Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
ཞིབ་མོ་རྣམ་པར་འབྱེད་པ།
   
   
   
   


 
previousཞིབ་མོ་རྣམ་པར་འབྱེད་པ།next

ཞིབ་མོ་རྣམ་པར་འབྱེད་པ།


TNT18_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཞིབ་མོ་རྣམ་པར་འབྱེད་པ་ཞེས་བྱ་བ་བཞུགས།


TNT18_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི་སིདྡྷི་རསྟུ། གང་ཞིག་དངོས་ཀུན་འདབ་བརྒྱ་ལས། །ཡེ་ཤེས་སྦྲང་རྩིར་སྤྱོད་བྱེད་པ། །དེ་ལ་འཁྲུལ་བར་སེམས་བྱེད་ན། །རིགས་པས་འབད་དེ་གསལ་བར་བྱ། །རྒྱལ་བས་གསུངས་པའི་སྡེ་སྣོད་ཀྱང༌། །མདོར་ན་རྣམ་པ་གཉིས་སུ་འགྱུར། །རྒྱུ་ཡི་ཐེག་པའི་སྡེ་སྣོད་དང༌། །འབྲས་བུ་རིག་འཛིན་སྡེ་སྣོད་དོ། །དང་པོའང་རྒྱལ་བའི་སྲས་ཀྱི་ལམ། །རྫོགས་དང་མ་རྫོགས་དབྱེ་བ་ཡིས། །ཕ་རོལ་ཕྱིན་དང་ཐེག་དམན་གྱི། །སྡེ་སྣོད་གཉིས་སུ་བསྟན་པ་ཡིན། །བདག་ཉིད་ངེས་པར་འབྱུང་འདོད་དང༌། །འགྲོ་བ་སྒྲོལ་འདོད་བློ་ཆེན་དང༌། །ཤིན་ཏུ་དབང་པོ་རྣོན་པོ་ཡིས། །གདུལ་བྱ་རྣམས་ལ་དགོངས་ནས་ནི། །ཉན་ཐོས་ཕ་རོལ་ཕྱིན་པ་དང༌། །སྔགས་ཀྱི་ཐེག་པ་བསྟན་པ་ཡིན། །ཚེགས་ཆུང་དུས་ནི་མྱུར་བ་རུ། །བྱང་ཆུབ་ཐོབ་འདོད་དེ་དབང་རྣོ། །སྐུ་ཡི་རྣམ་པ་མི་སྒོམ་ཞིང༌། །བདེ་བ་དམ་པ་མེད་པས་ན། །


TNT18_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མེད་གསུམ་དུ་ངལ་བྱས་ཀྱང༌། །ད་དུང་མཐར་ཐུག་ཐོབ་མ་ཡིན། །མདོ་ལས་བཤད་པའི་ཆེ་བ་དག །བྱང་ཆུབ་སེམས་དཔའ་ལ་ཡོད་མིན། །དེ་ཕྱིར་ཚུལ་གཉིས་ཐོབ་བྱ་ཡི། །རྫོགས་སངས་རྒྱས་ལ་ཁྱད་པར་མེད། །སངས་རྒྱས་གཉིས་སུ་འདོད་ན་ནི། །ཐེག་པ་བཞི་པ་ཅིས་མ་ཡིན། །མཐར་ཐུག་ཐེག་པ་གཉིས་སུ་འགྱུར། །བཟང་ངན་མེད་ན་ཅི་ཞིག་ཁྱད། །ཅུང་ཟད་མངོན་རྟོགས་ཁྱད་ཡོད་ཀྱང༌། །ཕལ་ཆེར་མཚུངས་ཕྱིར་གཅིག་ཅེ་ན། །ཉན་ཐོས་དང་ནི་རང་རྒྱལ་གྱི། །ཐེག་པའང་གཅིག་ཏུ་སྨྲ་བར་བྱོས་སོ། །ཐོབ་བྱའི་ཡུལ་ལ་ཁྱད་མེད་ཀྱང༌། །ལམ་དེས་ཐོབ་དང་མི་ཐོབ་ཁྱད། །རང་བཞིན་སྟོང་ཉིད་སྒོམ་ཙམ་ལའང༌། ཁྱད་པར་ཡོད་པ་མ་ཡིན་ནོ། །ཕ་རོལ་ཕྱིན་པའི་གཞུང་ལུགས་ལས། །སྤྲོས་བྲལ་ཆོས་སྐུའི་རྣམ་པ་དང༌། །མཐུན་པ་ལམ་དུ་བྱེད་མོད་ཀྱི། །གཟུགས་སྐུའི་རྣམ་པ་ལམ་བྱེད་མེད། །འབྲས་བུ་སངས་རྒྱས་བདེ་བ་ཞེས། །བཤད་ཀྱང་དེ་ཡི་ལམ་མ་བསྟན། །འབྲས་བུ་རྒྱུ་ལས་གཞན་མིན་ཕྱིར། །འདི་ནི་སྔགས་ཀྱི་ཆེ་བ་ཡིན། །སྦྱིན་སོགས་བསོད་ནམས་ཚོགས་རྫོགས་ཤིང༌། །སྨོན་ལམ་མཐུ་ལས་གཟུགས་ཀྱི་སྐུ། །འབྱུང་བར་འགྱུར་ན་ཆོས་སྐུ་ཡང༌། །སྨོན་ལམ་མཐུ་ལས་ཅིས་མི་འབྱུང༌། །གོམས་པ་སྔོན་


TNT18_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མ་གྱུར་པས། །དེ་མི་འབྱུང་ན་གཟུགས་སྐུ་ཡང༌། །འབྱུང་ཞེས་བརྗོད་པར་ནུས་མ་ཡིན། །ལྷ་རུ་སྐྱེ་བ་ཚུལ་ཁྲིམས་ཀྱི། །མཐུ་ལས་བྱུང་གི་ལྷ་ཉིད་དང༌། །རྣམ་པ་མཐུན་པ་ཅི་ཞིག་དགོས། །དེ་ཕྱིར་ལྷག་པ་མིན་ཞེ་ན། །སྐྱེ་འདི་ཉིད་ལ་ཚུལ་ཁྲིམས་ཀྱིས། །ལྷ་རུ་འགྱུར་བ་འགའ་ཡང་མེད། །བྱིས་པའི་མིག་དག་འཕེལ་བ་ལས། །མཐུ་ལྡན་རིང་དུ་མཐོང་བར་འགྱུར། །རྣམ་སྨིན་རྒྱུ་ནི་འབའ་ཞིག་གིས། །གཟུགས་སྐུ་སྒྲུབ་པར་འདོད་པ་ནི། །བྱང་ཆུབ་སེམས་དཔའི་བར་སྲིད་ཉིད། །ལོངས་སྤྱོད་རྫོགས་པར་སྐྱེད་བྱེད་དམ། །བསོད་ནམས་རྣམ་སྨིན་བྱེད་སེམས་ཀྱི། །ལུས་མཆོག་མཚན་དཔེས་བརྒྱན་པ་འབྱུང༌། །དེ་ཡི་རྒྱུ་མཐུན་འབྲས་བུ་ནི། །ལོངས་སྤྱོད་རྫོགས་པའི་སྐུ་ཁོ་ན། །འོན་ཀྱང་སྒོམ་པ་མེད་པའི་ཕྱིར། །སྐྱེ་བ་གཅིག་ལ་སྐུ་མི་འགྲུབ། །གཞན་ཡང་རྒྱལ་བའི་སྐུ་སྒོམ་པ། །སངས་རྒྱས་རྗེས་དྲན་ཡིན་གསུངས་ན། །ལྷ་ཡི་རྣམ་པ་སྔགས་བསྐྱེད་འདི། །སངས་རྒྱས་རྗེས་དྲན་ཅིས་མ་ཡིན། །དེ་ཕྱིར་འདི་ནི་བསྟེན་བྱ་སྟེ། །ཕ་རོལ་ཕྱིན་ལ་མེད་པས་ན། །དེས་ཀྱང་ཐབས་མང་ཉིད་འགྱུར་ཏེ། །དེ་བསྟན་གང་ཡིན་འདི་རུ་ཡོད། །སྟོང་ཉིད་ལྷ་ཡི་སྣང་བ་ཡིས། །ཐ་མལ་སྣང་བ་འགོག་བྱེད་དེ། །རྣམ་པ་འགལ་བའི་མཐུ་ཉིད་ཡིན། །སྦྱིན་སོགས་དགེ་བས་དེ་ལྟར་མིན། །སེམས་ནི་སྒོམ་པའི་གཟུགས་སུ་སྣང༌། །སེམས་ཀྱི་ཚུལ་ལས་ལུས་འགྲུབ་པས། །སྒོམ་པས་ཚེ་འདིར་མི་འགྲུབ་མིན། །ལྷན་སྐྱེས་བག་ཆགས་ཟློག་པའི་ཕྱིར། །སྟོང་ཉིད་སྒོས་ཀྱི་བདེ་བ་མིན། །ཇི་སྙེད་ཤེས་ཕྱིར་ཤེས་བྱ་ནི། །ཀུན་ལ་སློབ་ཅེས་འགལ་བར་སྨྲ། །སྟོང་ཉིད་རང་བཞིན་ཚུལ་ཞུགས་ན། །བདེ་བའང་ཀུན་རྫོབ་ཚུལ་ལ་ཞུགས། །དེ་ཕྱིར་སྒོམ་སྟེ་སྙིང་རྗེ་བཞིན། །སེམས་ཀྱི་རང་བཞིན་སྟོང་པ་ཉིད། །མི་ཤེས་འཁྲུལ་ཕྱིར་སྡུག་བསྔལ་ན། །ཤེས་ན་བདེ་བ་ཀུན་འཐོབ་ཕྱིར། །རང་བཞིན་


TNT18_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཅིས་མ་ཡིན། །མི་རྟག་པ་ལས་སྡུག་བསྔལ་གྱི། །འདུ་ཤེས་འཁྲུལ་མེད་སྐྱེ་བར་གསུངས། །རང་བཞིན་འཇིག་མེད་ལ་བདེ་བའི། །འདུ་ཤེས་འཁྲུལ་བ་མེད་པ་འབྱུང༌། །བདེ་མིན་བདེ་བར་འདུ་ཤེས་ན། །འདུ་ཤེས་འཁྲུལ་བ་ཅི་ཕྱིར་མིན། །རྟེན་ཅིང་འབྲེལ་འབྱུང་ལ་སོགས་པ། །ཇི་སྙེད་ཆོས་ཀུན་སྒོམ་བྱེད་ན། །བདེ་བ་ཁོ་ནས་ཅི་ཞིག་ཉེས། །སྔགས་དང་ལས་ཚོགས་དངོས་གྲུབ་སོགས། །ཐབས་མང་གཞན་ཡང་འདིར་ཡོད་དོ། །དཀའ་བ་མེད་པར་མྱུར་འགྲུབ་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །འདོད་ཆགས་ལམ་བྱེད་མི་བྱེད་ཀྱང༌། །མདོ་དང་སྔགས་ཀྱི་ཚུལ་ལ་མཐོང༌། །སྔགས་དང་རྒྱུ་སྦྱོར་ལམ་གྱིས་ནི། །དངོས་གཞི་སྟོན་དང་མི་སྟོན་ཁྱད། །བདེ་དང་མྱུར་བའི་ཁྱད་པར་གྱི། །རྡོ་རྗེ་ཐེག་པ་གཙོ་བོའི་གཙོ། །དཔལ་ལྡན་རྡོ་རྗེ་སློབ་དཔོན་གྱིས། །འདི་ནི་ཡོངས་སུ་བསྟན་པ་ཡིན། །འདི་ནི་མདོ་སྡེར་ཤིན་ཏུ་རྒྱས། །མ་མོ་དང་ནི་འདུལ་བའང་ཡོད། །རིག་འཛིན་སྡེ་སྣོད་གཞན་ཞིག་ནི། །མ་མཐོང་ཕྱིར་ན་འདི་ཁོ་ན། །དྲག་ཤུལ་བུད་མེད་སྦྱོར་སྔགས་སོགས། །འདི་དག་ཐབས་མཁས་དག་ལ་གནང༌། །དགག་བྱ་གཙོ་བོར་ལྡན་པ་ན། །སྔགས་ལས་ཀྱང་ནི་དེ་དག་བཀག །བྱང་ཆུབ་སེམས་ལ་རེག་སོགས་ལས། །ཏིང་འཛིན་ཐོབ་ཅེས་མདོ་ལས་བཤད། །དེ་དགུག་སྔགས་བཟླས་སྒྲིབ་བྱང་སྟེ། །མྱུར་ནས་གྲོལ་བ་སྟོན་ཅེས་གསུངས། །༣༣ རྡོ་རྗེ་ཐེག་པའི་ཁྱད་པར་འཕགས་པ་བསྟན་པ་སྟེ་ལེའུ་དང་པོའོ།། །།ལྷ་ཡི་རྣལ་འབྱོར་སོགས་བདེ་བ། །སྒོམ་གྱི་སྟོང་ཉིད་དེ་ལྟར་མིན། །གཟུགས་ཀྱི་སྐུ་ནི་དེ་ཡིས་འགྲུབ། །ལྟ་ངན་རང་བཞིན་ཤེས་པས་བཟློག །དེ་ཉིད་མི་ཤེས་དེ་སྐད་སྨྲ། །བདག་འཛིན་ལྷན་སྐྱེས་མ་སྤངས་ན། །ཐར་བ་ཐོབ་པ་ག་ལ་ཞིག །དེ་ཡང་རྣམ་པ་འགལ་བའི་སྤོངས། །ཤེས་རབ་དེ་ཉིད་བསྒོམ་བྱ་སྟེ། །གསལ་སྣང་རབ་ཀྱི་མཐར་ཐུག་འགྱུར། །འདི་ཡིས་བདག་འཛིན་བཟློག་འགྱུར་གྱི། །རྗེས་སུ་དཔག་པ་སྐྱེས་པས་མིན། །


TNT18_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན་ཤེས་པ་ཙམ་གྱིས་ནི། །འབད་མེད་གྲོལ་བར་མི་འགྱུར་རམ། །ཆོས་སྐུ་མ་སྒོམ་འགྲུབ་འགྱུར་ན། །གཟུགས་ཀྱི་སྐུ་ཡང་ཅིས་མི་འགྲུབ། །གཟུགས་སྐུ་ཆོས་སྐུ་མེད་ན་མིན། །སེམས་ཀྱི་ཡོན་ཏན་མཐར་ཐུག་པ། །མེད་པར་རྣམ་སྨིན་མཐར་ཐུག་མེད། །ཡེ་ཤེས་ཚོགས་ནི་སྒོམ་བྱེད་ན། །བསོད་ནམས་ལྷག་པར་འགྲུབ་པར་འགྱུར། །ཤེས་རབ་སྒོམ་པའི་ཉིན་གཅིག་ཀྱང༌། །གཞན་གྱིས་བསྐལ་པ་དུ་མར་མིན། ཁ་ཅིག་རྫོགས་སངས་རྒྱས་པ་ཡི། །གཉིས་མེད་ཡེ་ཤེས་རྒྱུ་མཐུན་ལས། །འབྱུང་ཕྱིར་སྤྲོས་བྲལ་བསྒོམ་བྱ་ཡི། །ཐབས་གཞན་མཁས་ལ་མི་དགོས་ལ། །ཟབ་མོས་འཇིགས་རྣམས་དྲང་ཕྱིར་དང༌། །སྐུར་འདེབས་ཆད་ལྟ་དགག་པ་དང༌། །བཟླས་སྒོམ་ཞི་སོགས་བསྒྲུབ་ཕྱིར་ཏེ། །མཆོག་འདོད་པ་ལ་དེ་མི་དགོས། །སྤྲིན་དང་བྱི་བ་དཀར་ནག་དཔེས། །རྣམ་རྟོག་ཐམས་ཅད་ཆོས་ཉིད་ལ། །ཤིན་ཏུ་སྒྲིབ་བྱེད་ཡིན་ནོ་ལོ། །འཁྲུལ་ཤེས་ཕྱིར་ན་རྣམ་གཡེང་ཅན། །རྣམ་པར་རྟོག་ཕྱིར་ཏིང་འཛིན་མེད། །དེ་མ་ཡིན་ལ་དེར་འཛིན་ཅན། །གསལ་བར་སྣང་ལ་མིན་ཞེས་ཟེར། །རྒྱུ་མཐུན་མེད་ན་གཉིས་མེད་ཀྱི། །ཡེ་ཤེས་ནམ་ཡང་འབྱུང་མེད་ན། །སྔོན་ནས་འགྲོ་ཀུན་འཕགས་པར་འགྱུར། །ཞི་སོགས་འགྲུབ་པར་མི་འགྱུར་ན། །མཆོག་འདོད་འདི་ལས་ཐ་ཤལ་ཅི། །འགྲུབ་ན་སྟོང་ཉིད་སྟོན་པར་རིགས། །རྣམ་རྟོག་དེས་ནི་མངོན་སུམ་དུ། །ཆོས་ཉིད་མཐོང་བ་མ་ཡིན་ཀྱང༌། །རྒྱུར་འགྱུར་དད་པ་ལ་སོགས་བཞིན། །ཀུན་རྟོག་ཀུན་གྱིས་སྒྲིབ་ཅེས་བཏགས། །ཡང་ན་མི་རྟོག་ཡེ་ཤེས་དེ། །འབད་མེད་སྐྱེས་ནས་ཀུན་གྲོལ་འགྱུར། །འདུན་པ་མེད་ན་འཇོག་མེད་པས། །ཡང་ན་ནམ་ཡང་སྐྱེ་མི་སྲིད། །འདུན་སེམས་ཀྱིས་ཀྱང་ཅིས་མི་སྒྲིབ། །ཐ་མར་སྒྲིབ་ཀྱང་རེ་ཞིག་དེ། །མི་རྟོག་སྒྲུབ་ཕྱིར་རྟེན་ཞེ་ན། །ཐབས་གཞན་དག་ཀྱང་


TNT18_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཅིས་མི་བསྟེན། །རིག་པས་དཔྱོད་པ་རྣམས་ལ་ནི། །དགྲ་ལྟར་ལྟ་བ་ཀུན་ལ་ཡང༌། །རིག་པ་འདི་ནི་འཇུག་འགྱུར་ཏེ། །བློ་ལྡན་རྣམས་ཀྱིས་དཔྱོད་པར་གྱིས། །བསྐྱེད་རིམ་མཚན་བཅས་རྫོགས་རིམ་སོགས། །སྤྲོས་པ་ཡིན་ཕྱིར་སྤོང་པ་དང༌། །གཡུལ་དང་བུད་མེད་དོན་གཉེར་སོགས། །རང་ངོ་ཤེས་ནས་རུང་ངོ་ཞེས། །འདི་འདྲའི་ཚིག་ལའང་བདེན་པར་འཛིན། །ཕྱོགས་འདིའི་བླུན་པོ་མ་གཏོགས་པ། །ཡུལ་གཞན་དག་གི་བླུན་པོ་ཡང༌། །འདི་ལ་ག་ཞར་ཅིས་མི་བྱེད། །རང་ངོ་ཤེས་ན་ཉོན་མོངས་ནི། །བླང་དུ་རུང་ན་སྤྲོས་བཅས་དགེ རང་ངོ་ཤེས་པས་ཅིས་མི་བྱེད། །རང་ངོ་ཤེས་པ་མཉམ་པོ་ལ། །དགེ་བ་ཅིའི་ཕྱིར་ན་སྤོང༌། །ཕུང་པོ་རྣམ་དཔྱད་སྟོང་ཉིད་ནི། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་བ་མིན། །སྦྱིན་སོགས་ཡོངས་སུ་གོམས་པ་ལས། །རྣམ་ཀུན་མཆོག་ལྡན་སྟོང་ཉིད་འགྲུབ། །ཟབ་མོ་གཅིག་པུ་སྒོམ་པས་མིན། །བློ་དམན་དོན་དུ་གསུངས་པའི་ཕྱིར། །ལས་དང་པོ་ལ་དགོས་པར་གྲུབ། །རྣལ་མའི་སྦྱོར་བ་རྟོགས་ནས་ནི། །བཅོས་མ་མི་བྱ་ཞེས་གསུངས་ལ། །ཆུ་ཡི་ཕ་རོལ་མ་ཕྱིན་པར། །གྲུ་གཟིངས་འདོར་བ་བླུན་པོའི་ལུགས། །དགེ་བ་རྩ་བ་མ་རྫོགས་པར། །སྟོང་པའང་མཐར་ཕྱིན་མིན་ཞེས་བསྟན། །རྣམ་པར་རྟོག་ཅིང་ཏིང་འཛིན་དག །འགྲུབ་མི་ནུས་ན་ཞི་གནས་ཀུན། །རང་བྱུང་ཉིད་དུ་སྐྱེ་བར་འགྱུར། །ཏིང་འཛིན་ཕལ་གྱི་དམིགས་པ་ཡང༌། །རྣམ་པར་རྟོག་དང་བཅས་པ་ཡིན། །དོན་དམ་ལ་ལྟོས་འཁྲུལ་སྤོང་ན། །སེམས་དང་སེམས་བྱུང་ཀུན་འཁྲུལ་བས། །འཚང་རྒྱ་བ་དག་མེད་པར་འགྱུར། །མི་སྡུག་ཟད་པར་ལ་སོགས་པ། །ལོག་པར་འཁྲུལ་ཡང་དེ་བསྒོམ་བྱ། །གསལ་བར་སྣང་བ་མཐོང་བ་ན། །རྟོག་ལས་རྟོག་མེད་སྐྱེ་བ་སྟེ། །འདོད་ལྡན་རྣམས་ལ་ཆགས་


TNT18_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་བཞིན། །དཔྱོད་དང་སྒོམ་པ་འབྲས་དང་བཅས། །བུད་མེད་གཟུགས་ཀྱང་འདོད་ལྡན་ལ། །རེས་འགའ་གསལ་གྱི་རྟག་མིན་ལྟར། །ལྷ་ཡང་བརྟན་པར་མི་འགྱུར་མིན། །དེ་ནི་རྣམ་གཡེང་གོམས་པ་དང༌། །འདི་ནི་རྩེ་གཅིག་ཚུལ་གྱིས་སྒྲུབས། །ཆ་གཅིག་མཐོང་ཚེ་གཞན་མིན་པས། །སྐུ་ཡང་འགྲུབ་པ་མེད་སྙམ་ན། །སོ་སོར་རྟོག་པ་གཉིས་མེད་ཀྱང༌། །གསལ་བར་སྣང་བ་གཅིག་ཆར་སྣང༌། །གཅིག་ཅར་དབང་ཤེས་ལྔ་འཇུག་བཞིན། །རྟོག་པས་ཅིག་ཅར་མི་འཛིན་ཀྱང༌། །དེ་ཡི་རྒྱུད་འགྱུར་ཤིན་ཏུ་ཡོད། །འཁྱུད་ཚེ་འོ་བྱེད་མི་རིག་ཅིང༌། །གདོང་ལྟས་ནུ་མ་མི་མཐོང་སོགས། །མི་མཐོང་འདོད་སྤྱོད་མེད་པར་འགྱུར། །ཀུན་རྫོབ་དོན་དམ་མ་ཕྱེད་པར། །ལྷ་དག་དགའ་བའི་སྤྱོད་ལ་ལྟོས། །བསམ་པ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེ་དེའི་རང་བཞིན་འགྱུར་ལྷ་མོ། །སྣ་ཚོགས་གཟུགས་ཅན་ནོར་བུ་འདྲ། །ཞེས་པའང་རུང་དུ་གསུངས་པ་ཡིན། །༣༡ ལམ་ཕྱོགས་རེ་བ་དགག་པའི་ལེའུ་སྟེ་གཉིས་པའོ།། །།རྡོ་རྗེ་ཐེག་པ་འདི་ལ་ནི། །ཉོན་མོངས་ལམ་དུ་བྱེད་མཐོང་སྟེ། །མི་མཁས་ཉོན་མོངས་སྤངས་ཟིན་ནས། །ཉོན་མོངས་ལྟ་བུར་སྤྱོད་ཅེས་འདོད། །བཀག་པའང་སྤྱོད་པར་གནང་བ་སྟེ། །རྣལ་འབྱོར་དེ་ཉིད་ལྡན་གྱུར་ན། །ངན་ཟོས་ངན་སྤྱོད་ཐམས་ཅད་ཀྱང༌། །སྒྲིབ་པ་དག་ཏུ་ཡོངས་མི་འགྱུར། །འོན་ཀྱང་དམིགས་པའི་ལྟ་བ་ཅན། །རབ་ཏུ་ཞེན་པ་བསལ་བའི་ཕྱིར། །སྙིང་རྗེའི་བདག་ཉིད་ཅན་གྱིས་ནི། །ལུང་བཞིན་རིགས་པས་གསལ་བོར་དབྱེ། །དེད་དཔོན་སྙིང་རྗེ་ཆེན་པོ་ཡིས། །ཐབས་མཁས་ལྡན་པས་གཡོ་ཅན་བསད། །དེ་ཡིས་བསྐལ་མང་ཚོགས་རྫོགས་ཤིང༌། ཁྱེའུ་སྐར་མར་གྱུར་བའི་ཚེ། །ཚོང་དཔོན་བུ་མོར་ལོངས་སྤྱོད་པའང༌། །བྱང་ཆུབ་ཉེ་བའི་མཆོག་གྱུར་ཅེས། །དངོས་པོའི་རང་བཞིན་ཤེས་པ་དང༌། །སྙིང་རྗེ་ཆེན་པོའི་མཐུ་ཡང་བསྟན། །ཚངས་སྤྱོད་ལམ་གྱིས་མངོན་པར་


TNT18_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན། །བུད་མེད་ཁྲག་ཁྲིག་ཀུན་སེམས་རྒྱུ། །ཆོས་རྔ་དབྱངས་ཆེན་རབ་སྒྲོག་པ། །ཐེག་པའི་དམ་པས་བདག་བསྟན་གསོལ། །དེ་སྐད་སྡོང་པོ་བཀོད་པར་གསུངས། །གྲོང་ཁྱེར་སྐྱེ་བོའི་མི་གཙང་ལུད། །བུ་རམ་ཤིང་གི་ཞིང་ལ་ཕན། །བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད། །སངས་རྒྱས་ཆོས་ཀུན་སྐྱེད་པའི་གཞི། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འཛིན་པས་དུག་ཏུ་འགྱུར་བ་ཡིན། །དུག་ནི་ཉེ་བར་ཞི་གྱུར་ན། །དུག་ནི་དུག་མེད་བྱས་པ་ཡིན། །བདུད་རྩི་རིམ་གྱིས་བརྟེན་ན་ནི། །བདུད་རྩི་ཉིད་དུ་འགྱུར་བ་ཡིན། །བླུན་པོ་གང་གིས་འཆིང་འགྱུར་བ། །དེ་ཡིས་མཁས་པ་ཡོངས་གྲོལ་ཞེས། །བྱང་ཆུབ་རྣམ་པར་བསྒོམ་ན་ནི། །འདི་དག་ཐམས་ཅད་ཕྱིན་ཅི་ལོག །གང་གིས་རྨོངས་པ་འཆིང་འགྱུར་ཞིང༌། །ངུ་འབོད་མཐའ་ནི་དེ་འགྲོ་བ། །དེ་ཉིད་ཀྱིས་ནི་གྲོལ་གྱུར་ཅིང༌། །ཤེས་རབ་སྟོབས་ཀྱིས་བདེ་བ་འཐོབ། །ཡིད་འོང་བདེ་བའི་འབྲས་བུ་ནི། །བླ་མེད་གསལ་བ་བློ་ཡིས་མཐུ། །འབྲས་བུ་དོན་གཉེར་རྒྱུ་བསྒྲུབ་ན། །དེར་ནི་བློ་ལྡན་སུ་ཞིག་འགོག །དཀའ་ཐུབ་སྡོམ་པ་མི་བཟད་པས། །ལུས་ནི་སྐམས་ཤིང་སྡུག་བསྔལ་འགྱུར། །སྡུག་བསྔལ་གྱིས་ནི་སེམས་གཡེང་ཏེ། །གཡེང་བས་དངོས་གྲུབ་གཞན་དུ་འགྱུར། །ལུས་དང་སེམས་ནི་བརྟན་བྱས་ན། །བདེ་བ་ཐམས་ཅད་བརྟན་པར་འགྱུར། །ལུས་དང་ངག་དང་སེམས་རྣམས་ནི། །བདེ་བར་གནས་ན་བྱང་ཆུབ་འཐོབ། །གཞན་དུ་དུས་མིན་འཆི་བ་དང༌། །དམྱལ་བར་ངེས་པར་འཚེད་པར་འགྱུར། །དཀའ་ཐུབ་སྡོམ་པ་མི་བཟད་པས། །བསྟེན་པས་འགྲུབ་པར་མི་འགྱུར་གྱི། །འདོད་པའི་ལོངས་སྤྱོད་ཐམས་ཅད་ཀྱིས། །བསྟེན་ན་མྱུར་དུ་འགྲུབ་པར་འགྱུར། །བཀག་པ་དག་ཀྱང་བྱེད་པས་ན། །བྱ་དང་བྱ་མིན་རྣམས་སྤངས་ཏེ། །པདྨ་ལ་ནི་འདམ་གྱིས་བཞིན། །ངོ་བོ་ཉིད་ཤེས་གོས་མི་འགྱུར། །ཆགས་པས་འཇིག་རྟེན་འཆིང་འགྱུར་བ། །འདོད་ཆགས་ཉིད་ཀྱི་རྣམ་


TNT18_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་འགྱུར། །འདོད་ཆགས་རྙོག་མེད་ཆགས་བྲལ་འཇོམས། །བདེ་བ་ཐམས་ཅད་སྦྱིན་པར་བྱེད། །གང་ཞིག་དགེ་སློང་དངོས་གནས་དང༌། །གང་ཡང་རྟོག་གེ་ལ་དགའི་མི། །གང་ཞིག་རྒན་པོར་གནས་གྱུར་པ། །དེ་ལ་དེ་ཉིད་བསྟན་མི་བྱ། །ལས་ཀྱི་ཕྱག་རྒྱ་གང་སྤངས་ནས། །བྱང་ཆུབ་སེམས་ནི་རབ་བརྟན་པ། །གཞན་གྱིས་མཚོན་པས་མི་མཐོང་སྟེ། །དང་པོའི་ལས་པས་རིག་བྱ་བ། །ཐོག་མ་བར་མཐའ་དྲི་མེད་པ། །གནས་ཏེ་གཞན་དུ་ནུས་མ་ཡིན། །བདག་ཏུ་དམིགས་པར་མི་བྱ་ཞིང༌། །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །རྡོ་རྗེ་སེམས་དཔའ་རང་ཉིད་བཞུགས། །དེ་ལྟར་བསམ་ནས་རྣལ་འབྱོར་གྱིས། །དབང་པོས་གང་ལའང་བརྙས་མི་བྱ། །དཀོན་མཆོག་གསུམ་ལ་དད་ཅིང་གུས། །བྱང་ཆུབ་སེམས་ཀྱིས་རྣམ་པར་བརྒྱན། །སེམས་ཅན་ཀུན་ལ་རྗེས་སུ་བརྩེ། །དམ་ཚིག་དང་ནི་སྡོམ་ལ་གནས། །གཞི་མཉམ་ཁྲག་དང་ཤ་ཉིད་དག །བྱང་ཆུབ་སེམས་དང་རབ་བསྲེས་ལ། །ཆུ་ཆེན་དང་ནི་ཡང་དག་ལྡན། །དེ་ཉིད་རིག་པའི་རྟག་ཏུ་བཟའ། །མི་ཁྱི་རྟ་དང་བ་ལང་སྒྲོན། །སྣ་ཆེན་དང་ནི་ཁུར་བསྐྱེད་ཀྱིའང༌། །རྟོག་པ་ཐམས་ཅད་རྣམ་སྤངས་ནས། །དེ་ཉིད་གྲུབ་ཕྱིར་བཟའ་བར་བྱ། །སྲིད་གསུམ་ལས་བྱུང་བསད་བྱ་ཞིང༌། །ཕ་རོལ་ནོར་ནི་འཕྲོག་པ་དང༌། །གཞན་གྱི་བུད་མེད་ལ་འདོད་སྤྱོད། །རྫུན་གྱི་ཚིག་ནི་སྨྲ་བར་བྱེད། །ཐབས་ཆེན་ཡང་དག་ལྡན་པ་ཡི། །རྣལ་འབྱོར་འཇིག་རྟེན་དོན་སྒྲུབ་པ། །དེ་ལ་བྱ་བ་མི་བྱ་མེད། །ཤེས་རབ་ཐབས་དང་ལྡན་པ་ལ། །སྡིག་པར་གྲགས་པ་ཡོངས་མེད་ཅེས། །རྡོ་རྗེ་འཛིན་པ་ཉིད་ཀྱིས་གསུང༌། །རྣལ་འབྱོར་པ་ཡི་སེམས་སྦྱངས་ཕྱིར། །བུ་མོ་ལ་སོགས་རྗེས་སུ་གནང༌། ༢༧ །རྟོག་པའི་ཆུ་ཡིས་གང་བ་ཡི། །འཁོར་བའི་རྒྱ་མཚོ་ཆེན་པོ་ནི། །རྡོ་རྗེ་ཐེག་ལ་མ་ཞོན་པར། །སུ་ཞིག་ཕ་རོལ་འགྲོ་བར་འགྱུར། །ཤིན་ཏུ་མི་བསྲུན་དགྲ་བོ་དག ཁ་ཅིག་གསུག་གིས་བསླུས་བྱས་ཏེ། །དཔའ་བོ་


TNT18_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

གཡུལ་དུ་འཇོམས་པར་བྱེད། །ཕོ་བྲང་བསྲུང་བས་ཐུལ་མ་ཡིན། །འདོད་ཆགས་རྟོག་པ་ཐག་བསྲིངས་པས། །དེ་འཇོམས་ཤིན་ཏུ་ནུས་མ་ཡིན། །དེ་ཉིད་རང་བཞིན་ཤེས་བྱས་ནས། །དྲུང་དུ་བསྙེན་པས་འཇོམས་པར་བྱེད། །འདི་ལྟར་ཀུན་ནས་སློང་བའི་སེམས། །ཉོན་མོངས་ཅན་དང་ཡུལ་དེ་ལ། །དེ་རུ་འདུ་ཤེས་མ་འཁྲུལ་ཞིང༌། །བདག་ཉིད་དགེ་སློང་འདུ་ཤེས་ཅན། །ལས་དེ་ལ་ཡང་དེར་ཤེས་ན། །ཕས་ཕམ་ལ་སོགས་ལྟུང་བ་ཞེས། །དཔང་གྱུར་མཁྱེན་པའི་གཟིགས་རྣམས་གསུངས། །ཆོས་རྣམས་སྔོན་དུ་ཡིད་འགྲོ་ཞིང༌། །ཡིད་ནི་གཙོ་བོ་ཡིན་ཞེས་གསུང་ས། །དགེ་སློང་རང་གི་ཕ་རྒན་ལ། །མྱུར་ལྡོང་ཞེས་ནི་བསྐུལ་བའི་ཕྱིར། །ཕུལ་བའི་དེ་ནི་ཤི་གྱུར་ཀྱང༌། །མཚམས་མེད་སྦྱོར་བ་མ་ཡིན་ནོ། །ཤིན་ཏུ་ན་བའི་དགྲ་བཅོམ་པས། །དགེ་སློང་ནད་གཡོག་བྱེད་པ་ལ། །ང་ཡི་མགྲིན་པ་སྡོམས་ཞེས་བསྐུལ། །དེ་ཤི་ན་ཡང་སྐྱོན་མེད་བསྟན། །འདུ་ཤེས་གཞན་གྱིས་གཞན་དག་གི ཤི་ཡང་ཉེས་དེ་མི་སྤྱོད་པར། །འདི་འདྲ་ལུང་ལས་གསལ་བོར་བསྟན། །དེ་ཕྱིར་སེམས་དགེ་ཉེས་པ་མེད། །དེ་འདུས་བྱ་བའི་བློ་ཡིས་ནི། །མཆོད་རྟེན་བཤིགས་ཀྱང་ཉེས་མེད་དེ། །ཉེ་བའི་མཚམས་མེད་བྱས་པས་ཀྱང༌། །བསོད་ནམས་ཕུང་པོ་འབའ་ཞིག་གོ །དེ་ཕྱིར་བསམ་པའི་རྩ་བ་ལ། །བསོད་ནམས་སྡིག་པ་རྣམ་པར་གནས། །དགའ་མགུར་སྤྱོད་པའི་རྨི་ལམ་དག །འདུལ་ལ་ཉེས་པ་མེད་པར་བསྟན། །དངོས་དང་རྨི་ལམ་དག་ཏུ་ཡང༌། །སྡིག་དང་བསོད་ནམས་ཀུན་མཚུངས་ཏེ། །མོས་པས་དགེ་བ་འཕེལ་འགྱུར་སོགས། །ཤེས་རབ་ཕ་རོལ་ཕྱིན་པར་གསུངས། །ལུས་དང་ངག་གི་སྤྱོད་པའི་ཚུལ། །རྨི་ལམ་སྣང་བ་འབྲས་མེད་ཉིད། །གང་དུ་ཡིད་ཀྱིས་རྣམ་གཡོ་བ། །རྨི་ལམ་སད་ལ་བྱེ་བྲག་མེད། །ཆོས་རྣམས་རྨི་ལམ་ལྟར་ཤེས་ན། །ལུས་ངག་ཡིད་ཀྱི་ཉེས་ལས་གྲོལ། །སེར་སྐྱ་བཟང་མོ་དགེ་སློང་མ། །


TNT18_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྐྱེས་དགྲ་ཡིས་ལོག་ཞུགས་ཀྱང༌། །དེ་ལ་ཕས་ཕམ་མེད་པར་བསྟན། །གཡོ་ཅན་ལྔ་བརྒྱས་བསྒྲོད་གྱུར་ཀྱང༌། །དགེ་སློང་མ་ནི་བཟང་མོ་སྐྱེས། །ཉེས་པ་མེད་ཅེས་བསྟན་པ་ཡིན། །ཉོན་མོངས་སྤངས་པ་མ་ཡིན་ཀྱང༌། །དགེ་སློང་གཉིད་ཀྱིས་ནོན་པ་ལ། །ཤིང་ཐུན་མོ་ཡིས་བཙལ་བ་ཡང༌། །མ་ཚོར་བས་ན་ཉེས་མེད་གསུངས། །ཀླུ་མོ་དང་ནི་ཅེ་སྤྱང་མོར། །རེག་པ་བདག་གིར་མ་བྱས་ཏེ། །འདོད་སྤྱོད་ཕམ་པར་མ་གྱུར་པས། །འཁྲིག་པ་ལ་དངོས་གཙོ་བོ་སྟེ། །འདུ་ཤེས་གཙོ་བོར་མེད་ཅེས་པ། །དགོས་པ་གཟིགས་པས་གསུངས་པ་སྟེ། །སྔཽན་གྱི་བསྟན་ལ་བུད་མེད་དག །རབ་བྱུང་དགག་བྱ་མེད་ཅེས་པའང༌། །དངོས་པོ་དག་ལ་ཁྱད་མེད་པས། །བསམ་དང་འདུ་ཤེས་ཁྱད་པར་བསྟན། །འཇིག་རྟེན་སྣ་ཚོགས་འདོད་མིན་གྱི། །འདོད་པས་ཀུན་རྟོག་ཡིན་པས་ན། །འཇིག་རྟེན་སྣ་ཚོགས་གནས་ཀྱང་ནི། །བརྟན་རྣམས་འདུན་པ་འདུལ་ཞེས་གསུངས། །རང་བཞིན་ཤེས་པས་འདོད་ཡོན་ལ། །སྤྱོད་པ་མདོ་སྡེར་རྗེས་སུ་གནང༌། །འདུ་ཤེས་རྣམ་པར་བཤིག་བྱས་ལ། །བདག་དང་གཞན་དུ་མི་ཤེས་པས། །དེ་ལ་དེར་ཤེས་རྣམ་པར་ལོག །ཡུལ་དང་ཡུལ་མིན་མཉམ་སྒོམ་པས། ཡུལ་ལ་ངེས་པའི་འདུ་ཤེས་མེད། །གང་ཡང་རྣམ་པར་རྟོག་མེད་པ། །དེ་ལ་ཉེས་པ་ཡོད་མིན་ཏེ། །ཇི་ལྟར་སེམས་མེད་ཤིང་སོགས་བཞིན། །རྒྱུ་ཡི་དུས་ན་འདོད་ཆགས་དག །ཡོད་ཀྱང་ཉེས་འགྱུར་མ་ཡིན་ཏེ། །འདོད་ཆགས་ལྡན་པ་གཉིད་ལོག་བཞིན། །རང་གི་ལྷག་པའི་ལྷར་སྦྱོར་བས། །དགེ་སློང་དགེ་བསྙེན་ཁྱིམ་པ་དང༌། །བུད་མེད་སོགས་སུ་འདུ་མི་ཤེས། །རྡོ་ཤིང་འདུ་ཤེས་བུད་མེད་ལ། །རེག་པ་ཉེས་མེད་འདུལ་ལས་བསྟན། །རྫཽགས་སངས་རྒྱས་སུ་འདུ་ཤེས་ན། །ཅི་ཕྱིར་ཉེས་པ་བསྟན་པར་འདོད། །ཇི་ལྟར་སྣང་བ་ཐམས་ཅད་ནི། །འཁྲུལ་བ་ཉིད་དུ་རྣམ་གནས་ཤིང༌། །ཅི་ཙམ་འདུ་ཤེས་ཀུན་འཁྲུལ་ན། །འཁྲུལ་དང་མ་འཁྲུལ་རྣམ་ཕྱེ་བའང༌། །ངེས་དོན་མི་ཤེས་ངོར་


TNT18_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའོ། །དེ་ཉིད་རིག་ལ་འདུ་ཤེས་མེད། །འདུ་ཤེས་ཐམས་ཅད་འཁྲུལ་བར་མཐོང༌། །འདོད་ལ་དགའ་བ་མ་ཡིན་ཏེ། །བདེ་བའི་ཕྱིར་ནི་བསྟེན་པ་དང༌། །རང་གི་ལྷ་ཡི་བདག་ཉིད་སྦྱོར། །རྣམ་པར་མི་རྟོག་དམིགས་སུ་མེད། །བདེ་བ་རང་བཞིན་མེད་ཤེས་ཤིང༌། །ལས་ལའང་དེར་ཤེས་ཡོད་མིན་ལ། །མཆོད་དང་ལམ་དུ་མངོན་པར་རྟོགས། །སྙིང་རྗེ་ཆེ་དང་ཡི་རང་དང༌། །ཡོངས་སུ་བསྔོ་དང་བྱང་ཆུབ་སེམས། །བདག་དང་གཞན་དུ་བརྗེ་བ་དང༌། །སྤྲོས་དང་བྲལ་བའི་ཤེས་རབ་ཀྱི། །དགག་བྱ་དགོས་པའི་དབྱེ་ཤེས་པས། །ཐབས་མཁས་ཁྱད་པར་འབྱུང་བ་ནི། །ཐེག་ཆེན་ཀུན་ལས་མཐུན་པར་བཤད། །དེ་དག་ཀུན་ཡང་འདི་ལ་ཡོད། །ཉེས་སྤྱོད་སྡོམ་ལས་མི་ལྡོག་པས། །སོ་སོར་ཐར་པ་རྣམས་ཉམས་མེད། །གྲུབ་པ་མཁས་པ་མང་པོ་དག །དགོས་པ་ཆེན་པོ་མཐོང་བས་ན། །རྟགས་ཙམ་ཕུལ་བ་ཉིད་ཡིན་གྱི། །དེ་ཡི་སྡོམ་པ་ཕུལ་བ་མེད། །ཆོས་ཀུན་སྒྱུ་མར་མཐོང་བ་དང༌། །འབུལ་སེམས་ཇི་བཞིན་མེད་ཕྱིར་རོ། །གྲུབ་པ་རྣམས་ལ་ཉེས་མེད་པས། །དེ་ཕྱིར་སེམས་ཉིད་གཙོ་བོ་ཡིན། །འདོད་ཆགས་དག་པ་འབའ་ཞིག་ལ། །ཕྱག་རྒྱ་གསུངས་པ་མ་ཡིན་ཏེ། །འདོད་ཆགས་ལྟ་བུའི་བདེ་བ་མེད། །དེ་ནི་སངས་རྒྱས་རྣམས་ལ་འབུལ། །འདོད་ཆགས་ལམ་དུ་བྱེད་ཅེས་པ། །མེད་ན་ཅི་ཞིག་ལམ་དུ་བྱེད། །བདེ་བ་ཆེན་པོ་མི་སྒྲུབ་ན། །སྒྲུབ་པོ་རེ་ཞིག་འདོད་མས་ཅི། །ཉན་ཐོས་བཞིན་དུ་ཆགས་བྲལ་ན། །འདོད་པས་བདེ་བ་ཇི་ལྟར་བསྐྱེད། །བདེ་བའི་ཡེ་ཤེས་བསྒྲུབ་བྱའི་ཕྱིར། །འདོད་ལྡན་རྣམས་ལ་གསུངས་པ་ཡིན། །ཉོན་མོངས་མངོན་གྱུར་སྤང་དགོས་ན། །ཉོན་མོངས་ལམ་བྱེད་ཚིག་ཙམ་ཉིད། །ཉོན་མོངས་ཆེ་ཞིང་ལམ་མྱུར་ལ། །སྙིང་རྗེ་ངེས་འབྱུང་སོགས་ཀྱང་ཆེ། །རང་གི་སེམས་ཉིད་ཡོངས་དག་ན། །རྣམ་ཀུན་རྫོགས་པར་བྱང་ཆུབ་པས། །སེམས་ནི་དག་པར་བྱ་བའི་ཕྱིར། །


TNT18_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་བཞི་པོ་བསྒྲུབ་པར་བྱ། །འདི་ལྟར་འདོད་ལ་ལོངས་སྤྱོད་པ། །ཞེན་པ་མེད་པས་རྙེད་པའམ། །ཡེ་ཤེས་སྒྲུབ་ལ་གནང་བ་ཡིན། །གང་ཟག་དབང་པོ་དུལ་བ་འམ། །ཚེགས་མེད་རྙེད་པར་གྱུར་ནནི། །རོ་བརྒྱ་ལྡན་པའི་ཁ་ཟས་དང༌། ཁང་མིག་ལྔ་བརྒྱ་པ་ཡང་སྣང༌། །ལྷ་ལས་ཚེ་འཕོས་དགེ་སློང་ལ། །ཡོ་བྱད་ལྷག་པོར་སྣང་བ་དང༌། །དྲི་ཞིམ་ལ་སོགས་རྣམ་གཡེངས་རྒྱུ། །སྐབས་འགར་རྩེ་གཅིག་རྒྱུན་ཡང་བསྟན། །ཆགས་ཅན་འདོད་ཡོན་ལས་གཞན་པས། །སེམས་ནི་རྩེ་གཅིག་ཐོབ་པ་མེད། །བདེ་ལ་ཞེན་པར་མི་བྱེད་དོ། །གདུང་བ་ཞི་བའི་རྩེ་གཅིག་འཐོབ། །ཇི་ལྟར་ཁྲུས་མཁན་དྲི་མ་ཡིས། །གོས་ཀྱི་དྲི་མ་མེད་པར་བྱེད། །ལི་ཁྲིའི་རྡུལ་གྱིས་མེ་ལོང་གི །དྲི་མ་དག་པར་འགྱུར་བ་བཞིན། །དེ་བཞིན་མཁས་པས་ཉེས་པ་དག །སྦྱངས་ཕྱིར་ཉེས་པ་བསྟེན་པར་བྱ། །ཤེས་རབ་ཐབས་ཀྱིས་སེམས་འདི་ཡིས། །ཉེས་པའི་རི་བོ་བཅོམ་ནས་ནི། །བདག་དང་གཞན་ཡང་སྒྲོལ་བར་བྱེད། །འདོད་པའི་ཡོན་ཏན་ལྔ་རྣམས་གྱིས། །དབང་པོ་བརྟས་པར་བྱེད་པར་འགྱུར། །དེ་ལས་བྱང་ཆུབ་སེམས་རྒྱས་ཤིང༌། །དེ་ཡིས་བདེ་བ་འཕེལ་བར་འགྱུར། །རེག་པའི་བདེ་ལས་ཡིད་བདེ་བསྐྱེད། །ཡིད་ནི་བདེ་བར་གྱུར་པ་ན། །དབང་པོ་རྣམས་ཀྱང་བདེ་བར་འགྱུར། །ངོ་བོ་ཉིད་ཀྱི་བུད་མེད་ལས། །རྣམ་པར་མི་རྟོག་སྐྱེ་བར་འགྱུར། །བདེ་བས་སེམས་ནི་སྡུད་བྱེད་ཅིང༌། །བདེ་དང་རྣམ་པར་མི་རྟོག་པས། །དེ་ཉིད་མཐར་ཐུག་ཡང་དག་རིག །ཉོན་མོངས་ཞེས་དང་ལས་འདི་ཡང༌། །འཁོར་བར་ལྟུང་བར་བྱེད་པ་དང༌། །བྱང་ཆུབ་མཆོག་གི་རྒྱུར་འགྱུར་བས། །ཉོན་མོངས་ཉིད་ཀྱི་སྐྱོན་མ་ཡིན། །དངོས་པོར་འཛིན་པ་དེ་ཡི་སྐྱོན། །དུག་གིས་འཆི་བར་བྱེད་ཅེས་པས། །དུག་ཉིད་ཁོ་ནའི་སྐྱོན་མ་ཡིན། །འཆི་བྱེད་ནུས་པ་མེད་པའི་སྐྱོན། །གཞན་དུ་རྨ་བྱ་ལུས་རྒྱས་བྱེད། །ཕ་རོལ་ཕྱིན་པའི་བསྟན་བཅོས་ལས། །


TNT18_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོན་དུ་ལྟ་ཞིང་སྤྱོད་པར་གསུངས། །འདིར་ནི་བདེ་བ་ཆེ་དོན་དུ། །ཡེ་ཤེས་རྒྱུ་ཡི་ཕྱིར་དུ་བསྟེན། །སྒྱུ་མ་ལྟ་བུའི་སྐུ་ཡང་འགྲུབ། །སེམས་ཀྱི་རང་བཞིན་གསལ་བར་མཚོན། །རླུང་གི་གཡོ་བ་ཐིམ་པར་འགྱུར། །དེ་ཕྱིར་དེ་ཉིད་རིག་པ་ཡི། །ཡིདནི་གཞན་དུ་མ་གྱུར་པས། །འདོད་ཅན་མ་ལ་འདོད་སྤྱད་ན། །འདོད་དང་ཐར་བ་འགྲུབ་པར་འགྱུར། །ཚོགས་ཀྱི་འཁོར་ལོ་དགེ་སློང་ལ། །བཀག་ན་སྔགས་སྤྱོད་དེས་འདུལ་གྱི། །གཙོ་བོའི་གདུལ་བྱ་ལ་མེད་པའམ། །ཡང་ན་ཁྱིམ་པ་གཙོ་བོར་འགྱུར། །ཀུན་སྤངས་ཁྱིམ་པ་ག་ལ་ཞིག །ཚངས་སྤྱོད་བླ་མར་གསང་དབང་དང༌། །སློབ་མར་ཤེས་རབ་ཡེ་ཤེས་ནི། །ལས་དང་པོ་ལ་དངོས་བཀག་ཅིང༌། །དེ་ཉིད་རིག་ལ་ཉེས་མེད་གསུངས། །འདི་ནི་མཐའ་ཡི་གསལ་བྱེད་ཡིན། །འཁོར་ལོའི་མཆོད་སོགས་དགེ་སློང་དང༌། ཁྱིམ་པའི་དབྱེ་བ་མི་རུང་སྟེ། །གསུམ་ལས་དགེ་སློང་མཆོག་ཡིན་ནོ། །༢༡ འདོད་ཡོན་ལམ་བྱེད་སྒྲུབ་པའི་ལེའུ་སྟེ་གསུམ་པའོ།། །།བཞི་པ་དོན་དམ་ཡེ་ཤེས་ནི། །རྒྱལ་བ་རྣམས་ཀྱི་བགྲོད་གཅིག་ལམ། །ལས་རྒྱའི་བདེ་བ་དེ་ཉིད་མིན། །འབྱུང་བའི་བདེ་བ་འཇིག་རྟེན་དེ། །དོན་དམ་འཇིག་ཚོགས་ལ་མ་བརྟེན། །རྐྱེན་གྱི་གློ་བུར་འབྱུང་མཐོང་ཞིང༌། །ཆགས་བཅས་ངལ་དང་རྩོལ་བར་བཅས། །ལུས་ལ་ཉེ་ཚེར་ཁྱབ་པའི་ཕྱིར། །རང་བཞིན་ཟག་མེད་ལྷུན་གྲུབ་དང༌། །ཀུན་ཏུ་ཁྱབ་པ་མ་ཡིན་ནོ། །སེམས་ཀྱི་རང་བཞིན་བདེ་འདིཡིན། །རྟོག་བཅས་སྟོང་པའང་དེ་མིན་ཏེ། །རྟོག་དང་བཅས་ཕྱིར་གཉིས་སུ་སྣང༌། །དེ་ཕྱིར་ཡང་དག་དོན་ལས་ལོག །རྨོངས་པར་འཇིག་པའང་བྱ་ཀུན་ལ། །རྨོངས་ན་ཟབ་མོར་ལྟ་ཅི་སྨོས། །དབང་པོ་ཉེ་ཚེ་བ་ཡི་ཡུལ། །ལས་ཀྱང་ཉི་ཚེས་བྱེད་པའི་ཕྱིར། །བསྐྱེད་རིམ་སྐུ་ནི་ཉེ་ཚེ་ཡིན། །རྟོག་པའི་ངོ་བོར་སྣང་བ་ལས། །མེད་ཕྱིར་རྡོ་རྗེའི་


TNT18_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མ་ཡིན། །སེམས་ལས་དངོས་སུ་གྲུབ་པའི་སྐུ། །ཀུན་ཁྱབ་ཞེན་མེད་སེམས་བདེ་བ། །རང་བཞིན་ཕྱིར་ན་བདེ་མི་འགྱུར། །རང་བཞིན་སྟོང་པར་གསལ་སྣང་ཅན། །ལུས་སེམས་ངོ་བོ་གཅིག་གྱུར་པ། །འདི་ནི་དོན་དམ་བཞི་པའི་དབང༌། ངོ་བོ་བདེ་དང་རང་བཞིན་མེད། །གསལ་ཆ་འགག་མེད་ཡེ་ཤེས་ཏེ། །དེ་ལྟར་དེ་ཉིད་དེ་ཡེ་ཤེས། །དེ་ལྟར་རྣལ་འབྱོར་མ་མཚན་ཉིད། །དམ་ཚིག་ལ་ཞེན་མཁས་པ་དང༌། །རླུང་གི་དེ་ཉིད་ཕ་རོལ་སོན། །དཔལ་ལྡན་འདུས་པའི་དོན་བསླབས་པ། །ངག་འཇམ་ཤེས་རབ་ལྡན་མ་དང༌། །མིག་ཡངས་མི་ཡི་བུ་མོ་རྙེད། །གཟུགས་དང་ལང་ཚོས་རྣམ་པར་བརྒྱན། །ཇི་བཞིན་རྣལ་འབྱོར་དམ་ཚིག་ལ། །ཕྱག་རྒྱ་ལྷན་ཅིག་སྒྲུབ་པར་བྱེད། །དེ་ནས་དེ་ཉིད་ཐོབ་པ་ནི། །ཕྱག་རྒྱས་ཆེན་པོའི་མཚད་ཉིད་དོ། །དེ་ཉིད་བདེ་ཆེན་གོ་འཕང་ནི། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །སྟོང་ཉིད་ཡེ་ཤེས་དྲི་མ་མེད། །ཆོས་ཀྱི་དབྱིངས་ཀྱི་གོ་འཕང་གསལ། །ལས་དང་པོ་ལ་མཚོན་པ་ནི། །གཅིག་ཏུ་ངེས་པ་ཡོད་མིན་པས། །སློབ་དཔོན་ཀུན་གྱི་གཞུང་ལུགས་ཀྱི། །རྩོད་པ་རབ་ཏུ་ཞི་བ་ཡིན། །དོན་དམ་སྐྱེས་པ་མེད་པ་ལ། །དབང་པོ་གཉིས་སྐྱེས་དེར་འདོད་དང༌། །གཉིད་འཐུག་བཞི་པར་འདོད་པ་དང༌། །འདིར་ཡང་དཔྱོད་པར་འདོད་པ་འཁྲུལ། །འོན་ཀྱང་མི་མོ་ལས་མཚོན་ཅིང༌། །ལྷ་དང་མི་རྟོག་རྒྱས་གདབ་བྱེད། །དེ་དག་དཔེར་བྱས་གོ་བ་ལ། །བཞི་པ་བསྐུར་ཞེས་བཤད་པ་ཡིན། །ཞུ་བ་ཕྱག་རྒྱའི་དབང་ཡིད་ཀྱིས། །རུང་ན་ཆུ་སོགས་ཅིས་མ་ཡིན། །དབྱེ་པར་མ་ནུས་བསམ་གཏན་གྱིས། །དཀྱིལ་འཁོར་ཏིང་འཛིན་དམ་རྒྱས་བྱ། ཁ་ཅིག་མདོ་དང་སྔགས་དག་ཀྱང༌། །མཐའ་ཡས་ཕྱིར་ན་ཐབས་མཉམ་ཞིང༌། །རྐང་ལག་གཏོང་ལའང་ཞུམ་མེད་པས། །དཀའ་བ་མེད་པར་མཉམ་ཞེས་འདོད། །སྡེ་སྣོད་མིན་ན་སྔགས་ཀྱིས་ཅི། །ཡིན་ན་སྡེ་སྣོད་གསུམ་གྱིས་ཆོག །དྲོད་ཐོབ་


TNT18_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་གྲངས་མེད་ནི། །གསུམ་ཡང་སྐད་ཅིག་གསུམ་ཡིན་ཏེ། །རྟག་ཏུ་ངུ་བཞིན་ཚེ་གཅིག་ལ། །སངས་རྒྱས་མདོ་ལས་ངེས་པར་ཡོད། །གསང་སྔགས་དྲང་དོན་མདོ་སྡེ་ནི། །ངེས་དོན་ཡིན་ཞེས་སྨྲ་བར་བྱེད། །མི་དང་ངན་སོང་གཉིས་ཀ་ཡང༌། །མཐའ་ཡས་ཕྱིར་ན་མཉམ་པར་འགྱུར། །དགའ་བ་ཚོར་བ་སྡུག་བསྔལ་ཏེ། །དེ་མེད་ན་ནི་གཞན་དོན་དུ། །རང་བདེ་ཁྱད་དུ་བསད་མི་འགྱུར། །ཚོར་བ་བདེ་བ་འདིར་ལམ་བྱེད། །རིན་ཆེན་མིན་ན་གསེར་གྱིས་ཅི། །ཡིན་ན་དངུལ་གྱིས་ཆོག་ཅེས་པ། །མི་མཁས་ལུགས་ལ་སུ་ཞིག་བརྟོན། །སྐད་ཅིག་བསྐལ་པར་སྟོན་ན་ཡང༌། །སྐད་ཅིག་བསྐལ་པ་ཉིད་མ་ཡིན། །དེ་ཕྱིར་སྐད་ཅིག་གསུམ་ཁོ་ནས། །གྲངས་མེད་གསུམ་གྱི་ཚོགས་མི་རྫོགས། །ཚེ་གཅིག་སངས་རྒྱས་དམ་བཅའ་ཙམ། །མཐུན་པའི་དཔེ་ཡང་མ་གྲུབ་པོ། །སྟོང་ཉིད་སྔགས་ལས་རྒྱ་ཆེར་བསྟན། །མདོ་སྡེ་ཉི་ཚེ་འགའ་ཞིག་ལས། །དགོངས་པ་གཞན་དུ་དྲངས་ཡང་དགོས། །ཚིག་རྣམས་ཕལ་ཆེར་ཐབས་ཉིད་སྟོན། །གཉིས་ཀའང་གཉིས་ཀ་གནས་བཞིན་དུ། །ཕྱོགས་སུ་ལྷུང་བར་མ་གྱུར་ཅིག །སྒྲུབ་དཀའ་ཉམས་ན་ཉེས་ཆེ་བས། །སོ་སྐྱེས་སྔགས་སྤྱོད་དུས་མིན་ལོ། །གཡུལ་དུ་འཇུག་དང་བསོད་ནམས་དང༌། །ནོར་བུའི་གླིང་དུ་འགྲོ་ལ་སྤྲོས། །དགེ་སློང་སྡོམ་དང་སེམས་བསྐྱེད་ལེན། །འདི་ལའང་དེ་ཡིས་དགག་པར་གྱིས། །དགག་བྱ་ཡོད་ཀྱང་དགོས་ཆེ་བས། ཁོ་བོ་སྔགས་ལ་འཇུག་པར་བྱེད། །རང་དང་གཞན་གྱི་གྲུབ་མཐའ་ལ། །སྔགས་རྒྱུད་བརྟེན་པ་བདེ་བར་འགྲུབ། །བསྐལ་པ་གསུམ་དུ་ངལ་བྱས་ཀྱང༌། །བྱང་ཆུབ་སྒྲུབ་པར་མི་ནུས་པ། །ལུས་གཅིག་ལ་ཡང་ཐོབ་པ་ནི། །སྔགས་ཤེས་རྣམས་ཀྱིས་བྱས་པ་ཡིན། །རིག་སྔགས་མེད་རྣམས་ཐམས་ཅད་དུ། །དཀའ་བ་ཁོ་ན་འཕེལ་བར་མཐོང༌། །ཚུལ་མིན་ཡིད་བྱེད་ཕྱིར་མཉམ་སྦྱོར། །དགེ་སློང་གིས་སྒོམ་མི་རུང་ཟེར། །རྒྱན་གྱིས་སྒེག་དང་མཚོན་


TNT18_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་སོགས། །རང་ཉིད་སྒོམ་ལའང་དེ་སྐྱོན་ཡོད། ཁྲུས་དང་གཙང་སྦྲ་ཞེས་པ་དང༌། །རིགས་དང་རིགས་མིན་ཞེས་པ་ཡང༌། །དེ་ཉིད་མ་རིག་རྣམས་ཀྱི་ཚུལ། །མི་གཙང་རྫས་ཉིད་མི་གཙང་ན། །ཁྲུས་ཀྱིས་དག་པར་ཅི་སྟེ་འགྱུར། །མི་གཙང་ཕུར་མ་བཀྲུས་པ་བཞིན། །མི་གཙང་བ་ཡི་གོང་བུར་གནས། །ཅི་ཙམ་ལུས་ཉིད་དེ་མི་གཙང༌། །ཡུལ་དང་རིགས་ཆོས་ཐ་དད་ཕྱིར། །གཙང་དང་མི་གཙང་རྟོག་པར་ཟད། །གདོལ་བའི་རིགས་ཀྱང་དཀའ་ཐུབ་ཀྱིས། །དྲང་སྲོང་ཆེན་པོར་འགྱུར་ཞེས་གདའ། །དགེ་དང་མི་དགེ་ལས་གཞན་པའི། །རིགས་ལ་བྱེ་བྲག་རིགས་མི་འགྲུབ། །བདུན་པ་གཉེན་འདུན་ཉིད་ཡིན་ན། །བརྒྱད་པའང་ཅི་ཡི་ཕྱིར་མ་ཡིན། །དེ་བཞིན་གྲངས་མེད་པར་དུ་བསྒྲེ། །དེ་ཕྱིར་གཉེན་སོགས་བཏགས་པར་ཟད། །འགྲོ་བ་ཐམས་ཅད་ཕ་དང་མ། །དེ་ལ་ཉེ་རིང་དབྱེ་བ་མེད། །སེམས་ཉིད་མ་དང་བུར་གྱུར་ལ། །གཉེན་མི་འཐད་ན་ལུས་བརྟེན་པའི། །ཕ་མ་བུ་ཡི་འབྲེལ་མི་འཐད། །དེར་འགྱུར་སེམས་ཀྱིའང་ཅིས་མི་འགྱུར། །སྒྲོན་མ་ལྔ་སོགས་བཟའ་མིན་ལ། །དེ་དག་བཟའ་བར་མངོན་ཤེས་དག །མེད་པའི་རྒྱུད་འགྲེལ་མཁན་སྨྲ་མོད། །དེ་ཡིས་འགྲེལ་བྱེད་མི་རུང་ལོ། །དེ་ལྟ་ན་ནི་མངོན་ཤེས་དག །མེད་པར་རྒྱུད་ཀྱང་བཤད་མི་འོས། །ལོག་པར་བྲིས་ཕྱིར་ཉེས་བཅས་ན། །ལོག་པར་བཤད་ལའང་ཅིས་མི་ཉེས། །མ་ནོར་བྲིས་པའང་ཉེས་པ་ཅི། །དགྲ་བཅོམ་མངོན་ཤེས་དྲུག་ལྡན་ཡང༌། །ཐེག་པ་འདི་ལ་རྣལ་འབྱོར་རྨོངས། །མངོན་ཤེས་ལྡན་ཡང་ལྷ་ཆེན་པོ། །འདི་རུ་བྱོལ་སོང་ཡིན་ཞེས་གསུངས། །འགྱུར་བཅས་ཕྱིར་ན་རྒྱས་པ་སོགས། །མངོན་ཤེས་མེད་ཅེས་བྱ་བ་དང༌། །བདེ་བ་ཆེས་དྲངས་མངོན་ཤེས་ཏེ། །འདི་ཡོད་དང་པོར་འགྲེལ་བྱེད་ནུས། །དེའི་རྗེས་འབྲངས་པས་གཞན་གྱིས་ཀྱང༌། །ཅི་ཕྱིར་འགྲེལ་པ་བྱེད་མི་ནུས། །སྒྲུབ་ཐབས་ཆོག་སོགས་ཀྱང་དེ་བཞིན། །བཟའ་བྱའང་ལས་དང་པོ་ལ་གནང༌། །དམ་ཚིག་


TNT18_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ན་བསྟེན་བྱ་ཡིན། །ཡུངས་འབྲུའི་ཚད་ཙམ་བསྟེན་སོགས་ཀྱིས། །ལས་དང་པོ་ལ་ཅིས་མི་འགྲུབ། །འགྲོ་ལ་ཕན་དོན་གདུལ་ཕྱིར་ཡིན། །འོ་མ་འཐུང་སོགས་ཀླུ་མོ་དག །འགྲུབ་ཀྱི་གཞན་དུ་ཉོན་མོངས་ཞེས། །གསུངས་པའང་ལས་དང་པོ་ལ་དགོངས། །དེས་དེ་འགྲུབ་ན་གཞན་ཅིས་མིན། །ཐམས་ཅད་བཟའ་ལ་ནུས་པ་མཐོང༌། །ཀླུ་སོགས་སྒྲུབ་ལའང་གསང་ཆེན་དོན། །རྟོགས་པ་དགོས་ན་ཧ་ཅང་ཐལ། །སྔགས་དང་སྨན་གྱིས་ཆགས་སོགས་དག །འཕེལ་དང་འགྲིབ་མཐོང་སྔགས་ཀྱིས་ནི། །སྡང་བར་བྱེད་ཕྱིར་དེས་དེ་ནི། །མི་སྤོངས་ཞེས་པའང་འཐད་པར་དཀའ། །ས་བོན་སྤོང་ཞེས་ཁོ་བོའང་མིན། །བྱམས་སོགས་བཞིན་དུ་བསྟེན་པར་བྱེད། །དེ་ཕྱིར་སྔགས་དང་སྦྱོར་བ་ཡིས། །སྡིག་པ་སྤྱོད་ལ་དགའ་བར་རིགས། །རིག་སྔགས་སྤྱོད་པའི་མཐུ་ཁོ་ན། །ཕུན་ཚོགས་ཐམས་ཅད་མཐོང་བ་ཡིན། །༤༥ ལོག་པར་སྨྲ་བ་སྣ་ཚོགས་པ་དགག་པའི་ལེའུ་སྟེ་བཞི་པའོ།། །།སྔགས་ཤེས་གནས་པའི་རི་བོ་རུ། །ཏཱ་ར་ནཱ་ཐས་བརྗོད་པ་སྟེ། །གང་ན་གསང་སྔགས་སྤྱོད་པ་དེར། །དམ་ཆོས་ཡུན་རིང་གནས་པར་བྱེད། །ཞིབ་མོ་རྣམ་པར་འབྱེད་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་རང་ལོ་ཉེར་ལྔ་པ་ལའོ།། །།ཤུ་བྷམསྟུ་སརྦ་ཛཱ་ག་ཏཾ། འདིར་སྨྲས་པ། ཚད་དང་ལྡན་པའི་སློབ་དཔོན་འགས། །རྣམ་པར་དཔྱད་པའང་ཡོངས་རིག་ཅིང༌། །རྒྱུད་སྡེ་ཀུན་གྱི་གནད་ཤེས་ནས། །རབ་བྱེད་འདི་ནི་སྦྱར་བ་ཡིན། །ཟེར་ཟློས་ཡང་ཡང་མ་བསྐྱར་བར། །དགག་སྒྲུབ་རིགས་པ་གསར་བའི་ཚོགས། །དུས་མཐར་འབྱུང་འདི་ཡ་མཚན་ཏོ། །མཁས་རྣམས་རྗེས་སུ་ཡི་རང་བྱོས། །ཚིགས་བཅད་འདི་ཙམ་སྦྱར་བས་ཀྱང༌། །གང་གི་བློ་གྲོས་དཔག་ཡས་པ། །མཚོན་པར་བྱས་པ་མ་ཡིན་ནམ། །བློ་ལྡན་རྣམས་ཀྱིས་དྲང་པོར་སྨྲོས། །སྔགས་ལ་དད་པ་མང་ན་ཡང༌། །རྒྱུ་མཚན་ཤེས་པ་ཉུང་


TNT18_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར། །བླུན་དད་ཙམ་ལ་མི་འཇོག་ན། །རིགས་པ་འདི་ལ་ལན་བརྒྱར་སྦྱོངས། །ཤེས་རབ་ཆེ་ཞིང་བློ་དྲང་བ། །རྣམ་དཔྱོད་ལྡན་པ་འགའ་ཡོད་ན། ཁོ་བོའི་ལེགས་བཤད་གསར་བ་ལ། །ལེགས་སོ་མགྲིན་གཅིག་སྦྱིན་པར་འོས། །གཞུང་འདི་སྔོན་དུས་བཟང་པོའི་ཚེ། །བརྩམས་ན་རྒྱ་བོད་གང་དུ་ཡང༌། །དམ་པ་ཐམས་ཅད་དགྱེས་འགྱུར་མོད། །བླུན་པོ་རྣམས་ལ་ཅི་ཆ་ཡོད། །ད་ལྟ་དུས་ཀྱི་སྐྱོན་ཉིད་ཀྱིས། །ཕལ་ཆེར་རྨོངས་ཤིང་ཤེས་ལྡན་འགའ། །ཕྱོགས་འཛིན་ཕྲག་དོག་གིས་བསླད་པས། །འབྱོར་ལྡན་ལན་གྱི་ལེགས་སྨྲས་སྤོང༌། །ངན་དུ་ཟེར་ཡང་ཁོ་བོས་ནི། །བྲག་ཆ་བཞིན་དུ་རྟོགས་མོད་ཀྱིས། །ལེགས་བཤད་ཆོས་ལ་བསྟོད་བྱས་ན། །རྒྱལ་བའི་བསྟན་པ་དར་བར་འགྱུར། །༡༠༠ ཨངྒ་ཡང་བཤད་པ། ཞུས་དག །བཀྲ་ཤིས། །


previousཞིབ་མོ་རྣམ་པར་འབྱེད་པ།next