Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྣལ་འབྱོར་རྣམ་པ་གཉིས་ཀྱི་རྩ་བ།
   
   
   
   
   
   
   
   
   
   
   


 
previousརྣལ་འབྱོར་རྣམ་པ་གཉིས་ཀྱི་རྩ་བ།next

རྣལ་འབྱོར་རྣམ་པ་གཉིས་ཀྱི་རྩ་བ།


TNT20_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་རྣམ་པ་གཉིས་ཀྱི་རྩ་བ་བཞུགས། ཨོཾ་སྭཱ་སྟི། དེ་ལ་ལམ་རྣམས་ཀྱི་རིམ་པ་མདོར་བསྡུས་པའི་དབང་དུ་བྱས་ཏེ། ཡན་ལག་བདུན་པའི་རིམ་པའོ། །དེ་ཡང་ཕྱོགས་བཅུར་བཞུགས་པའི་རྫོགས་སངས་རྒྱས། །སྲས་བཅས་འགྲོ་ལ་ཕན་མཛད་པ། །ནམ་མཁའ་ལྟ་བུའི་ཐུགས་མངའ་བ། །ཀུན་ལ་དང་བས་ཕྱག་འཚལ་ལོ། །དེང་ནས་བརྩམས་ཏེ་དུས་རྟག་ཏུ། །བདག་དང་མ་ལུས་སེམས་ཅན་རྣམས། །འདྲེན་པ་མཆོག་དང་མྱ་ངན་འདས། །འཕགས་པའི་ཚོགས་ལ་སྐྱབས་སུ་མཆི། ༡ །མེ་ཏོག་རྣམས་དང་བདུག་པ་མར་མེ་དྲི། །རྣམ་མང་ཞལ་ཟས་རོལ་མོ་གོས་རྣམས་དང༌། །བྱས་དང་བྱེད་གྱུར་དགེ་བ་དཔག་མེད་པས། །རྣམ་འདྲེན་སྲས་དང་བཅས་པ་མཆོད་པར་བགྱི། ༢ །རབ་མེད་འཁོར་བའི་རྒྱ་མཚོ་ཆེར་ལྷུངས་པའི། །རྨོངས་པ་བདག་དང་མཐའ་ཡས་བདག་གིས་མས། །མི་དགེ་བཅུ་དང་མཚམས་མེད་ལྔ་ལ་སོགས། །ཉེས་པ་སྤྱད་པ་ཐམས་ཅད་སོ་སོར་བཤགས། ༣ །སོ་སོ་སྐྱེ་བོ་ལམ་མ་ཞུགས་པ་དང༌། །རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་དགྲ་བཅོམ། །རང་རྒྱལ་རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །བྱས་དང་བྱེད་འགྱུར་དགེ་ལ་རྗེས་ཡི་རང༌། ༤ །ཞི་བར་བཞེད་པའི་འབུམ་ཕྲག་བརྒྱ་པ་རྣམས། །སྲིད་པ་ཇི་སྲིད་གནས་པ་དེ་སྲིད་བཞུགས། །ཉོན་མོངས་དུག་གིས་རྣམ་ཉམས་སྡུག་བསྔལ་གྱི། །ངན་སྐྱུགས་


TNT20_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་བུ་དག་ལ་རབ་ཆགས་པ། །འདི་དག་ཞི་བའི་དགའ་ཚལ་མཐོང་བའི་སླད། །བདུད་རྩི་དམ་ཆོས་སྩོལ་ཞིག་བཅོམ་ལྡན་གྱི། ༥ །མ་ལུས་ཕྱོགས་བཅུའི་འདྲེན་པ་བདག་ལ་དགོངས། །བདག་གིས་དེང་ནས་བརྩམས་ཏེ་བདག་གི་མ། །མི་རྟག་མཐའ་ཡས་འདི་རྣམས་ཡོངས་བཟུངས་ཤིང༌། །དེ་ལ་གནོད་པ་ཅི་ཡང་མི་བགྱིའོ། །བདག་ནི་འཁོར་བའི་རྒྱ་མཚོ་འདིར་མི་གནས། །ཞི་བའི་འབྲོག་དགོན་དེར་ཡང་བདག་མི་འགྲོ། །ལུས་པ་མེད་པའི་འགྲོ་རྣམས་བྱང་ཆུབ་ཕྱིར། །བདག་ནི་བླ་མེད་བྱང་ཆུབ་དེར་ཐོབ་བྱ། ༦ །འདི་ལྟར་བགྱིས་དང་མ་ལུས་དགེ་བ་ཡིས། །བླ་མེད་བྱང་ཆུབ་གསལ་བར་མཐོང་བར་ཤོག ༧ །དངོས་པོ་མེད་པའི་རང་བཞིན་ནི། །ཐམས་ཅད་སྒྱུ་མ་ལྟ་བུ་སྟེ། །རྣལ་འབྱོར་པ་གང་དེ་རིག་འདོད། །དེས་ནི་འདི་ལྟར་བསྒོམ་པར་བྱ། །གྲོང་ངམ་དགོན་པར་འདུག་ན་ཡང༌། །བྱང་ཆུབ་སེམས་ནི་མ་ཉམས་པས། །བྱང་ཆུབ་སྦྱོད་པ་བླ་མེད་པ། །ཡིད་ཀྱིས་ཀྱང་ནི་རྟག་ཏུ་སྦྱོད། །འདི་ལྟར་ཁྱིམ་ནི་ཉེས་མང་ཅན། །ནམ་ཡང་སྡིག་པའི་ལས་ཀྱི་གནས། །འཇོ་སྒེག་འཐབ་དང་གླག་ཅོར་ཅན། །རྟག་ཏུ་ཟིལ་གྱི་གནོད་བྱེད་མང༌། །ཀྱེ་མ་ནམ་ཞིག་འདི་ལས་ཐར་འགྱུར་ཞེས། །བློ་ལྡན་དེ་ནི་དབེན་པ་འཚོལ་བར་བྱེད། །ཉེས་མང་ཁྱིམ་ཏེ་གདོན་མི་ཟ་བར་སྤང༌། །གནོད་པ་མེད་པའི་ནགས་སུ་དེ་འགྲོ་སྟེ། །མང་ངམ་ཉུང་


TNT20_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ངུར་ཐོས་ཀྱང་རྒྱལ་སྲས་རྣམས། །རྟག་ཏུ་བསྒོམ་པ་ལྷུར་ལེན་བྱས་པ་རྣམས། །ཐོས་པ་ཙམ་གྱིས་འདི་ལ་ཁེངས་པར་བྱེད། །དེ་ནི་འཚོ་བ་པ་བཞིན་རྣམ་པར་ཉམས། །དེ་ནས་བློ་དང་ལྡན་པ་སྟེ། །དགེ་བའི་བཤེས་གཉེན་བསྟེན་པ་ཡིན། །དམ་པའི་ཆོས་ནི་འཚོལ་བར་བྱེད། །མན་ངག་མཆོག་གི་ནོར་བླངས་ནས། །ནགས་འདབ་བབ་ཅོལ་སྐྱེ་བོ་ཡིས། །ནམ་ཡང་བགྲོད་པ་མེད་པའི་གནས། །མི་མཆོག་དེ་ནི་དེར་སོང་ནས། །དྲང་པོའི་ལུས་ཀྱིས་གནས་པར་བྱ། །སེམས་ཀྱིས་སེམས་ནི་བཟུང་བྱས་ནས། །འདིར་ནི་དཔའ་བོ་རྣམ་པར་བསྡུད། །རྣམ་རྟོག་མང་པོ་རྣམ་ཉམས་ཆེ། །རྒྱ་མཚོའི་རླབས་བཞིན་ཞི་བར་བྱ། །ཡིད་ནི་རྣམ་པར་གཡེངས་གྱུར་ན། །དེ་ཚེ་དྲན་པའི་འདུལ་བར་བྱ། །འདོད་ཡོན་སྤྱོད་བ་དྲན་ལ་སོགས། །དེ་ཚེ་དཔལ་དང་ལུས་འདོད་པ། །འདུས་བྱས་ཡིད་ཙམ་གར་མཁན་དང༌། །དུས་ཀྱི་སྤྲིན་པ་གློག་འགྱུ་མཚུངས། །འཁོར་བ་སྦྲུལ་གྱི་རོ་འཛིན་ན། །ཀྱེ་མ་བདག་ནི་གཡེངས་པའི་གནས༌། །གཞན་ཡང་ཞེ་སྡང་འདོད་ཆགས་རྨོངས། །ཆོམ་རྐུན་འཇིགས་ཆེན་འདི་དག་རྣམས། །བྱམས་དང་རྟེན་ཅིང་འབྲེལ་འབྱུང་དང༌། །མི་སྡུག་ཏིང་འཛིན་དཔུང་གིས་བཅོམ། །སེམས་ནི་སྒོ་གཏན་བཅུག་པ་ལྟར། །རྣམ་རྟོག་རླུང་གིས་གཡོ་བ་མེད། །འདོད་པ་རྣམས་ལ་དགར་མི་འགྱུར། །ཤིན་ཏུ་སྦྱང་བའི་བདེ་བ་ཐོབ། །དེ་ནས་ཐོས་པ་ཆེན་པོ་ལས། །


TNT20_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཕ་རོལ་ཕྱིན་གང་གསུང༌། །དེ་ལས་འབྱུང་བཞིན་བློ་ལྡན་ནི། །གདམ་ངག་ལྡན་པས་བསྒོམ་པར་བྱེད། །སཱ་ལུའི་མྱུ་གུ་འཇའ་ཚོན་ལྟར། །རྟེན་ཅིང་འབྱུང་བ་ངོ་མཚར་རྨད། །ཆོས་རྣམས་བདེན་པའི་སྟོང་པའོ་ཞེས། །ཡང་ཡང་རང་བཞིན་དེ་སྒོམ་བྱ། །དྲན་དང་ཤེས་བཞིན་ལྡན་པ་ཡིས། །སྤྱོད་ལམ་ཀུན་ཏུ་བག་ཡོད་བརྟེན། །བྱ་བ་ཀུན་ལ་ཇི་ཞིག་ལྟར། །སེམས་མི་གཡོ་ཞིང་ཆོས་རྣམས་འབྱེད། །དེ་ནས་གཞན་ཡང༌། བློ་ལྡན་ཁྱིམ་ན་འདུག་གམ། ཡང་ན་བས་མཐར་འདུག་ཀྱང་རུང༌། མཉམ་པར་འཇོག་ཀྱང་རུང༌། འདོད་པ་ལ་སྤྱོད་ཀྱང་རུང༌། ཡུན་རིང་པོར་བསླབ་པའམ། ལས་དང་པོ་པ་ཡིན་ཡང་རུང་སྟེ། རེ་ཞིག་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྒོམ་པར་བྱའོ། །གང་ཅི་ཡང་རུང་བ་དག་ལ་བསད་པར་སེམས་པ་རྣམས་ལ་དགེ་བའི་བཤེས་གཉེན་ནམ་ཕ་དང་མར་འདུ་ཤེས་པར་བྱའོ། །གལ་ཏེ་དེ་ཁོང་དུ་ཆུད་པར་གྱུར་ན། གཟུགས་བརྗེ་ཞིང་བསྒོམ་པར་བྱ་སྟེ། ཡང་ན་རེ་ཞིག་བྱམས་པ་བསྒོམ་ཞིང་ཕྱི་ནས་ངེས་པར་སྙིང་རྗེ་ལ་ནན་ཏན་དུ་བྱ་སྟེ། གཞན་དུ་ན་བྱང་ཆུབ་ཀྱི་སེམས་རྒྱས་པར་མི་འགྱུར་རོ། །དེ་ལྟར་འགྲོ་བ་ཀུན་བྱང་ཆུབ་ལ་འགོད་པར་འདོད་པས་སྙིང་རྗེ་ལ་གོམས་པར་བྱ་ཞིང༌། གནོད་པ་དང་སྡུག་བསྔལ་བཟོད་པ་ནན་ཏན་དུ་འབད་ནས། རིམ་གྱིས་ན་ཕ་རོལ་དུ་ཕྱིན་པ་དྲུག་ལ་ཡང་དག་པར་བསླབ་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སྙིང་རྗེ་ལ་བསླབ་པར་བྱེད་པ་རྣམས་


TNT20_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པར་བྱའོ། །བརྗོད་པར་བྱའོ། །བསྙེན་པར་བྱ་ཞིང་བསྒོམ་པར་བྱའོ། །ལམ་མདོར་བསྡུས་པ་རྫོགས་སོ། །བདག་གིས་འདི་བྲིས་དགེ་བ་ཡིས། །སེམས་ཅན་ཚོགས་རྣམས་མ་ལུས་པ། །མྱུར་དུ་བླ་ན་མེད་བྱང་ཆུབ། །རྟག་ཅིང་བདེ་བ་མྱུར་ཐོབ་ཤོག །དགེ་སློང་ཀུན་དགའ་སྙིང་པོས་བྲིས། །དགེའོ། །དེར་བརྟེན་མཛད་བཟང་འོད་སྟོང་གིས། །བསྟན་འགྲོའི་ལེགས་ཚོགས་པདྨོའི་ཚལ། །ཕྱོགས་དང་དུས་སུ་ཡོངས་བཞད་དེ། །ཕན་བདེའི་གཟི་འོད་འབར་གྱུར་ཅིག །


TNT20_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྣལ་འབྱོར་རྣམ་པ་གཉིས་ཀྱི་རྩ་བ།next