་གསུམ་གྱི་རྩེར་སོན་པ་ལ། དཔལ་ནགས་རྒྱལ་གྱི་དབེན་གནས་ཇོ་མོ་ནང་དུ་སྦྱར་པའོ། །བཀྲ་ཤིས། །


previousརྣམ་གྲངས་ཀྱི་མདོ་སློབ་ཕན།next