Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
དགེ་བཤེས་དཔལ་ལྡན་ཤཱཀྱ་བསྟན་འཛིན་གྱིས་དྲི་ལན་གནད་ཀྱི་གསལ་བྱེད།
   
   


 
previousདགེ་བཤེས་དཔལ་ལྡན་ཤཱཀྱ་བསྟན་འཛིན་གྱིས་དྲི་ལན་གནད་ཀྱི་གསལ་བྱེད།next

དགེ་བཤེས་དཔལ་ལྡན་ཤཱཀྱ་བསྟན་འཛིན་གྱིས་དྲི་ལན་གནད་ཀྱི་གསལ་བྱེད།


TNT18_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བཤེས་དཔལ་ལྡན་ཤཱཀྱ་བསྟན་འཛིན་གྱིས་དྲི་ལན་གནད་ཀྱི་གསལ་བྱེད་བཞུགས།


TNT18_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། འགྲོ་བའི་བློ་མུན་སེལ་མཛད་པ། །འཇམ་དབྱངས་ཞབས་ཀྱི་པདྨོར་འདུད། །དོགས་སེལ་དྲི་བའི་འཕྲེང་བ་ལ། །རང་དང་རྗེས་མཐུན་ལན་ཙམ་བརྗོད། །དྲི་བ་དང་པོ། དཔལ་ཀྱཻ་རྡོ་རྗེའི་དབང་གི་སྔགས་སྡོམ་ཐོབ་ལ་མ་ཉམས་པའི་གང་ཟག་གིས། འཁོར་ལོ་བདེ་མཆོག་ལྟ་བུའི་དབང་ཐོབ་པའི་ཚེ། སྔགས་སྡོམ་གསར་དུ་ཐོབ་རྒྱུ་ཇི་ལྟར་ཡོད། །ཅེས་པ་སྟེ། འདི་ལ་བརྗོད་པ། དེའི་ཚེ་གསར་ཐོབ་ནི་ཡོད་དེ། སྔར་བླ་མེད་ཀྱི་སྡོམ་ལྡན་ལ། སློབ་དཔོན་གྱིས་དབང་བསྐུར་བྱས་སམ། སྡོམ་ལྡན་རང་ཉིད་ཀྱིས་དབང་བླངས་ཀྱང་རུང་སྟེ། སྔར་གྱི་སྔགས་སྡོམ་གྱི་རྒྱུན་དེ་ཉིད་དབང་བསྐུར་རེ་རེ་ཐོབ་པ་ལ་བརྟེན་ནས། ལྷག་པར་འཕེལ་ཞིང་རྒྱས་པར་འགྱུར་བའི་ཕྱིར་ན། ཅི་ཙམ་འཕེལ་བའི་ཆ་དེ། དེ་དང་དེ་ལས་གསར་དུ་ཐོབ་པར་འགྱུར་ལ། འཕེལ་བ་དེ་ཡང་རྒྱུན་མི་ཆད་པར་འཇུག་གོ །འོན་ཀྱང་གང་ཐོབ་བྱ་དབང་གི་ངོ་བོ་རིགས་མཐུན་ཕྱིན་ཆད་དུ། སྡོམ་པར་རིགས་མི་འདྲ་མེད་ཅིང༌། དབང་ཕྱི་མ་ཕྱི་མ་ཐོབ་པ་རྣམས་ལ་ཡང༌། སྔ་མའི་སྡོམ་པའི་རྒྱུན་དེ་ཉིད་བཟུང་ཞིང་རྒྱ་ཆེ་བར་སོང་བ་མ་གཏོགས། སྡོམ་པ་རིགས་འདྲ་ཞིང༌། ངོ་བོ་ཐ་དད་པ་འཇུག་


TNT18_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

པའང་མེད་པས། སྡོམ་པ་དངོས་གཞི་ཡོངས་རྫོགས་གསར་ཐོབ་ནི་མེད་དོ། །སྐབས་འདིར་འདི་ལྟར་ཤེས་དགོས་ཏེ། དབང་དང་པོ་དེ་ལ་མ་སྨིན་པ་སྨིན་པར་བྱེད་པ་ཞེས་བྱ་ཞིང༌། ཕྱི་མ་རྣམས་ལ་ཡང་རང་རང་གི་ངོ་སྐལ་གྱི་སྔར་མ་སྨིན་པ་སྨིན་པར་བྱས་པའི་ཆ་ཤས་རེ་ཡོད་མོད་ཀྱང༌། སྨིན་ཚུལ་དེ་ཙམ་ཞིག་ནི་སངས་རྒྱས་མ་ཐོབ་ཀྱི་བར་དུ་རྟག་ཏུ་འབྱུང་བས། ཕྱི་མ་རྣམས་ལ་མ་སྨིན་པ་སྨིན་པར་བྱེད་པའི་ཐ་སྙད་མི་སྦྱོར་རོ། །ཡང་སམ་པུ་ཊའི་རྒྱུད་ཕྱི་མ་ནས། རིག་པའི་དབང་གི་སྐབས་སུ་གོས་ཀྱི་དབང་ཞེས་པ་ལྷག་པོར་གསུངས་པ་དང༌། མི་གཡོ་བ་བླ་མེད་ལས་རལ་གྲི་ཞགས་པའི་དབང་སོགས་བཤད་པ་དང༌། དུས་འཁོར་ལས་དར་དཔྱངས་ཀྱི་དབང་ལོགས་སུ་གསུངས་ཤིང༌། ཆུ་དབང་སོགས་གཞན་རྣམས་ཀྱང༌། སྦྱང་གཞི་སྦྱོང་བྱེད་སྤྱི་དང་མི་འདྲ་བར་གསུངས་པ་རྣམས་ལ་ཡང༌། ཕན་ཚུན་གཅིག་གིས་གཅིག་དོད་ཐུབ་པ་ཡིན་པས། ཆོ་གའི་རྣམ་གྲངས་མི་འདྲ་བ་ཙམ་དང༌། རྒྱས་བསྡུས་ཀྱི་ཁྱད་པར་ཙམ་མ་གཏོགས། གཙོ་བོའི་དོན་ལ་མཚུངས་པའི་ཕྱིར། དེ་དག་སོ་སོ་ལས་ཐོབ་པའི་སྡོམ་པ་རྣམས་ཀྱང་ངོ་བོ་གཅིག་ཏུ་


TNT18_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བར་ཤེས་པར་བྱ་ཞིང༌། དུས་ཀྱི་འཁོར་ལོ་རང་ལུགས་ཀྱི་རྡོ་རྗེ་སློབ་དཔོན་གྱི་དབང་ལ་ནི། སྡོམ་པའི་རིམ་པ་གསར་འཐོབ་ཡོད་པར་ཤེས་དགོས་ཏེ། སློབ་དཔོན་ཆེན་པོའི་གནས་འཐོབ་པར་བྱེད་པའི་དབང་ཡིན་པར་ཡང་ཡང་བཤད་པའི་ཕྱིར་རོ། །དེས་ན་དབང་དེ་ནི་མ་ཐོབ་ཀྱང༌། དབང་བཅུ་གཅིག་པོ་ཐོབ་པའི་སློབ་དཔོན་གྱིས། སློབ་མ་ལ་དུས་ཀྱི་འཁོར་ལོའི་དབང་བསྐུར་བ་དང་རྒྱུད་བཤད་པའི་ཚེ། དབང་དང་རྒྱུད་བཤད་རྣམ་དག་གི་གོ་མི་ཆོད་པ་ནི་མ་ཡིན་ཏེ། དབང་བཞི་པའི་བར་གྱི་མཐར་ཐུག་པའི་དབང་རྒྱུན་ཡོད་པའི་ཕྱིར་ན། རྒྱུད་སྡེ་གཞན་གྱི་རིགས་འགྲེར་རུང་བས་སོ། །འོན་ཀྱང་རྒྱུད་དེ་ཉིད་ཀྱི་ལུགས་ལ། དེ་བཞིན་གཤེགས་པས་བཀག་པ་ལས་འདས་པའི་ཉེས་པ་དང༌། སློབ་དཔོན་གྱིས་བཀས་མ་གནང་བའི་ཉེས་པ་གཉིས་སློབ་དཔོན་རང་ལ་འབྱུང་ཞིང༌། དབང་དེ་ཉིད་ཀྱི་རྒྱུན་ཆད་པ་དང༌། དེ་ཆད་པས་རྒྱུད་སྡེ་དེའི་དབང་ཡོངས་སུ་མ་རྫོགས་པའི་ཉེས་པར་འགྱུར་རོ། །དེ་བཞིན་དུ་ཀྱཻ་རྡོ་རྗེའི་དབང་ཁོ་ན་ཐོབ་པས་འདུས་པ་དང་བདེ་མཆོག་ལ་སོགས་པ་ཡང་སྒོམ་དུ་རུང་བ་ཙམ་ནི་ཡིན་ཞིང༌། འོན་ཀྱང་སོ་སོའི་བཀའ་མ་ཐོབ་ན། སློབ་དཔོན་གྱི་བཀས་མ་གནང་བའི་ཉེས་པ་ཡོད་པས་བྱིན་རླབས་ཀྱི་སྒོ་ཆུང་བ་ཡིན་ནོ། །འོ་ན་དཀྱིལ་འཁོར་གཅིག་ཏུ་དབང་ཐོབ་པ་ཁོ་ནས་སྔགས་སྡོམ་དང་ལྡན་པ་དེ་ལ། སློབ་དཔོན་གྱིས་འདི་སྒོམས་ཤིག་ཅེས་པའི་ཚིག་ཙམ་གྱིས་སྒྲུབ་ཐབས་མན་ངག་གཞན་ཐམས་ཅད་ལ་གནང་བ་བྱིན་པས་ཆོག་གམ་སྙམ་ན། དེ་ལྟར་མི་ཆོག་སྟེ། དེ་ལྟ་བུའི་གནང་བ་སྦྱིན་པ་དེ་ལའང༌། སངས་རྒྱས་ནས་སློབ་དཔོན་གྱི་བར་དུ་གནང་བ་སྦྱིན་པ་རྒྱུན་མ་ཆད་པར་


TNT18_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ལ། གནང་བ་སྟེར་ཚུལ་ནི་མ་ངེས་ཏེ། ཆོ་གའི་ཚུལ་གྱིས་སྟེར་བ་དང༌། ལུང་འབོགས་པ་དང༌། གླེགས་བམ་བཀླག་པ་ལ་སོགས་པས་ཀྱང་རུང་མོད། དེ་ཡང་ལག་ལེན་གྱི་རྒྱུན་མ་ཆད་པའི་སྲོལ་དེ་ཉིད་བཟང་བ་ཡིན་ནོ། །དེས་ན། ཐེག་པ་བླ་ན་མེད་པའི་དབང་བསྐུར་བ་རྫོགས་པ་གཅིག་ཐོབ་པ་ཕྱིན་ཆད། དཀྱིལ་འཁོར་དེ་ཉིད་དམ་དཀྱིལ་འཁོར་གཞན་གྱི་ཡང་རུང་སྟེ། དབང་བསྐུར་བ་ཅི་ཙམ་མང་བ་དེ་ཙམ་བཟང་ལ། ཡང་སོ་སོ་མཐའ་དག་ལ་དབང་བསྐུར་ཁོ་ན་ཐོབ་མི་དགོས་པར། ཐ་དད་ཀྱི་བྱིན་བརླབས་དང་རྗེས་གནང་སོགས་ཐོབ་པས་ཀྱང་དེ་དང་དེ་སྒོམ་དུ་རུང་ཞིང༌། ཅི་ནས་ཀྱང་སློབ་དཔོན་ལ་བཀའ་དེ་འདྲ་བ་རེ་ནི་ཐོབ་པར་བྱེད་པ་ལག་ལེན་རྣམ་དག་གི་རྒྱུན་ལ་འབྱུང་བའི་རྒྱུ་མཚན་དེ་ལྟར་ཡིན་ནོ།། །།དྲི་བ་གཉིས་པ། དབང་གསུམ་པའི་ཡེ་ཤེས་ལས་གཞན་པའི། དབང་བཞི་པའི་ཡེ་ཤེས་ཇི་ལྟར་ཡོད། ཅེས་པ་སྟེ། དེ་ལ་བརྗོད་པ། རེ་ཞིག་དབང་བཞི་པའི་ཡེ་ཤེས་ནི། དབང་གསུམ་པའི་ཡེ་ཤེས་ལས་ངོ་བོ་ཤིན་ཏུ་ཐ་དད་པ་ཡིན་ནོ་ཞེས་དམ་འཆའ་དགོས། དེའི་དོན་ཅུང་ཟད་ཙམ་བརྗོད་ན། སྤྱིར་འཕགས་པའི་ཡུལ་གྱི་རྡོ་རྗེ་འཛིན་པ་འགངས་ཆེན་པོ་རྣམས་ལ་ཡང་བཞེད་པ་མི་འདྲ་བ་དུ་མ་ཡོད་པར་ཡང་བཤད། མི་འདྲ་བ་ཅི་རིགས་པ་སོ་སོས་མཛད་པའི་གསུང་རབ་རྣམས་ལ་དངོས་སུ་ཡང་སྣང༌། དེ་ལ་རྡོ་རྗེ་སློབ་དཔོན་རྒྱུད་གཞུང་མང་པོ་ལ་མཁས་ཤིང༌། ནུས་མཐུ་དང་བྱིན་རླབས་ཀྱི་གཟི་བྱིན་ཆེན་པོ་མངའ་བ་རྣམས་ལ་རྒྱ་གར་གྱི་ཡུལ་དུ་སློབ་དཔོན་ཆེན་པོར་བརྩི་བ་འདུག །ངོ་མཚར་ཡང་ཤིན་ཏུ་ཆེ་བ་ལགས་མོད། འོན་ཀྱང་དེ་ཙམ་གྱིས་རྫོགས་རིམ་


TNT18_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ངེས་དོན་མཐར་ཐུག་རྟོགས་པའི་ཁྱབ་པ་རང་ཡང་མེད་ཅིང༌། དེ་རྟོགས་སུ་ཆུག་ཀྱང་གདུལ་བྱའི་བློ་ངོ་ལ་ལྟོས་ནས་དྲང་དོན་ཙམ་གསུང་བ་ཡང་སྲིད། ངེས་དོན་ཉིད་གསུང་དུ་ཆུག་ཀྱང༌། དེ་ངོ་སྤྲོད་པའི་ཐབས་མི་འདྲ་བ་སྣ་ཚོགས་འབྱུང་སྲིད་པས། ལུགས་ཐ་དད་པ་དེ་རྣམས་ལའང་གཅིག་ཏུ་ཚད་ལྡན་ནོ་ཞེ་བཞག་པར་དཀའ་མོད། མཐའ་གཅིག་ཏུ་ནོར་རོ་ཞེས་ཀྱང་དགག་པར་དཀའ་བས། རེ་ཞིག་བཏང་སྙོམས་སུ་བཞག་ཅིང༌། མཆོག་ཏུ་ཚད་ལྡན་དུ་གྱུར་པ་སེམས་འགྲེལ་སྐོར་གསུམ་ཡིན་ལ། གཞན་ཡང་བྲམ་ཟེ་ཆེན་པོའི་དོ་ཧ་དང༌། རིམ་ལྔ། ཞལ་ལུང་སོགས་ཀྱི་དགོངས་པ་དང་བསྟུན་ན། བཞི་པའི་ཡེ་ཤེས་ནི། དོན་དམ་པའི་ཡེ་ཤེས་རང་བཞིན་ལྷན་སྐྱེས་ཞེས་བྱ་བ་དེ་ཡིན་ལ། གསུམ་པའི་ཡེ་ཤེས་ནི། ཞུ་བདེ་ལྷན་སྐྱེས་ཀུན་རྫོབ་དཔེའི་ཡེ་ཤེས་སོ། །དེ་ཡང་སེམས་འགྲེལ་སྐོར་གསུམ་ནས། རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་དང༌། མི་འགྱུར་བའི་བདེ་བ་ཟུང་དུ་འཇུག་པ་ལ་བཞི་པ་མཚན་ཉིད་པར་བཤད་པ་དང༌། བྲམ་ཟེ་ཆེན་པོས་ཀྱང༌། གྲོགས་དག་ཟབ་མོ་དང་ནི་རྒྱ་ཆེ་བ་གཞན་མེད་བདག་ཉིད་མ་ཡིན་ནོ། །ལྷན་ཅིག་སྐྱེས་དགའ་བཞི་པའི་དུས། །གཉུག་མ་ཉམས་སུ་མྱོང་བས་ཤེས། །ཞེས་དང༌། དེ་ལྟར་ཡིན་ཏེ་དེ་ནི་མ་ཡིན་ནོ། །ཞེས་སོགས་དང༌། གཞན་ཡང་མང་དུ་གསུངས་ཤིང༌། རིམ་ལྔ་སྤྱོད་བསྡུས་སོགས་ཀྱི་དགོངས་པའང༌། བཞི་པ་མཚན་ཉིད་པ་ནི། སྒྱུ་ལུས་འོད་གསལ་ཟུང་འཇུག་ལ་བཞེད་ཅིང༌། ཞལ་ལུང་གྲོལ་ཐིག་གཉིས་ལས་ཀྱང༌། ཟབ་གསལ་དབྱེར་མེད་ལ་འཆད་ལ། སྦྱོར་བ་བདུན་པའི་གཞུང་རྗེས་འབྲང་དང་བཅས་པ་རྣམས་ཀྱིས་ཀྱང༌། བཞི་པའི་


TNT18_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཁ་སྦྱོར་ཡན་ལག་བདུན་དུ་བཤད་པས། དེ་རྣམས་དགོངས་པ་གཅིག་སྟེ། རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་དང༌། སྒྱུ་ལུས་དང༌། གསལ་བ་དང༌། ཁ་སྦྱོར་དང་བཅས་པའི་ལོངས་སྤྱོད་རྫོགས་པ་རྣམས་དོན་གཅིག་ཅིང༌། མི་འགྱུར་བདེ་ཆེན་དང༌། འོད་གསལ་དང༌། ཟབ་པ་དང༌། རང་བཞིན་མེད་པ་དང་བཅས་པའི་བདེ་བའི་ཡན་ལག་རྣམས་དོན་གཅིག་པས་སོ། །དེས་ན་དབང་བཞི་པའི་ཡེ་ཤེས་ཀྱི་ངོ་བོ་ནི། བཅོས་མ་མ་ཡིན་པའི་བདེ་བ་དང༌། སྟོང་པ་དང༌། དཀྱིལ་འཁོར་གསུམ་ཟུང་དུ་འཇུག་པ་གཅིག་ཡིན་ལ། དེའི་ཁྱད་པར་ཡང༌། བདེ་བ་ནི་སེམས་ཉིད་བདེ་བ་དང༌། དེའི་རྟེན་ཐིག་ལེ་འགྱུར་བ་མེད་པ་གཉིས་ཡིན་ཞིང༌། དེ་ཡང་ཇི་སྲིད་རྡུལ་ཕྲ་རབ་ཀྱི་ཚོགས་པར་སྣང་བ་ཡོད་ཕྱིན་ཆད་མི་འགྱུར་བ་མ་ཡིན་པས། དེ་འགགས་ནས་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་ན། མི་འགྱུར་བའི་བདེ་བར་འཇོག་ཅིང༌། བདེ་བ་ཆེན་པོར་ལྷག་པར་རིགས་པ་ཡོད་ཀྱང༌། གཟུང་འཛིན་གཉིས་སྣང་འགགས་པ་ནི་དེའི་སྟོང་པ་ཡིན་ལ། བདེ་བ་དེ་ཉིད་དག་པ་ལྷའི་དཀྱིལ་འཁོར་གཙོ་བོར་གྱུར་པའི་འཁོར་འདས་ཀྱི་རྣམ་པ་ཐམས་ཅད་དང་མཚུངས་པའི་སྣང་ཆར་འཆར་བ་ནི་དཀྱིལ་འཁོར་ཡིན་ནོ། །དེ་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་ལས་འཐོབ་པར་འགྱུར་ཞིང༌། ཐོབ་ཚུལ་ཡང་སེམས་ཀྱི་ཆོས་ཉིད་དམ། རང་བཞིན་བདེ་སྟོང་གསལ་བ་ཟུང་དུ་འཇུག་པར་གནས་པ་དེ་ལམ་གྱི་སྟོབས་ཀྱིས་དྲི་མ་བསལ་ནས་མངོན་དུ་གྱུར་པ་ཡིན་ལ། དེ་ཡང་གདོད་ནས་ལྷུན་རྫོགས་སུ་གྲུབ་པ་ལ། དྲི་མ་ཙམ་བསལ་བར་འདོད་པ་དང༌། དང་པོ་རིགས་སམ་ས་བོན་གྱི་ཚུལ་དུ་གནས་པ། ཕྱིས་དྲི་མའང་བསལ་ཞིང༌། ངོ་བོའང་འཕེལ་རྒྱས་སུ་


TNT18_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་ནི། རང་རང་གི་གྲུབ་མཐའི་དབང་ལས་གང་ལ་སྦྱར་ཀྱང་འགྲིག་ལ། སྤྱིར་དེ་གཉིས་ཇི་ལྟར་འཐད་ལོགས་སུ་གཏན་ལ་དབབས་དགོས་མོད། འདིར་སྐབས་ཀྱི་དོན་མ་ཡིན་པས་བཞག་གོ །ལས་དང་པོ་པ་ལ་བཞི་པའི་དབང་བསྐུར་བ་ནི། དེ་དུས་བཞི་པའི་ཡེ་ཤེས་མི་སྐྱེ་ཡང༌། དེའི་ལམ་ཉན་པ་དང༌། སྒོམ་དུ་རུང་བར་བྱེད་ཅིང༌། ཕྱིས་ཡེ་ཤེས་དེ་སྐྱེ་བའི་རྟེན་འབྲེལ་བསྒྲིག་བྱེད་ཡིན་པས། ཚིག་དབང་བསྐུར་བ་ཞེས་བྱ་བའི་བརྡར་གཞག་པ་ཡིན་ནོ། །གསུམ་པའི་ཡེ་ཤེས་ལ་ནི། འདོད་ཚུལ་མི་འདྲ་བར་ཆེ་བ་མེད་མོད་ཀྱི། ངོ་བོ་ནི། ལས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་པ་གཙོ་བོ་ཡིན་པའི་ཕྱིར། ལུས་ངག་ཡིད་གསུམ་གྱི་བྱ་རྩོལ་དང་རྒྱུ་རྐྱེན་ཚོགས་པ་ལས། བྱུང་བའི་གློ་བུར་བའི་ཤེས་པ་ཡིན་ནོ། །དེས་ན་འཇིག་མེད་འབྱུང་གནས་སྦས་པའི་ཞལ་སྔ་ནས། གསུམ་པ་ཤེས་རབ་ཡེ་ཤེས་དེ་ཉིད་བཞི་པའི་མྱུ་གུར་གྱུར་པ་ཞེས་གསུངས་པ་ཡང༌། དེ་སྒོམ་པས་བཞི་བ་འཐོབ་པར་འགྱུར་བ་ཙམ་ལ་དགོངས་པ་ཡིན་ན་སྔ་མ་རྣམས་དང་མཐུན་པས་ལེགས་ལ། གསུམ་པའི་རིགས་རྒྱུན་དེ་ཉིད་བཞི་པར་འགྱུར་རོ་ཞེས་དགོངས་ན་ནི་ངེས་དོན་གྱི་གྲུབ་མཐའ་མིན་ནོ། །དེ་བཞིན་དུ་ལམ་རྡོ་རྗེའི་རྦ་རླབས་ཞེས་གྲགས་པ་ཡང༌། བཞི་པ་རྟོགས་པའི་རྒྱུ་ཐུན་མོང་མ་ཡིན་པ་ལ་བཞི་པའི་ལམ་དུ་བརྟགས་པ་ཡིན་ན་ལེགས་པོར་འགྱུར་ཞིང༌། བོད་སྒོམ་ཕལ་ཆེ་བ་གནས་ལུགས་ཕྱག་རྒྱ་ཆེན་པོར་གྲགས་པ་བཞི་པའི་ཡེ་ཤེས་སུ་འདོད་པ་ནི། བཞི་པའི་མཚན་ཉིད་ཀྱི་ཟུར་གྱི་སྟོང་པའི་རིགས་ཙམ་དུ་འགྲོ་བ་སྲིད་ཀྱང༌། བཞི་པའི་བདེ་བ་དང་གསལ་བ་མ་ཚང་བས་བཞི་བ་དངོས་སུ་ནི་མི་འགྱུར་རོ། །འོ་ན་སྟོང་པ་དེ་དང་གཏུམ་མོའམ་ལས་རྒྱའི་བདེ་བ་


TNT18_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། སྒོམ་བཟླས་ཀྱི་ལྷ་སྐུ་རྣམས་ཀྱང་རིག་པ་སྐད་ཅིག་མ་གཅིག་ལ་དུས་མཉམ་དུ་ཚོགས་ན་བཞི་པར་འགྱུར་བ་མ་ཡིན་ནམ་ཞེ་ན། དེ་དག་བཞི་པའི་ཡེ་ཤེས་ཀྱི་བརྒྱུད་པའི་རྒྱུ་ཚོགས་སུ་ནི་ཅིས་ཀྱང་འགྱུར་བའི་སྐབས་ཡོད་མོད། བསྐྱེད་རིམ་གྱི་ལྟས་དོན་དམ་གྱི་ལྷ་སྐུའི་གོ་མི་ཆོད་ཅིང༌། ལས་རྒྱའི་བདེ་བ་ཙམ་གྱིས་ཀྱང་ཕྱག་ཆེན་གྱི་བདེ་བའི་གོ་མི་ཆོད་དོ། །དེས་ན་གང་དག་སེམས་གསལ་ལ་ངོས་བཟུང་མེད་པ་བཞག་ཐབས་བདེ་བ་ཙམ་ཞིག་འདུག་པ་ལ། རྒྱུད་སྡེ་ནས་བཤད་པའི་མི་འགྱུར་བའི་བདེ་བ་ཡིན་དུ་རེ་སྟེ། རིག་པ་སྐད་ཅིག་སྔ་ཕྱི་གང་ལ་ཡང་རྣམ་པ་མི་འདྲ་བ་མེད་པས་མི་འགྱུར་བ་དང༌། གནས་པའམ་འགྱུ་བ་གང་ལ་ཡང་བྱ་ཐབས་བདེ་བས། བདེ་བའོ་སྙམ་དུ་བསམ་ཞིང༌། ཅི་ཡང་མ་ཡིན་པའི་སེམས་ཀྱི་སྣང་ཆ། སྣང་བ་ཐམས་ཅད་ལ་འཆར་རུང་ཙམ་འདི་ཀ་རྒྱུད་སྡེ་ནས་བཤད་པའི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ཡིན་དུ་རེ་སྟེ། རང་བཞིན་ཐབས་ཅིར་ཡང་མ་གྲུབ་པས་སྟོང་པ། སྣང་བ་ཅིར་ཡང་འཆར་བས་རྣམ་ཀུན་མཆོག་ལྡན་གྱི་གཟུགས་སོ་ཞེས་སེམས་པ་དེ་དག་ནི། མདོ་སྔགས་ཐུན་མོང་གི་ལྟ་བའི་གནས་ལ་ངེས་ཤེས་མ་ནོར་བ་ཙམ་ཡིན་དུ་ཆུག་ཀྱང༌། བཞི་པར་འདོད་པ་དེ་ནི། རྒྱུད་སྡེའི་ངེས་གསང་ལས་ཤིན་ཏུ་ཕྱིར་ཕྱོགས་པ་ཡིན་ཅིང༌། དེ་དང་དེས་དེ་དག་གི་གོ་ཆོད་པ་ཡང་མ་ཡིན་པས་གནས་ལུགས་ཕྱག་རྒྱ་ཆེན་པོ་ཙམ་བཞི་པར་མི་འགྱུར་རོ། །དེས་ན་སྒོམ་ཆེན་པ་བྱིངས་དམངས་ཀྱི་འདོད་པ་ལྟར། ལྟ་བ་ཙམ་ལ་བཞི་པར་འདོད་པ་དེ་ཡང་མིན། སྔོན་གྱི་སྔགས་པ་འགའ་ཞིག་འདོད་པ་ལྟར། ཀུན་རྫོབ་ཀྱི་བདེ་བའི་ཁྱད་པར་གཅིག་ཙམ་མམ། དེ་ལ་མི་རྟོག་པའམ། སྟོང་ཉིད་མོས་


TNT18_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་ཙམ་གྱིས་རྒྱས་འདེབས་བྱེད་པ་ལ་བཞི་པ་དངོས་སུ་འདོད་པ་དེ་ཡང་མིན། བོད་ཕྱིས་བྱུང་འགའ་ཞིག་འདོད་པ་ལྟར་ཀུན་རྫོབ་ཀྱི་བདེ་བ་དང༌། རྗེས་དཔག་གིས་རྟོགས་པའི་སྟོང་ཉིད་དང༌། འབྱུང་ལུས་ཀྱི་ལྷ་སྐུ་གསུམ་ངོ་བོ་ཐ་དད་དུས་གཅིག་ཏུ་འཛོམ་པ་ཞིག་ལ་འདོད་པ་ལྟར་ནི་ག་ལ་ཞིག་སྟེ། མདོར་ན་གོང་དུ་བསྟན་ཟིན་ཀྱང་སླར་ཡང་གསལ་བར་བརྗོད་པ་ནི། རྫོགས་རིམ་སྣ་ཚོགས་པའི་རྐྱེན་གྱིས་རླུང་སེམས་དབུ་མར་འགགས་པའི་ཞུ་བདེ་ཁྱད་པར་ཅན་ཐོབ། དེ་ནས་དེ་རིང་དུ་གོམས་པས་གཏུམ་མོ་འབར་བ་དང་སེམས་ཉིད་དབྱེར་མེད་དུ་འདྲེས་པས། དེ་ཉིད་སྒྱུ་ལུས་ཀྱི་དཀྱིལ་འཁོར་རམ། རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་དེར་མངོན་དུ་འགྱུར། དེ་དང་མཉམ་པར་སྦྱར་བའི་རྗེས་ཆགས་ཀྱི་རྐྱེན་ཞིག་ལས། ཐོག་མར་འཛག་མེད་ཀྱི་ཞུ་བདེ་རེ་འབྱུང་ཞིང༌། ཞུ་བདེའི་རྟེན་ཐིག་ལེ་རེ་ཡོད་པ་དེ་ཡང༌། ཞུ་བདེ་ཤར་བའི་སྐད་ཅིག་མ་གཉིས་པ་དེར། འབྱུང་ལུས་སུ་སྣང་བ་དག་སྟེ། གོང་དུ་བཤད་པའི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་དེར་གྱུར་པ་ན། བརྟེན་པ་སེམས་བདེ་བ་དེ་ཡང་མི་འགྱུར་བའི་བདེ་བ་ཞེས་བྱ་བར་གྱུར་ཞིང༌། དེས་ན་བཞི་པའི་ཡེ་ཤེས་ཀྱི་གསལ་བ་དང་བདེ་བ་དེ་འདྲ་ཞིག་ཡིན་ལ། དེའི་དུས་ན་ལུས་ཐིག་ལེ་ལ་སོགས་པ་གནས་གྱུར་གྱི་སྟོང་གཟུགས་དེ་ཡང་སེམས་ཉིད་བདེ་བ་དེ་དང་ངོ་བོ་གཅིག་པ་ནི། སྐུ་དང་ཡེ་ཤེས་ཟུང་འཇུག་གི་ཆར་གཏོགས་པ་ཡིན་ན། དེ་ལྟ་བུའི་ཟུང་འཇུག་དེ་ཡང་ཡེ་ཤེས་ཁོ་ན་ཡིན་པས། གཟུང་འཛིན་གྱིས་བསྡུས་པ་དངོས་གནས་ལ་ཡང་མ་ཡིན་ཞིང༌། ཡེ་ཤེས་དེ་ཉིད་རང་ལའང་གཟུང་འཛིན་མི་སྣང་བའི་ཕྱིར། དེ་ཉིད་སྟོང་པ་ཡང་ཡིན་ནོ། །དེ་ལྟར་ན། བདེ་སྟོང་གསལ་བ་གསུམ་ངོ་བོ་གཅིག་


TNT18_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡེ་ཤེས་དེ་ནི་བཞི་པ་མཚན་ཉིད་པ་ཡིན་ཞིང༌། སེམས་འགྲེལ་སྐོར་ཁོ་ནའི་ཆོས་སྐད་ལྟར་ན། འདི་ལ་དོན་དམ་པའི་དབང་བཞི་པ་དང༌། བཞི་པ་ཆེན་པོ་དང༌། དོན་དམ་པའི་ཤེས་རབ་ཡེ་ཤེས་དང༌། ཤེས་རབ་ཡེ་ཤེས་ཆེན་པོ་ཞེས་བཤད་ཅིང༌། དོན་ལ་དབང་བཞིའི་ཟླས་ཕྱེ་བའི་བཞི་པ་དེ་ཡིན་ལ། གཞན་འཇིག་རྟེན་པའི་དབང་བཞི་པ་ཞེས་བྱ་བ་གསུམ་པའི་ཁོངས་སུ་གཏོགས་པ་ཞིག་ཀྱང་བཤད་དོ། །གཞན་ཡང་ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། ཞེས་པའི་སྐབས་སུ་དབང་གསུམ་པའི་ཡེ་ཤེས་འདི་ནི་ཞེས་དམ་པ་སྔ་མ་མང་པོས་བཤད་ཅིང་ཕྱིས་དེའི་དོན་ལ་དཔྱད་པ་མེད་པར་ཁས་ལེན་པ་སྣང་ངོ༌། །སྔ་མ་རྣམས་ཀྱི་དགོངས་པ་དཔེ་ལ་སྦྱར་བའི་བཤད་པ་སྟེ། བཞི་པའི་དཔེ་གསུམ་པ་ཡིན་པ་ལ་དགོངས་ནས་ཅུང་ཟད་ཕྲ་བ་དང༌། རྡུལ་དང་ཅུང་ཟད་བྲལ་བ་སོགས་དཔེར་བྱས་ནས། དོན་བཞི་པ་མཚོན་པ་ཡིན་ན་མི་འགལ་མོད། ཕྱིས་ཀྱི་འདོད་པ་ལྟར་ན། ཤིན་ཏུ་ཕྲ་བ་སོགས་མ་ཡིན་པས་མི་འཐད་དོ། །ཚིག་དོན་ནི་འདི་ཡིན་ཏེ། གདོད་མའི་ཡེ་ཤེས་ལམ་གྱིས་གསལ་པར་བྱས་པའི་ལྷན་སྐྱེས་འདི་ནི་སྒྲ་རྟོག་ལས་འདས་ཤིང་རང་རིག་ཁོ་ནས་ཉམས་སུ་མྱོང་བྱ་ཡིན་པས་ཆེས་ཕྲ་བ་མ་རིག་པ་སོགས་རྣམ་རྟོག་གི་རྡུལ་དང་བྲལ། འདི་སྒོམས་ན་ཐར་པ་སྟེར་ཞིང་བདེ་བ་མྱོང་བས་ཞི་བ་ཉིད་དེ། མི་འགྱུར་བའི་ཕྱིར་རྡོ་རྗེ་སྙིང་པོ། སྤྲོས་པ་དང་བྲལ་བའི་ཕྱིར་ནམ་མཁའ་དང་མཚུངས་པ། རང་གིས་རང་ཉིད་མཚོན་དགོས་པའི་ཕྱིར། ཁྱོད་ཀྱི་ཕ་ནི་ཁྱོད་ཉིད་དོ། །ཞེས་པ་སྟེ། འདིར་དཀྱིལ་དང་སྙིང་པོ་ནི་འགྱུར་གྱི་ཁྱད་པར་ཏེ་མཎྜ་ཞེས་བྱ་བའི་སྒྲ་ལས་


TNT18_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེས་ན། གོང་དུ་བཤད་པའི་མི་འགྱུར་བའི་བདེ་བ་ལའང་རྫོགས་མ་རྫོགས་ཀྱི་དབྱེ་བ་དུ་མ་ཡོད་ཅིང༌། གཞན་ཡང་མཐའ་གཅོད་མང་པོ་དགོས་པ་ཞིག་ཡོད་ནའང་རེ་ཞིག་དེ་ཙམ་མོ། །དྲི་བ་གསུམ་པ། ཡང་གསེར་ཐུར་དུ་རྒྱུད་སྡེ་འོག་མ་གསུམ་ལ་བླ་མེད་ཀྱིས་རྒྱས་བཀབ་ནས། དབང་བཞི་རིམ་གཉིས་རུང་བར་བཤད་ན། དེ་འདྲའི་དབང་རྒྱུན་ནམ། དབང་ཆོག་ཚད་ལྡན་བླ་མ་གོང་མས་སྦྱར་བ་ཇི་ལྟར་ཡོད། ཅེས་པ་སྟེ། འདི་ལ་བརྗོད་པ། འདི་ནི་གཙོ་བོར་དོན་ཐོབ་ལ་འབྱུང་ཞིང༌། དེ་ལྟར་འབྱུང་བའི་རྒྱུ་མཚན་ཡང༌། རྒྱུད་སྡེ་འོག་མ་གསུམ་ནས་བཤད་པའི་དཀྱིལ་འཁོར་རམ་སྒྲུབ་ཐབས་ཕྲ་མོའི་རིགས་ཀྱི་ལྷ་དང་སྔགས་ལ་རྣལ་འབྱོར་བླ་མེད་ནས་བཤད་པའི་དང་པོ་སྟོང་ཉིད་བྱང་ཆུབ་སྟེ། ཞེས་པ་ལ་སོགས་པའི་ལྷའི་རྣལ་འབྱོར་ཐུན་མོང་བའི་ཆིངས་སྦྱར་བ། རྒྱ་གཞུང་ཚད་ལྡན་མཐའ་ཡས་པ་ཞིག་འདུག་པ་ཐུན་མོང་སྒྲུབ་བྱེད་ཀྱི་ལྷའི་རྣལ་འབྱོར་དེ་ཡང་བླ་མེད་ཁོ་ནའི་ལུགས་ཡིན་པས། དེ་སྦྱར་དུ་རུང་ཕྱིན། མཆོག་སྒྲུབ་བྱེད་ཀྱི་ཆིངས་བསྙེན་སྒྲུབ་ཡན་ལག་བཞི་སོགས་བསྐྱེད་རིམ་གྱི་ཆིངས་ཀྱང་སྦྱོར་དུ་རུང་དགོས་ཤིང༌། དེ་རུང་ཕྱིན་ཆད་རྫོགས་རིམ་ཀྱང་རུང་དགོས་ཏེ། བསྐྱེད་རིམ་གྱི་ཡན་ལག་རེ་རེས་ཀྱང་རྫོགས་རིམ་གྱི་སྨིན་བྱེད་ཁྱད་པར་ཅན་བྱེད་པའི་ཕྱིར་རོ། །རིམ་པ་གཉིས་ཡོད་པས་དབང་བཞི་ཡང་ཡོད་དགོས་པའི་ཕྱིར་རོ། །གཞན་ཡང༌། སློབ་དཔོན་པཱ་ར་ཧེ་ཏས་མཛད་པའི་པདྨའི་ཕྱག་གི་སྒྲུབ་ཐབས་ལྟ་བུ་ཡང༌། བྱ་རྒྱུད་ཀྱི་ལྷ་སྔགས་ལ། བླ་མེད་ཀྱི་བསྐྱེད་རིམ་གྱི་ཆིངས་སྦྱར་ཞིང༌། བླ་མེད་དང་བསྟུན་ནས་ཁ་སྦྱོར་གྱི་སྐུར་མཛད་པ་སོགས་གཞན་ཡང་ཅི་རིགས་སྣང་


TNT18_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

བས་དེ་དག་ལ་དབང་ཡང་བཞི་རྫོགས་སུ་བསྐུར་དགོས་ལ། བྱ་རྒྱུད་ནས་བཤད་པའི་ལྷ་སྔགས་ཀྱི་སྒྲུབ་ཐབས་ལ། ཕྲ་ཐིག་སོགས་ཀྱི་རྫོགས་རིམ་ཐན་ཐུན་སྦྱར་བ་ཡང་མང་དུ་སྣང་བས། རྒྱུད་གཞུང་གི་ཁུངས་ཀྱང་ཡོད་ཅིང༌། བོད་ཀྱི་གྲུབ་ཐོབ་གོང་མའི་མན་ངག་ནི་ཤིན་ཏུ་ཡང་མང་ངོ༌། །ད་དུང་འདིའི་འཕྲོས་དྲི་ལན་བཞི་པར་འབྱུང་ངོ༌།། །།དྲི་བ་བཞི་པ་ནི། རྡོ་རྗེ་འཕྲེང་བ་ལྟ་བུ་དཀྱིལ་ཆོག་གཅིག་གིས་རྒྱུད་སྡེ་ཐ་དད་མང་པོ་ལ། འཇུག་པ་ལ། དེང་སང་ཕྱག་ལེན་དག་པའི་ཕྱོགས་ལ། རྣལ་འབྱོར་རྒྱུད་མན་ཆད་ལ་རྒྱུད་སྡེ་རང་རང་དང་བསྟུན་ནས་ཆོ་ག་ལ་འདོར་ལེན་མཛད་ཀྱིན་འདུག་པ་ཇི་ལྟར་ཡིན། །ཞེས་པ་སྟེ། འདི་ལ་བརྗོད་པ། དེ་ཡང་དང་པོར་ཆོ་ག་གཅིག་གིས་རྒྱུད་སྡེ་མང་པོ་ལ་འཇུག་པ་ཞེས་པའི་སྐབས་འདིར། འདི་ལྟར་གོ་དགོས་ཏེ། བླ་མེད་ལྟ་བུ་རྒྱུད་རིགས་མཐུན་པ་ལ་ནི། ཆོ་ག་གཅིག་གིས་ཀྱང་ཆོག་པ་ཡིན་ཏེ། དེ་ཡང་ཆོ་གའི་བབས་གཅིག་ཁོ་ན་ལས། དམིགས་གསལ་ཤིན་ཏུ་མི་འདྲ་བ་རྒྱུད་ཉིད་ནས་གསལ་པོར་ཐོན་པ་རྣམས། རྒྱུད་དེ་དང་དེའི་དཀྱིལ་འཁོར་གྱི་ཆོ་ག་ལ་སོ་སོར་སྦྱོར་བ་ཙམ་མཛད་པ་ནི། འཕགས་ཡུལ་གྱི་ཆེན་པོ་ཕལ་ཆེར་ཞིག་གི་ལུགས་ཡིན་ཞིང༌། དེ་ནི་ཆེས་བཟང་ལ། མི་འདྲ་བའི་དམིགས་གསལ་ཡོད་པའི་རྒྱུད་ཀྱི་དཀྱིལ་འཁོར་ལ་ཡང༌། གསང་བ་སྤྱིའི་ཆོ་ག་ཁོ་ན་ལས་ཐུན་མོང་མ་ཡིན་པའི་སྣེ་བསྒྱུར་བ་མེད་ཀྱང༌། སྤྱིའི་ཆོ་ག་དེ་རྣམ་དག་ཡིན་ཕྱིན་ཆད། དཀྱིལ་འཁོར་ཐ་དད་པ་དེ་དང་དེའི་ཆོ་ག་ཡང་རྣམ་པར་དག་པར་འགྱུར་ཞིང༌། སོ་སོའི་ཐུན་མོང་མ་ཡིན་པའི་ཆོ་ག་དེས་ཀྱང་དམིགས་གསལ་མེད་པ་གཞན་གྱི་དཀྱིལ་འཁོར་ལ་བརྟེན་


TNT18_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དབང་བསྐུར་དུ་རུང་བའང་ཡིན་ནོ། །དེ་ཡང་དུས་འཁོར་དང་མི་གཡོ་བ་བླ་མེད་ལྟ་བུ་ནས། ཐུན་མོང་མ་ཡིན་པའི་ཆོ་གའང་གསལ་བར་གསུངས་ལ། གཞན་རྣམས་ཕལ་ཆེར་ཆོ་གའི་ངོ་བོ་གཅིག་པར་དགོངས་ཏེ། དེ་ཡང་གསང་འདུས་རྡོ་རྗེ་འཕྲེང་པ་ལས། ཆོ་ག་ཉི་ཤུ་ཆ་ཚང་བར་གསུངས་པ། རྒྱུད་ཚིག་དངོས་བསྟན་ལ། དབང་ཆོག་གསལ་ཤོས་དང་རྒྱས་ཤོས་རང་ལ་སྣང་ཞིང༌། སྡོམ་འབྱུང་ནས་ཆོ་གའི་གོ་རིམ་དང༌། རྣམ་གྲངས་རྣམས་སྡོམས་ཀྱི་ཚུལ་དུ་གསལ་བར་གསུངས། ཁ་སྦྱོར་ཕྱི་མ་ལས་ཀྱང་དེ་དང་མཚུངས། རྡོ་རྗེ་གུར་ནས་དབང་གི་དངོས་གཞིའི་ཆོ་གའི་ཚིག་དང༌། གདན་བཞི་ནས་འཇུག་པའི་རིམ་པ་རྣམས་ཚང་རུང་ཙམ་དུ་གསུངས། ལྷག་མ་རྒྱུད་ཕལ་ཆེར་ལས་ཆ་ཤས་ཆ་ཤས་ཙམ་ལས་མ་གསུངས་ཏེ། དེས་ན་སྔོན་གྱི་སློབ་དཔོན་རྣམས་ཀྱིས། དེ་དག་ལས་ཇི་ལྟར་འོས་པ་དང༌། དེའི་སྟེང་དུ་དེ་ཉིད་བསྡུས་པ་དང༌། གསང་བ་སྤྱི་རྒྱུད་དང༌། རྣམ་སྣང་མངོན་བྱང་སོགས་ཀྱིས་ཁ་བསྐང་ནས། རང་རང་སོ་སོའི་མན་ངག་དང་མཐུན་པར་དཀྱིལ་ཆོག་མཛད་པར་སྣང་ཞིང༌། དེ་ཡང་དཔེར་ན་ཀླུ་བྱང་གིས་མཛད་པའི་དཀྱིལ་ཆོག་ཉི་ཤུ་པ་དང༌། མར་མེ་མཛད་བཟང་པོས་མཛད་པའི་བཞི་བརྒྱ་ལྔ་བཅུ་པ་ཡང་གསང་འདུས་རྩ་བཤད་ཀྱི་རྒྱུད་ཁོ་ན་ལ་བརྟེན་པ་ཡང་མ་ཡིན་ལ། དེའི་སྟེང་དུ་སྤྱི་རྒྱུད་ཙམ་ལ་བརྟེན་པ་ཁོ་ན་ཡང་མ་ཡིན་ཏེ། བླ་མེད་ཕ་མའི་རྒྱུད་སྣ་ཚོགས་ནས་བསྡུས་པ་ཡིན་པས། བླ་མེད་ཉིད་ཀྱི་གསང་བའི་སྤྱིའི་ཆོ་ག་ཉིད་ཡིན་ནོ། །འོན་ཀྱང་སློབ་དཔོན་དེ་དག་རང་འདུས་པ་ལ་གཙོ་བོར་མཛད་པའམ། གཞན་གྱིས་བསྐུལ་བ་སོགས་ལས། ཆོ་ག་དེ་དཀྱིལ་འཁོར་གང་ལ་སྦྱར་ཀྱང་རུང་བའི་སྦྱོར་ཚུལ་ཤེས་པའི་ཕྱིར་དུ་


TNT18_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་བརྗོད་པའི་ཚུལ་གྱིས། གསང་བ་འདུས་པའི་དཀྱིལ་འཁོར་ལ་སྦྱོར་བར་མཛད་པས། གསང་འདུས་ཀྱི་དཀྱིལ་ཆོག་ཅེས་གྲགས་པ་ཡིན་ཞིང༌། དོན་དུ་ནི་ཀླུ་བྱང་གི་རྗེས་སུ་འབྲང་ཞིང༌། དེའི་གདམས་ངག་བརྒྱུད་པ་ཅན་ཡིན་ན། བདེ་མཆོག་ལ་སོགས་པའི་དབང་བསྐུར་བྱེད་ཀྱང༌། ཆོ་གའི་ཆིངས་དཀྱིལ་ཆོག་ཉི་ཤུ་པ་ལྟར་བྱེད་དགོས་ཤིང༌། མར་མེ་མཛད་བཟང་པོའི་རྗེས་སུ་འབྲང་ན། དཀྱིལ་འཁོར་ཐམས་ཅད་ལ་བཞི་བརྒྱ་ལྔ་བཅུ་པ་ལྟར་སྦྱོར་བ་ཡིན་ནོ། །དེ་བཞིན་དུ། ལངྒའི་དཀྱིལ་ཆོག་དགུ་བརྒྱ་པ་དང༌། མི་ཐུབ་ཟླ་བའི་བཟང་པོ་ཡོངས་བཟུང་སོགས་འཕགས་ཡུལ་དུ་སྔ་རབས་བྱུང་བའི་དཀྱིལ་ཆོག་ཕལ་ཆེ་བ་ཞིག་དེ་འདྲའི་རིགས་ཡིན་ལ། ཕྱིས་སྔོན་གྱི་སློབ་དཔོན་གཅིག་ཁོ་ནའི་མན་ངག་ལས་རྒྱུད་སྡེ་མང་པོའི་དབང་རྒྱུན་མ་ཐོབ་པ་རྣམས། རྒྱུད་སྡེ་སོ་སོ་ལ་སློབ་དཔོན་ཐ་དད་ཀྱི་མན་ངག་ལ་བརྟེན་ནས་དབང་བསྐུར་བ་སོ་སོ་ཞེས་པ་ལ་བརྟེན་ཏེ། ལུགས་མི་འདྲ་བ་སྣ་ཚོགས་པར་གྱུར་པ་ཡིན་ནོ། །དེ་བཞིན་དུ་སེམས་འགྲེལ་གྱི་རྗེས་སུ་འབྲང་བ་ལྟར་ན། དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་གའི་ཆིངས་ཀྱིས། འདུས་པ་ལ་སོགས་པར་དབང་བསྐུར་ཞིང༌། དེས་མཚོན་ནས་གཞན་དང་གཞན་ཡང་འབྱུང་བར་འགྱུར་ཏེ། རྡོ་རྗེ་ཕག་མོའི་དཀྱིལ་འཁོར་གྱི་ཆོ་ག་ཁྱབ་འཇུག་སྦས་པས་མཛད་པ་བཞིན་ནོ། །འདི་དག་གི་རྒྱུ་མཚན་ཡང༌། འདུས་པ་རྩ་བཤད་ཀྱི་རྒྱུད་ཁོ་ན་ལས་བཏུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཞིག་ཡོད་ན། འདུས་པ་ཁོ་ན་ལ་སྦྱོར་བ་དང༌། སྡོམ་པ་རྩ་བཤད་ཁོ་ན་ལས་བཏུས་པའི་ཆོ་ག་ཞིག་ཡོད་ན་ཡང༌། དེ་ཉིད་ཁོ་ནས་སྦྱོར་ཞིང་གཞན་ལ་མི་སྦྱོར་བ་འཐད་འཐད་འདྲ་ནའང༌། རྒྱུད་སྡེ་རིགས་མི་འདྲ་བ་སྣ་ཚོགས་ནས་བསྡུས་པའི་ཆོ་ག་


TNT18_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པོ་ལ། དཀྱིལ་འཁོར་ཐ་དད་ལ་མ་འདྲེས་པར་སྦྱོར་དགོས་པའི་རྒྱུ་མཚན་མེད་པའི་ཕྱིར་རོ། །འཕགས་ཡུལ་གྱི་སློབ་དཔོན་གཅིག་གི་མན་ངག་རྒྱུན་མ་འཆུགས་པར་བྱུང་བའི་པོད་རྙིང་པ་ལ་ཡང་དེ་བཞིན་དུ་ཡོད་དེ། ཕམ་ཏིང་པའི་མན་ངག་འཛིན་པ་རྣམས་འཁོར་ལོ་སྡོམ་པ་དང་གཤིན་རྗེ་གཤེད་ཀྱི་ཆོ་ག་ཡང༌། ཆོ་གའི་ཁྲིགས་གཅིག་གི་སྟེང་ནས་བྱེད་པ་ལྟ་བུའོ། །འོང་ཀྱང་ད་ལྟ་མན་ངག་སོ་སོ་བའི་རྒྱུན་མ་ཆད་པའི་ལག་ལེན་ཐོབ་པ་རྣམས་ཀྱིས་ནི་དེ་དེའི་ལུགས་མ་འདྲེས་པར་བྱས་ན། བྱིན་བརླབས་ཀྱི་བཀའ་བབས་བཟང་བ་ཡིན་ནོ། །འདི་དག་དངོས་ལན་མ་ཡིན་ཀྱང༌། ད་ལྟ་ཕལ་གྱི་བློ་ལ་འཕྲེང་བ་ལ་སོགས་པ་འདི་ཀུན་ནི་གསང་བ་སྤྱིའི་ཆོ་ག་ཡིན་ལ། དཀྱིལ་ཆོག་ཉི་ཤུ་པ་ལ་སོགས་པ་འདི་རྣམས་ནི་སྒོས་ཀྱི་ཆོ་ག་ཡིན་གྱི། དཀྱིལ་འཁོར་མང་པོ་ལ་མི་འཇུག་གོ་སྙམ་པའི། བྱེ་བྲག་མེད་པ་ལ་བྱེ་བྲག་ཏུ་འཛིན་པའི་རྣམ་པར་རྟོག་པ་ལྡོག་པའི་ཕྱིར་ཡིན་ནོ། །དངོས་ཀྱི་ལན་ནི། འཕྲེང་བ་ལས། དཀྱིལ་འཁོར་གྱི་ཆོ་ག་གཅིག་ཁོ་ན་གསུངས་ཤིང༌། རྒྱུད་སྡེའི་རིམ་པའི་འདོར་ལེན་གྱི་གསལ་ཀ་ཡང་མི་སྣང་བ་དང༌། རྫོགས་འཕྲེང་དང༌། རྡོ་རྗེ་འཕྲེང་བ་ཉིད་ཀྱི་ཐིག་གི་སྐབས་དང་རྡུལ་ཚོན་བྲི་བའི་སྐབས་རྣམས་དཀྱིལ་འཁོར་གྱི་གོ་རིམ་གཅིག་པར་ཡོད་ཀྱང༌། རིམ་པ་དེ་དག་དཀྱིལ་འཁོར་བྲི་བ་སོགས་ལ་མཐུན་སྡེབས་ཀྱི་གོ་རིམ་མ་གཏོགས། རྒྱུད་སྡེ་བཞིའི་དཀྱིལ་འཁོར་སྡེ་ཚན་སོ་སོར་མཛད་པ་ཡང་མི་སྣང་ཞིང༌། རྡོར་དབྱིངས་ལ་སོགས་པ་འདི་དག་ལ་རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་རྒྱུད་སྡེ་སོ་སོའི་མིང་གསལ་མཛད་པ་ཡང་ཡེ་མི་སྣང༌། སློབ་མ་དབང་བསྐུར་གྱི་སྐབས་སུ་མ་ཟད་


TNT18_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་སྒྲུབ་པ་དང༌། མཆོད་གཏོར་སོགས་གནས་སྐབས་ཇི་ལྟ་བུ་ཞིག་ལ་ཡང་དབྱེ་བ་ཡེ་མ་མཛད་པས། འཕྲེང་བ་མཁན་པོའི་བཞེད་པ་ནི་ཐམས་ཅད་ཀྱང་བླ་མེད་ཀྱི་ལུགས་སུ་གསལ་བས། བུམ་དབང་ནི་ངེས་པར་བླ་མེད་ཀྱི་ལུགས་སུ་བསྐུར་ན་བདེ་ཞིང༌། སྤྱིར་འདིའི་ལུགས་ལ་དབང་གོང་མ་ཡང་བྱེད་པ་ཉིད་ལེགས་སོ། །འཕྲེང་བ་ལ་བོད་ཀྱི་ལག་ལེན་རྒྱུད་སྡེའི་དབྱེ་བ་བྱེད་ཚུལ་འདི་ནི་རིག་པས་ཀྱང་མི་འཐད་པར་སྣང་སྟེ། རྣལ་འབྱོར་རྒྱུད་ཀྱི་སྐབས་རིག་པའི་དབང་ལྔ་སོགས་ལ་ཆོ་གའི་ཆིངས་ཐམས་ཅད་བླ་མེད་ཡིན་པ་ལ། རིགས་ལྔ་ལ་སོགས་པའི་ལྷའི་རྣམ་པ་རྣལ་འབྱོར་རྒྱུད་ལྟར་བྱས་པས། རྒྱུད་སྡེ་གཉིས་པོ་གང་གི་ཡང་ཆོ་གར་མ་གཏོགས་པའི་སྐྱོན་དང༌། རྒྱུད་སྡེ་གོང་མའི་རྒྱུད་ཚིག་གིས་རིག་པའི་དབང་ལྔ་བསྐུར་བས་སྤྱོད་རྒྱུད་ཀྱི་དབང་གི་གོ་མི་ཆོད་པ་དང༌། སྤྱོད་རྒྱུད་ཀྱི་དབང་ལྔ་ལ་རྒྱལ་བ་རིགས་ལྔའི་ལྷ་བསྐྱེད་པ་མི་འཐད་པ་དང༌། རིགས་ལྔ་དེ་འདྲ་བསྐྱེད་པ་འཕྲེང་བའི་དངོས་ཤུགས་གང་ལ་ཡང་མེད་པ་དང༌། བྱ་རྒྱུད་ཀྱི་སྐབས་ཆུ་ཅོད་ཀྱི་དབང་ལ། སྤྱོད་རྒྱུད་ཀྱི་སྐབས་ལ་བརྗོད་པའི་སྐྱོན་རྣམས་འཇུག་གི་སྟེང་དུ། རྒྱལ་བ་རིགས་ལྔའི་ནང་ནས་གཉིས་ཀྱི་དབང་ཡོད་ལ། གསུམ་གྱི་དབང་མི་བྱེད་པས་རང་བཟོའི་དངོས་རྟགས་ཆེན་པོ་བསྟན་པ་དང༌། ཅི་སྟེ་སློབ་མ་དང་དབང་རྫས་ལྷར་མི་བསྐྱེད་ན། འཕྲེང་བ་དང་དངོས་སུ་འགལ་བའི་ཆུ་དང་ཅོད་པན་གྱི་དབང་ཆོག་གིས་དབང་བསྐུར་བ་འཕྲེང་བའི་ལུགས་སུ་མི་འགྱུར་བ་དང༌། དེ་གསུམ་ཀའི་སྐབས་སུ་དཀྱིལ་འཁོར་སྒྲུབ་པ་དང༌། གཏོར་མ་བྱིན་རླབས་སོགས་ཀྱང་རང་བློས་དཔྱད་ནས་གསར་དུ་རྩོམ་དགོས་པའི་ཕྱིར་


TNT18_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ས་ཆོག་ལ་སོགས་པ་ཆོ་གའི་ཡན་ལག་གཞན་ཐམས་ཅད་བླ་མེད་ཀྱི་ཐུན་མོང་མ་ཡིན་པའི་ཆོ་གས་སྒྲུབས་ཕྱིན་དངོས་གཞིའི་ཆོ་ག་དེ་དག་ལ། བླ་མེད་ཀྱི་ཐུན་མོང་མ་ཡིན་པ་རྣམས་བྱེད་དུ་མི་རུང་བའི་རྒྱུ་མཚན་མེད་པའི་ཕྱིར་རོ། །དེས་ན་ཆུ་ཅོད་ཀྱི་དབང་ཡིན་པ་ཙམ་གྱིས་བྱ་རྒྱུད་ལུགས་ཀྱི་དབང་དུ་མི་འགྱུར། བྱ་རྒྱུད་ལུགས་སུ་བྱེད་ན། བྱ་རྒྱུད་རང་ཉིད་ནས་བཤད་པའི་ཆུ་དང་ཅོད་པན་གྱི་དབང་དགོས་ཏེ། དེ་བཞིན་དུ་གཞན་རྣམས་ལའང་རིགས་འགྲེའོ། །ཡེ་ཤེས་ཐིག་ལེའི་རྒྱུད་ལས་རྒྱུད་ལྔའི་དབང་གི་རྣམ་གྲངས་གསུངས་པ་རྣམས་ནི། སོ་སོའི་རྩ་བའི་དཀྱིལ་འཁོར་དང༌། དངོས་གྲུབ་གཉིས་ཀ་སྒྲུབ་པའི་དབང་དུ་བྱས་ནས་ཆོ་ག་རྒྱས་ཤོས་ལ་དགོངས་པ་ཡིན་གྱི། གཞན་དུ་ན་ཉི་ཚེ་ཙམ་གྱིས་ཆོག་པའང་ཡོད་དེ། བྱ་རྒྱུད་ཀྱི་དཀྱིལ་འཁོར་ཕྲ་མོ་མང་པོ་ལའང་རིག་སྔགས་ཀྱི་དབང་བསྐུར་བ་ཞེས་བྱ་བ། བུམ་ཆུ་ཁོ་ནའི་དབང་བསྐུར་གྱིས་ཆོག་པ་དང༌། བླ་མེད་ལ་ཡང་སློབ་མའི་སྐལ་བ་དང་འཚམས་པར་རིམ་པ་སྣ་ཚོགས་པ་དང༌། ཁྱད་པར་སངས་རྒྱས་ཐོད་པའི་རྒྱུད་ལས་དུག་གསོ་བའི་སྐབས་ན། ཆུ་དབང་བསྡུས་པ་ཙམ་གསུངས་པ་ལྟ་བུ་མང་དུ་ཡོད་པ་ཡང་ཤེས་པར་བྱའོ། །དེས་ན། རྒྱུད་སྡེ་འོག་མའི་དཀྱིལ་འཁོར་ལ་དབང་བཞི་ཡོད་པའི་དབང་ཆོག་ཚད་ལྡན་དང༌། དབང་རྒྱུན་ནི་དེ་ལྟ་བུ་ཡིན་པར་སྣང་ངོ༌།། །།དྲི་བ་ལྔ་པ་ནི། སྡོམ་གསུམ་རབ་དབྱེ་ལས། ཨིནྡྲ་བྷཱུ་ཏིས་སྤྲོས་བཅས་ཀྱི་སྤྱོད་པ་མཛད་ཅེས་པ་ལ། ཊཱི་ཀ་རྣམས་སུ་སྤྲོས་བཅས་བཏགས་པ་བར་བཤད་པ་དང༌། བྷུ་སུ་ཀུ་དེར་སྤྲོས་མེད་དུ་བཤད་ཅིང༌། གཞན་ལས་ཤིན་ཏུ་སྤྲོས་མེད་དུ་བཤད་པ་དང༌། དེ་གཉིས་སྤྲོས་བཅས་དང་སྤྲོས་མེད་མ་ཡིན་ན། རབ་


TNT18_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེའི་གཞུང་དུ་སྤྱོད་པ་གཉིས་ཀྱི་མཚན་གཞི་ཡིན་ངེས་ཤེས་པ་འཛིན་རྒྱུ་ཡོད་བཞིན་དུ། མ་ཡིན་པ་ཞིག་བཟུང་བ་ལ་དགོས་པ་ཅི། ཞེས་པ་སྟེ། འདི་ལ་བརྗོད་པ། སྤྱིར་ནི་འདི་དང་འདིའི་རིགས་འོག་ནའང་ཅུང་ཟད་སྣང་བ་ལ། ལན་བརྗོད་པ་ནི། དུས་ཀྱི་ཐ་མ་འདི་ལྟ་བུར་ཅུང་ཟད་བྱ་དཀའ་བ་ཞིག་སྟེ། དྲི་ལན་གྱི་ཡི་གེ་རིམ་པས་འཕྱན་པ་ན། གཞུང་འདིའི་ཕྱོགས་འཛིན་དད་པའི་རྗེས་སུ་འབྲང་བ་འགའ་ཞིག་ཁོང་འཁྲུག་པར་འགྱུར་བའི་ཉེས་པ་དང་གཞུང་འདི་ལ་སྡང་བ་རྣམས་ཕལ་ཆེར་རྒྱུད་སྡེ་ལ་མི་འགྲིས་པའི་ཕྱིར། སྔན་ཆད་གླན་ཀ་འཚོལ་བའི་གོ་སྐབས་མ་རྙེད་པ། ཕྱིས་གོ་སྐབས་རྙེད་པར་འགྱུར་བའི་གནས་ཡོད་པས་སོ། །འོན་ཀྱང་འདི་དག་ལ་གསོང་པོར་སྨྲ་བར་བྱ་སྟེ། འདི་ལ་གཉིས། གཞུང་མཛད་པ་པོའི་དགོངས་པ་བརྗོད་པ་དང༌། འཐད་པའི་ཕྱོགས་བཞག་པའོ། །དང་པོ་ནི། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ཡང་རྒྱུད་སྡེའི་དབྱེ་བས་གཉིས་ཏེ། བླ་མེད་སྤྱི་ཙམ་ནས་བཤད་པ་དང་ཁྱད་པར་ཅན་གྱིའོ། །དང་པོ་ནི་ཕ་རྒྱུད་ཐུན་མོང་སྟེ། སྤྱོད་བསྡུས་སྒྲོན་མེ་ལས་བཤད་པའི་སྤྱོད་པ་གསུམ་པོ་དེ་ཕ་རྒྱུད་རང་ལུགས་ཀྱི། དེ་གསུམ་སོ་སོ་ཡིན་པ་སྨོས་མ་དགོས་ཀྱང༌། བླ་མེད་ཀྱི་རྒྱུད་ནས་བཤད་པའི་སྤྱོད་པ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ན། སྤྱོད་བསྡུས་ནས་བཤད་པའི་སྤྲོས་བཅས་སྤྲོས་མེད་དེ་གཉིས་ཀ་ཆོ་ག་དང་བྱ་བ་རྒྱས་བསྡུས་ཀྱི་ཁྱད་པར་ཙམ་མ་གཏོགས། ཚོགས་ཀྱི་ཁང་པར་ལྷའི་ཆས་སུ་ཞུགས་ནས། དངོས་ཀྱི་རིག་མ་དང་བཅས་ཏེ། ཚོགས་ཀྱི་འཁོར་ལོ་ལ་རྟག་ཏུ་སྤྱོད་པར་མཐུན་པས། སྤྱི་ལྡོག་ནས་སྤྲོས་བཅས་སུ་འདུ་ལ། དེའི་ཤིན་ཏུ་སྤྲོས་མེད་བྷུ་


TNT18_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཀུ་ཞེས་བྱ་བ་དེ་ནི་ཕྱིའི་སྤྲོས་པ་གཞན་སྤངས་ཀྱང༌། ཁ་ཟས་ཀྱི་ཡོན་བདག་སྒྲུབ་ཅིང༌། སྙིང་ཁ་ནས་སྤྲུལ་པའི་ཡེ་ཤེས་ཀྱི་རིག་མ་དགོས་པའི་ཕྱིར། བསྐྱེད་རིམ་གྱི་ཕྱོགས་ལ་བརྟེན་པ་ལྟར་སྣང་བས། སྤྲོས་མེད་ཙམ་དུ་འཇོག་ཅེས་དགོངས་པ་དང༌། བདེ་དགྱེས་ནས་འབྱུང་བའི་སྤྱོད་པ་གསུམ། ཁྱད་པར་ཀུན་ཏུ་བཟང་པོའི་སྤྱོད་པ་ཡུལ་ཆེན་རྣམས་སུ་རྒྱུ་བ་འདི་ནི། བླ་མེད་ཀྱི་རྒྱུད་ཁྱད་པར་ཅན་གྱི་ལུགས་ཏེ། འདོད་ཡོན་སྣ་ཚོགས་དང་བདེ་སྡུག་ཐམས་ཅད་རོ་མཉམ་པར་བྱེད་པའི་ཕྱིར། ཤིན་ཏུ་སྤྲོས་མེད་དེ་སྤྱོད་པའི་མཆོག་ཡིན་ཅིང༌། བིརྺ་ཊོཾ་བི་ལཱུ་དྲིལ་ནག་གསུམ་ཏེ་ལོ་ནཱ་རོ་སོགས་གྲུབ་ཐོབ་ཕལ་མོ་ཆེས་འདི་མཛད་དོ་སྙམ་དུ་དགོངས་ནས་གཞུང་དུ་ཡང་བཀོད་པ་ཡིན་ནོ། །འགྲེལ་པས་སྤྲོས་བཅས་བཏགས་པ་བར་འཆད་པ་ནི། ཨིནྡྲ་བྷཱུ་ཏིའི་དེ་ཡེ་ཤེས་ཀྱི་རྣམ་རོལ་ཡིན་པས་སྤྲོས་བཅས་སུ་མི་འཐད་སྙམ་དུ་བསམས་པ་ཡིན་ཀྱང༌། འདིར་ནི་ཆོ་ག་དང༌། བྱ་བ་མང་ཉུང་ལ་སྤྲོས་པ་ཆེ་ཆུང་དུ་བཞག་པ་ཡིན་པས། ཡེ་ཤེས་ཀྱི་རྣམ་རོལ་ཡིན་ཀྱང་སྤྲོས་བཅས་ཡིན་པ་མི་འགལ་ཞིང༌། རབ་དབྱེ་མཛད་པའི་བཞེད་པའང༌། ཨིནྡྲ་བྷཱུ་ཏིས་སྤྱོང་གཞན་མ་མཛད་ཅེས་པ་མིན་གྱི། སྤྲོས་བཅས་ཀྱི་སྤྱོད་པ་དངོས་དེ་ལན་གཅིག་ངེས་པར་མཛད་པ་ཡིན་པར་བཞེད་དོ། །བྷུ་སུ་ཀུའི་སྤྱོད་པ་ཡང་སྤྱི་ལྡོག་ནས་སྤྲོས་མེད་ཀྱི་སྤྱོད་པ་ཙམ་ཡིན་ཀྱང༌། ཕ་རྒྱུད་རང་རྐང་གི་ལུགས་ལ་ཤིན་ཏུ་སྤྲོས་མེད་དུ་འཇོག་པའང་མི་འགལ་བར་དགོངས་ཤིང༌། བླ་མ་གོང་མ་འདི་རྣམས་ཀྱི་བཞེད་ཚུལ་ལ། བསྐྱེད་རྫོགས་སྤྱོད་གསུམ་གྱི་སྐབས་ཐམས་ཅད་དུ། ཕ་རྒྱུད་ལས་བདེ་དགྱེས་སོགས་མཆོག་ཏུ་འགྱུར་ཚུལ་གྱི་མཐོ་དམན་རེ་བཞེད་


TNT18_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྣང་ངོ༌། །དེས་ན་བཞེད་པ་འདི་ལ་ཡང་ནང་འགལ་ནི་མེད་དོ། །གཉིས་པ་ནི། མ་རྒྱུད་རྣམས་ལས་ཞིང་གི་རྣལ་འབྱོར་མ་རྣམས་ཀྱི་འདུ་བ་ཐོབ་པའི་ཕྱིར། གནས་ཆེན་རྣམས་སུ་རྒྱུ་བར་གསུངས་པ་སོགས་རྒྱུད་ཀྱི་བསྟན་ཚུལ་རྒྱ་ཆེ་ཆུང་ཅུང་ཟད་ཡོད་ཀྱང༌། སྤྱོད་པ་རང་གི་ངོ་བོ་ནི། སྤྱོད་བསྡུས་ལས་གསུངས་པའི་སྤྱོད་པ་གསུམ་དུ། མ་རྒྱུད་ལས་བཤད་པའི་ཀུན་འདར། ཀུན་བཟང༌། ཕྱོགས་ལས་རྣམ་རྒྱལ་གསུམ་ཡང་འདུས་ཤིང༌། དེ་གསུམ་དུ་སྤྱོད་བསྡུས་ཀྱི་དེ་གསུམ་ཡང་འདུས་པས། དབྱེ་སྒོ་མི་འདྲ་བ་ཙམ་ཡིན་ནོ། །ཞེས་དང༌། བྷུ་སུ་ཀུ་ཤིན་ཏུ་སྤྲོས་མེད་ཁོ་ནར་ལུང་རིགས་གཉིས་ཀས་འཐད་ཅིང༌། སྤྱོད་པ་གསུམ་གྱི་མཚན་ཉིད་སྤྱི་ལྡོག་ནས་རྒྱུད་གཞུང་རྣམས་དང་བསྟུན་ནས་སྨྲས་ན་ལེགས་ཀྱི། ཨིནྡྲ་བྷཱུ་ཏི་དང་གྲུབ་ཐོབ་རྣམས་ཀྱིས་སྤྱོད་པ་གང་ཞིག་མཛད་པ་ནི་བསམ་གྱིས་མི་ཁྱབ་བོ་ཞེས་ཁོ་བོ་སྨྲའོ། །འདི་ལ་ད་དུང་མཐའ་གཅོད་དགོས་པ་ཡོད་དོ།། །།དྲི་བ་དྲུག་པ་ནི། བུམ་དབང་གིས་ཚོགས་ལམ་ཆེན་པོ་ཙམ་བགྲོད་པ་དང༌། ཡང་ས་དྲུག་པའི་བརྒྱད་པ་མན་ཆད་བགྲོད་པར་བཤད་པ་དང༌། ཡང་བསྐྱེད་རིམ་འཇིག་རྟེན་པའི་དངོས་གྲུབ་ཁོ་ན་སྒྲུབ་བྱེད་དུ་གསུངས་པ་རྣམས་མི་འགལ་བའི་ཚུལ་ཅི་ཡིན། །ཞེས་པ་སྟེ། འདི་ལ་བརྗོད་པ། ཚོགས་ལམ་ཆེན་པོ་ཙམ་བགྲོད་པ་དང༌། འཇིག་རྟེན་པའི་དངོས་གྲུབ་ཁོ་ན་སྒྲུབ་བྱེད་དུ་གསུངས་པ་གནད་གཅིག་སྟེ། བསྐྱེད་རིམ་ལ་བརྟེན་ནས་འཇིག་རྟེན་པའི་དངོས་གྲུབ་ཆེན་པོ་ཐོབ་པ་རྣམས་ཚོགས་ལམ་ཆེན་པོ་ཐོབ་པའི་གང་ཟག་ཡིན་པས་སོ། །བསྐྱེད་རིམ་འཇིག་རྟེན་པའི་དངོས་གྲུབ་ཁོ་ནའི་སྒྲུབ་བྱེད་དུ། དུས་འཁོར་ལས་བཤད་པ་ན། བསྐྱེད་རིམ་


TNT18_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དངོས་འབྲས་ཇི་ལྟར་མཐར་ཐུག་ཀྱང༌། གཟུགས་ཁམས་ལས་མི་འདའ་བ་དང༌། མཆོག་གི་རྒྱུ་མིན་པར་གསུངས་པ་ཡང༌། དངོས་རྒྱུ་ཡང་མིན་ཞིང༌། ཐུན་མོང་མ་ཡིན་པའི་རྒྱུ་ཡང་མིན་པས། དེ་མེད་པར་ཡང་མཆོག་འགྲུབ་པ་སྲིད་པའི་དོན་ནོ། །འདི་ན་འདོད་ཚུལ་སྣ་ཚོགས་པ་ཞིག་ཡོད་ཀྱང༌། ཁོ་བོ་རང་ལུགས་ཀྱི་འདོད་པ་རྣམས་ནི། གྲུབ་ཐོབ་ཞི་བའི་ཞབས་ཀྱི་བཞེད་པ་དང་བསྟུན་པ་ཡིན་ཞིང༌། བཞེད་པ་དེ་ཡང་བླ་མེད་ཀྱི་རྒྱུད་སྡེ་སྣ་ཚོགས་དགོངས་པ་གཅིག་ཏུ་སྒྲིལ་ཞིང༌། རིམ་ལྔ། ཞལ་ལུང༌། དཔྱིད་ཐིག །དྲི་མེད་འོད་སོགས་ཀྱི་དོན་གྱི་སྙིང་པོ་བསྡུས་པར་སྣང་བས། ལུགས་འདི་ནི་སྐྱོན་བྲལ་ཡོན་ཏན་ཀུན་ལྡན་ཡིན་ལ། སྔར་གྱི་རྣམས་ལ་སྣ་ཚོགས་ཞིག་སྣང་བ། མཐའ་དག་རང་ལུགས་སུ་མི་འདོད་ཅིང༌། འདིར་ཡང་བུམ་དབང་ལ་ས་དྲུག་བརྒྱད་སྦྱོར་བ་ནི་ངེད་ཀྱི་གྲུབ་མཐའ་ལ་ནི་མི་འདོད། འོན་ཀྱང་བུམ་དབང་གིས་ས་དྲུག་བགྲོད་པའི་དོན་ནི། ས་དྲུག་བུམ་དབང་གི་གྲུབ་མཐའ་ཡིན་ཞིང༌། གྲུབ་མཐའི་དོན་ནི་གྲུབ་འབྲས་ཡིན་ཀྱང༌། འབྲས་བུ་ཞེས་བརྗོད་ན་མཐར་ཐུག་དང་ནོར་གྱིས་དོགས་པ་ཡིན་པས། གནས་སྐབས་ཀྱི་འབྲས་བུ་ལས་ཕར་རིང་དུ་བརྒལ། མཐར་ཐུག་གི་འབྲས་བུར་མ་སླེབ་པའི་བར་སྐབས་ཀྱི་འབྲས་བུ་ལ་ཟེར་བ་ཡིན་པས། སྔོན་བསྐྱེད་རིམ་བསྒོམས་པ་ལས་བརྒྱུད་ཅིང་བརྟེན་པའི་དགེ་ཚོགས་ཀྱི་ཕན་ཡོན་ཐམས་ཅད། ས་དྲུག་པོ་དེ་ལ་རྩོལ་མེད་དུ་འཆད་པའི་དོན་ནོ། །དེ་ལྟ་ན་ཡང་བསྐྱེད་རིམ་གྱིས་དེ་ཐོབ་པ་མིན་ཏེ། འབྲས་བུ་སྤྲུལ་སྐུ་བཞིན་ནོ། །རིམ་ལྔ་ལས། དང་པོའི་རིམ་པའི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་འཐོབ་པར་འགྱུར། །སྣང་བ་གསུམ་པོ་མཐོང་བ་


TNT18_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །ས་བཅུ་པ་ལ་རབ་ཏུ་གནས། །ཞེས་པ་དང༌། སྤྱོད་བསྡུས་ལས་ཀྱང་དེ་མཐུན་དུ་གསུངས་པ་ནི། བསྐྱེད་རིམ་པ་དང་སེམས་དབེན་པའི་གང་ཟག་དེ། ཉམས་རྟོགས་དེ་ཉིད་ལ་གནས་པའི་རང་དུས་དེ་ན། མདོ་ལུགས་ཀྱི་ས་བརྒྱད་པ་དང༌། བཅུ་པ་ཙམ་པོ་ལ་གནས་པ་རྣམས་དང༌། སངས་རྒྱས་འཐོབ་པ་ལ་ཐག་ཉེ་རིང་འདྲ་བའི་དོན་ཏེ། འདི་ཙམ་ཞིག་ནི་རང་ལུགས་ལ་ཁས་ལེན་ནོ།། །།དྲི་བ་བདུན་པ། མདོ་ལམ་ཁོ་ནས་སངས་རྒྱས་མི་ཐོབ་པའི་དོན། དེ་ལས་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྐུ་སྒྲུབ་བྱེད་ཀྱི་ཐབས་མ་གསུངས་པ་ལ་ཐུག་པ་འདྲ་ན། མདོ་ཁོ་ནས་ས་དང་པོ་ཡང་ཇི་ལྟར་འཐོབ། ཞེས་པ་དང༌། དེ་ལས་འཕྲོས་པ། དྲི་བ་བརྒྱད་པ་ནི། མདོ་ལམ་ཁོ་ནས་ས་དང་པོ་ཐོབ་ན། ཡན་ལག་བདུན་གྱི་སྐུ་རྗེས་མཐུན་པ་ཞིག་ཀྱང་འཐོབ་དགོས་པ་འདྲ་ན་ཇི་ལྟར་ཡིན། །ཞེས་པ་དང༌། དེ་གཉིས་ལས་འཕྲོས་པ། དྲི་བ་དགུ་པ་ནི། མདོ་ལམ་ཁོ་ནས་རླུང་སེམས་ཙམ་གྱི་ལྷ་སྐུ་མི་འགྲུབ་པ་འདྲ་ན། སྦྱོར་ལམ་རྩེ་མོ་ཡང་ཇི་ལྟར་འཐོབ། །ཞེས་པ་དང་དེ་གསུམ་ཀ་ལས་འཕྲོས་པ། དྲི་བ་བཅུ་པ་ནི། མདོ་སྔགས་ཀྱི་ལམ་ཐད་སོའི་བྱང་སེམས་རྣམས་ལ། སྤངས་རྟོགས་ཀྱི་ཡོན་ཏན་གྱི་ཁྱད་པར་རང་ནི་མེད་ལགས་སམ། །ཞེས་པ་སྟེ། དེ་ལྟར་ན་དྲི་བ་བཞི་པོ་འདི་རྣམས་ལ་བརྗོད་པ། མདོ་ལམ་ཁོ་ནས་རྫོགས་པའི་སངས་རྒྱས་སུ་བགྲོད་མི་ནུས་པའི་རྒྱུ་མཚན་དེ་ལྟར་ཡང་ཡིན་མོད་ཀྱི། འདི་སྐད་ཅེས་བྱ་སྟེ། སྤང་བྱ་གནས་སྐབས་བཞིའི་བག་ཆགས་ཕྲ་བ་རབ་ཀྱི་མཐར་ཐུག་པ་དེ་སྤོང་མི་ཐུབ་པ་དང༌། འཐོབ་བྱ་བདེ་བ་ཆེན་པོའི་སྐུ་བསྒྲུབ་པའི་ཐབས་མེད་པས་ཡིན་ནོ། །དེ་དག་གི་གོ་དོན་ཡང་


TNT18_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་བཞིའི་བག་ཆགས་ཕྲ་རབ་དང༌། སྣང་བ་གསུམ་གྱི་སྒྲིབ་པ་ཕྲ་མོ་དང༌། འཕོ་བའི་བག་ཆགས་ཕྲ་མོ་དང༌། འགྱུར་བའི་བག་ཆགས་ཕྲ་མོ་དང༌། བཞི་པ་ཆགས་རྟོག་གི་བག་ཆགས་ཕྲ་མོ་རྣམས་དོན་གཅིག །དངོས་པོ་ལུས་ངག་ཡིད་གསུམ་གྱི་གཟུང་འཛིན་གཉིས་སྣང་ཕྲ་མོ་ཡིན་ཞིང༌། དེ་ཉིད་འཛག་བདེའི་བག་ཆགས་ཀྱང་ཡིན་པས། འདི་ཆགས་ཆེན་གྱི་ལམ་གྱིས་སྤོང་དགོས་པ་ཡིན་ལ། དེ་ཡང་རང་གི་ལུས་ངག་ཡིད་གསུམ་ལ་གཉིས་སྣང་མ་ཟད་ཀྱི་བར་དུ། ཕྱི་སྣང་བའི་གཉིས་སྣང་རབ་འབྱམས་ཀྱང་ཟད་པར་མི་འགྱུར་ཞིང༌། དེ་ཟད་ན་དེ་ཡང་མ་ལུས་པ་སྤོང་བར་འགྱུར་ཏེ། ཇི་ལྟར་མར་མེ་མ་ཟད་ཀྱི་བར་དུ། དེའི་འོད་ཀྱང་རྒྱུན་མི་འཆད་ལ། དེ་འགགས་ན་དེ་ཡང་འགག་པ་བཞིན་ནོ། །དེས་ན། ས་བཅུ་རྒྱུན་མཐའི་སྔ་ལོག་ཡན་ཆད་དུ། དཀར་དམར་རླུང་གསུམ་གྱི་སྣང་བ་ཡོད་ཅིང༌། དེ་གསུམ་ལ་ཆ་མཉམ་དུ་འཇུག་པའི་སེམས་ཀྱང་ཡོད་པས། དེ་རྣམས་གཉིས་སྣང་གི་རང་བཞིན་ཅན་ཡིན་ལ། འོན་ཀྱང་ས་བཅུ་པ་དེ་ལ། དེ་རྣམས་བེམ་ཆོས་སུ་སྣང་བ་ནི་མེད་ཅིང༌། རྣམ་པར་ཤེས་པ་ཙམ་དུ་རིག་པ་ཡིན་ཀྱང༌། ཤེས་པ་ཉིད་གཟུང་འཛིན་གཉིས་སྣང་ཅན་དུ་ཤར་བ་ཡིན་ནོ། །དེ་ལས་རྟེན་ཁུ་བ་ནི་ལུས་དང༌། རྡུལ་ནི་ངག་དང༌། རླུང་ནི་སེམས་ཀྱིས་གཉིས་སྣང་བསྐྱེད་པའི་ཆོས་ཡིན་ལ། དེ་རྣམས་ལ་རོ་གཅིག་ཏུ་འདྲེས་པའི་ཡིད་ནི། འཛག་བདེའི་གཉིས་སྣང་གི་ཆ་ཤས་ཅན་ཏེ། དེ་ཡང་རླུང་གི་གཡོ་བ་ཕྲ་མོས་ཁྲག་གི་ཆ་ཡང་འབར་བ་ཕྲ་མོའི་རང་བཞིན་ཅན་ནོ། །དེས་ཁུ་བའི་ཆ་ཡང་ཞུ་བ་ཕྲ་མོའི་རང་བཞིན་ཅན་ཤར་བ་དེ། སེམས་ཡིད་དེས་ཞུ་བདེར་ཉམས་སུ་མྱོང་བའི་ཆ་ཤས་ཡོད་པའི་ཕྱིར་རོ། །དེ་ལྟར་ན་སེམས་ཀྱི་སྣང་བ་


TNT18_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱི། ཁུ་རྡུལ་རླུང་གསུམ་རྫས་དང་ངོ་བོ་གཅིག་ཀྱང༌། རྣལ་འབྱོར་པའི་སེམས་ལ་ཐ་དད་དུ་སྣང་བའི་འཁྲུལ་བ་ཅན་དེ་ནི་ཁམས་འགྱུར་བའི་བག་ཆགས་ཕྲ་མོ་ཡིན་ལ། དེ་ཉམས་སུ་མྱོང་བའི་སེམས་ཡིད་དེ་ཡང་ཆགས་སྲེད་ཀྱི་བག་ཆགས་ཕྲ་མོ་ཅན་ཡིན་པས། དེ་སྦྱོང་བར་བྱེད་པ་ཡང༌། དུས་དེར་འདོད་ཆགས་ཆེན་པོའི་ལམ་གྱིས་དབང་བསྐུར་བ་ཡིན་ཏེ། དེར་ཡང་དབང་གསུམ་པ་དང་བཞི་པའི་རྗེས་ཆགས་ཀྱི་རྐྱེན་གྱིས་རླུང་བསྐྱོད་པས་གཏུམ་མོ་དམར་ཆ་འབར་བར་བྱེད་ལ། དེས་དཀར་ཆ་ཞུ་བའི་ཡས་བབས་ཀྱི་དགའ་བའི་ཐ་མར། མས་བརྟན་གྱི་ཚེ་དཀར་དམར་རོ་གཅིག་པར་གྱུར་པ་ལ། དམར་ཆས་དབང་བྱས་པ་ཞེས་མིང་དུ་བཏགས་ཤིང༌། མས་བརྟན་དེ་ཉིད་ཀྱི་མཐར། དཀར་པོ་གཙུག་ཏོར་ཏུ་ཐིམ་ཞིང༌། དམར་པོ་ནོར་བུར་ཐིམ་པས། དེའི་སྐད་ཅིག་གཉིས་པར་རླུང་ཡང་འགག་སྟེ། དེ་ལྟར་ཁུ་རྡུལ་རླུང་གསུམ་འགགས་པས། དེ་གསུམ་གྱི་འགྱུར་བ་ཉམས་སུ་མྱོང་བའི་ཤེས་པའི་རིགས་རྒྱུན་ཡང་ཆད་པས། སེམས་ཉིད་མི་འགྱུར་བའི་བདེ་བ་ཁོ་ནར་གྱུར་པ་དེ་ལ་ནི་བདེ་བ་ཆེན་པོའི་སྐུ་ཞེས་བྱ་སྟེ། ཡན་ལག་བདུན་གྱི་ནང་གི་བདེ་ཆེན་གྱི་ཡན་ལག་ཡིན་ལ། ཡེ་ཤེས་དེ་ཉིད་ཀྱི་ངོ་བོ་རྣམ་པ་མེད་ཙམ་མ་ཡིན་ཏེ་སྔར་གྱི་རྒྱུན་ལས་མཚན་དཔེ་རྫོགས་པ་དང༌། ཁ་སྦྱོར་གྱི་སྐུ་རབ་འབྱམས་ཞིང་དང་མཆོད་པར་བཅས་པ་ཡང་འབྱུང་བ་ནི་སྐུ་རྡོ་རྗེ་དང༌། བདེ་ཆེན་དེ་ཉིད་གཞོམ་མེད་གསུང་གི་སྒྲ་དབྱངས་སྒྲ་ཐམས་ཅད་པའི་ཚུལ་དུ་འཆར་བ་ནི་གསུང་རྡོ་རྗེ་དང༌། བདེ་བའི་ཡེ་ཤེས་དེ་ཁོ་ནས་ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་ཐམས་ཅད་རྣམ་པར་མི་རྟོག་བཞིན་དུ་མཁྱེན་པ་ནི་ཐུགས་རྡོ་རྗེ་དང༌། བདེ་ཆེན་


TNT18_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ཡེ་ཤེས་རྡོ་རྗེ་ཡིན་ལ། རྡོ་རྗེ་བཞི་པོ་དེ་ཉིད་རིམ་པ་བཞིན་དུ་ཁུ་རྡུལ་རླུང་ཡིད་བཞི་དག་པའི་འབྲས་བུ་ཡིན་ཞིང༌། སྐུ་བཞི་ཡང་ཡིན་ནོ། །འགྱུར་བདེ་འཁོར་བའི་རྩ་བར་གསུངས་པ་ཡང༌། འགྱུར་བདེ་དངོས་ནི་མ་དག་པའི་འཁོར་བ་སྟེ། རིགས་དྲུག་ཏུ་སྐྱེ་བའི་རྒྱུ་ཡིན་ལ། འགྱུར་བདེའི་བག་ཆགས་ཞེས་བྱ་བ་གོང་དུ་དེ་ལྟར་བཤད་པ་དེ་ནི། ས་བཅུ་སོ་སོ་ལ་གནས་པའི་འཕགས་པ་རྣམས་ཀྱི། རྣམ་བྱང་གི་འཁོར་བའི་རྒྱུ་དངོས་ཡིན་ཞིང༌། རིགས་དྲུག་གི་སེམས་ཅན་འཁོར་བ་པ་རྣམས་ཀྱི་རྒྱུ་ལ་ཡང་བག་ཆགས་དེ་ལ་བརྟེན་ནས་འགྱུར་བདེ་དངོས་སྐྱེ་བའི་ཕྱིར། འཁོར་བ་དངོས་ཀྱི་བརྒྱུད་པའི་རྒྱུ་ཡིན་པར་ཤེས་པར་བྱའོ། །གཞན་ཡང་ཚོར་བ་བདེ་བ་ནི་དཀར་པོའི་འགྱུར་བ་དང༌། སྡུག་བསྔལ་ནི་དམར་པོའི་འགྱུར་བ་དང༌། བཏང་སྙོམས་ཀྱང་རླུང་གི་འགྱུར་བ་ཡིན་ནོ། །དེ་གསུམ་ཚོགས་པའི་འགྱུར་བདེའི་ཆ་ཤས་ཅི་རིགས་པ་ཆགས་བྲལ་དུ་གྲགས་པ་རྣམས་ལའང་ཡོད་དེ། ཁམས་གོང་མ་གཉིས་ན་འགྱུར་བདེ་རགས་པ་མངོན་གྱུར་པ་ཡོད་ཅིང༌། དགྲ་བཅོམ་ལ་ཡང་བག་ཆགས་ཀྱི་འགྱུར་བདེ་ཡོད་པ་ཡིན་ལ། མངོན་པ་སོགས་སྡེ་སྣོད་སྤྱི་ཁྱབ་ལ་གྲགས་པ་ལྟར། ཁམས་གོང་ན་འཁྲིག་པའི་འདོད་ཆགས་མངོན་གྱུར་པ་མེད་པའི་ལུགས་ལ་ཡང༌། འགྱུར་བདེ་ཙམ་མངོན་གྱུར་པ་ཡོད་པ་མི་འགལ་ཞིང༌། སྤྱིར་ནི་གསང་བ་འདུས་པ་ལས། འདོད་ཁམས་གནས་པའི་བུད་མེད་ནི། །ལྷ་ཡི་ལོངས་སྤྱོད་རིག་བརྟུལ་ཞུགས། །ཡང་ན་གཟུགས་ཁམས་གནས་པ་ལ། །སྟོབས་ཆེན་གྱིས་ནི་འདོད་པ་སྤྱད། །ཅེས་པ་དང༌། ཁམས་གསུམ་དག་གི་ལམ་གནས་པའི། །བུད་མེད་ཇི་སྙེད་ཡོད་པ་རྣམས། །གསུང་གི་རྡོ་རྗེས་མི་སྨད་དོ། །ཞེས་སོགས་གསུངས་པས། གང་དག་


TNT18_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པའི་དོན་ལ་མི་འཇིགས་པའི་སྤོབས་པ་ཅན་དུ་ཁས་བླངས་ནས། ཁམས་གོང་ན་ཡང་འཁྲིག་པའི་འདོད་ཆགས་ནི། ཡོད་ཅེས་སྨྲ་བ་སྔོན་མེད་གཞུང་ལུགས་ཡིན། ཞེས་ཟབ་མོའི་རྒྱུད་ལ་བསྐུར་པ་འདེབས་པ་ཡང་མཛངས་པ་མ་ཡིན་པའི་རྣམ་ཐར་རོ། །འོན་ཀྱང་ས་དང་པོ་ཐོབ་པ་ལ་ནི། འགྱུར་བདེ་རགས་པ་མངོན་གྱུར་པ་དེ་སྤོང་དགོས་ཀྱང༌། དེ་སྤོང་བྱེད་ཆགས་ཆེན་གྱི་ལམ་ཁོ་ནར་ཡང་མ་ངེས་ལ། ཡན་ལག་བདུན་ལྡན་གྱི་སྐུ་རྗེས་མཐུན་པ་ཡང་མདོ་ལུགས་ཀྱི་དེར་མི་ཐོབ་སྟེ། ཁ་སྦྱོར་དང་བདེ་ཆེན་གཉིས་མི་ཚང་བས་སོ། །མདོ་ལམ་ཀྱིས་སྦྱོར་ལམ་རྩེ་མོ་བགྲོད་པའི་ཚེ་ན། རླུང་སེམས་ཙམ་གྱི་ལྷ་སྐུ་དངོས་གྲུབ་པ་མ་ཡིན་ཀྱང༌། རྗེས་མཐུན་པ་ནི་ཐོབ་པ་ཡིན་ཏེ། འཕགས་པ་དཀོན་མཆོག་སྤྲིན་ལས། མོས་སྤྱོད་ཀྱི་སའི་སྐབས་ན་རྒྱས་པར་གསུངས་པ་བཞིན། སྟོང་གསུམ་དང་མཉམ་པའི་གདན་ལ་གནས་པའི་ལུས་ཁྱད་པར་ཅན། ཁམས་གསུམ་གྱི་ལུས་ལས་འདས་པ་འགྲུབ་པར་བཤད་དོ། །འབྲས་བུའི་སངས་རྒྱས་ལ་དབྱེ་བ་མེད་ཀྱང༌། མདོ་སྔགས་ལམ་ཐད་སོ་སོའི་བྱང་ཆུབ་སེམས་དཔའ་ལ་ནི། ཡོན་ཏན་གྱི་ཁྱད་པར་ཅུང་ཟད་ཙམ་ཡོད་པར་མངོན་ལ། ས་དང་པོ་ཐོབ་མ་ཐག་པ་ཐམས་ཅད་ཡོན་ཏན་མཉམ་པར་བཤད་པ་དང༌། ཁྱད་པར་བརྒྱད་པ་ཡན་ཆད་ལ་དེ་ལྟ་བུ་ཡང་ཡང་གསུངས་པ་རྣམས་ནི། མདོ་ལུགས་ཁོ་ནའི་དབང་དུ་བྱས་པ་ཡིན་པས། ཐེག་པ་ཐ་དད་པ་ལ་དེ་ལྟ་བུ་རྩི་མི་དགོས་པར་མངོན་ནོ།། །།དྲི་བ་བཅུ་གཅིག་པ་ནི། མཐོང་ལམ་ལས་ལངས་མ་ཐག་ཏུ་ཟུང་འཇུག་གི་སྐུ་འགྲུབ་ན་བརྟེན་པ་དོན་གྱི་འོད་གསལ་དང༌། རྟེན་ཟུང་འཇུག་གི་སྐུ་གཉིས་རིམ་


TNT18_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དུ་སོང༌། དེ་ལྟ་ན་སངས་རྒྱས་ཀྱི་སར་ཡང༌། ལོངས་སྐུའི་རྟེན་ལ་ཆོས་སྐུ་མངོན་དུ་མཛད་པ་ཇི་ལྟར་ཡིན། །ཞེས་པ་སྟེ། འདི་ལ་བརྗོད་པ། སྤྱིར་དོན་གྱི་འོད་གསལ་ཐོབ་པའི་ཐོག་མ་མཐོང་ལམ་ཡིན་ཞིང༌། ཟུང་འཇུག་ཐོབ་པ་ནས་བཟུང་སྒོམ་ལམ་དུ་འགྱུར་ལ། མཐོང་ལམ་སྐད་ཅིག་ཐ་མ་པའི་བྱང་སེམས་ལས། སྒོམ་ལམ་སྐད་ཅིག་དང་པོ་པ་དེ། སྐུ་དེ་ཐོབ་པའི་ཡོན་ཏན་གྱིས་ཆོས་ལྷག ཅིང༌། རྟེན་བརྟེན་པའི་ཐ་སྙད་ནི། ལུས་སེམས་ཀྱི་ཆོས་ལ་སོ་སོར་འདོགས་པ་ཡིན་ཀྱང༌། སྐབས་འདིར་ཡེ་ཤེས་ཉིད་སྐུར་ཤར་བ་ཡིན་པས། སྐུ་དང་ཡེ་ཤེས་ཞེས་ལྡོག་ཆ་ཐ་དད་དུ་བཞག་པ་མ་གཏོགས། ངོ་བོ་གཅིག་ཁོ་ན་ཡིན་པས་ཟུང་འཇུག་ཅེས་བྱ་ཞིང༌། དེས་ན་སྦྱོར་ལམ་རྩེ་མོ་བཟོད་པ་ཆོས་མཆོག་གསུམ་ལ། དག་པའི་ཡེ་ཤེས་ཀྱི་སྐུ་མ་ཐོབ་ཀྱང༌། རླུང་སེམས་ཙམ་གྱི་སྐུ་ཐོབ་པས། སྒྱུ་ལུས་སམ་སྐུ་ཁོ་ན་འགྲུབ་པ་ཙམ་ཟེར་ལ། མཐོང་ལམ་གྱི་སྐབས་རང་གི་སྣང་ངོར་སྐུ་དེའི་སྣང་བ་ཡང་ནུབ། ཟུང་འཇུག་གི་སྐུ་ཡང་མ་ཐོབ་པས། ཡེ་ཤེས་འོད་གསལ་རྐྱང་བའི་མིང་འདོགས་ཤིང༌། མཉམ་བཞག་དེ་ལས་ལངས་པ་ནས་བཟུང༌། ཆོས་ཉིད་རྟོགས་པའི་ཡེ་ཤེས་དང༌། སྐུའི་སྣང་བ་གཉིས་ཀ་རྒྱུན་མི་འཆད་ཅིང་ཆ་མཉམ་པ། མཉམ་རྗེས་ཐམས་ཅད་དུ་ཡོད་པས་ཟུང་འཇུག་ཡིན་ཏེ། དེ་དག་ཀྱང་གཙོ་ཆེ་བའི་དབང་དུ་བྱས་ནས་ཐ་སྙད་དེ་དང་དེར་བཏགས་པ་ཡིན་ཏེ། གཞན་དུ་ན་སྦྱོར་ལམ་གྱི་དུས་ནའང་བདེ་སྟོང་གི་ཡེ་ཤེས་མེད་པ་མ་ཡིན་ལ། མཐོང་ལམ་དུ་ཡང་རྟེན་ལུས་ཙམ་ཡོད་ཅིང༌། ཟུང་འཇུག་ལ་ཡང་མཉམ་བཞག་གསལ་ཞིང༌། རྗེས་ཐོབ་མི་གསལ་བ་


TNT18_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེ་བཞིན་དུ་ཟུང་འཇུག་གི་མཉམ་བཞག་ཀྱང༌། ལྷ་སྐུ་གཙོ་བོར་གྱུར་པའི་དག་པའི་སྣང་བ་ཅན་ཡིན་པས། སྣང་མེད་ལ་འཇོག་ཏུ་ཡེ་མི་རུང་ཞིང༌། ལྷ་སྐུ་དང་བདེ་སྟོང་གཉིས་ཀ་མཉམ་གཞག་ཏུ་གསལ་མཉམ་དང༌། རྗེས་ཐོབ་ཏུ་ཅུང་ཟད་མི་གསལ་མཉམ་སྟེ། དེ་ཡང་རྗེས་ཐོབ་ཏུ་ནི་གཉིས་སྣང་དང་འདྲེས་པ་ཡིན་པའི་ཕྱིར། བདེ་སྟོང་ཅུང་ཟད་མི་གསལ་བ་བཞིན་དུ། ཐ་མལ་གྱི་སྣང་བརྙན་འཆར་བ་ཡིན་པའི་ཕྱིར། ལྷ་སྐུ་ཡང་ཅུང་ཟད་མི་གསལ་བ་ཡིན་ནོ། །དེས་ན་འོད་གསལ་ལས་ལངས་ནས་ཟུང་འཇུག་འགྲུབ་ཅེས་པ་ཡང༌། མཐོང་ལམ་བདེ་སྟོང་ཁོ་ན་ལ་རྩེ་གཅིག་ཏུ་མཉམ་པར་གཞག་པའི་འོད་གསལ་དགོས་ཀྱི་ཏིང་ངེ་འཛིན་ལས་ལངས་པ་ཡིན་ཞིང༌། དེའི་རྗེས་ཐོབ་ཀྱང་ཡིན་མོད། སྤྱིར་མཉམ་པར་མ་གཞག་པ་ཡང་མཐའ་གཅིག་ཏུ་མིན་ཞིང༌། བདེ་སྟོང་གི་འོད་གསལ་དེ་སངས་སོང་བ་མིན་ཏེ། དེས་ན་ཟུང་དུ་འཇུག་རྒྱུའི་ཡ་གྱལ་གྱི་འོད་གསལ་དེ་མཐོང་ལམ་མིན་པས། ཡེ་ཤེས་དང་སྐུ་རེས་འཇོག་ཏུ་འགྱུར་བའི་སྐྱོན་མེད་ལ། འབྲས་བུའི་སྐུ་གསུམ་པོ་ཡང་དུས་མཉམ་དུ་འཐོབ་དགོས་པ་ཡིན་པས། ལོངས་སྐུའི་རྟེན་དུ་ཆོས་སྐུ་མངོན་དུ་མཛད་པ་སྒྲ་ཇི་བཞིན་པ་མི་འཐད་ལ། འོན་ཀྱང་ལོངས་སྐུའི་རིགས་འདྲ་སྔ་མ་ལ། ལོངས་སྐུའི་མིང་གིས་བཏགས་པར་ཟད་དེ། རྟེན་དེ་དང་དུས་མཉམ་དུ་ཡང་དག་པའི་མཐའ་མངོན་དུ་བྱས་ནས། དེའི་སྐད་ཅིག་གཉིས་པ་ལ་སྐུ་གསུམ་དུས་མཉམ་དུ་ཐོབ་པ་ཡིན་ཀྱང༌། ལོངས་སྐུའི་མིང་གིས་སྨོས་པས། ཡང་དག་པའི་མཐའ་ལས་ལོངས་སྐུར་ལྡང་ཞེས་གྲགས་པ་ཡིན་ཞིང༌། དེ་བཞིན་དུ་


TNT18_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྐུའི་རྟེན་ལ་ཆོས་སྐུ་མངོན་དུ་བྱེད་པར་གྲགས་པ་ཡང༌། ཡང་དག་པའི་མཐའ་ཐོག་མར་མངོན་དུ་བྱས་པ་དང་དུས་མཉམ་པའི་སྐུ་དེའི་སྐད་ཅིག་གཉིས་པ་ལ་ཆོས་སྐུ་ཐོབ་པ་ལ་བསམ་པ་ཡིན་ན་རུང་ངོ༌།། །།དྲི་བ་བཅུ་གཉིས་པ་ནི། ས་དང་པོ་ཐོབ་པ་དང༌། ལྟེ་བའི་རྩ་མདུད་གྲོལ་བར་གསུངས་པའང་སྣང་ལ། མི་ཕྱེད་མ་སོགས་རྩ་བཞིའི་རྩ་མདུད་གྲོལ་བ་ལ་ཡང་ས་དང་པོར་གསུངས་པ་ཇི་ལྟར་ཡིན། །ཞེས་པ་སྟེ། འདི་ལ་བརྗོད་པ། མི་ཕྱེད་མ་སོགས་རྩ་བཞི་སྤྱི་བོ་ལ་སོགས་པའི་གནས་བཞིར་གནས་ཤིང༌། དེ་རྣམས་ས་དང་པོར་གསུངས་ལ། དེས་མཚོན་ནས་རྩ་ཉི་ཤུ་རྩ་བཞི་ས་བཅུར་གསུངས་པ་ནི། སམྦུ་ཊ་དང་མངོན་བརྗོད་ལ་སོགས་པ་རྒྱུད་མང་པོ་ལས་མགྲིན་གཅིག་ཏུ་གསུངས། གསང་བའི་འཁོར་ལོའི་ཕྱེད་བྱང་ཆུབ་ཀྱི་སེམས་ཀྱིས་བརྟན་པ་ནས། གཙུག་ཏོར་ཧྲིལ་གྱིས་བརྟན་པའི་བར་ལ་ས་བཅུ་གཉིས་བཞག་པ་ཡང༌། སེམས་འགྲེལ་སྐོར་གསུམ་ནས་རྒྱས་པར་བཤད་པ་ལྟར། གཞན་ཡང་ཕལ་ཆེར་གྱི་དགོངས་པ་ལ་གནས་ཤིང༌། འདི་གཉིས་ནི་གནད་གཅིག་སྟེ། ལས་བྱེད་པའི་རྩ་ཉི་ཤུ་རྩ་བཞི་དང༌། ལས་བྱ་བའི་རྩ་འཁོར་ལོ་དྲུག་ལ་རྩ་དང་རླུང་གི་ཁམས་ཇི་ལྟར་ཐིམ་པའི་ཚུལ་གྱི་བྱུང་བར་ཡིན་པས་སོ། །ལྟེ་བའི་རྩ་མདུད་གྲོལ་བས། ས་དང་པོ་འཐོབ་པ་ངེད་ཀྱི་གྲུབ་མཐའ་ལ་ནི་ཁས་མི་ལེན། འོན་ཀྱང་འཁོར་ལོ་དྲུག་འཁོར་ལོ་བཞིར་བསྡུ་བ་དང་མཐུན་རུང་ཙམ་ཡིན་པ་འདྲ། ས་འདི་རྣམས་ཐམས་ཅད་ཀྱང་སྦྱོར་ལམ་གྱི་ས་ཡིན་ཞིང༌། འོག་ཏུ་འཆད་པར་འགྱུར་བའི་རྩ་དག་པའི་བྱང་ཕྱོགས་ཀྱི་ས་ཡང་འདི་དང་འདྲ་སྟེ། རྒྱུད་དང་གྲུབ་ཆེན་རྣམས་ཀྱི་དགོངས་པ་


TNT18_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཡིན་ཡང༌། བོད་སྔ་ཕྱི་ཕལ་ཆེར་འཕགས་པའི་སར་འདོད་པས། དེ་དག་གིས་བྱས་པའི་བསྟན་བཅོས་རྣམས་འཆད་པའི་ཚེ། དེ་རྣམས་ཉིད་རང་རང་སོ་སོའི་གྲུབ་མཐའ་དང་མ་བསྟུན་ན་ནང་འགལ་འོང་པས། དེ་མཚུངས་སུ་སྦྱོར་དགོས་སོ།། །།དྲི་བ་བཅུ་གསུམ་པ་ནི། བདག་མེད་བསྟོད་འགྲེལ་དྲི་མ་མེད་པའི་རྒྱན་ཞེས་བྱ་བར། སངས་རྒྱས་ཀྱི་སའི་སྐབས་སུ་བྱང་ཕྱོགས་ལ་འཕགས་ལམ་ལྔ་དང་དྲུག་པའི་ཆ་གསུང་བ་འདི་ལ་དོན་ཇི་ལྟ་བུ་ཡིན། ཞེས་པ་སྟེ། འདི་ལ་བརྗོད་པ། འདི་ཉིད་རང་ལུགས་ལ། བྱང་ཕྱོགས་ས་ལམ་སོགས་སྦྱོར་ཚུལ་མི་འདྲ་བ་ལྔ་གསུངས་པའི་ནང་གི་འཕགས་ལམ་དང༌། སངས་རྒྱས་ཀྱི་ས་ཐུན་མོང་དུ་བྱང་ཕྱོགས་སོ་བདུན་ཚར་གཅིག་སྦྱར་བའི་ལུགས་ལ། ས་དང་པོ་གཉིས་ལ་བཞི་བཞི་དང༌། བར་པ་བརྒྱད་ལ་གཉིས་གཉིས། བཅུ་གཅིག་པ་དང༌། བཅུ་གཉིས་པའང་བཞི་བཞི་སྦྱར་བས་སོ་གཉིས་སོང་མཚམས་སུ། ཏིང་ངེ་འཛིན་ནས་མར་བགྲངས་པའི་དྲུག་པ་ཡང་དག་པའི་ངག་གི་ཕྱེད་དང༌། ལས་མཐའ་འཚོ་བ་རྩོལ་དྲན་ཏིང་ལྔ་པོ་སློབ་ལམ་དུ་མི་ཐོབ་པར། སངས་རྒྱས་ཐོབ་པ་དང་མཉམ་དུ་ཐོབ་གསུང་བའི་གོ་བར་སྣང་ཞིང༌། ཡང་དག་པའི་ངག་ལ་ཕྱེད་མར་མཛད་པ་ནི་རྩ་མདུད་འབྲེལ་མ་ལ་ཆ་བཅས་ཞེས། ཕྱེད་མའི་དག་པ་སྦྱར་བའི་རིགས་འགྲེས་སུ་སྣང་ངོ༌། །འོན་ཀྱང་རྩ་དང་བྱང་ཕྱོགས་སྦྱོར་བ་ལས་ས་ལམ་གྱི་རིམ་པ་བརྩི་པ་ལ་ཁུངས་གསལ་པོ་ཡོད་ཡོད་མི་འདྲ་བ་དང༌། ཁྱད་པར་སྦྱོར་ཚུལ་འདི་ནི་སྒོས་སུ་ལུང་གསལ་ཡོད་ན་མ་གཏོགས། དག་སྦྱོར་སྐབས་ཀྱི་རྒྱུད་དང་ནི་མི་མཐུན་པས། ཅུང་མི་བདེ་ཞིང༌། དགོས་ཀྱི་ལུང་ཁུངས་


TNT18_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་འགྲོ་ཡང་ཁོ་བོས་ནི་སྔར་མ་མཐོང་ངོ༌། །རྩ་དང་བྱང་ཕྱོགས་དག་སྦྱོར་གྱི་རྒྱུད་ཀྱི་ཁུངས་ལ་བརྟེན་པ་ཡིན་ན། སྤྱིར་ནི་ལེགས་པོར་འགྱུར་ཡང༌། སྦྱོར་ཚུལ་དེ་ལྟར་མི་བྱ་སྟེ། སུམ་སྐོར་མ་སོགས་བཞི་དྲན་པ་ཉེར་བཞག་བཞི་དང༌། མི་ཕྱེད་མ་འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ཡིན་པ་ནས། ཡིད་བཟང་མ་ཡང་དག་པའི་ངག་གི་བར་དུ་རྫུ་འཕྲུལ་རྐང་པ་བཞི། དབང་ལྔ། སྟོབས་ལྔ། ཡན་ལག་བདུན་དང༌། འཕགས་ལམ་གསུམ་རྣམས་སྦྱོར་རྒྱུ་ཡིན་ལ། ལྷག་མ་བུ་གའི་རྩ་བརྒྱད་ལ། འཕགས་ལམ་བཞི་དང་ཡང་དག་སྤོང་བ་བཞི། རོ་རྐྱང་དབུ་མ་བདུད་འབྲལ་བཞི། ཡང་དག་པའི་ཏིང་འཛིན་ལ་སྦྱར་ནས། རྫུ་འཕྲུལ་རྐང་བཞི་སོགས་ཉི་ཤུ་རྩ་བཞི་གནས་སོགས་ས་བཅུ་ལ་སྦྱར། འཕགས་ལམ་ཕྱི་མ་བཞི་དང་སྤོང་བ་བཞི། འཐུང་སྤྱོད་དང་ཉེ་འཐུང་སྤྱོད་ཡིན་ལ། ཏིང་ངེ་འཛིན་ས་བཅུ་གསུམ་པ་ལ་སྦྱར་ན། ཀུན་སྤྱོད་མངོན་བརྗོད་སོགས་རྒྱུད་གཞུང་རྣམས་དང་འགྲིག་རུང་ཡིན་ཞིང༌། འདིའི་ས་བཅུ་གསུམ་པ་དེ་མཐོང་ལམ་ཡིན་པས་ན། མཐོང་ལམ་དུ་བྱང་ཕྱོགས་ཐམས་ཅད་ཐོབ་པར་བཤད་པའི་སྤྱི་འགྲོས་དང་ཡང་འབྱོར་ལ། ནང་གི་རྩ་ཁམས་དག་པའི་བྱང་ཕྱོགས་ཡིན་པས། སྤྱི་དང་གོ་རིམ་མ་མཐུན་ཀྱང་སྐྱོན་མེད་དོ།། །།དྲི་བ་བཅུ་བཞི་པ། མཁན་ཆེན་ཞི་འཚོ། ཡེ་ཤེས་ཞབས་ཀྱི་སློབ་མ་ཡིན་པ་འདྲ་བ་ཞིག་རྦ་བཞེད་ལས་འབྱུང༌། ཡེ་ཤེས་ཞབས་སེང་བཟང་གི་སློབ་མར་ལུང་གིས་གྲུབ་ན། སེང་བཟང་ཞི་འཚོའི་སློབ་མ་ཡིན་པ་ཇི་ལྟར་འགྲིག། ཅེས་པ་སྟེ། འདི་ལ་བརྗོད་པ། ཞི་འཚོའི་སློབ་མ་སེང་བཟང་ཡིན་པ་བརྒྱད་སྟོང་འགྲེལ་ཆེན་ལས་གསལ། དེའི་སློབ་མ་ཡེ་ཤེས་ཞབས་ཡིན་པར་འཇམ་དཔལ་


TNT18_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ལུང་ལས་འབྱུང༌། མཁན་པོ་བོ་དྷི་སཏྭ་ཡང་ཡེ་ཤེས་ཞབས་ཀྱི་སློབ་མ་ནི་ངེས་པར་ཡིན་ཡོད་པར་སྣང༌། སྐུ་ཚེ་རིང་དུ་བཞུགས་པ་དང༌། མཁན་པོ་རང་ལས་ཀྱང་ཡེ་ཤེས་ཞབས་སྔགས་ཀྱི་སློབ་དཔོན་ཆེ་བ་ཡིན་པའི་ཕྱིར། སློབ་མར་འབྱུང་བ་ནི་མི་འགལ་ནའང༌། དབུ་མ་རྒྱན་མཛད་མཁན་དང༌། མཁན་ཆེན་གཅིག་མི་གཅིག་བརྟག་དགོས་སོ།། །།དྲི་བ་བཅོ་ལྔ་པ་ནི། ཧྭ་ཤང་གི་ལྟ་བ་དངོས་གཞི་ཇི་ལྟར་འཁྲུལ། སྤྱོད་པས་མ་ཟིན་པས་འཁྲུལ་ན། སྤྱོད་པའྀ་ཕྱོགས་ནས་དགག་རིགས་ཀྱི། ལྟ་བ་འཁྲུལ་ཞེས་གསུང་མི་རིགས་པ་འདྲ། ཞེས་པ་སྟེ། འདི་ལ་བརྗོད་པ། སྤྱིར་ཏོན་མུན་གཅིག་ཅར་འཇུག་པའི་ལམ་ཞེས་བྱ་བ་ནི། བོད་ཡུལ་དུ་ཧྭ་ཤང་མཧཱ་ཡ་ནས་སྲོལ་ཕྱེ་བར་གདའ། རྒྱ་ནག་ཏུ་དེའི་སྔོན་རོལ་དུ་ཡང་ཏོན་མུན་གྱི་མཁན་པོ་ཆེན་པོ་ཉི་ཤུ་རྩ་ལྔ་ཙམ་བྱུང་ཞིང༌། དེ་དག་ཁུངས་ཀྱི་རྩ་བ་ཡང་རྒྱ་གར་ལ་བྱེད་པར་སྣུབས་ཀྱི་བསམ་གཏན་མིག་སྒྲོན་ལས་བཤད། དེའི་ལུགས་ཀྱི་གོ་ཡུལ་གྱི་ལྟ་བ་ནི། ཐལ་འགྱུར་བ་རྙིང་པ་རྣམས་དང་མཐུན། སྒོམ་པའི་ལྟ་བ་ནི་ཡིད་བྱེད་བཀག་པ་ཁོ་ན་ལ་བསྔགས་པ་མཛད། སྒོམ་དུས་སོ་སོར་རྟོགས་པའི་ཤེས་རབ་མི་དགོས་པར་མ་ཟད། དེ་སྒོམ་གྱི་གོལ་སར་བྱས་གདའ། སྤྱོད་པ་ནི་ཚུལ་ཁྲིམས་རྣམ་དག་བསྲུང་དགོས་པར་ཡང་ཡང་བཤད་པས། ཉེས་སྤྱོད་སྡོམ་པའི་ཕྱོགས་ལ་འཁྲུལ་བ་མེད། ལུས་ངག་ཡིད་གསུམ་གྱི་བྱ་བ་དགེ་བའི་ལས་རྩལ་འདོན་མི་དགོས་པ་དང༌། རྗེས་ཐོབ་ཏུ་སྙིང་རྗེ་དང་དད་པ་སོགས་མི་འགོག་ཀྱང༌། མཉམ་གཞག་གི་དུས་ན། སེམས་ཅན་མ་དམིགས་པ་ཙམ་སྙིང་རྗེ་དང༌། སངས་རྒྱས་སོགས་མ་དམིགས་ཙམ་


TNT18_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

དད་པ་ཡིན་པ་སོགས་སུ་བཤད་ནས། མདོར་ན་དམིགས་པ་མེད་པ་ལ་ཐམས་ཅད་ཚང་ཚུལ་ཙམ་མ་གཏོགས། དེ་དག་སོ་སོའི་མཚན་ཉིད་ཅན་སྒོམ་པ་དེ་གོལ་སར་བཞེད་པས། དགེ་བ་ཆོས་སྡུད་ལས་ཉམས་སམ་སྙམ། འབྲས་བུ་ཡང་དམིགས་པ་མཐའ་དག་ཟད་པ་ལས། གཞན་སྣང་དུ་འགྲོ་དོན་འབྱུང་བ་ཙམ་དུ་འཆད་པར་སྣང་སྟེ། དེས་མཛད་པའི་མདོ་སྡེ་བརྒྱད་ཅུ་ཁུངས་དང༌། སྣུབས་ཀྱི་བསམ་གཏན་མིག་སྒྲོན་ན་གསལ་བར་སྣང༌། འདི་ལ་ཀ་མ་ལ་ཤཱི་ལས་ནི། སོ་སོར་རྟོག་པ་སྤངས་པས། སྟོང་ཉིད་རྟོགས་པའི་ཤེས་རབ་སྤངས་པར་འགྱུར་ལ། དགེ་བའི་ལས་སྤངས་པས་ཐབས་ཀྱང་སྤངས་པའི་ཕྱིར། ཐབས་དང་ཤེས་རབ་གཉིས་ཀ་སྤངས་པས་སངས་རྒྱས་ལྟ་ཅི་སྨོས། ཐར་པ་ཙམ་ཡང་མི་ཐོབ། སོ་སོར་རྟོགས་པའི་ཤེས་རབ་མེད་ན། དམིགས་པ་མེད་པའང་འཇུག་པར་མི་ནུས་ཞེས་སོགས་གསུངས་པས་སོ་སོར་རྟོགས་པའི་ཤེས་རབ་མེད་པས་ལྟ་སྒོམ་འཁྲུལ་ལ། དགེ་བའི་ལས་ལ་བརྩོན་པར་མ་བྱས་པས་སྤྱོད་པའང་འཁྲུལ་ཞེས་འགོག་པར་སྣང་ལ། བསྟན་པ་ཕྱི་དར་ལ་བྱུང་བའི་བོད་རྣམས་ལ། འཇོག་སྒོམ་ཁོ་ན་ལ་མོས་པ་དང༌། དཔྱད་སྒོམ་ཁོ་ན་ལ་མོས་པའི་ལུགས་གཉིས་ཡོད་པ་ལས། ཕྱི་མ་རྣམས་ནི་ཀ་མ་ལ་ཤཱི་ལའི་གསུང་དེ་ལ་འཁྲིལ་ནས། ལས་དང་པོ་པའི་མི་རྟོག་པ་སྒོམ་པ་ཐམས་ཅད་ནོར་བར་བརྩི་བར་སྣང་ལ། སྔ་མ་རྣམས་ནི་འགའ་ཞིག་ཧྭ་ཤང་ཡིད་བྱེད་འགོག་པ་ཙམ་ཡིན་པས། གསལ་སྟོང་རང་རིག་པ་ངོས་འཛིན་པ་མེད་པས་ལྟ་བ་ནོར་ཟེར་བ་དང༌། ཕྱག་ཆེན་པ་ཁ་ཅིག །ཧྭ་ཤང་ཡིད་བྱེད་དང་རྣམ་རྟོག་ཐམས་ཅད་འགོག་པ་ཡིན་པས་ནོར་བ་ཡིན་ལ། ཁོ་བོ་


TNT18_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་རྣམ་རྟོག་གང་ཤར་ཐམས་ཅད་དགག་སྒྲུབ་སྤངས་བླང་མེད་པར་ལམ་དུ་འཁྱེར་བའི་ཕྱིར། མ་ནོར་བ་ཡིན་ཞེས་ཟེར་ན་ཡང༌། དེ་རྣམས་ཧྭ་ཤང་གི་ལུགས་གང་ཡིན་ཞིབ་མོར་མ་ཤེས་ཀྱང༌། ངན་པ་གཅིག་ཡིན་ཏེ་འོང་སྙམ་པ་དང༌། ཚིག་ཟུར་རེ་ཙམ་མཐོང་ཐོས་ལ་བརྟེན་ནས་ཚོད་དཔོགས་བྱས་པར་ཟད་དེ། རིག་པའི་རང་ངོ་ངོས་འཛིན་པ་དང༌། རྣམ་རྟོག་གང་ཤར་ཐམས་ཅད་ཀྱང་རིག་ཙམ་དེའི་རང་བཞིན་དུ་ཤེས་པར་བྱེད་པ་ནི། ཏོན་མུན་གྱི་ལུགས་ལ་ཡང་ཤིན་ཏུ་ཡོད་པར་གསལ་མོད། སྤང་བླང་མི་བྱེད་སྐད་པའི་ཐབས་ཀྱིས་རྟོག་པ་མ་སྤངས་རང་སར་གྲོལ་བར་འདོད་པའི་ཐབས་དེ་ཡང༌། ཡིད་བྱེད་སྤོང་བའི་ཐབས་ཁོ་ན་ཡིན་ནོ། །དེས་ན་མཉམ་གཞག་ཏུ་སྙིང་རྗེ་སོགས་ཀྱི་སྣང་ཆ་འགོག་པ་དང༌། ཐབས་ཀྱི་ཆ་ལས་གཡེལ་བའི་སྐྱོན་ནི་ངེས་པར་ཡོད་ཅིང༌། ལྟ་བ་སྒོམ་པའི་དངོས་གཞི་ལ་ཡང༌། འདི་མདོ་ལུགས་ཁོ་ནའི་སྒོམ་རིམ་ཡིན་པས། དབང་གི་ཉམས་མྱོང་དང༌། བླ་མའི་བྱིན་རླབས་དང༌། ཡི་དམ་ལྷའི་མཐུ་སྟོབས་དང༌། རིག་སྔགས་ཀྱི་ནུས་པ་དང༌། བྱེད་བཅིངས་ཀྱི་གནད་དང༌། རྩ་རླུང་ཐིག་ལེའི་རྟེན་འབྲེལ་སོགས་ལས་ཡེ་ཤེས་ཕེབས་པར་འགྱུར་བ་ནི་མེད། མདོ་ལུགས་ཉིད་ལ་སྐྱེ་བ་མང་པོར་ཚོགས་བསགས་པ་ཡང་མ་ཡིན་ན། སོ་སོར་རྟོགས་པའི་ཤེས་རབ་སྔོན་དུ་མ་སོང་བའི་ལྟ་བ་སྐྱོང་ལུགས་འདི། ལྟ་ཐོག་ཏུ་སླེབ་ཀྱང་བོགས་ཆུང་ཞིང༌། ནུས་པ་བུལ་ལ། ལྟ་བའི་ཐོག་ཏུ་མི་སླེབ་པའི་གོལ་སའི་ཉེན་ཆེ་བའི་ཕྱིར་སྐྱེ་བོ་ཐམས་ཅད་ལ་སྟོན་པ་འདི་ལག་ལེན་ནོར་པ་ཡིན་ཞེས་བརྗོད་དགོས་ཀྱི། སྟོང་ཕྱོགས་ཀྱི་ལྟ་སྒོམ་པའི་དངོས་གཞི་རང་ལ་འཁྲུལ་བ་ཡོད་པར་མ་མཐོང་ངོ༌། །འོན་ཀྱང་ལུགས་དེ་དར་ན་བསྟན་པའི་སྲོལ་


TNT18_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ལ་གནོད་པར་གཟིགས་ནས། དུས་དེར་བསྣུབ་པར་མཛད་པ་ཡིན་ལ། ཀ་མ་ལ་ཤཱི་ལའི་དགག་པ་དེ་ཡང༌། ལྟ་བའི་སྐབས་དེར་མདོ་ལུགས་རང་རྐང་ལ་ཕལ་ཆེ་བའི་དབང་དུ་མཛད་ན་མི་འགལ་ཡང༌། སྒྲ་ཇི་བཞིན་པ་ལ་ཁྱབ་མཐའ་ནི་མེད་དོ། །སྣུབས་སངས་རྒྱས་ཡེ་ཤེས་ཀྱིས་ཏོན་མུན་གྱི་ལུགས་དེ་དབུ་མའི་ལུགས་སྲོལ་རྣམ་དག་དུ་བཤད་ལ། སྣུབས་དེ་ནི་རྫོགས་ཆེན་པ་ཐམས་ཅད་ཀྱིས་ཚད་མར་བྱེད་པའི་སློབ་དཔོན་ཡིན་ནོ། །དེས་ན། ཕྱག་རྫོགས་ཞི་བྱེད་གཅོད་ལ་སོགས་པ་དང༌། ཏོན་མུན་གྱི་རིང་ལུགས་ལ་སྤྱོད་ཕྱོགས་དང༌། སྒོམ་པ་གཞན་གྱི་ཁྱད་པར་ནི་ཡོད་སྲིད་ཀྱི། སྟོང་ཉིད་ཀྱི་རྣལ་འབྱོར་ལ་ཁྱད་པར་མེད་ལ་གནས་སྐབས་འགའ་ཞིག་ཏུ་སྙིང་པོ་དོན་གྱི་བསྟན་པར་ནི། ཏོན་མུན་ཡང་འགྱུར་ལ། ཏོན་མུན་དར་བའི་དགག་བྱ་དེ་ཡང༌། གནས་སྐབས་གཞན་དུ་གཞན་དག་ལ་ཡང་འབྱུང་སྲིད་པ་མཐོང་ངོ༌། །ཁོ་བོས་མདོ་སྡེ་བརྒྱད་ཅུ་ཁུངས་མཐོང་བའི་ཚེ། འདིའི་ལྟ་གྲུབ་ཀྱང་བདུད་ཀྱི་ལས་ཁོ་ན་ཡིན་ནོ་ཞེས་གྲགས་ཆེ་བར་སྣང་བ་འདི་ལ་འཇིགས་སོ་སྙམ་མོ།། །།དྲི་བ་བཅུ་དྲུག་པ་ནི། འདོད་པ་ལ་ཆགས་བྲལ་སྔོན་དུ་སོང་ནས། སྔགས་ལམ་ལ་ཞུགས་པ་རྣམས་དང༌། འཆི་ཁ་དང་བར་དོར་འཚང་རྒྱ་བ་རྣམས་སྤྱོད་པ་དང་ཉེ་རྒྱུ་ལ་ལྟོས་དགོས་སམ། །ཞེས་དང༌། དེ་ལ་འཕྲོས་པའི་དྲི་བ་བཅུ་བདུན་པ་ནི། དགོས་ན་སྤྱོད་ཚུལ་ཇི་ལྟ་བུ། མི་དགོས་ན་ནང་གི་མངོན་བྱང་ཇི་ལྟར་ཚང་ཞེས་པ་སྟེ། འདི་ལ་བརྗོད་པ། འདོད་པ་ལ་ཆགས་བྲལ་སྔོན་སོང་དང༌། ཉན་རང་དགྲ་བཅོམ་སྔགས་ལ་འཇུག་པ། འཚང་རྒྱ་བ་ལ་སྤྱོད་པ་སྤྱོད་དགོས། སྤྱོད་ཚུལ་ནི་དེ་དག་


TNT18_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ལ་འཇུག་པའི་སྔོན་རོལ་ཏུ་ཐེག་ཆེན་གྱི་ལམ་གྱི་ཁྱད་པར་འགའ་ཞིག་གིས་རྒྱུད་སྦྱངས་ནས། ཉོན་མོངས་ལ་དབང་བ་རྗེས་མཐུན་པ་ཙམ་ཐོབ་པ་ན། ཉོན་མོངས་མེད་ཀྱང་འདོད་པའི་ཡོན་ཏན་ལ་བརྟེན་ནས། བདེ་བ་བསྐྱེད་པ་དང༌། ཁྱད་པར་རིག་མའི་ཁ་སྦྱོར་གྱི་བདེ་བ་བསྒྲུབ་ནུས་པའང་འབྱུང་བ་ཡིན་ནོ། དེའི་ཚེ་སྔགས་ཀྱི་ལམ་ལ་འཇུག་པར་བྱེད་པ་ཡིན་གྱིས། ཐེག་དམན་གྱི་ཆགས་བྲལ་བ་རྒྱུད་མ་སྦྱངས་ན། སྤྱོད་པ་ལྟ་ཅི་སྨོས། དབང་དང་བསྐྱེད་རིམ་སྒོམ་པའི་སྐལ་བ་ཙམ་ཡང་མེད་དོ། །འདོད་པ་ལ་ཆགས་བྲལ་གྱི་སོ་སོ་སྐྱེ་བོ་ཆགས་བྲལ་མ་ཉམས་པ་དེ་ནི། སྔགས་ལ་མོས་པ་སྐྱེ་བ་ཡང་དཀའ་ལ། ཅི་སྟེ་མོས་ན་ནི་འཇིག་རྟེན་པའི་ལམ་གྱིས་འདོད་པའི་འདོད་ཆགས་མངོན་གྱུར་པ་སྤངས་པ་དེ་ནི་སླར་སྐྱེ་བ་ལ་ཚེགས་མེད་དོ། །དེ་དག་སྤྱིར་སྔགས་ཀྱི་གོལ་ས་ཡིན་ཞིང༌། འོན་ཀྱང་སྔགས་ལམ་ལ་འཇུག་ན་ཚུལ་དེ་ལྟར་བྱེད་དོ། །འཆི་ཀ་བར་དོའི་སངས་རྒྱས་ཞེས་བྱ་བ་དུས་དེར་འཕགས་ལམ་ཐོབ་པའི་མིང་ཡིན་ཞིང༌། འཆི་སྲིད་ཀྱི་ཚེ་མཐོང་ལམ་ཐོབ་ལ། བར་དོའི་དོད་ལ་ཟུང་འཇུག་བྱུང་བ་དེ་ལ་འཆི་ཁར་སངས་རྒྱས་པ་ཟེར་ཞིང༌། འཆི་སྲིད་ཀྱི་ཚེ་དྲོད་ཆེན་པོ་སོགས་ཐོབ་ནས། བར་དོའི་དོད་དུ་རླུང་སེམས་ཙམ་གྱི་སྐུ་འགྲུབ་དེའི་རྟེན་ལ་ལམ་བསྒོམས་པས། དབང་པོ་རྣོ་ན་སྐྱེ་བ་ལེན་མི་དགོས་པར་བར་དོ་ཉིད་དུ་འཕགས་ལམ་འཐོབ་པ་ཡང་ཡོད། ཡང་འཆི་ཁར་སྐུ་དེ་ཐོབ་པ་རྣམས་འཆི་སེམས་ཀྱིས་བཟོད་པ་ཙམ་བགྲོད་ནས། བར་དོར་ངེས་པར་ཟུང་འཇུག་འཐོབ་པ་ཡིན་ཏེ། དེ་དག་ལ་བར་དོར་འཚང་རྒྱ་བ་ཞེས་ཟེར་ཏེ། འདི་དག་ལ་སྐབས་


TNT18_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་དུ་ནི་སྤྱོད་པ་དང་ཉེ་རྒྱུ་མི་དགོས་ལ། དེ་ནས་ས་རྣམས་རིམ་པར་བགྲོད་ནས་འཚང་རྒྱ་བ་ལ་ནི་སྤྱོད་པ་དང་ཉེ་རྒྱུ་ངེས་པར་དགོས་ཏེ། དེ་དག་བསམ་གྱིས་མི་ཁྱབ་པའི་སྤྱོད་པ་ཅན་ཡིན་པའི་ཕྱིར། ཚེ་འདི་ཉིད་ལ་ཟུང་འཇུག་འགྲུབ་པ་རྣམས་དང་ཁྱད་མེད་དོ། །དེའི་ཕྱིར་མངོན་བྱང་ལྔ་འབྱུང་བ་ལ་དགའ་བའི་གནས་མེད་དོ། །སྤྱིར་ནི་འཕགས་ཆེན་ཉོན་མོངས་ཤིན་ཏུ་ཟད་པ་རྣམས་ལའང༌། གོང་དུ་བཤད་པའི་གནས་སྐབས་བཞིའི་བག་ཆགས་དེ་མ་ཟད་པས། སྤྱོད་པ་དང་ཉེ་རྒྱུ་དགོས་ཀྱང་དགོས་ལ་ནུས་པའང་ཡིན་ནོ།། །།དྲི་བ་བཅོ་བརྒྱད་པ་ནི། རྟེན་ཅིང་འབྲེལ་འབྱུང་སྐུ་ཡིན་པས། །ཡེ་ཤེས་ལྔ་ལ་འཐད་པ་ཡིན། །ཞེས་པར། སྤོས་ཁང་པས་ནི་རྣལ་འབྱོར་རྒྱུད་ཀྱི་རིགས་ལྔའི་སྐུ་མདོག་ཕྱག་རྒྱ་རྣམས། སྦྱང་གཞི་ཕུང་པོ་ལྔ་པོ་སྦྱང་བར་གསུངས། དེ་ལྟར་ན་རྣལ་འབྱོར་རྒྱུད་དུ་ཡང་བསྐྱེད་རིམ་འཇོག་རུང་བར་འགྱུར་རམ་གཞན་ཡང༌། དེས་ན་རྣལ་འབྱོར་རྒྱུད་མན་ཆད། སྣང་བ་ལྷ་རུ་གསུངས་པ་མེད། གསུང་བ་དང་འགལ་གྱིས་དོགས་པ་ཇི་ལྟར་ཡིན། ཞེས་པའོ། །འདི་ལ་བརྗོད་པ། དེ་ལ་རྣལ་འབྱོར་རྒྱུད་མན་ཆད་དུ། སྲིད་པ་སྐྱེ་འཆིའི་རིམ་པ་དང་མཐུན་པའི། ལྷའི་རྣལ་འབྱོར་གྱི་དམིགས་པ་བསྒོམས་པས། རྣམ་པར་དག་པར་བྱེད་ཚུལ་གྱི་སྦྱང་བྱ་སྦྱོང་བྱེད་སྦྱོར་ཚུལ་ནི་མེད་ངེས་ལ། དེ་མེད་པའི་ཕྱིར། སྦྱངས་འབྲས་དང་མཐུན་པའི་སྒོམ་ཚུལ་ཙམ་ཡོད་ཀྱང༌། བསྐྱེད་རིམ་དངོས་སུ་མི་འགྱུར། དེས་ན་བླ་མེད་གྱི་དག་དྲན་དང་ཚུལ་མཚུངས་པ་ཕུང་པོ་ལྔ་དག་པ་མཚོན་བྱེད་ཙམ་དུ་སྦྱོར་ན་ནི་ཁུངས་ཡོད་ན་མི་འགལ་ཏེ། རིགས་ལྔ་ཡེ་ཤེས་


TNT18_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་མཚོན་བྱེད་ཡིན་པ་འདིར་ཡང་བཞེད་ལ། ཡེ་ཤེས་བཞི་རྣམ་ཤེས་བརྒྱད་གནས་གྱུར་ཡིན་པ་ཡོ་ག་འདིར་ཡང་ཡང་བཤད་པའི་ཕྱིར་རོ། །འོན་ཀྱང་སྣང་བ་ལྷ་ཞེས་པ་ལ། ཕྱིས་ཀྱི་མང་པོ་འདོད་པ་ལྟར། ད་ལྟའི་གཟུགས་ཕུང་འདི་ཀའི་སྟེང་གི་སྐྱོན་དང་དྲི་མ་གཞན་ཞིག་དག་ནས། གཟུགས་ཕུང་འདི་ཀའི་རིགས་རྒྱུད་རྣམ་སྣང་དུ་འགྲོ་བར་འདོད་པ་སོགས་ནི་བླ་མེད་ལ་ཡང་མི་འཐད་ལ། འདིར་སྣང་བ་ཐམས་ཅད་ལྷར་སྒོམ་པར་གསུངས་པའང་མེད་པས། དེ་ལའང་དགོངས་ཤིང༌། རང་རྒྱུད་ཀྱིས་བསྡུས་པའི་རྣམ་ཤེས་བརྒྱད་སོགས་ལམ་བསྒོམས་པས་རྣམ་པར་དག་པའི་ཚེ། དག་པ་གཉིས་ལྡན་གྱི་ཆོས་ཉིད་རྣམས། རྒྱལ་བ་རིགས་བཞི་ཡིན་པར་བཤད་ཀྱང༌། དྲི་བཅས་ཀྱི་སྐབས་གདོད་མ་ལ་རིགས་བཞི་རང་ཆས་སུ་ཡོད་པར་རྒྱུད་འདིར་གསལ་བར་མ་གསུངས་པས། སྣང་བ་ཐམས་ཅད་ལྷ་སྐུར་སྒོམ་པའི་རྣམ་བཞག་མི་འབྱུང་བ་ཡིན་ནོ།། །།དྲི་བ་བཅུ་དགུ་པ་ནི། ཡང་ཉན་རང་ལ་སྟོང་ཉིད་རྟོགས་པ་ཡོད་པའི་ཤེས་བྱེད་དུ། ཇི་ལྟར་མདུད་པའི་བྱེ་བྲག་གིས། །ཞེས་སོགས་གཞུང་དུ་འདྲེན་པར་མཛད། དེ་ལྟར་ན་ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་པར་བྱེད་དགོས་འདྲ་ཞིང༌། དེ་ཙམ་རུང་དུ་ཆུག་ཀྱང༌། གཞུང་དེས་དེ་ལྟར་བསྟན་ན། མདོ་སྡེ་རྒྱན་གྱི་ལུགས་ལ། ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་ཐལ་བ་འདྲའོ། །ཞེས་པ་སྟེ། འདི་ལ་བརྗོད་པ། སྡོམ་གསུམ་རབ་དབྱེ་མཛད་པོ་ཉིད་སློབ་དཔོན་ཟླ་གྲགས་ཀྱི་བཞེད་པ་ལ་ཐུགས་རྩིས་ཆེ་བས། ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་བཞེད་སྲིད། འོན་ཀྱང་འདི་རང་ལ་མ་


TNT18_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་ལ། རྣམ་ཐར་སྒོ་གསུམ་གྱི་ཏིང་ངེ་འཛིན་ཉན་རང་ལའང་ཡོད་པ་དང༌། མདོ་ཆེན་པོ་སྟོང་པ་ཉིད་སོགས་སྟོང་ཉིད་ཀྱི་ཆོས་ཀྱི་རྣམ་གྲངས་ཐེག་དམན་ལ་ཡང་མང་དུ་འབྱུང་ཞིང༌། འོན་ཀྱང་དེ་དག་གི་དངོས་བསྟན་ཕལ་ཆེ་བ་ནི། དངོས་པོ་རྣམས་རྒྱུ་རྐྱེན་སྣ་ཚོགས་པའི་རྟེན་འབྲེལ་ལས་འབྱུང་བས། བྱེད་པོ་ལ་སོགས་པས་སྟོང་པ་དང༌། རགས་པ་དང༌། རྒྱུན་དུ་སྣང་བ་རྣམས་འཁྲུལ་བ་ཙམ་དུ་སྟོན་ཅིང༌། ཆོས་གང་ལ་ཡང་ང་བདག་གི་དངོས་པོས་སྟོང་པ་ཙམ་ཁོ་ནར་སྣང་མོད། དེ་ཙམ་རྟོགས་པ་ལ་ཡང་སྟོང་ཉིད་རྟོགས་པའི་ཐ་སྙད་འཇུག་ཏུ་ནི་རུང་སྟེ། གང་ཟག་གི་བདག་མེད་རྟོགས་པ་ལ། བདག་མེད་རྟོགས་པའི་ཐ་སྙད་ཐོབ་པ་བཞིན་ནོ། །འོན་ཀྱང་སྐབས་འདིར་ནི་ཐབས་དང་བྲལ་བས། སྟོང་ཉིད་ཙམ་རྟོགས་ཀྱང༌། ཤེས་བྱ་མཐའ་དག་མཁྱེན་པའི་སངས་རྒྱས་མི་འཐོབ། ཡོན་ཏན་མཐའ་དག་མ་ཐོབ་ན་སེམས་གྲོལ་བ་གཅིག་པུས་མི་ཆོག་སྟེ། ཐེག་དམན་དུ་ལྟུང་བའི་ཕྱིར་སྙམ་པ་ཐུགས་ལ་བཞག་ནས། རྣམ་སྣང་མངོན་བྱང་གི་ལུང་སོགས་མང་དུ་འདྲེན་པར་མཛད་པ་ལས། མངོན་བྱང་གི་ལུང་གིས་གནས་ཚུལ་ལ་ཞུགས་པའི་ཡེ་ཤེས་ཙམ་དང༌། བསླབ་གསུམ་ཆ་ཚང་བ་ཙམ་ཉན་ཐོས་ལའང་ཡོད་པས། དེ་ཙམ་གྱིས་ཐེག་ཆེན་གྱི་ལམ་རྫོགས་པར་མི་འགྱུར་བའི་དོན་དང༌། དེ་བཞིན་དུ་ཡེ་ཤེས་མི་གསལ་བ་དང༌། ཡོན་ཏན་མ་རྫོགས་པ་སོགས་ལུང་གཞན་དང་གཞན་གྱིས་བསྒྲུབས་ནས། སྟོང་ཉིད་རྟོགས་པ་ཙམ་དུ་མཚུངས་ཀྱང༌། ཡེ་ཤེས་ཀྱིས་དེ་རྟོགས་ཚུལ་ལ། ཁྱད་ཆེན་པོ་ཡོད་པ་ཙམ་གྱི་སྒྲུབ་བྱེད་དུ་མདོ་སྡེ་རྒྱན་གྱི་ལུང་དེ་དྲངས་པར་སྣང་ཞིང༌། སྟོང་ཉིད་རྟོགས་པའི་སྒྲུབ་བྱེད་དུ་དྲངས་པ་མིན་


TNT18_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

པས། མདོ་རྒྱན་གྱི་ལུགས་ལ། ཐེག་དམན་པས་བདག་མེད་གཉིས་རྟོགས་ཡོད་པར་འདོད་དགོས་པར་ཐལ་བར་མི་འགྱུར་ཞིང༌། ཡེ་ཤེས་ཀྱི་སྤྱོད་ཡུལ་སྟོང་ཉིད་གཅིག་པུ་ལྟ་བུ་ཞིག་ཤུགས་ལ་བྱུང་ཀྱང་དེར་མི་འགྱུར་ཏེ། དེ་སྐད་དུ་ཡང༌། ཆོས་དང་བདག་མེད་གྲོལ་བ་རྣམས། མཚུངས་སྤྱིར་རིགས་ནི་ཐ་དད་ཕྱིར། །ཞེས་གསུངས་པ་དང་འདྲ་སྟེ། རྒྱལ་བའི་ཡེ་ཤེས་ཀྱི་ཡུལ་མཐའ་དག་ལ། ཉན་རང་གི་ཡེ་ཤེས་འཇུག་པ་མ་ཡིན་ཀྱང༌། ཉན་རང་གི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཐམས་ཅད་ལ་སངས་རྒྱས་ཀྱི་ཡེ་ཤེས་མཉམ་པར་འཇུག་ཅིང༌། ཡེ་ཤེས་འཇུག་ཚུལ་ཡང༌། སངས་རྒྱས་ལ་ཅི་ཙམ་མངའ་བ་རྣམས་ཐམས་ཅད་དེ་དག་ལ་མེད་ཀྱང༌། དེ་དག་ལ་ཅི་ཙམ་ཡོད་པ་ཐམས་ཅད་སངས་རྒྱས་ལ་མངའ་བས། ཉན་རང་གཉིས་ལ་ཅི་ཙམ་ཡོད་པའི་ཡེ་ཤེས་དེ། སངས་རྒྱས་ཀྱི་ཡེ་ཤེས་དང་མཚུངས་ཤིང༌། དེའི་ཡུལ་ཡང་སངས་རྒྱས་ཀྱི་དེ་དང་གཅིག་གོ །དེས་ན་འདི་སྐབས་ཀྱི་དོན་གྱི་སྙིང་པོ་ནི། དཀར་པོ་ཆིག་ཐུབ་འགོག་པའི་དོན་གྱི་འཕྲོས་ཏེ། སོ་སོར་རྟོགས་པའི་ཤེས་རབ་ཀྱིས་དཔྱད་པ་ཡང་མེད། གསང་སྔགས་སྨིན་གྲོལ་གྱི་ལམ་ཡང་སྤངས། གཞན་ཡང་སྦྱིན་སོགས་ཐབས་ཀྱི་ཆ་རྣམས་ལ། དགོས་པ་འགའ་ཞིག་གི་དབང་ལས། རེས་འགའ་གུས་པ་ལྟར་བྱེད་ཀྱང༌། དོན་གྱི་ཞེ་ནས་རྩིས་ཆུང་ཞིང༌། ཆོས་སྤྱོད་བཅུའི་རིམ་པ་ལ་ཕལ་ཆེར་གཡེལ་བར་སྣང་བས། ཁྱེད་རྣམས་སྒོམ་པའི་ཕྱག་ཆེན་དེ། སྟོང་ཕྱོགས་ཀྱི་སྒོམ་ཚུལ་ཁོ་ནའི་ངོས་ནས་རྣམ་དག་གཅིག་ཡིན་སྲིད་དུ་ཆུག་ཀྱང༌། འཕེན་པའམ། ཐབས་ཀྱི་རྒྱུ་ཚོགས་དང་བྲལ་བའི་ཕྱིར། ཐེག་ཆེན་འཕགས་པའི་ཡེ་


TNT18_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རང་གཞན་གྱི་དོན་མཐའ་དག་སྒྲུབ་པར་ནུས་པའི་ཡོན་ཏན་དུ་མས་རྣམ་པར་བཀྲ་བ་དེ་འཐོབ་པར་མི་འགྱུར་རོ། །ཞེས་བརྗོད་པ་ན། དེས་ཀྱང་འདི་སྐད་ཞེས། སྟོང་ཉིད་འདི་ཀ་རིང་དུ་གོམས་པ་ལས། ཡོན་ཏན་དེ་དག་ངང་གིས་སྐྱེ་བར་འགྱུར་བས། ཡོན་ཏན་གྱི་རྒྱུ་ཚོགས་གཞན་དེ་དག་ཅི་རིགས་པ་སྒྲུབ་པའང་མི་འགལ་མོད་ཀྱི། ངེས་པར་བསྟེན་དགོས་པ་ནི་མ་ཡིན་ནོ། །ཞེས་ཟེར་ན། དེ་ལྟར་ཡང་མ་ཡིན་ཏེ། མཚན་འཛིན་ལས་གྲོལ་བ་དང༌། སྣ་ཚོགས་པའི་ཡོན་ཏན་འགྲུབ་པ་ཡང་རྒྱུའི་རབ་དབྱེ་ཐ་དད་ལས་འབྱུང་བས། སྟོང་ཉིད་སྒོམ་པ་ཙམ་ཉོན་མོངས་དང་མཚན་འཛིན་ལས་གྲོལ་བའི་རྒྱུ་ཡིན་ཀྱང༌། ཐབས་དང་བྲལ་ན་གཞན་དོན་སྒྲུབ་ནུས་པའི་ཡོན་ཏན་མི་འགྲུབ་སྟེ། ཐབས་རྒྱ་ཆེ་ཆུང་ལས། ཡོན་ཏན་རྒྱ་ཆེ་ཆུང་འབྱུང་བས་སོ། །དེ་ལྟར་ཡང༌། དེ་བཞིན་འཕེན་པའི་དབང་གིས་ནི་གྲོལ་བའི་ཡེ་ཤེས་བཀྲ་མི་བཀྲ། ཞེས་པའི་ལུང་ལས་སོ། །ཞེས་པའི་དོན་ཡིན་ནོ། །གཞན་ཡང༌། སྤྱིར་ནི་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པ་ཉིད་ལུང་རིགས་རྣམ་དག་གིས་གྲུབ་སྟེ། ཡོད་པར་འདོད་པ་རྣམས་ཀྱི་ཁུངས་སུ་འདྲེན་པའི་ལུང་རྣམས་དེའི་ཁུངས་སུ་མི་འགྱུར་ཞིང༌། རིགས་པ་རྣམས་ཀྱང་མ་ངེས་ལ། དེ་ལ་ལྡོག་ཕྱོགས་གནོད་བྱེད་ཀྱི་ལུང་དང་རིགས་པ་ཡང་མང་དུ་ཡོད་པའི་ཕྱིར་རོ།། །།དྲི་བ་ཉི་ཤུ་པ་ནི། རྫོགས་རིམ་པའི་དྲོད་དང་སྔགས་བླ་མེད་ཀྱི་སྦྱོར་ལམ་དྲོད་ལ་ཁྱད་ཡོད་དམ་མེད། །ཞེས་པ་སྟེ། འདི་ལ་བརྗོད་པ། ཁོ་བོའི་རང་ལུགས་ལ་ནི་ཁྱད་མེད་དེ། ལམ་ལྔ་བསྟན་པ་ཞེས་བྱ་བའི་གཞུང་དང༌། དེའི་དོན་བསྡུས་ཀྱི་རྗེས་སུ་འབྲང་བའི་ཕྱིར་


TNT18_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་རིམ་པའི་དྲོད་གསུམ་དང༌། སྦྱོར་ལམ་དྲོད་གསུམ་རིམ་ཅན་དུ་སྦྱོར་ཞིང༌། དྲོད་ཆུང་ངུ་ནི་ལམ་གྱི་སྣང་བའི་ཡེ་ཤེས་དང་ལམ་གྱི་དགའ་བ། འབྲིང་པོ་ནི་ལམ་གྱི་མཆེད་པ་དང་མཆོག་དགའ། ཆེན་པོ་ནི་ལམ་གྱི་ཐོབ་པ་རིགས་གཉིས་དང༌། དགའ་བ་ཕྱི་མ་གཉིས་ཀྱི་རྟོགས་པའོ། །ལྗོན་ཤིང་ལ་སོགས་པའི་དགོངས་པ་ནི། དྲོད་ཆུང་ངུ་སྦྱོར་ལམ་དྲོད་ཀྱི་སྦྱོར་བ་དང༌། འབྲིང་པོ་སྦྱོར་ལམ་དྲོད་དངོས་དང༌། ཆེན་པོ་སྦྱོར་ལམ་དྲོད་ཀྱི་རྗེས་ཡིན་པས། རྩེ་མོ་སོགས་ལ་ངོས་འཛིན་མཛད་ཅིང༌། དེ་གསུམ་སྦྱོར་མཐོང་སྒོམ་གསུམ་གྱི་ཡེ་ཤེས་སྐྱེ་བའི་སྔ་ལྟས་ཡིན་པ་དང༌། རྫོགས་རིམ་པའི་དྲོད་ལ་སྦྱོར་ལམ་དྲོད་ཀྱི་ཁྱབ་མཐའ་མི་འཆའ་ཡང༌། དེའི་ཆུང་འབྲིང་གཉིས་དང་གཅིག་པ་ལ་དགོངས་ནས་དེ་གཉིས་གཅིག་པའི་ཐ་སྙད་ཀྱང་མཛད་དེ། ལུགས་འདི་ཡང་རྒྱུད་གཞུང་གི་དོན་དང་མཐུན་ཤས་ཆེ་བ་རེ་ལེགས་སུ་སྣང་བས། རྣམ་གྲངས་སུ་ཁས་བླངས་བར་བྱའོ།། །།དྲི་བ་ཉེར་གཅིག་པ་ནི། སྤྱོད་པའི་སྐབས་ཀྱི་བརྟན་པ་ཐོབ་པ་དང༌། བརྟན་པ་ཆེན་པོ་ཐོབ་པ་ཞེས་པ་གཉིས་ཀྱི། ཁྱད་པར་འཇོག་བྱེད་ཇི་ལྟ་བུ་དགོས། ཞེས་པ་སྟེ། འདི་ལ་བརྗོད་པ། དང་པོ་རང་གི་ཁྱིམ་དུ་སྒོམ། །བརྟན་པ་ཐོབ་ནས་དུར་ཁྲོད་སོགས། །བརྟན་པ་ཆེན་པོ་ཐོབ་ནས་ནི། །ཞེས་པའི་གཞུང་ལ་འདྲི་བ་ཡིན་ན་ནི། རིམ་པ་གཉིས་ཀྱི་ཡེ་ཤེས་བརྟན་ཅིང༌། ཕྱིའི་རྐྱེན་ཕན་གནོད་བདེ་སྡུག་སྣ་ཚོགས་ཀྱིས། ཉམས་མྱོང་མི་འགྲིབ་པར་འཕེལ་པའི་གྲོགས་བྱེད་པ་ཙམ་ལ་བརྟན་པ་ཐོབ་པ་ཞེས་བྱ། དེ་ནས་ཀུན་འདར་གསངས་ཏེ་སྤྱོད་པ་སོགས་བྱེད་དུ་རུང༌། དེའི་སྟེང་དུ་དངོས་


TNT18_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་དང་ནུས་པའི་ཁྱད་པར་མང་པོ་ཐོབ་ནས་གཞན་དོན་ཚར་གཅོད་རྗེས་འཛིན་ལ་རང་དབང་ཐོབ་པ་དེའི་ཚེ་བརྟན་པ་ཆེན་པོ་ཐོབ་པ་ཞེས་བྱ་བ་ཡིན་ཏེ། དེ་ནས་ཀུན་ཏུ་བཟང་པོའི་སྤྱོད་པ་ཁྱད་པར་ཅན་སྤྱོད་པ་ཡིན་ནོ། །ཡང་སྤྱི་ལྡོག་ནས་འདྲི་བ་ཡིན་ན། གང་ཟག་རྣམ་པ་བཞིའི་ནང་གི་ཡེ་ཤེས་ལ་དབང་བའི་གང་ཟག་ལ། བརྟན་པ་ཐོབ་པ་དང༌། ཡེ་ཤེས་ལ་ཆེས་དབང་བའི་གང་ཟག་ལ། བརྟན་པ་ཆེན་པོ་ཐོབ་པ་ཞེས་བྱ་བ་ཡིན་པས། བརྟན་པ་ཐོབ་པ་དང༌། བརྟན་པ་ཆེན་པོ་ཐོབ་པའི་དམ་ཚིག་རྣམས་ཀྱང༌། དེ་དག་ལ་རྩི་བ་ཡིན་ནོ།། །།དྲི་བ་ཉེར་གཉིས་པ་ནི། བོ་དོང་པཎ་ཆེན་གྱི་བཞེད་པ་ལ། རྣལ་འབྱོར་རྒྱུད་ཀྱི་སྐབས་འགའ་ཞིག་ཏུ་གཉིས་སྦྱོར་གྱི་ཆགས་པ་ལམ་དུ་བྱེད་པ་ཡོད་པ་ལྟར་བུར་སྣང་ནའང༌། སྤྱི་ཁྱབ་ཏུ་འདོད་ཆགས་རིགས་བཞི་དང༌། རྒྱུད་སྡེ་བཞི་སྦྱོར་བའི་ཆོས་སྐད་དང་ནི་མི་འགྲིག་པ་འདྲ། ཇི་ལྟར་འཐད་ཅེས་པ་སྟེ། འདི་ལ་བརྗོད་པ། སྤྱིར་སློབ་དཔོན་ཀུན་དགའ་སྙིང་པོས་སྒྱུ་འཕྲུལ་དྲྭ་བ་ཡོ་གར་བཀྲལ་བ་དང༌། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་དང༌། གསང་བ་བརྒྱན་བཀོད་དང༌། གསང་བ་ནོར་བུ་ཐིག་ལེ་སྟེ་རྒྱུད་གསུམ་པོ་འདི་རྣལ་འབྱོར་རྒྱུད་ཡིན་པར་བོད་ལ་གྲགས་པ་དང༌། རྡོ་རྗེ་སྙིང་རྒྱན་གྱི་འགྲེལ་པར་བཞི་པ་བཤེས་གཉེན་ཞེས་བྱ་བས་མཛད་པ་དེར་ཡང་ཡོ་གར་བཀྲལ་སྣང་བ་དང༌། རྒྱུད་རྗེས་མ་གསུམ་པོ་དེ་ཆོས་རྗེ་ས་པཎ་གྱིས་བསྒྱུར་ཞིང༌། རྡོ་རྗེ་སྙིང་རྒྱན་གྱི་འགྱུར་འཕྲོ་ལུས་པ་སྤང་ལོས་འགྱུར་བས་བས་ཤིང༌། རྒྱུད་དེའི་འགྲེལ་པ་ཡང་བུ་སྟོན་ཆེན་པོས་བསྒྱུར་བ་ཡིན་ལ། རྒྱུད་གསུམ་པོའི་འགྱུར་བྱང་ན་ཡང་ཡོ་གའི་རྒྱུད་ཡིན་པར་


TNT18_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་དེ་ལྟར་དཔྱད་པ་མེད་པར་བོད་ལ་གྲགས་ཆེ་བ་དང་བསྟུན་ཏེ། མཁས་པ་འགའ་ཞིག་ཡོ་གའི་མ་རྒྱུད་དུ་བཞེད་པའང་སྣང༌། བོ་དོང་པ་ནི་རྒྱུད་སྡེ་བཞིའི་རྣལ་འབྱོར་རྒྱུད་ལའང་ནང་ཚན་དུ་ཕྱེ་ན། རྣལ་འབྱོར་དང༌། རྗེས་སུ་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོའི་རྒྱུད་དེ་བཞིའོ། །དང་པོ་ནི། དེ་ཉིད་བསྡུས་པ་དང༌། དཔལ་མཆོག་དང་པོ་སོགས་དང༌། གཉིས་པ་ནི། སྒྱུ་འཕྲུལ་དྲྭ་བ་དང༌། གསུམ་པ་ནི། སྙིང་རྒྱན་གསང་རྒྱན་གཉིས་དང༌། བཞི་པ་ནི་ནོར་ཐིག་ཡིན་ནོ་ཞེས་གསུང་ཞིང༌། དེའི་ཕྱི་མ་གསུམ་ལ། ཡིད་ཀྱིས་བསྒོམས་པའི་རིག་མ་ལ་བསྟེན་ནས་གཉིས་སྦྱོར་གྱི་བདེ་བ་ལམ་བྱེད་ཙམ་ནི། དམིགས་པ་ལ་གསལ་སྣང་སྐྱེས་པའི་གང་ཟག་ལ་ཡོད་པར་བཞེད་ཅིང༌། དངོས་གྲུབ་སྒྲུབ་པའི་ཡན་ལག་ཏུ་བརྟན་པ་ཆེར་ཐོབ་པའི་གང་ཟག་གིས་དངོས་ཀྱི་རིག་མ་ལ་བརྟེན་པ་ཡང་ཡོད་དོ་ཞེས་བཞེད་དོ། །འོན་ཀྱང་འཐད་པའི་ཕྱོགས་ནི། གསང་འདུས་ཀྱི་བཤད་རྒྱུད་རྡོ་རྗེ་སྙིང་རྒྱན་ལས། དེ་ནས་ཡང་དག་བཤད་བྱ་བ། །འདོད་ཆགས་ཐབས་ཆེན་པོ་ཡི་རྒྱུད། །གང་གིས་ལེགས་པར་ཤེས་ན་ནི། །ཚེ་འདིར་དངོས་གྲུབ་སྦྱིན་པར་བཤད། །གསང་བ་འདུས་པ་སྟོང་ཕྲག་གཅིག །རྡོ་རྗེ་འཕྲེང་བ་འབུམ་ཕྲག་གསུམ། །ཞེས་སོགས་མང་དུ་གསུངས་པའི་སྐབས་ན། སྣང་མཛད་སྒྱུ་འཕྲུལ་སྟོང་དང་བརྒྱ། །རྡོ་རྗེ་གསང་རྒྱན་སྟོང་ཕྲག་གཅིག །ཅེས་པ་དང༌། རྡོ་རྗེ་སྙིང་རྒྱན་སྟོང་ཕྲག་ལྔ། །ཞེས་པ་དང༌། ནོར་བུ་གསང་ཐིག་འབུམ་ཕྲག་གཅིག །ཅེས་གསུངས་ཤིང་ཐམས་ཅད་ཀྱི་འཇུག་ན། འདི་ནི་གཉིས་གཉིས་འཁྱུད་པ་ཡི། །


TNT18_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཀྱི་དབྱེ་བ་བསྟན་པ་ཡིན། །ཞེས་གསུངས་ཏེ། གསང་འདུས་སོགས་དང་རྒྱུད་སྡེ་མཐོ་དམན་འདྲ་བར་བསྟན་པ་དང༌། ཚེ་འདི་ཁོ་ན་ལ་དངོས་གྲུབ་སྟེར་བ་དང༌། ཐབས་རྒྱུད་ཆེན་པོ་ཡིན་པར་བཤད་པ་དང༌། འདོད་ཆགས་རིགས་བཞིའི་ནང་གི་གཉིས་སྦྱོར་གཙོ་བོར་ལམ་བྱེད་ཡིན་པར་བཤད་པས། རྒྱུད་དེ་རྣམས་ནི་རྒྱུད་སྡེ་བཞིའི་ཟླས་ཕྱེ་བའི་ཚེ་ངེས་པར་བླ་མེད་ཡིན་དགོས་ལ། དེ་དག་ལས་སྒྱུ་དྲྭ་ནི། ལྷ་སྔགས་སོགས་ཐམས་ཅད་ཀྱང་གསང་འདུས་དང་མཐུན་ཤས་ཆེ་ཞིང༌། དེའི་ཕྱིར་བོད་ཕལ་ཆེར་ཡང་བླ་མེད་དུ་འདོད་ལ། ཀུན་སྙིང་གིས་ཡོ་གར་བཀྲལ་ཡང་དེ་ཙམ་གྱིས་དེར་མི་འགྱུར་ཏེ། གསང་འདུས་བཞིན་ནོ། །རྒྱུད་འདིར་ཕྱིའི་དེ་ཉིད་གཙོ་བོར་སྟོན་པས། ལག་པའི་ཕྱག་རྒྱ་འཆིང་བ་མང་དུ་གསུང་མོད། དེ་ཙམ་གྱིས་ཀྱང་བླ་མེད་མིན་པར་མི་འགྱུར་ཏེ། གདན་བཞི་བཞིན་ནོ། །སྙིང་རྒྱན་སོགས་སུ་ལྷ་སྔགས་ཀྱི་རིམ་པ་དཔལ་མཆོག་སོགས་དང་མཐུན་ཤས་ཆེ་ཡང་རྒྱུ་མཚན་སྔ་མ་རྣམས་ཀྱིས་བླ་མེད་ཡིན་པ་མི་འགལ་ཞིང༌། རྣལ་འབྱོར་རྒྱུད་ཀྱི་རང་ལམ་ལ་ཡང༌། དེ་ཉིད་བསྡུས་པ་སོགས་ཀྱི་ཚིག་ཟུར་མང་པོ་ལས། ལྷའི་རྣལ་འབྱོར་སོགས་ཀྱི་དེ་ཁོ་ན་ཉིད་ལ་གནས་བཞིན་དུ། འདོད་པའི་ལོངས་སྤྱོད་སྤྱི་དང་ཁྱད་པར་རྣམས་བསྟེན་ཡང་ཉེས་པས་གོས་པར་མི་འགྱུར་བ་སོགས་མང་དུ་གསུངས་པས། རྣལ་འབྱོར་ལ་དབང་བ་རྣམས་ལ་གཉིས་སྦྱོར་བསྟེན་ཀྱང་ཉེས་པས་གོས་པར་མི་འགྱུར་བ་ནི་ཡིན་ལ། དེ་ཉིད་ལམ་གྱི་ཡན་ལག་ཏུ་བསྟན་པ་ཡང་སྲིད་མོད་ཀྱི། རྒྱུད་འདིའི་འདོད་ཆགས་ལམ་བྱེད་ཀྱི་གཙོ་བོ་ལག་བཅང་ཕན་ཆོད་ཉིད་ཡིན་པས། གཉིས་སྦྱོར་གཙོ་བོར་


TNT18_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་མིན་པ་གཅིག་ངེས་པར་དགོས་སོ། །དེས་ན་སྙིང་རྒྱན་སོགས་གསུམ་ངོ་བོ་བླ་མེད་དུ་བསྡུ་བ་ཡིན་ཀྱང༌། རྒྱུད་སྡེ་གཉིས་པོའི་མཚམས་སྦྱོར་བ་ཙམ་ཡིན་པར་མངོན་ཞིང༌། དཔེར་ན། ངན་སོང་སྦྱོང་རྒྱུད་རྣལ་འབྱོར་རྒྱུད་དང་མཐུན་ཤས་ཆེ་བའི་སྤྱོད་རྒྱུད་ཡིན་པ་བཞིན་ནོ། །སྐབས་འདིར་ངེས་པར་རྟོགས་དགོས་པ་ལ། བདག་ཉིད་ལྷའི་བསྙེན་པ་དང་ལྡན་པའི་ལམ་སྟོན་ཕྱིན་ཆད་དུ། འདོད་པའི་ཡོན་ཏན་སྤྱི་ཙམ་ལ་ཅི་དགར་སྤྱད་པས་ཀྱང་ཉེས་པས་མི་གོས་ཤིང༌། བསོད་ནམས་ཀྱི་རྒྱུར་འགྱུར་བར་སྟོན་པ་ནི་ངེས་པར་འབྱུང་བ་ཆོས་ཉིད་ཡིན་ལ། སྤྱིར་ན་གསང་སྔགས་རྒྱུད་སྡེ་བཞི་ཅར་དུ། འདོད་ཡོན་ལམ་བྱེད་དང༌། ཆགས་པ་ལམ་བྱེད་དང༌། ཁྱད་པར་གྱིས་ཀྱང་རིག་མའི་འདོད་ཆགས་ལམ་བྱེད་གསུངས་པ་ཡིན་པས། སྔགས་རྒྱུད་སྡེ་བཞི་ཅར་ལ་ཆགས་ལམ་ཞེས་སྤྱིར་བསྟན་པ་ཡིན་ནོ། །དེ་ཡང་ཇི་ལྟར་ཞེ་ན་བྱ་བའི་རྒྱུད་དུ། མདུན་བསྐྱེད་ཀྱི་ལྷ་ལྟ་བའི་རྗེས་ཆགས་ཀྱི་རྣམ་པ་ཅན་ལ་སྒྲུབ་པ་པོས་ཡིད་ཀྱིས་དམིགས་པའི་རིག་མའི་རྗེས་ཆགས་ཙམ་ལམ་དུ་བྱེད་པ་མཆོག་གི་དངོས་གྲུབ་སྒྲུབ་པའི་ལམ་དུ་ངེས་པར་གསུངས་པ་ཡིན་ཞིང་ལས་ཚོགས་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་ཙམ་ལ་ནི། དེ་ལྟ་བུའི་རྗེས་ཆགས་མི་དགོས་པས། བྱ་རྒྱུད་ཀྱི་དངོས་གྲུབ་སྒྲུབ་ཚུལ་མཐའ་དག་ལ་ནི་དགོས་པ་མ་ཡིན་ནོ། །གཞན་ཡང་སྒྲུབ་པ་པོའི་སེམས་སྦྱང་བའི་ཕྱིར་མི་ཡུལ་གྱི་འདོད་པའི་ལོངས་སྤྱོད་ལ་ཅི་དགར་སྤྱོད་པ་བཀག་ཀྱང་ལྷའི་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་ནས། རིག་སྔགས་ཀྱི་ནུས་པ་ཡང་གྲུབ་པ་ན། དེ་ཁོ་ན་ཉིད་ལ་དམིགས་པའི་ཏིང་འཛིན་ནི་བརྟན་པོར་འགྱུར་རོ། །དེའི་ཚེ་ལྷ་རྫས་ཀྱི་


TNT18_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཡོན་ལྔ་དང༌། ཏིང་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་ལ་སོགས་པ་འདོད་པའི་ལོངས་སྤྱོད་མཐའ་ཡས་པ་འབྱུང་ཞིང༌། དེ་དག་ལ་མངོན་པར་ཆགས་པ་ལམ་དུ་བྱེད་དོ། །དཀའ་ཐུབ་དང་གཙང་སྦྲ་བཤད་པ་ནི། གནས་སྐབས་དེ་ལྟ་བུ་མ་ཐོབ་པའི་ལས་དང་པོ་པའི་སྐབས་སུ། ཡེ་ཤེས་ཀྱི་ལྷའི་འཁོར་དུ་གཏོགས་པ་འཇིག་རྟེན་པའི་ལྷ་གཙང་སྦྲས་རྟག་ཏུ་མགུ་བར་བྱ་བའི་དོན་ཡིན་གྱིས། ལམ་གྱི་ངོས་གཞིའི་ཆ་ལག་ཏུ་དགོས་པ་ཡང་མིན་ཞིང༌། དམིགས་གསལ་འགའ་ཞིག་ཏུ་གཏན་ནས་མི་དགོས་པ་ཡང་ཡོད་དེ། །ཁྲོ་བོ་སྟོབས་པོ་ཆེ་སྒྲུབ་པ་དང༌། སྲིན་པོ་ལ་སོགས་པ་འཇིག་རྟེན་པའི་ལྷ་འཆོལ་པ་འགའ་ཞིག་ལ་ཡང་ངོ༌། །ཏིང་ངེ་འཛིན་གྱི་དོན་དུ་འགྱུར་རུང་ལ་དགོངས་པས། ཕ་རོལ་ཏུ་ཕྱིན་པའི་ལམ་དུ་འདི་ནི་ངེས་པར་ཆགས་པ་དང་བྲལ་བར་བྱེད་ལ། འདིར་ནི་ངེས་པར་ཆགས་པར་བྱས་ཏེ། དེ་ལམ་དུ་བྱེད་པ་ཡིན་ནོ། །བྱ་རྒྱུད་དུ་འབྱུང་བ་འདི་དག་ནི། རྒྱུད་སྡེ་གོང་མ་གསུམ་གྱི་ལམ་ལ་ཡར་ལྡན་དུ་ཡོད་ཅིང༌། དེས་གཞན་ཡང་རིགས་འགྲེའོ། །སྤྱོད་རྒྱུད་དུ་ནི་ཕལ་ཆེར་དེ་ཉིད་དང་འདྲ་བ་ལས། བདག་བསྐྱེད་ལྷའི་རྣལ་འབྱོར་དང་ལྡན་པའི་ཕྱིར་ཏིང་ངེ་འཛིན་གྱི་གྲོགས་སུ་འགྱུར་ན། ལས་དང་པོ་པས་ཀྱང་གཟུགས་སྒྲ་སོགས་མིའི་འདོད་ཡོན་ལ་ཡང་བཀག་བྱ་ཆུང་ཞིང༌། ལྷ་ཡབ་ཡུམ་རྒཽད་པའི་བདེ་བ་ལམ་བྱེད་ནི། མདུན་བསྐྱེད་ལ་དམིགས་པ་མ་ཟད། བདག་བསྐྱེད་ལ་བརྟེན་ནས་ཀྱང་ཡོད་པས་སྔ་མ་ལས་ཆེས་ཁྱད་ཞུགས་པ་ཡིན་ནོ། །དེ་བཞིན་དུ། རྣལ་འབྱོར་རྒྱུད་དུ། མདུན་བསྐྱེད་ཀྱི་ལྷ་ལ་དམིགས་པའི་རྗེས་ཆགས་གཙོ་མི་ཆེ་ཞིང་བདག་བསྐྱེད་ལ་ལྟ་སྒོམ་གཉིས་ཡན་ལག་ཏུ་ཡོད་


TNT18_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང༌། འཁྱུད་པ་དང་ལག་བཅང་གཉིས་ཀྱི་ཆགས་པ་ལམ་བྱེད་ནི། གཙོ་བོར་ཡིད་ཀྱི་རིག་མ་ལ་བསྟེན་ནས་སྒྲུབ་པ་ཡིན་ཞིང༌། ཏིང་འཛིན་ལ་སེམས་བརྟན་པ་ཐོབ་ནས་ནི་དེ་གཉིས་དངོས་ཀྱི་རིག་མས་ཀྱང་སྒྲུབ་པར་བྱེད་དོ། །དེ་དག་ནི་རྒྱུད་སྡེ་འདི་ཉིད་ཀྱི་རང་ལུགས་ལ་ངེས་པར་སྒྲུབ་དགོས་ལ། གཉིས་སྦྱོར་ནི་ཅུང་ཟད་ལམ་དུ་འགྱུར་བ་སྲིད་ཀྱང་ངེས་པར་དགོས་པ་མ་ཡིན་ཞིང༌། གཙོ་བོར་བསྟན་པ་ཡང་མ་ཡིན་ནོ། །བླ་མེད་ལ་ནི་གྲགས་ཆེ་བས་རྒྱས་པར་བཤད་མི་དགོས་ཀྱང་བསྐྱེད་རིམ་གྱི་སྐབས་སུ་དངོས་དང༌། ཡེ་ཤེས་ཀྱི་རིག་མའི་ཆགས་པ་ལམ་དུ་བྱེད་པ་ཙམ་ཡིན་ལ། རྫོགས་རིམ་གྱི་རྗེས་ཆགས་ནི། རླུང་སེམས་དབུ་མའི་ཐིག་ལེ་རའི་ཐིམ་པར་བྱེད་པའི་ཕྱིར་དང༌། མི་འགྱུར་བའི་བདེ་བ་སྒྲུབ་པའི་ཕྱིར་དུ་ཡིན་ལ། བསྐྱེད་རིམ་པ་སྤྱོད་པ་དང་འབྲེལ་ན། ལྷ་མཉེས་པའི་དོན་དང༌། རྫོགས་རིམ་པ་སྤྱོད་པ་དང་འབྲེལ་ན། བདེ་སྡུག་སོགས་གཉིས་སྣང་ཅན་གྱི་ཡུལ་ཐམས་ཅད་ལྷན་སྐྱེས་ཀྱི་བདེ་བར་བསྲེ་བའི་ཕྱིར་ཡིན་ཏེ། དེ་ལྟར་སོ་སོར་ངེས་ཤིང་དབང་དུས་ཀྱི་རྗེས་ཆགས་ནི་དེ་དག་ལས་མ་ངེས་པ་ཅི་རིགས་པར་སྦྱར་རོ།། །།དྲི་བ་ཉེར་གསུམ་པ་ནི། ཐེག་དམན་གྱི་སྡེ་སྣོད་ལས། རྒྱལ་བུ་དོན་གྲུབ་ཀྱི་རྟེན་ལ་སངས་རྒྱས་པར་བཤད་པ་དྲང་དོན་དང༌། ཐེག་པ་ཆེན་པོའི་མདོ་སྡེར། དཔག་ཏུ་མེད་པའི་སྔོན་རོལ་ནས་སངས་རྒྱས་ཟིན་པར་བཤད་པ་ངེས་དོན་ཡིན་པར་གྲགས་ནའང༌། མི་གཡོ་བ་བླ་མེད་ཀྱི་རྒྱུད་ལས་ཕོ་བྲང་དུ། བཙུན་མོའི་འཁོར་དང་ལྷན་ཅིག་ཉེ་རྒྱུའི་རིམ་པས་སངས་རྒྱས་ཐོབ་པར་གསུངས་ན། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས། གསང་སྔགས་བླ་མེད་ཀྱི་ལུང་དབང་བཙན་པར་བྱ་དགོས་འདྲ་ན། རྒྱལ་བུ་དོན་


TNT18_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཀྱི་རྟེན་ལ། སངས་རྒྱས་ཀྱི་གོ་འཕང་གསར་དུ་ཐོབ་པར་མི་འགྱུར་རམ་ཞེས་པ་སྟེ། དེ་ལ་བརྗོད་པ། ཉན་ཐོས་ཀྱི་ཐེག་པ་ལས། རྒྱལ་བུ་དོན་གྲུབ་བདུད་བཏུལ་ཟིན་པའི་དུས་ཡན་ཆོད་སོ་སོ་སྐྱེ་བོ་ཡིན་པ་རྡོ་རྗེའི་གདན་དུ་སངས་རྒྱས་གསར་དུ་བརྙེས་པར་བཤད་པ་དང༌། དེར་མ་ཟད་རྒྱ་ཆེ་རོལ་པ་སོགས་ཐེག་ཆེན་གྱི་མདོ་སྡེར་ཡང༌། ས་བཅུ་བརྙེས་པའི་འཕགས་པར་བཤད་པ་ཙམ་མ་གཏོགས་རྒྱལ་བུ་དོན་གྲུབ་གྱི་རྟེན་ལ། རྡོ་རྗེའི་གདན་དུ་སངས་རྒྱས་གསར་ཐོབ་ཡིན་པ་སོགས་ཐེག་དམན་དང་འདྲ་བ་ནི་དྲང་དོན་ཡིན་ལ། མདོ་སྡེ་གཞན་མང་པོར། ཐོག་མ་མེད་པའི་དུས་ཀྱི་སྔོན་རོལ་ནས་སངས་རྒྱས་པ་ཡིན་པར་བཤད་པ་ནི་ངེས་དོན་ནོ། །དེ་བཞིན་དུ་སྔགས་ཀྱི་ཐེག་པར་ཡང་སྣ་ཚོགས་གསུངས་ཏེ། འཇམ་དཔལ་རྩ་རྒྱུད་ལས། རྒྱ་ཆེ་རོལ་པ་སོགས་དང་མཐུན་པར་གསུངས་ཤིང༌། བྱ་སྤྱོད་གཞན་ལས་ཀྱང་དེ་དང་མཐུན་པ་དང༌། ཐོག་མ་མེད་པའི་དུས་ཅན་དུ་བཤད་པ་དང༌། རྣམ་སྣང་གི་ཞིང་ཁམས་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པར་སངས་རྒྱས་ནས། ཞིང་འདིར་འཚང་རྒྱ་བའི་ཚུལ་བསྟན་པ་སོགས་སྣ་ཚོགས་སྣང་ཞིང༌། དེ་ཉིད་བསྡུས་པ་སོགས་ཀྱི་དངོས་བསྟན་ལ་ཡང༌། བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་ཡིད་ཀྱི་ལུས་ཅན་ས་བཅུའི་མཐར་ཕྱིན་པ་དེ། ཕ་རོལ་ཏུ་ཕྱིན་པའི་ལམ་ཁོ་ནས་སངས་རྒྱ་བར་བཞེད་པ་ལ། སངས་རྒྱས་རྣམས་ཀྱི་བསྐུལ་ནས། སྔགས་ཀྱི་ལམ་ལ་བཅུག་སྟེ། མངོན་བྱང་ལྔའི་གདམས་ངག་བསྟན་ཏེ། སངས་རྒྱས་པར་བཤད་ལ། འདིའི་རྒྱུན་མཐའི་སྔ་ལོགས་ཀྱི་ཏིང་ངེ་འཛིན་མདོ་ལམ་དེ་ཡང༌། ཐེག་དམན་དང་ཆོས་སྐད་གོ་བསྟུན་ནས། བསམ་གཏན་བཞི་པའི་རབ་མཐའ་ཡིན་པར་


TNT18_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་དོ། །བླ་མེད་ལ་ཡང༌། རིམ་ལྔ་དང་གྲོལ་ཐིག་སོགས་ལས། དེ་ཉིད་བསྡུས་པ་ནས་གསུངས་པ་དང་མཐུན་རུང་ལས། ཉེ་རྒྱུའི་དབང་བསྐུར་ཏེ། མངོན་པར་བྱང་ཆུབ་པའི་རིམ་པས་ཕྱི་ནང་གི་མངོན་བྱང་གཉིས་ལ་བརྟེན་ནས་སངས་རྒྱས་བརྙེས་པར་བཤད་དེ། དེ་དག་ཀྱང་འོ་སྐོལ་གྱི་སྟོན་པ་བཅོམ་ལྡན་འདས་ལ་སྦྱར་བ་ནི། དྲང་དོན་གྱི་དབང་དུ་བྱས་ལ། སྤྱིར་རིམ་པ་དེ་ལྟ་བུའི་སངས་རྒྱས་གསར་དུ་ཐོབ་པ་ཡོད་མེད་ལ་དཔྱོད་ན་ནི། དེ་དག་ལས་ཅི་རིགས་པ་ནི་ཡོད་དོ། །དེ་བཞིན་དུ་མི་གཡོ་བ་བླ་མེད་ཀྱི་རྒྱུད་ལས་ཁྱིམ་དུ་གཞུགས་པའི་ཚེ། ཉེ་རྒྱུའི་སྤྱོད་པ་ལ་བརྟེན་ནས་སངས་རྒྱས་བརྙེས་པ་ཡིན་ཀྱང་ཆགས་བྲལ་གྱི་གདུལ་བྱ་འདུལ་བའི་ཕྱིར་རབ་ཏུ་བྱུང་ནས་སངས་རྒྱས་བརྙེས་པར་བསྟན་པ་ཡིན་ནོ། །ཞེས་བཤད་པ་དང༌། སྒྲོལ་མ་འབྱུང་བའི་རྒྱུད་ལས་ཀྱང༌། ཁྱིམ་དུ་བཞུགས་པའི་སྤྲོས་བཅས་ཀྱི་སྤྱོད་པ་དང༌། རབ་ཏུ་བྱུང་ནས་ཀུན་ཏུ་རྒྱུ་རྣམས་དང་ལྷན་ཅིག་གཤེགས་པའི་ཚེ། ཞིང་རྣམས་སུ་ཀུན་འདར་ཀྱི་སྤྱོད་པ་དང་ནཻ་རཉྫ་ནའི་འགྲམ་དུ་ལོ་དྲུག་ཤིན་ཏུ་སྤྲོས་མེད་དང༌། འོ་ཐུག་གསོལ་བ་ཕན་ཆད་ནས་ཉེ་རྒྱུའི་སྤྱོད་པར་བཤད་པའང་ཡོད་པས་དེ་འདྲའི་རིགས་རྣམས་ཀྱང༌། སྤྱིར་མཐར་ཐུག་གི་འབྲས་བུ་སྒྲུབ་པ་ལ་བླ་ན་མེད་པའི་སྔགས་ཀྱི་ཐེག་པའི་ལམ་དགོས་སོ། །གང་ཟག་གཅིག་གསར་དུ་སངས་རྒྱ་བའི་ཚེ་འདི་ལྟ་བུ་ཞིག་སྤྱོད་དགོས་སོ་ཞེས་སྟོན་པའང་ཡིན་ལ། འོ་སྐོལ་གྱི་སྟོན་པ་ཉིད་ལ་སྦྱར་ན། དེ་ཡང་ཚུལ་སྟོན་ཡིན་ནོ། །དེས་ན་འདི་སྐད་ཅེས་བྱ་སྟེ། རེ་ཞིག་ཉན་ཐོས་ཀྱི་ཐེག་པ་ནས། སྔགས་བླ་མེད་ཀྱི་བར་ལ། འོ་སྐོལ་གྱི་སྟོན་པ་མངོན་པར་སངས་རྒྱས་


TNT18_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཡང་མི་འདྲ་བ་མང་ཞིང༌། གང་ཟག་གཅིག་མངོན་པར་རྫོགས་པར་འཚང་རྒྱ་བའི་ཚུལ་ལ་ཡང༌། འཆད་ཚུལ་མི་འདྲ་བ་མང་ན། དེ་དག་ཕལ་ཆེར་བ་ནི་ཚུལ་སྟོན་དང༌། དྲང་དོན་ཡིན་ལ། མི་འདྲ་བ་དུ་མ་འབྱུང་བ་ནི་སེམས་ཅན་སོ་སོའི་སྣང་ངོ་དང་བསྟུན་པ་ཡིན་ནོ། །དེ་ལ་ཐེག་དམན་གྱི་ཆེད་དུ་བྱ་བའི་གདུལ་བྱ་རྣམས་ལ་ནི། བྱང་ཆུབ་སྙིང་པོར་གཤེགས་པ་ཡན་ཆོད་སོ་སོ་སྐྱེ་བོ་དང༌། དེ་ནས་རྡོ་རྗེའི་གདན་དུ་ཐེག་དམན་རང་དུ་བཤད་པའི་ལམ་བསྒོམས་པས། སངས་རྒྱས་ཀྱི་གོ་འཕང་བརྙེས་པར་མཐོང་ཞིང༌། ཐེག་ཆེན་མདོ་ལུགས་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་སོ་སོ་སྐྱེ་བོ་རྣམས་ཀྱི་སྣང་ངོར། སོ་སོ་སྐྱེ་བོའི་ས་སྤངས་ནས་ནི། བསྐལ་པ་གྲངས་མེད་གཉིས་ལོན་ཀྱང༌། བྱང་ཆུབ་སྙིང་པོར་གཤེགས་ཀྱི་བར་ནི་སངས་རྒྱས་མ་ཡིན་པར་སྣང་ཞིང༌། དགའ་ལྡན་དུ་གནས་པ་སྐྱེ་བ་གཅིག་གིས་ཐོགས་པ་དང༌། རྒྱལ་བུ་དོན་གྲུབ་ཀྱང་སྲིད་པ་ཐ་མ་པ་དང་འདྲ་བའི་བྱང་ཆུབ་སེམས་དཔར་སྣང་ཞིང༌། དེ་ནས་རྡོ་རྗེའི་གདན་དུ་མདོ་ལམ་ལ་བརྟེན་ནས་མངོན་པར་རྫོགས་པར་སངས་རྒྱས་པར་མཐོང་བ་ཡིན་ལ། འོག་མིན་གྱི་ཞིང་ཁམས་བལྟ་བར་མི་ནུས་པའི་བྱང་ཆུབ་སེམས་དཔའ་འཕགས་པ་མདོ་ལམ་པས་ཀྱང་རང་ཉིད་ཀྱིས་མཐོང་ཚུལ་དེ་ཀ་དང་ཕྱོགས་མཚུངས་ལ། འོན་ཀྱང་ཞིང་མཐའ་ཡས་པ་ན་གཅིག་ཅར་དེ་ལྟ་བུའི་མཛད་པ་སྟོན་པ་དང༌། མ་ངེས་པའི་སྤྲུལ་པ་སྣ་ཚོགས་པ་སྟོན་པ་ཡང་ཤེས་སོ། །སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་གསང་བ་འོག་ཏུ་འཆད་པར་ནི། སྡེ་སྣོད་ཀྱི་ཆོས་ལ་དམིགས་པའི་ཚུལ་དང༌། དད་པའི་སྟོབས་ཀྱིས་ཤེས་པ་ཡིན་གྱི། རང་གི་མཐོང་ཚུལ་གྱིས་ཤེས་པ་མ་ཡིན་ནོ། །དེ་


TNT18_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་སྔགས་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་རྣམས་ལ་ཡང་པར་ཏེ། བྱ་སྤྱོད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་སོ་སོ་སྐྱེ་བོ་ལ་ཕལ་ཆེར་མདོ་དང་འདྲ་ལ། རྣལ་འབྱོར་གྱི་རྒྱུད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་སོ་སོ་སྐྱེ་བོ་ལ། དེ་ཉིད་བསྡུས་པ་ནས་བཤད་པ་ལྟར་དང༌། བླ་མེད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ལའང༌། རིམ་ལྔ་ཞལ་ལུང་སོགས་ལས་བཤད་པ་དང༌། གཏུམ་པོ་ཁྲོ་བོའི་རྒྱུད་དང༌། སྒྲོལ་མ་འབྱུང་བ་སོགས་ལས་བཤད་པ་ལྟར་ཅི་རིགས་པར་སྣང་བ་ཡིན་ཏེ། གདུལ་བྱ་དེ་དང་དེ་ལས་དེའི་སྣང་ངོ་ན་དེ་ལྟར་སྣང་ཞིང་སྣང་བ་ལྟར་ཀུན་རྫོབ་ཏུ་དོན་བྱེད་ནུས་པ་ཡིན་པས། གསུང་རབ་དེ་དང་དེ་བཞིན་དུ་གསུངས་པ་ཡིན་ནོ། །ངེས་པའི་དོན་དུ་ནི་འོ་སྐོལ་གྱི་སྟོན་པ་སངས་རྒྱས་པའི་དུས་གང་ཡིན་ངོས་འཛིན་པ་དཀའ་ཡང༌། སྤྱིར་སངས་རྒྱས་ཐམས་ཅད་འཚང་རྒྱ་ལུགས་གཅིག་ཅིང༌། དེ་ཡང་འདི་ལྟར་ཡིན་ཏེ། ཚོགས་སྦྱོར་གྱི་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་མ་དག་པའི་ཞིང་འདི་རྣམས་སུ་འགྲོ་བ་རིགས་དྲུག་རྣམས་དང་སྣང་བ་ཐུན་མོང་དུ་སྤྱོད་པ་ཤས་ཆེ་ལ། ས་དང་པོ་ནས་བདུན་པའི་བར་དུ་ནི། བདེ་བ་ཅན་དང་མངོན་དགའ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་དང༌། སངས་རྒྱས་ཀྱི་སྨོན་ལམ་འཛོམ་པ་ལས་བྱུང་བའི་ཞིང་ཁམས་དེ་རྣམས་སུ་གཙོ་བོར་སྤྱོད་ཅིང༌། མ་དག་པའི་ཞིང་འདི་རྣམས་སུའང་སྣང་བ་གཞན་དུ་གྱུར་པའི་ཚུལ་གྱིས་འོང་ཞིང༌། སྨོན་ལམ་གྱི་ལུས་ཡོངས་སུ་བླངས་ནས་སྤྱོད་པར་ནི་བྱེད་དོ། །བརྒྱད་པ་དང༌། དགུ་པ་ལ་གཙོ་བོར་འོག་མིན་དང་རྗེས་སུ་མཐུན་པའི་ཞིང་ཁམས་སུ་འཇུག་ཅིང༌། གོང་དུ་བཤད་པའི་དག་པའི་ཞིང་ཁམས་དེ་ཐམས་ཅད་དུ་ཏིང་འཛིན་གྱི་སྐྱེ་བས་སྤྱོད་


TNT18_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་རང་སྣང་ལ་ནི་མ་དག་པའི་ཞིང་འདི་མི་སྣང་བས་འདིར་སྤྱོད་རྒྱུ་མེད་མོད། གདུལ་བྱ་གཞན་སྣང་ལ། སྨོན་ལམ་གྱི་སྟོབས་ཀྱིས་ཞིང་འདི་རྣམས་སུ་འགྲོ་བའི་དོན་བྱེད་དོ། །ས་བཅུ་པ་ཡང་ཕལ་ཆེར་དེ་དང་འདྲ་བ་ལས། རང་སྣང་ལ་ནི་འོག་མིན་གྱི་ཞིང་ཁོ་ནར་སྤྱོད་པར་བྱེད་ལ། དག་པ་དང་མ་དག་པའི་ཞིང་ཁམས་གཞན་དེ་གཉིས་སུ། གཞན་སྣང་སྨོན་ལམ་གྱི་སྟོབས་ཀྱིས་འགྲོ་བའི་དོན་ལ་འཇུག་པ་ཡིན་ནོ། །རྒྱུ་མཚན་དེའི་ཕྱིར་ན། དངོས་སུ་སངས་རྒྱ་བའི་ཚུལ་ཡིན་ཕྱིན་ཆད། འོག་མིན་གྱི་ཞིང་ཁམས་དེར། ས་བཅུའི་ཐ་མར་རྒྱུན་མཐའི་ཡེ་ཤེས་བསྐྱེད་ནས། དེའི་སྐད་ཅིག་གཉིས་པར་སྐུ་གསུམ་ཡེ་ཤེས་ལྔ་ལྡན་གྱི་སངས་རྒྱས་སུ་འགྱུར་ཞིང༌། འོག་མིན་གྱི་ཞིང་ཁམས་དེ་ལའང་སྔར་ས་བཅུ་བའི་དུས་ན་གཉིས་སྣང་ཕྲ་མོ་ཞིག་གིས་གཡོགས་ཤིང་ཁྱབ་པ་དེ། དུས་དེར་སངས་ནས་གཉིས་མེད་ཀྱི་ཡེ་ཤེས་ཁོ་ན་སྣང་ངོ༌། །དེ་ནས་སྨོན་ལམ་ཀྱི་སྟོབས་ཀྱིས་ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་པ་རྣམས་སུ། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་འབྱུང་བ་ཡིན་པས། སངས་རྒྱས་པ་ཕན་ཆད་སངས་རྒྱས་ཀྱི་སྤྲུལ་པ་ལས་བྱུང་བ་ངེས་པ་ཞིག་ཡིན་ན། དགའ་ལྡན་ན་བཞུགས་པ་ནས་བརྩམས་སངས་རྒྱས་ཀྱི་མཛད་པ་ཁོ་ནར་ངེས་ལ། ཡང་དག་པ་གཅིག་ཏུ་ན། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་སངས་རྒྱས་ཀྱིས་འདུལ་བ་ལ་སངས་རྒྱས་སུ་སྤྲུལ་ནས་མཛད་པ་བཅུ་གཉིས་སྟོན་པར་བཤད་པས། དེ་འདྲའི་རིགས་ཡིན་ན་ནི་མཛད་པ་བཅུ་གཉིས་གར་ཡང་བྱང་ཆུབ་སེམས་དཔའི་མཛད་པ་ཡིན་པར་འགྱུར་བ་འདྲའོ་སྙམས་པ་དཔྱོད་ལྡན་ལ་འབྱུང་སྲིད་ནའང༌། འདི་ཡང་མཐར་གཏུགས་པ་ན།


TNT18_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་བྱིན་རླབས་ཀྱི་སྟོབས་ཁོ་ནས་བྱེད་པ་ཡིན་པས། སངས་རྒྱས་ཀྱི་མཛད་པ་ཉིད་ཡིན་ཞིང༌། སྤྱིར་ན་བདུད་བཏུལ་བ་ཡན་ཆད་བྱང་ཆུབ་སེམས་དཔའ་དང༌། མཛད་པ་ཕྱི་མ་གསུམ་སངས་རྒྱས་ཀྱི་མཛད་པར་བྱེད་པ་ཚུལ་སྟོན་ལ་དེ་ལྟར་ཡིན་ཞེས་བརྗོད་དགོས་ཀྱི། མཛད་པ་བཅུ་གཉིས་ཀྱི་ཕྲུགས་གཅིག་གི་དངོས་གནས་ལ་དབྱེ་བ་དེ་འདྲ་མི་སྲིད་དོ། །སངས་རྒྱས་ཐོབ་ཚུལ་ངེས་དོན་འདི་ནི། མདོ་སྔགས་གཉིས་ཀར་གྱི་ཐུན་མོང་ཡིན་པས། རྣམ་པ་ཐམས་ཅད་དུ་ཁས་བླང་བྱ་ཡིན་ལ། སྔགས་ཀྱི་ཐུན་མོང་མ་ཡིན་པ་ནི། རྒྱུན་མཐའ་ལས་ཉེ་རྒྱུའི་དབང་བསྐུར་བ་ལ་བརྟེན་ནས། སྐྱེ་བ་དང་སྐུ་ཡང་ཡན་ལག་བདུན་ལྡན་ཡིན་པ་དང༌། སྤང་བྱ་ཡང་འགྱུར་བདེའི་བག་ཆགས་ཕྲ་མོ་སྤངས་པ་དང༌། འཁོར་དང་ཞིང་ཁམས་ཀྱང་ཟབ་མོའི་དཀྱིལ་འཁོར་ཡིན་པར་འཆད་པ་རྣམས་གཞན་མེད་ཅིང༌། དེ་དག་དངོས་པོའི་གནས་ཚུལ་ལ་ཡང་ཞུགས་པ་ཡིན་ནོ། །དེས་ན། དངོས་གནས་ལ་དེ་བཞིན་གཤེགས་པ་འཛམ་བུའི་གླིང་འདིར་སངས་རྒྱས་སོ་ཞེས་ཟེར་བ་ནི། ལྷས་བྱིན་གྱི་རྨི་ལམ་གྱི་རིའི་རྩེ་མོར་མཆོད་བཞིན་གཉིད་སད་པ་རྣམས་ཁང་བཟང་འདེབས་པར་བྱེད་དོ་ཞེས་ཟེར་བ་དང་མཚུངས་ཤིང༌། མདོར་ན་མ་དག་པའི་སྣང་བ་འདི་རྣམས་དངོས་གནས་ལ་ཡོད་མ་མྱོང་བའི་རྒྱུ་མཚན་གྱིས། བག་ཆགས་ཤིན་ཏུ་སྲབས་པའི་བྱང་ཆུབ་སེམས་དཔའ་དག་པ་བ་ལ་ཡང་མི་སྣང་ན། རྫོགས་པའི་སངས་རྒྱས་ལ་ལྟ་སྨོས་ཀྱང་ཅི་དགོས། ཡོད་པ་ཡང་མ་ཡིན་ཞིང་སྣང་བ་ཡང་མེད་པ་དེར་སུ་ཞིག་སངས་རྒྱས་ཐོབ་པར་འགྱུར། གཞན་ཡང་འདི་རྣམས་དང་འབྲེལ་བ་འདི་ལྟར་གོ་དགོས་ཏེ།


TNT18_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

འོག་མིན་སྟུག་པོ་བཀོད་པའི་ཞིང་ལ་ཡང༌། རྗེས་མཐུན་པ་ས་བརྒྱད་དགུ་ལ་སྣང་བ་དང༌། ཅུང་ཟད་བསྒྲིབས་པའི་ཞིང་ཁམས་ས་བཅུ་པ་ལ་སྣང་བ་དང༌། ཤིན་ཏུ་དག་པའི་ཞིང་ཁམས་སངས་རྒྱས་ཁོ་ན་ལ་སྣང་བ་སྟེ། དངོས་བཏགས་མ་ཕྱེ་ན་གསུམ་ཡོད་ལ། དེ་གསུམ་ལ་རིམ་པར་བཏགས་པ་བ་དང༌། ཙམ་པོ་དང༌། ཁྱད་པར་ཅན་གསུམ་དུ་བརྡའ་སྦྱར་ན་རུང་ངོ༌། །དེ་ལ་ལོངས་སྐུའི་ཞིང་ཁམས་ཞེས་བྱ་ཞིང༌། ལང་གཤེགས་ལས་གསུངས་པའི། གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་ཁྱོད་འཚང་རྒྱའོ། །ཞེས་གཟུགས་ཁམས་ཡིན་པ་དང༌། གཙང་མའི་གནས་དག་སྤངས་པ་ཡི། །འོག་མིན་གནས་མཆོག་ཉམས་དགའ་བར། །ཞེས་གནས་གཙང་མའི་འོག་མིན་མ་ཡིན་པར་ཡང་བཤད་པ་ལྷའི་བུ་དབང་ཕྱུག་ཆེན་པོའི་གནས་དེ་ཡིན་ལ། དེར་འཚང་རྒྱ་ཚུལ་བཤད་པ་འདི་ཡང༌། བོད་སྔ་ཕྱི་ཕལ་ཆེར་དང༌། རྒྱ་གར་གྱི་པཎྜི་ཏ་མང་པོ་དང༌། ད་ལྟར་ཐམས་ཅད་འོག་མིན་སྟུག་པོ་བཀོད་པར་ལོངས་སྐུ་སངས་རྒྱ་ཚུལ་ཡིན་སྙམ་པ་ཆབས་གཅིག་ཏུ་སྣང་མོད། འདི་ཡང་མཆོག་གི་སྤྲུལ་སྐུ་སྟོན་ཚུལ་གཅིག་ཡིན་ཏེ། དེ་འདྲ་བའི་འོག་མིན་དེ་ཡང༌། བྱང་ཆུབ་སེམས་དཔའ་མོས་སྤྱོད་ཤས་ཆེ་བ་རྣམས་དང༌། མ་དག་པའི་ས་ལ་གནས་པའི་འཕགས་པ་འགའ་ཞིག་གི་ཐུན་མོང་གི་དགེ་བའི་ལས་ཀྱིས་སྒྲུབ་པ་ཡིན་ཞིང༌། དེས་ན་གནས་དེར་སྣང་ཚུལ་གྱི་མཆོག་གི་སྤྲུལ་སྐུ་འཚང་རྒྱ་བའི་ཚུལ་སྟོན་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ལ་སྣང་ཞིང་གདུལ་བྱ་ཐུན་མོང་སོ་སོ་སྐྱེ་བོ་སྤྱི་མཐུན་ལ་སྟོན་པའི། འཛམ་གླིང་བྱེ་བ་ཕྲག་བརྒྱར་མཛད་པ་བཅུ་གཉིས་དབྱེ་བ་ཕྲག་བརྒྱ་འབྱུང་བ་ནི་དངོས་སུ་འོག་མིན་གྱི་


TNT18_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་དེས་སྤྲུལ་པ་ཡིན་ཅིང༌། དེ་སྤྲུལ་པ་སྟོན་པ་པོ་ཡིན་པས། མཆོག་གི་སྤྲུལ་སྐུ་རྩ་བ་ནི། འོག་མིན་དབང་ཕྱུག་ཆེན་པོའི་གནས་ན་བཞུགས་པ་དེ་ཡིན་ལ། གཞན་རྣམས་ནི་དེའི་ཡན་ལག་ཡིན་པར་ཤེས་པར་བྱ་ཞིང༌། དེ་བཞིན་དུ་སྟོང་གསུམ་ཐམས་ཅད་ལ་རིགས་འགྲེའོ། །གཞན་ཡང་ཕལ་བོ་ཆེ་ནས། ལེའུ་དགུ་བཅུ་ཙམ་དུ་ཤིན་ཏུ་རྒྱས་པར་བཤད་པའི་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པའི་ཞིང་ཁམས་ཀྱང་སངས་རྒྱས་རྣམ་པར་སྣང་མཛད་སྤྲུལ་སྐུའི་ཞིང་ཁམས་ཡིན་གྱི། འོག་མིན་སྟུག་པོ་བཀོད་པ་ནི་མ་ཡིན་ཏེ། རྒྱ་དང་ཚད་ཡོངས་སུ་ངེས་པ་དང༌། སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་ཞིང་ཁམས་དེ་གསར་དུ་བསྒྲུབ་པ་ཡིན་པར་བཤད་པའི་ཕྱིར། བདེ་བ་ཅན་བཞིན་ནོ། །སྔགས་ཀྱི་ཐེག་པ་ལས། བདེ་བ་ཅན་དང༌། རྣམ་སྣང་གི་ཞིང་ཁམས་སོགས་མང་པོ་ཞིག་ཨེ་ཝཾ་དང་གཅིག་པར་བཤད་ནས། དོན་གྱི་འོག་མིན་ཆེན་པོར་བཤད་པ་དང༌། ལང་གཤེགས་ལས་ཀྱང་སངས་རྒྱས་ཐམས་ཅད་བདེ་བ་ཅན་ནས་འབྱུང་བར་བཤད་པ་སོགས་ནི། ངེས་དོན་མཐར་ཐུག་གི་དབང་དུ་བྱས་ནས་གསུངས་པ་རྡོ་རྗེའི་ཞིང་ཁམས་ལ་དགོངས་པ་ཡིན་ཏེ། འདི་ལ་ད་དུང་གཞན་ཡང་ཟབ་མོ་མང་པོ་བཤད་དུ་ཡོད་དོ། གཞན་ཡང་དུས་ཀྱི་འཁོར་ལོ་ལས། གཙང་མའི་གནས་ལ་སོགས་པར་བཅོམ་ལྡན་གང་ཞིག་རྣམ་པར་བཞུགས་པ་ཉན་ཐོས་རྣམས་ཀྱི་སླད་དུ་སྟེ། ཞེས་གསུངས་པའི་གཙང་གནས་ནི་འོག་མིན་དབང་ཕྱུག་ཆེན་པོའི་གནས་དེ་ཡིན་ལ། མདོ་ལས་དེ་གཙང་གནས་མིན་པར་གསུངས་པ་ནི། ཉན་ཐོས་ཀྱི་སྡེ་སྣོད་ལས་གསུངས་པའི་གཙང་མའི་གནས་ལྔ་པོ་དེ་རྣམས་མིན་པ་ལ་དགོངས་པས།


TNT18_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་གཙང་གནས་ཡིན་པ་མི་འགལ་ལོ། །དཀྱིལ་འཁོར་ཞུགས་ཅིང་དབང་བསྐུར་ན། །གཙང་མའི་གནས་སུ་སྐྱེ་བར་འགྱུར། །ཞེས་གསུངས་པའང་འདི་ཉིད་ཁོ་ན་ཡིན། འོ་ན་དེ་བྱང་ཆུབ་སེམས་དཔའ་ཁོ་ནའི་སྤྱོད་ཡུལ་ཡིན་པས། ཉན་ཐོས་ཀྱི་དོན་ཞེས་པ་དང་འགལ་སྙམ་ན། སྤྲུལ་གཞི་དངོས་ཀྱི་འཁོར་ལ་བསམས་པ་ཡིན་མོད་ཀྱི། ཐེག་ཆེན་ཐུན་མོང་མ་ཡིན་པའི་གདུལ་བྱ་སོ་སོ་སྐྱེ་བོ་དང༌། མ་དག་ས་བདུན་གྱི་འཕགས་པ་འདུལ་བ་ཙམ་ལ་སྟོང་གསུམ་དུ་མི་གཏོགས་པའི་དག་པའི་ཞིང་རང་དབང་ཅན་མངོན་དགའ་ལ་སོགས་པར་མི་འཁྲུགས་པ་ལ་སོགས་པ་སངས་རྒྱས་བཞུགས་པ་དཔག་ཏུ་མེད་པ་ཞིག་ཡོད་པས། དེ་རྣམས་ཀྱིས་གཙོ་བོར་འདུལ་བས། དེ་ཙམ་གྱི་དོན་དུ་འདི་དགོངས་པ་མ་ཡིན་གྱི། འདི་ནི་ཉན་ཐོས་ལ་སོགས་པ་ཐུན་མོང་གི་གདུལ་བྱ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཆོག་གི་སྤྲུལ་སྐུ་རྣམས་སྤྲུལ་པའི་གཞི་ཡིན་པས། དེ་ལྟར་གསུངས་པ་ཡིན་ནོ། །སྤྱིར་དག་པའི་ཞིང་སྤྲུལ་སྐུའི་ཞིང་ཁམས་སུ་གྱུར་པ་འདི་ཀུན་ཀྱང་ཐེག་ཆེན་ཁོ་ནའི་ཁྱད་ཆོས་ཡིན་པ་ལས། བདེ་བ་ཅན་ལ་སོགས་པ་འདི་ཀུན་ནི་ཁམས་གསུམ་ལ་མི་གཏོགས་པའི་དག་ཞིང་རང་དབང་ཅན་ཡིན་པ་དང༌། བྱང་སེམས་འཕགས་པ་གཙོ་ཆེ་བའི་དགེ་བའི་མཐུ་ལས་གྲུབ་པ་ཡིན་ལ། འོག་མིན་དབང་ཕྱུག་ཆེན་པོའི་གནས་དེ་ནི་གཟུགས་ཁམས་སུ་གཏོགས་པར་བཤད་པ་དང༌། ལང་གཤེགས་ཉིད་ལས། ལྷ་ཡི་ཕོ་བྲང་འོག་མིན་པའོ། །ཞེས་ལྷ་གནས་སུའང་བཤད་པས། མ་དག་པའི་ཞིང་ལ་བརྟེན་པས། དག་ཞིང་བཏགས་པ་བ་ཡིན་པའི་ཕྱིར། དེ་གཉིས་ལའང་མཆོག་དམན་ཅུང་ཟད་ཡོད་དོ། །དེ་


TNT18_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་སྔགས་ཀྱི་ཐེག་པར་ཡང་འོག་མིན་དེར་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། འཛམ་གླིང་དུ་སྤྲུལ་པའི་སྐུར་སྟོན་པ་དང༌། གཉིས་ཀ་མ་ཡིན་པའི་རི་རབ་ཀྱི་རྩེ་མོ་སོགས་འདོད་པའི་ཁམས་ཀྱི་ལྷའི་གནས་སུ་ལྷའི་ཐུབ་པའི་ཚུལ་དུ། རང་དབང་ཅན་གྱི་སྤྲུལ་པའི་སྐུ་བསྟན་ཚུལ་གཞན་ཞིག་ཀྱང་རྡོ་རྗེ་མཁའ་འགྲོ་སོགས་ལས་འབྱུང་བས། སྤྱིར་ན་མཆོག་གི་སྤྲུལ་པ་ལ་ཡང་མཐའ་གཅིག་ཏུ་མ་ངེས་པ་སྣ་ཚོགས་པ་ཡོད་པར་ཤེས་དགོས་སོ། །དེ་ཕྱིར་རྒྱལ་ཚབ་བྱམས་པས་ཀྱང༌། སངས་རྒྱས་སྤྲུལ་པ་དཔག་མེད་པ། །སྤྲུལ་པའི་སྐུར་ནི་འདོད་པ་སྟེ། །ཞེས་ངེས་བཟུང་ཕྱོགས་གཅིག་པ་མ་མཛད་པར་བསམ་ཀྱིས་མི་ཁྱབ་པའི་རང་བཞིན་ཅན་དང༌། རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། །གང་དང་གང་ལ་གང་དང་ནི། །གང་ཚེ་བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་དེར་སྣང་ངོ༌། །ཞེས་དང༌། གང་གི་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །ཅེས་སོགས་ཤིན་ཏུ་སྒྲ་ཡང་པར་མཛད་པ་ཡིན་ནོ། །འདིར་སྨྲས་པ། རྡོ་རྗེ་ཐེག་པའི་ཟབ་དོན་འཇུག་ངོགས་ནི། །རྟོག་གེས་ནམ་ཡང་བགྲོད་བྱ་མ་ཡིན་ཞིང༌། །མན་ངག་ཡིན་ཞེས་རྫུ་ཟོབ་དེས་ཀྱང་མིན། །གྲུབ་པའི་མན་ངག་ལག་ལེན་ཡོད་ན་ཤེས། །མཐའ་དག་འབྲི་བར་མི་སྤོབས་ཤིང༌། །ཀུན་ཏུ་འཁྲུལ་བ་མེད་པའང་མིན། །འོན་ཀྱང་འདི་ཙམ་མ་ནོར་སྙམ། །གོ་བདེའི་ཕྱིར་དུ་ཞིབ་མོར་བྲིས། །འདི་ལས་ཡེ་ཤེས་འབར་བ་ཡིས། །ཉེས་ཚོགས་ཚང་ཚིང་ཀུན་བསྲེགས་ནས། །འགྲོ་བ་རྣམས་ནི་ཐམས་ཅད་ཀྱི། །མ་རིག་མུན་པའང་སེལ་བར་ཤོག །ཅེས་པ་འདི་ནི་ཆོས་གྲྭ་ཆེན་པོ་གསེར་


TNT18_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་ཅན་ནས། སྡེ་སྣོད་འཛིན་པ་དཔལ་ལྡན་ཤཱཀྱ་བསྟན་མཛིན་གྱིས། དོགས་གཅོད་ཀྱི་དྲི་བ་བསྐུར་བའི་ལན། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ། །མངྒ་ལ་བི་སྟུ་ར་ཀུ་རུ།


previousདགེ་བཤེས་དཔལ་ལྡན་ཤཱཀྱ་བསྟན་འཛིན་གྱིས་དྲི་ལན་གནད་ཀྱི་གསལ་བྱེད།next