Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
འཆིང་བ་རྣམ་གྲོལ་གྱི་འགྲེལ་པ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཆིང་བ་རྣམ་གྲོལ་གྱི་འགྲེལ་པ།next

འཆིང་བ་རྣམ་གྲོལ་གྱི་འགྲེལ་པ།


TNT18_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

འཆིང་བ་རྣམ་གྲོལ་གྱི་འགྲེལ་པ་བཞུགས།


TNT18_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། འཕགས་པ་སྤྱན་རས་གཟིགས་ཀྱི་ངོ་བོ་བླ་མ་ལ་ཕྱག་འཚལ་ནས་འདི་བཤད་པར་བྱའོ། །རྒྱ་གར་སྐད་དུ། བནྡྷ་བི་མུཀྟོ་པ་དེ་ཤ་ཞེས་བྱ་བ། བོད་སྐད་དུ་བསྒྱུར་ན། འཆིང་བ་རྣམ་གྲོལ་གྱི་མན་ངག་ཅེས་པའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཞེས་འགྱུར་གྱི་ཕྱག་གོ། གཞུང་ཆུང་འདིའི་དོན་ཟབ་ཅིང་རྒྱ་ཆེ་བ་ཡིན་མོད་ཀྱི། ཚིག་དོན་མདོ་ཙམ་བཤད་ན། འདིར་ཐོག་མ་ཁོ་ནར་ཤེས་རབ་ཟབ་མོའི་སྒོ་ནས། འཆིང་བ་རང་གྲོལ་གྱི་མན་ངག་བསྟན་པ་ནི། ཀྱེ་ཧོ་གང་གིས་འཆིང་བར་བྱེད་པའི་རྒྱུ། །དེ་ཉིད་གྲོལ་བར་བྱེད་པའི་ལམ། །འདི་ན་འཆིང་བ་གང་ཡང་མེད། །འཆིང་བ་གང་ཡིན་དེ་གྲོལ་བའོ། །ཞེས་གསུངས་པ་ལས། ཀྱེ་ཧོ་ཞེས་པ་བོད་པའོ། །འཆིང་བར་བྱེད་པའི་རྒྱུ་ནི་ཉོན་མོངས་པ་དང་རྣམ་རྟོག་སྟེ། འཁོར་བ་པ་ཐམས་ཅད་དེའི་རང་བཞིན་མ་ཤེས་པས་བཅིངས་པའོ། །རྣལ་འབྱོར་པ་སེམས་ཀྱི་རང་ཞལ་ལྟ་ཤེས་པས་ཉོན་མོངས་དང་རྣམ་རྟོག་དེ་ཉིད་གྲོལ་བར་བྱེད་པའི་ལམ་དུ་འགྱུར་རོ། །འདི་ན་འཆིང་བྱ་འཆིང་བྱེད་འཆིང་བ་གང་ཡང་དངོས་གནས་ལ་གྲུབ་པ་མེད་པས། མེད་པ་ལྟར་ངོ་འཕྲོད་ན། འཇིག་རྟེན་པ་རྣམས་འཆིང་བར་བྱེད་པ་གང་ཡིན་པ་དེས། རྣལ་འབྱོར་པ་གྲོལ་བར་འགྱུར་བའོ། །ཚིགས་རྐང་དང་པོས་


TNT18_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་གཞི་དུས་དང༌། གཉིས་པས་ལམ་དང༌། ལྷག་མ་གཉིས་ཀྱིས་འབྲས་བུའང་བསྟན་པ་ཡིན་ནོ། །དེ་ནས་ཐབས་ཁྱད་པར་ཅན་གྱི་སྒོ་ནས། འཆིང་བ་རང་གྲོལ་གྱི་མན་ངག་ནི། འདོད་ཆགས་བདེ་བ་ཆེན་པོར་དག །ཞེ་སྡང་འོད་གསལ་མེ་ལྕེ་འབར། །གཏི་མུག་རྣམ་པར་མི་རྟོག་ཉིད། །དུག་གསུམ་སྐུ་གསུམ་ལྷུན་གྱིས་གྲུབ། །ཅེས་གསུངས་ཏེ། རང་བཞིན་སྟོང་ཉིད་ངོ་ཤེས་ལམ་འཁྱེར་དུ་མ་ཟད། ཐབས་ཟབ་ཁྱད་ཅན་འདི་ཡང་ཡོད་དེ། འདོད་ཆགས་ཆེད་ཀྱིས་མ་སྤངས་པར་ཞུ་བདེ་བསྒོམ་པའི་རྐྱེན་གྱིས་རང་བཞིན་བདེ་ཆེན་མངོན་དུ་འགྱུར་བའོ། །ཞེ་སྡང་གི་གསལ་ཆ་དེ་ཉིད་འོད་གསལ་གསལ་སྟོང་དུ་འཆར་བ་དང༌། ཤེས་པ་ཧད་པོ་དང་གཉིད་འཐུག་པོ་སོགས་གཏི་མུག་ཁ་རྒྱལ་བར་ཡང༌། མི་རྟོག་པའི་ཡོན་ཏན་རང་ཆས་སུ་ཡོད་པས། རྣམ་པར་མི་རྟོག་པས་ལམ་དུ་བཏང་ངོ༌། །འདོད་ཆགས་བདེ་བ་ལོངས་སྐུ། ཞེ་སྡང་གསལ་བ་སྤྲུལ་སྐུ། གཏི་མུག་མི་རྟོག་པ་ཆོས་སྐུ་རྣམས་སུ་གདོད་མ་ལྷུན་གྲུབ་ཏུ་གནས་པ་དེ་ཐབས་ཀྱིས་ལམ་དུ་བསྲལ་བར་བྱའོ། །རྒྱ་གར་གྱི་གྲུབ་ཐོབ་ཆེན་པོ་ཤྲཱི་ཛ་གཏྨ་ཏྲ་ཨཱ་ནནྟཱའི་ཞལ་སྔ་ནས་མཛད་པ་འཆིང་བ་རྣམ་གྲོལ་གྱི་མན་ངག་རྫོགས་སོ། །ཞེས་པ་ནི། །མཛད་བྱང་ལོ་ཙཱ་བས་བཅུག་པའོ། །རྒྱ་གར་གྱི་སློབ་དཔོན་དེ་ཉིད་དང་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྒྱུར་བའོ། །ཞེས་པ་ནི་འགྱུར་བྱང་ངོ༌། །འདིའི་དགེ་བས་གནས་ལུགས་མངོན་དུ་འགྱུར་བར་ཤོག་ཅིག །རྒྱས་པར་ཁྲོ་ཕུ་བའི་འགྲེལ་པར་བལྟ་བར་བྱའོ། །ཞེས་པའང༌། ཏཱ་ར་ནཱ་ཐས་སྨྲས་པའོ། །ཞུས་དག །མངྒ་ལཾ། །


previousའཆིང་བ་རྣམ་གྲོལ་གྱི་འགྲེལ་པ།next