Nitartha Digital Library
Tibetan
 
previousརྒྱ་སྐད་དུ་བྲིས་པའི་ཡི་གེའི་ཀློག་ཐབས་འཕགས་ཡུལ་མཁས་པའི་ལུགས།no next

རྒྱ་སྐད་དུ་བྲིས་པའི་ཡི་གེའི་ཀློག་ཐབས་འཕགས་ཡུལ་མཁས་པའི་ལུགས།


TNT19_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་སྐད་དུ་བྲིས་པའི་ཡི་གེའི་ཀློག་ཐབས་འཕགས་ཡུལ་མཁས་པའི་ལུགས་བཞུགས།


TNT19_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། རྒྱ་སྐད་དུ་བྲིས་པའི་ཡི་གེ་ཀློག་ཐབས། འཕགས་ཡུལ་མཁས་པའི་ལུགས་ཞེས་བྱ་བ། གཉིས་སུ་མེད་པར་གསུང་བ་སངས་རྒྱས་ལ་ཕྱག་འཚལ་ལོ། །ངག་གི་དབང་ཕྱུག་རབ་དགྱེས་ལྷ་མོར་བཅས། །དེ་ལ་གུས་པས་བཏུད་ནས་འདིར་བཤད་བྱ། །རགས་ལས་ཆེས་རགས་འདི་ལྟ་བུ་ཡང་ནི། །བྱིས་པ་རྣམས་ལ་ཉེར་མཁོ་ཡིན་ཕྱིར་རོ། །འདི་ན་བོད་ཀློག་བསླབ་པའི་རིགས་འགྲེ་དང༌། །སྔགས་བསྡུ་སོགས་དང་སྔགས་ཀློག་སྦྲེལ་བ་ལས། །ངེས་མེད་འཁྲུལ་གཞི་བྱུང་བའང་མང་པོ་མཐོང༌། །གཞན་དག་ཕལ་ཆེར་མུན་སྤྲུལ་བྱ་བ་བྱེད། །སྔགས་ཀློག་ཡི་གེ་སྔོན་ཆད་བྱུང་བ་རྣམས། །ཕལ་ཆེར་གཅིག་གཅིག་ཕན་ཚུལ་བྲིས་བཤུས་ཉིད། །དེ་དག་ཇི་བཞིན་ཡིན་པར་མ་མཐོང་ནས། །འཕགས་ཡུལ་སྒྲ་མཁན་མཁས་པའི་ངག་བཞིན་འདྲི། །དང་པོར་ཡི་གེའི་རྩ་བ་དབྱངས་གསལ་ལ། །རྒྱ་ཀློག་ལུགས་བཞིན་ཤེས་པ་གལ་རེ་ཆེ། །ཨོཾ་དང་ན་མཿ་སིདྡྷཾ་སྔོན་འགྲོ་བའི། །དབྱངས་དང་གསལ་བྱེད་རྫོགས་པར་བྲིས་བྱས་ལ། །དང་པོ་དྲུག་ལ་རིང་ཐུང་འབྱེད་པ་གཅེས། །དབྱངས་རྀ་རིར་དང་དབྲི་ལ་འདྲ་མིན་དང༌། །དབྱངས་ལྀ་ལིལ་དང་ལིར་ཞེས་བྱ་བ་སྟེ། །ཨེ་དང་ཨོ་ནི་ཨེའི་ཨོའོ་ཞེས་པ་དང༌། །གཉིས་བརྩེགས་ཨ་ཡོ་ཞེས་དང་ཨ་འུར་འབོད།


TNT19_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མ་ཟུང་མི་ཨང་དང་ཨ་ཧ་ཏེ། །གསལ་བྱེད་སྡེ་པ་ལྔ་ཡི་གསུམ་པ་རྣམས། །འས་འཕུལ་བཞིན་དུ་ཀློག་པར་གྲགས་པ་ཉིད། །ཅུད་ཟད་འཐུག་དང་སྡེ་བའི་བཞི་པ་རྣམས། ཕལ་ཆེར་གསུམ་པར་མགོ་ཅན་དང་མཚུངས། །དཔེར་ན་དང་པོའི་བཞི་པ་ཧ་ཡི་སྒྲ། །ཅུང་ཟད་ཡོད་པའི་ས་དང་རྒ་འདྲའི་འཐུས། །ཉ་ནི་སྣ་ནས་ལྷག་པར་འདོན་པ་དང༌། །ང་ནི་རྐན་གྱི་སྦུགས་ནས་ཅུང་ཟད་སྒྲོག །མཐར་གནས་དང་པོའི་ཛ་དང་ཕལ་ཆེར་འདྲ། །ཕྱེད་ནི་ཡར་འབོད་བཞི་པ་འབབ་ཞེས་ཀློག །དེ་ཡི་ཕྱེད་ནི་ཝ་སྐྱེས་ཐོག་མའི་ཡིན། །ཝ་ཆེན་བྲིས་ཀྱང་འབའ་རུ་འབོད་པ་མང༌། །ཐ་དང་བྱ་བས་མཐར་གནས་སྡེ་བར་དབྱེ། །དྲོ་བའི་གཉིས་པ་ཁ་མཚུངས་རྐན་ནས་སྒྱུར། །མཐར་ཟད་ཁྱ་དང་འདྲ་རུང་སོ་རྩ་ནས། །ལྕེ་རྩ་ཅན་ནི་ཀ་ཀ་དང་ཨ་ག་ཀ་སྟེ། །མཆུ་ཅན་པ་ཡིག་དྲག་པོའམ་ཨ་བ་པའོ། །བོད་རྣམས་ཀོ་བ་པོ་བ་ཞེས་སུ་འབོད། །དེ་ཡི་རིགས་པ་ཁ་དང་ལའང་བྱ། །ཀ་ལ་དབྱངས་རྣམས་ཞུགས་གྱུར་ཤེས་ན་ནི། །གཞན་རྣམས་རིགས་འགྲེ་བདེ་བླག་རྟོགས་པར་འགྱུར། །ཀ་ཀའ་ཀི་ཀིའི་ཀུ་ཀུའུ་ཀིར་ཀི་རིར། །ཀི་ལ་ཀི་ཡུལ་ཀའི་ཀའ་ཀོའོ་ཀའུ་གང་བ་ཧ། །ལྀ་ཞུགས་པ་ལས་ཡང་ན་ཀི་ལིར་ཞེས་པའོ། །གོང་མཐར་མི་འབྱོར་རང་སྐྱ་ཐུབ་པ་ཡི། །གསལ་བྱེད་འདྲ་དང་མི་འདྲ་གང་བརྩེགས་ཀྱང༌། །ཕལ་


TNT19_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་སྟེང་རྣམས་སྒྲ་ཐོན་མྱུར་བར་ཀླག །རིག་བྱེད་ལས་བྱུང་ཡི་གེའི་རྣམ་གྲངས་དང༌། །ལྷ་ཡི་ས་བོན་རིགས་ལ་དེར་མ་ངེས། །སྒྲ་འདྲེས་ལ་ནི་དབྱངས་རྣམས་གཉིས་ཀ་དབང༌། །ཡ་ར་ཝ་རྣམས་བཏགས་ན་སྒྲ་འདྲེས་ཏེ། མི་འདྲེན་ན་ནི་འོག་མ་དབང་བའང་ཡོད། །སྟོ་ལ་ས་ཏོཥྟུཾ་ལ་ཥ་ཊུ་བཞིན། །འོག་མ་དབང་ན་གོང་མ་རིང་པོར་འདོན། །ཚིག་མཚམས་མིན་ན་གོང་གི་མཐར་འབྱོར་བ། །ཕལ་ཆེར་མཐའ་བརྟེན་ཚུལ་དུ་སྦྱོར་བ་མང༌། །ཛྙ་དང་མཐར་ཟད་བརྗོད་ཚུལ་འགྱུར་ཆེས་པས། །གཉིས་ཀ་བྱེད་མོད་མིང་གཞན་ལ་མི་སྦྱོར། །ཛ་ལ་ཉ་དང་ཎ་བཏགས་འགྱ་ཡིན་ནོ། །མཐར་བརྟེན་ཚུལ་གྱི་སྲོག་མེད་ཡི་གེ་ལས། །ཉ་ཎ་ན་འདྲ་སྣ་སྒྲ་ཕྲ་བའི་ཁྱད། །ཀ་ནི་ག་དང་པ་ནི་བ་འདྲ་གྲིམ། །ཙ་ཚ་ཛ་དང་ཊ་ཏ་རྣམས་ནི། །ད་མཚུངས་ཤ་ཥ་གཉིས་ནི་ས་འདྲ་ལས། །དེ་ཀུན་རང་རང་སྒྲ་ཐོན་ཙམ་དུ་བྱ། ཁ་ཐ་ཕ་སྡེ་བའི་བཞི་པ་དང༌། །ཡ་ཝ་ཧ་སྤངས་མཐར་རྟེན་ཡི་གེར་འབྱུང། ཚ་ནི་ཙར་འགྱུར་ཌ་ཡང་ཉུང་བ་ཡིན། །མཐའ་བརྟེན་ཕལ་ཆེར་བོད་ལས་ཤུགས་ཆེར་བྱ། །མིང་གི་དབུས་མཐའི་གསུམ་པ་བོད་བཞིན་ཏེ། །འདི་ལ་ཉེར་སྒྱུར་རྐང་ཚུགས་མིང་དང་མཉམ། །འོན་ཀྱང་སྐད་དོད་མ་ཤེས་འདི་མི་གོ །ཀ་ཁ་ག་གསུམ་ཡ་བཏགས་བོད་དང་མཚུངས། །གཞན་རྣམས་འགྲེང་བུ་ཅན་འདྲ་ཡ་སྒྲ་ལྡན། །ཝ་བཏགས་ཝ་སྒྲ་ལྡན་པའི་རྣ་རུང་མཚུངས། །བརྩེགས་པའི་ང་རོ་འོག་མ་དབང་བ་སྟེ། །རང་དབང་ཅན་ལ་སྡེ་


TNT19_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

པ་རང་རང་གི །ལྔ་པ་ཉིད་དེ་ཡ་སོགས་བརྒྱད་ལ་ང༌། །ཕ་རོལ་གསལ་བྱེད་དང་འབྲེལ་ཕ་རོལ་དབང༌། །དབྱངས་རྐྱང་ལ་ནི་ཕལ་ཆེར་ང་རུ་འབོད། །གཟུངས་དང་སྙིང་པོ་ས་བོན་མན་ངག་བཞིན། །ཕྱག་འཚལ་བསྟོད་པའི་ཨོཾ་ཡིག་ཚིག་གྲོགས་གཙོ། །རྣམ་བཅད་ཨ་མཐའ་དྲག་པོ་ཧ་སྒྲ་ཅན། །ཨིརྀ་ལྀ་ལ་ཧི་དང་ཨུ་ལ་ཧུ། །ལྷག་མ་ཧེ་ཧི་ཧོ་ཧུ་ཕྱོགས་མཚུངས་ལ། །སྐྱུར་ཐབས་དྲག་པོར་འཕང་བ་བཅད་པའི་དོན། །ང་རོ་རྣམ་བཅད་ཡོད་ཀྱང་ཤ་ཥ་ས། །སྲོག་མེད་ཡི་གེ་སྔ་མའི་མཐར་སྦྱོར་ཡོད། །ཤར་ནུབ་ས་མགོ་ཨ་ཡིག་ཟླ་ཐབས་སྣོན། །དབུས་དང་ལྷོ་བ་སོ་སོར་ཕྲལ་ཏེ་ཀློག །མཐར་གནས་ཐོག་མཐའ་མིང་ཐོག་འཛ་འབའ་དང༌། མཐའ་མ་ཡ་ཝ་མང་སྟེ་ངེས་བྲལ་དབུས། །རྣམ་བཅད་ང་རོ་འཛོམ་ན་ཧྱ་གི་སྒྲ། བྲིཾཿལ་པྲི་ཧྱཾ་འདྲ་རུང་བརྗོད་པ་ཡིན། །ཨ་ཨི་ཨུ་རྀ་ལྀ་དང་ཨེ་སོགས་བཞི། དབྱངས་ཀྱི་རྩ་བ་དགུ་ཡིན་གསལ་བྱེད་ལ། །ང་རོ་རྣམ་བཅད་ལྕེ་རྩ་མཆུ་ཅན་བཞི། བསྣན་པས་སུམ་ཅུ་བདུན་དུའང་འགྱུར་བར་བཤད། །དང་པོའི་དབྱངས་བཞི་ཐུང་རིང་ཤིན་ཏུ་རིང༌། །ལིར་ལ་རིང་དང་ཨེ་སོགས་ཐུང་ངུ་མེད། །བོད་སྐད་ཨེ་སོགས་ཐུང་ངུར་མངོན་པས་ནས། །ཨོཾ་སོགས་རྣ་རུ་བརྩེགས་མ་ཅན་མིན་ཏེ། །ཀེ་ཤ་ཅན་དུ་གོ་བྱེད་མ་ཡིན་ནོ། །འ་འདགས་མི་འགལ་ཨ་སོགས་དང་མཚུངས་ཕྱིར། །དེ་ལྟར་དབྱངས་ཡིག་ཉི་ཤུ་རྩ་གཉིས་ལ།


TNT19_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་གདངས་མཐོ་དམའ་བར་གསུམ་དབྱེ་བ་དང༌། །དེ་ཡང་སྣ་ལྡན་སྣ་མེད་དབྱེ་བ་ཡིས། །བརྒྱ་དང་སོ་གཉིས་དབྱངས་ཀྱི་དབྱེ་བ་སྟེ། །གསལ་བྱེད་སུམ་ཅུ་གསུམ་ལ་དབྱངས་དེ་རྣམས། །ཞུགས་པས་བཞི་སྟོང་སུམ་བརྒྱ་ང་དྲུག་གོ །ཡི་གེ་བརྩེགས་དང་ངོ་རོ་སོགས་དབྱེ་བ། །ཡི་གེའི་རབ་དབྱེ་མཐའ་ཡས་སུས་བརྗོད་ནུས། །ཀླུས་བཀོད་གཞུང་ལས་དེ་ལྟར་འབྱུང་བ་ཡིན། །ལི་ལ་དུ་ཀློག་ནས་ལི་ལའང་རིང་པོ་བྱེད། ང་རོ་ལ་སོགས་དབྱངས་མིན་གསལ་བྱེད་མིན། །ལྷ་ཡི་གཞུང་ལ་དེ་ལྟར་འབྱུང་བར་མངོན། །ཨ་ཀུ་ཧ་ྈྐ་མགྲིན་འབྱུང་ནམ་མཁའི་ཁམས། །ཨི་ཙུ་ཡ་ཤ་རླུང་ཁམས་ཀུན་ལས་བྱུང༌། རི་ཊུ་ར་ཥ་མེ་ཁམས་སྤྱི་བོ་སྐྱེས། ཨུ་པུ་ཝྉྤ་མཆུ་ལས་སྐྱེས་པ་ཆུ། །ལྀ་ཏུ་ལ་ས་ས་ཁམས་སོ་སྐྱེ་ཏེ། །མཐར་གནས་ཧར་ཙས་དབྱངས་སྐྱེས་ཡ་ཎར་བསྐྱུར། །ང་རོ་རྣམ་བཅད་གསལ་བྱེད་ལས་བྱུང་དང༌། །ལྕེ་རྩ་མཆུ་ཅན་རྣམ་བཅད་ལས་བྱུང་ཟེར། །དབྱངས་དགུའི་དང་པོ་ལྔ་པོ་རྩ་བ་དང༌། །ཡོན་ཏན་ཨ་ཨེ་ཨོ་ཨར་ཨལ་ཡིན་ཏེ། །ཨཱ་དང་ཨཻ་སོགས་འཕེལ་བ་ཡིན་པར་འདོད། །རིང་པོ་ཆེས་རིང་འགྲེང་བུ་རྣ་རུ་དང༌། །རྣམ་བཅད་ང་རོ་ཅན་དང་མཐར་ཅན་སོགས། རང་དབང་བརྩེགས་མ་ལྕི་སྟེ་གཞན་རྣམས་ཡང༌། །སྡེ་པའི་བཞི་པ་འཐུག་དང་གསུམ་པ་སྲབ། །བརྡ་སྤྲོད་པ་དག་ཡི་གེ་བྱེད་པོ་ཞེས། །ལྟ་བའི་ཐིབས་བོར་ཆུད་པ་རབ་སྤངས་ཏེ། །རྣམ་འདྲེན་ལུགས་ལ་རྟེན་འབྲེལ་ཁོ་ན་


TNT19_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། །དེ་ནི་སྒྲ་སྤྱི་སྣང་བའི་ཤེས་པ་སྟེ། །སྒྲ་རྟོག་འཇུག་པ་གཅིག་པའི་འབྲེལ་བ་ལས། །བདེ་སྡུག་དགེ་དང་མི་དགེ་ལས་བྱེད་པ། །འདི་ཙམ་ཞིག་ནི་དཔག་པར་བྱ་བ་ཡིན། །ཐུན་མོང་རིག་གནས་ཕྲ་མོ་འཆད་པའི་སྐབས། །སྔགས་ཀྱི་ཐེག་པར་རློམ་པའི་ཅལ་ཅོལ་གཏམ། །སྨྲ་བ་དེ་ནི་གསང་སྒྲོགས་སྤུས་ཀྱིས་ཉོ། །མཁས་འདོད་ཐལ་བས་བླུན་པོའི་རང་རྟགས་བསྟན། །ཡི་གེའི་རྣམ་པར་བཞག་པ་གཞན་གར་ཞིག །རྒྱ་བོད་མཁས་ལ་གྲགས་པ་ཆེས་མང་མོད། །རྒྱ་སྐད་ཡི་གེ་ཀློག་ཐབས་ཙམ་ཞིག་འདིར། །བྲིས་པ་འདི་ཡང་གཞན་ལ་ཕན་ཕྱིར་ཡིན། །ཞེས་པ་རྒྱ་སྐད་དུ་བྲིས་པའི་ཡི་གེ་ཀློག་ཐབས་འཕགས་ཡུལ་མཁས་པའི་ལུགས་འདི་ཡང་ཏཱ་ར་ནཱ་ཐས་སྨྲས་པའོ། །དར་རྒྱས་འཕེལ་བརྟན། གཅིག་ཞུས་དག། ། །


previousརྒྱ་སྐད་དུ་བྲིས་པའི་ཡི་གེའི་ཀློག་ཐབས་འཕགས་ཡུལ་མཁས་པའི་ལུགས།no next