Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
འཆི་མེད་གྲུབ་པའི་གདམས་ངག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཆི་མེད་གྲུབ་པའི་གདམས་ངགnext

འཆི་མེད་གྲུབ་པའི་གདམས་ངག


TNT20_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་གྲུབ་པའི་གདམས་ངག་བཞུགས།


TNT20_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཆི་མེད་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །དང་པོར་སློབ་མ་སྣོད་དུ་རུང་བ་གཅིག་གིས། བདག་འཆི་མེད་སྒྲུབ་པའི་གདམས་ངག་ཀུན་ཞུ་ཟེར་ན། ཙནྡན་དམར་པོའི་ལྡེ་གུའམ། ལི་ཁྲིའི་བཙག་གིས་ཆོས་འབྱུང་གྲུ་གསུམ་གཅིག་བྱ། དེ་ལ་ཚོམ་བུ་གསུམ་བཀོད། མཐའ་མཆོད་གཏོར་གྱིས་སྐོར། ཚོགས་ཀྱི་ཡོ་བྱད་བཤམས། སྤྲོས་པ་ལ་དགའ་ན་མཁའ་འགྲོ་སྤྱི་གཏོར་གྱིས་སྔོན་འགྲོའི་གཏོར་མ་བཏང༌། གནས་ཡོ་བྱིན་རླབས། བསྡུ་ན། སུམྦྷ་ནི་མང་དུ་བཟླས་ཏེ་བགེགས་བསྐྲད། ཨོཾ་ཨཱཿཧཱུཾ་ཁོ་ནས་མཆོད་གཏོར་ཐམས་ཅད་བྱིན་གྱིས་རླབས། འོག་ནས་འབྱུང་བ་ལྟར་མངོན་རྟོགས་བསྒོམས། གཏོང་བསྔོ་བྱ། སློབ་དཔོན་རང་ཉིད་རྫོགས་རིམ་བསྒོམས། བཟླས་པ་ཡང་ཅུང་ཟད་བྱ། འགྲུབ་ན་


TNT20_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་འདིར་ཡང་ཚོགས་འཁོར་གཅིག་བྱེད། དེ་ནས་སློབ་མས་མཎྜལ་ཕུལ། སྤྱི་དང་མཐུན་པར་བགེགས་གཏོར་བཏང་ལ་བགེགས་ཕྱིར་བསྐྲད། དགའ་ཆེན་ཁྱོད་བདག་སོགས་ཀྱིས་གསོལ་བ་བཏབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་རྒྱུན་བཤགས་བྱ། ས་གཞི་ལ་ཆང་གིས་ཆོས་འབྱུང་གྲུ་གསུམ་གཅིག་བྲིས། དེའི་སྟེང་དུ་སློབ་མ་ལངས་ཏེ་སྡོད་དུ་འཇུག །སློབ་མ་སངས་རྒྱས་མཁའ་འགྲོ་མ་དམར་སེར་གྲི་གུག་ཐོད་པ་ཁ་ཊྭཱཾ་ག་འཛིན་པའི་སྐུར་ལམ་སྟེ་བསྒོམས། ལྟེ་འོག་ཏུ་ཆོས་འབྱུང་གྲུ་གསུམ་ཟུར་གསུམ་པ་ལ་ཨོཾ་ཨཱཿཧཱུཾ། དབུས་སུ་སྔགས་ཚན་གསུམ་ཡི་གེ་བརྩེགས་མ། དེའི་སྟེང་ལྟེ་བའི་ཐད་དུ་ཧྲཱིཿདམར་སེར་སྒོམ་དུ་བཅུག་ལ། ཆོས་འབྱུང་དེ་གཡོན་བསྐོར་དུ་སྒོ་རེ་རེ་འཁོར། ལུས་སེམས་བདེ་བས་གང་བ་ལ་སེམས་གཏོད་དུ་


TNT20_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

གཞུག །རྣལ་འབྱོར་མ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་སློབ་མ་ལ་ཐིམ་པར་སློབ་དཔོན་གྱིས་བསམ་ཞིང༌། རོལ་མོའི་སྒྲ་ཡུན་རིང་ལ་དྲག་པོའམ། ཇེ་དྲག་ཇེ་ཞན་བྱ་ཞིང༌། ཨོཾ་གསུམ་མ་དྲག་ཏུ་བཟླས། གུ་གུལ་བདུད་རྩི་ལྔའི་རིལ་བུ་དང༌། ཤ་ཆེན་གྱི་བདུག་པ་བདུག་གོ །དེས་མ་ཕེབས་ན་སྤོགས་ཆོག་བྱ་གསུངས་ཏེ་འོན་ཀྱང་དེང་སང་འདི་ལྟར་བྱ། གཞན་ཁྱེད་རང་ལུས་ཐང་ཤ་བཅད་དེ་ཉྭ་བཞི་སྒྲིམས་མིག་གྱེན་དུ་བཟློག །རླུང་སྣ་ནས་ཕྱིར་སང་སང་འབུད་པ་ཡང་ཡང་བྱེད་ཅིང༌། དམིགས་པ་འདི་ལ་སེམས་གཏོད་ཅིག་བྱས་ལ། དེ་ཡང་རང་གི་སྤྱི་བོའི་སྟེང་ན་བླ་མ་དང༌། རྡོ་རྗེ་ཕག་མོ་གཙོ་འཁོར་གསུམ་དབྱེར་མ་མཆིས་པ་སྐུ་ལུས་གར་སོགས་ལོག་ལོག་བསྒྱུར། ཞལ་ནས་གསུངས་དབྱངས་ལྷང་ལྷང་འབྱོན། རང་གི་གཡས་ནས་ལྷ་མོ་དཔལ་གྱི་བློ་གྲོས་མ་དང་གཡོན་ན་ནག་པོ་བིརྺ་པ། གཞན་དཔའ་བོ་རྣལ་འབྱོར་མ་མང་པོ་དང༌། ཞབས་བྲོ་བརྡུང༌། ཕྱག་གར་བྱེད་པ། གསུང་རྡོ་རྗེའི་གསུང་དབྱངས་ལྷང་ལྷང༌། ཁྱེད་རང་ལ་བྱིན་གྱིས་རློབས་པའི་ཚུལ་དུ་བཞུགས་སྙམ་གྱིས་ལ། རོལ་མོ་འཇམ་པོས་བརྡའ་དང་སྦྱར་ཏེ། ཨེ་མ་ཧོཿ ཀྱཻ། བུ་ཁྱོད་ཚུར་ཤོག་ཚུར་ལ་ཤོག །ལུས་ངག་ཐམས་ཅད་སེམས་ཉིད་ཡིན། །ཨེ་མ་ཧོཿ སེམས་ལས་གཞན་དུ་ལུས་ངག་མེད། །སེམས་ལ་སྐྱེ་དང་འཇིགས་པ་བྲལ། །ཨེ་མ་ཧོཿ ཁྱོད་ཀྱི་ལུས་ལ་འཆི་བ་མེད། །བུ་ཁྱོད་འཆི་མེད་རང་གྲོལ་ལ། །ཨེ་མ་ཧོཿ སངས་རྒྱས་མཁའ་འགྲོ་ད་ཚུར་བྱོན། །རྣལ་


TNT20_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་མ་དཔལ་ད་ཚུར་བྱོན། །རྡོ་རྗེ་ཕག་མོ་ད་ཚུར་བྱོན། །རིགས་ཀྱི་བུ་འདི་ལ་བྱིན་གྱིས་རློབས། །འཇའ་ལུས་རྡོ་རྗེའི་སྐུ་ཐོབ་པར་བྱིན་གྱིས་རློབས། ངག་ལ་ནུས་པ་བསྐྱེད་དུ་གསོལ། །ངག་འཆི་མེད་ཐོབ་པར་བྱིན་གྱིས་རློབས། བརྗོད་བྲལ་རྡོ་རྗེའི་གསུང་ཐོབ་སོགས། །སེམས་ལ་ཡེ་ཤེས་འཆར་དུ་གསོལ། སེམས་འཆི་མེད་ཐོབ་སོགས། སྤྲོས་བྲལ་རྡོ་རྗེའི་ཐུགས་ཐོབ་སོགས་གོང་བཞིན་སྦྱར། དེ་བཞིན་དུ། ལྷ་མོ་དཔལ་གྱི་བློ་གྲོས་ད་ཚུར་བྱོན་སོགས་གོང་བཞིན་ཐམས་ཅད་སྦྱར། ནག་པོ་བི་རུ་པཀྵ་ད་ལྟར་བྱོན་ལའང་གོང་བཞིན་སྦྱར། ནམ་མཁའ་ན་བཞུགས་པའི་ལྷ་མོ་གསུམ་སོ་སོ་རང་རང་གི་ལྟེ་བའི་ཆོས་འབྱུང་གི་ཧྲཱིཿལ་ཐིམ། དེའི་ཤུགས་ཀྱིས་རང་གི་ལུས་ནམ་མཁའ་ལ་ཡེར་གྱི་བཏེག །ལྷ་མོ་དཔལ་གྱིས་བློ་གྲོས་དང་བིརྺ་པས་ཀྱང་གཡས་གཡོན་ནས་མེ་ཏོག་སྟེ་མཆོད་པ་མང་པོ་སྤྲིན་ལྟར་གཏིབས། སྣ་ཚོགས་པའི་རོལ་མོའི་སྒྲ་དང་བཅས་ཏེ་ཁྱེད་རང་སྟེང་གི་ནམ་མཁའ་མཐའ་མེད་ལ་ཡེ་རེ་རེ་འགྲོ་བར་བསམ་ཞིང་མཐར་དེའི་ངང་ལ་མི་དམིགས་པར་ཞོག་ཅིག་བྱས་ལ། ཨོཾ་ཨཱཿཧྲིཿཧཱུཾ་ཧཱུཾ་ཧཱ། ཞེས་བརྗོད་པ་དང་བསྟུན་ནས་རོལ་མོའི་སྒྲ། དང་པོ་ཅུང་ཟད་དལ་ཞིང༌། མཐར་ཇེ་དྲག་ཇེ་དྲག་བཏང་སྟེ་ཡུན་རིང་དུ་འབུད་དཀྲོལ་བྱ། རོལ་ཆེན་མི་འབྱོར་བའི་ཡུལ་དང་གང་ཟག་འཛོམས་པ་མི་མེད་ལུང་སྟོང་དུ་བྱ་བཏང་དཔོན་སློབ་འཛོམས་པ་ལྟ་བུ་ཡིན་ན་ཡང༌། ཌཱ་དྲིལ་ལམ། ཏཱིང་ཤག་


TNT20_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་མི་དགོས་ཁ་མེད་ཡིན་ནོ། །འདི་སྐབས་ཡེ་ཤེས་ཕེབས་ན་དངོས་གྲུབ་མྱུར་དུ་ཐོབ་ཅིང༌། བྱིན་རླབས་དཔག་ཏུ་མེད་གསུངས། བ་སྤུ་ལྡང་ཞིང་སྐྱི་གཡའ་བ་དང༌། རྣམ་རྟོག་ཅུང་ཟད་ལོག་ཅིང༌། འཕར་གཡོ་ཅུང་ཟད་ཙམ་བྱང་ནའང་བྱིན་རླབས་ཆེ་བའོ། །ཡིད་དགའ་ཞིང་དམིགས་པ་གསལ་བ་ཙམའང་བྱིན་རླབས་འབྲིང་ངོ༌། རྣམ་འགྱུར་གང་ཡང་མ་བྱུང་ན་བྱིན་རླབས་ཆུང་ངུའོ། འདི་དབང་གི་དངོས་གཞི་ཡིན། དེ་ནས་དཀྱིལ་འཁོར་གྱི་གཙོ་མོའི་སྐུའི་དཔྲལ་བ་ནས་ཨོཾ་དཀར་པོ་བྱུང༌། སློབ་མའི་དཔྲལ་བར་ཐིམ། བུམ་དབང་ཐོབ་པར་བསམ། དེ་བཞིན་དུ། མགྲིན་པའི་ཨཱཿ གསང་དབང༌། ཐུགས་ཀའི་ཧཱུཾ་གིས་ཤེར་དབང༌། ལྟེ་བའི་ཧྲིཿཡིག་གིས་དབང་བཞི་པའོ། །དེ་ནས་ཨོཾ་གསུམ་མའི་སྔགས་ཀྱི་བཟླས་ལུང་སྤྱི་དང་མཐུན་པར་བྱིན། སྭ་བྷཱ་ཝ་ནས། འགོག་པའི་བཟླས་པའི་བར་དམིགས་པ་རྣམས་མངོན་རྟོགས་ལྟར་ཕོག །རླུང་བུམ་ཅན་གཅིག་འཛིན་དུ་བཅུག །ཛི་ཏ་དཀར་བའི་འཁྲུལ་འཁོར་བསྡུས་པ་དེ་བསླབ་བོ། །རྗེས་མཎྜལ་ཕུལ་བ་སོགས་སྤྱི་དང་འདྲ། བར་འདིར་ཚོགས་ཀྱི་འཁོར་ལོ་བྱ། རྗེས་ཆོག་གཞན་མི་དགོས་ཏེ། འོག་ནས་འབྱུང་བའི་མཎྜལ་གྱི་མཆོད་པ་བྱས་ནས་སློབ་དཔོན་རང་ཉིད་ཀྱི་ལུས་ལས་བསྡུའོ། །སྨོན་ལམ་དང་བཀྲ་ཤིས་བྱའོ། །སྔར་ཀུན་ལ་འཕྱན་པའི་ལུས་འཆི་མེད་ཀྱི་དབང་བཀའ་ཡིན་གསུངས་པ་སེམས་འཆི་མེད་ཀྱི་དབང་


TNT20_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་དང་འདྲ་སེ་བ་དེ་ལ་བཀའ་འགའ་རེ་རྒྱུན་དུ་ལག་ལེན་ལ་མཛད་མོད་ཀྱང་དེ་ཟང་མ་ཡིན། ལུས་འཆི་མེད་གྲུབ་པའི་དབང་བཀའ་དངོས་སྨྲ་མ་དེ་འདི་ལགས་སོ། ༈ ད་ནི་འཁྲིད་ཚུལ་ཉམས་སུ་ལེན་པ་ལ་མན་ངག་བཤད་པར་བྱ་སྟེ།།དེ་ལ་སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་འདྲ་སྟེ། ཞག་ཤས་སྒོམས་སུ་གཞུག །རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱང་བབས་ཀྱི་སྤྱི་དང་འདྲ་སྟེ། ཧེ་རུ་ཀའི་ལུགས་སུ་བྱེད། མཎྜལ་བླ་མའི་རྣལ་འབྱོར་གྱི་སྐབས་མཎྜལ་འབུལ་བའི་ཡུལ་གྱི་གཙོ་བོ་རང་གི་རྩ་བའི་བླ་མ་དང་དབྱེར་མེད་པ་རྗེ་བཙུན་རྡོ་རྗེ་ཕག་མོ་གཙོ་འཁོར་གསུམ་གསལ་བཏབ། དེའི་སྐུའི་མདུན་ཕྱོགས་སུ་གྲུབ་ཐོབ་ནག་པོ་བིརྺ་པ། དབུ་ལ་རྟེན་འབྲེལ་གྱི་བྱིན་རླབས་ཀྱི་ཅོད་པཎ་སྔོན་པོ་གསོལ་པ། ཕྱག་གཡས་པ་བ་མེན་གྱི་རྭ་བདུད་རྩིས་གང་བ་འཛིན་པ་གསོལ་བ། གཡོན་པ་པུས་མོའི་སྟེང་དུ་བཞག་པ། སྐུའི་མདུན་དུ་ཀ་པཱ་ལ་མཧཱ་བ་ལས་གང་བ་བཞག་ཅིང༌། དབྲ་ཙོ་རེའི་པགས་པའི་གདན་དང་འདོམས་དཀྲིས་ཅན་ལྷག་མ་རྒྱན་དང་ན་བཟའ་སྤངས་ཤིང༌། རྣལ་འབྱོར་བ་ཧུར་བག་ཆགས་པ་གཅིག །སྐུའི་གཡོན་གྱི་ཕྱོགས་སུ་རིག་མ་ཐལ་མོ་སྦྱར་བ་དང་བཅས་པ་བསྒོམས། གཞན་མཐའ་སྐོར་དུ་བླ་མ་དཀོན་མཆོག་མཆོད་ཡུལ་ཐམས་ཅད་ཀྱིས་བསྐོར་བ། མཎྜལ་ཡང་དེ་ལ་འབུལ་ཞིང་བླ་མའི་རྣལ་འབྱོར་གྱི་སྐབས་ཀྱང༌། དབང་བཞི་ལེན་པ་རྣམས་ངོ་བོ་རྩ་བའི་བླ་མ། རྣམ་པ་རྡོ་རྗེ་ཕག་མོ་གཙོ་འཁོར་གསུམ་དང་


TNT20_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་བིརྺ་པའི་སྐུ་ལས་ལེན་པ་ནི་ཁྱད་པར་ཡིན། གཞན་ཐམས་ཅད་འདྲ་པའི་ཁྲིད་ཚུལ་སྤྱི་ཁྱབ་ཀྱི་སྔོན་འགྲོ་ཆོས་ལ་ངེས་པ་རྙེད་པ་ཞིག་གལ་ཆེའོ། །བརྒྱུད་པའི་གསོལ་འདེབས་ཀྱི་སྐབས་འདི་སྐད་ཅེས་བྱ་སྟེ། རྩ་བའི་བླ་མ་དང་རྡོ་རྗེ་འཆང་སོང་བའི་རྗེས་སུ། གནས་མཆོག་བདེ་ཆེན་ཕོ་བྲང་དུ། །བཅོམ་ལྡན་རྡོ་རྗེ་ཕག་མོ་ལ་གསོལ་བ་འདེབས། །གནས་ཨོ་རྒྱན་མཁའ་འགྲོའི་ཞིང་ཁམས་སུ། །སློབ་དཔོན་ནག་པོ་བིརྺ་ལ་གསོལ་བ་འདེབས། །ཡུལ་ཕྲེང་བ་ཅན་གྱི་ནགས་ཁྲོད་དུ། །བླ་མ་དུར་ཁྲོད་ནག་པོ་ལ་གསོལ་བ་འདེབས། །གནས་ཨོ་ཊི་བི་ཤའི་དུར་ཁྲོད་དུ། །སློབ་དཔོན་བྲམ་ཟེ་ནག་པོ་ལ་གསོལ་བ་འདེབས། །ཡུལ་གང་གའི་བྱང་ཕྱོགས་ངེས་མེད་དུ། །གྲུབ་ཐོབ་ལ་ཐོད་མགོན་པོ་ལ་གསོལ་བ་འདེབས། །གནས་རི་གོང་དཔལ་གྱི་ཡང་དགོན་དུ། །གཉན་སྟོན་སྦས་པའི་རྣལ་འབྱོར་ལ་གསོལ་བ་འདེབས། །རྗེ་གྲུབ་བརྙེས་མཆོག་དེའི་གདན་ས་རུ། །འགྲོ་མགོན་སངས་རྒྱས་སྟོན་པ་ལ་གསོལ་བ་འདེབས། །དེ་མན་ཆད་ནཻ་གུ་ཆོས་དྲུག་གི་བརྒྱུད་འདེབས་བཞིན་བྱས་པས་ཆོག །འཆི་མེད་གྲུབ་པ་འདི་ལ་སྔོན་ལོ་ཙྪ་བ་གཞན་དང་གཞན་གྱིས་བསྒྱུར་བ། འགྱུར་མི་གཅིག་པ་འགའ་རེ་སྣང་ཞིང་གདམ་ངག་གི་མཚན་དོན་རང་ཡང་འཆི་མེད་གྲུབ་པ་བདུད་རྩི་གྲུབ་པ། འཇིགས་མེད་གྲུབ་པ་སོགས་འགྱུར་མི་གཅིག་པ་མང་པོ་བྱུང་འདུག་ཅིང༌། ཕྱིས་པཎྜི་ཏ་ནགས་ཀྱི་རིན་ཆེན་དང༌། ཤཱ་རི་བུ་ཊ་སོགས་ཀྱིས་བསྒྱུར་བཤད་ལག་ལེན་མཛད་གདབ།


TNT20_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཀྱང་གཞན་དེ་དག་སྐབས་འདིར་མི་ལེན་གྱི། བྱིན་རླབས་བརྒྱུད་པ་ཅན་གཉན་སྟོན་ཆེན་པོའི་ལུགས་འདི་ཁོ་ན་རྩིས་སུ་བཟུང་བར་བྱའོ། །གཉིས་པ་དངོས་གཞི་ལ། བསྐྱེད་རིམ་དང༌། རྫོགས་རིམ་གཉིས། དང་པོ་ནི།།སྟན་བདེ་བ་ལ་འདུག་མདུན་དུ་བྲིས་སྐུའི། ཙནྡན་དམར་པོའི་མཎྜལ་འབྱོར་ན་བཤམས། བྲིས་སྐུ་མཎྜལ་མེད་ཀྱང་ཉམས་རྟོགས་མི་སྐྱེ་བའི་ལུགས་མ་ཡིན། དངོས་སམ་ཡིད་ཀྱིས་སྤྲུལ་པའི་མཆོད་པ་བཤམས། ཐོད་པ་ལ་སོགས་པའི་སྣོད་གང་ཡང་རུང་བར། ཆང་ལ་དམ་རྫས་རིལ་བུ་སྦྱར་བའི། མདོར་ན་ནང་མཆོད་ཀྱི་རྣམ་གྲངས་གཅིག་མེད་དུ་མི་རུང༌། དེ་ཡང་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང༌། བླ་མ་ཡི་དམ་མདུན་དུ་བསྒོམས་ཏེ། གང་གི་དྲིན་གྱིས་བདེ་ཆེན་ཉིད་སོགས་དང༌། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས། ཤློ་ཀ་གཉིས་དང༌། ཨརྒྷཾ། ནས། ཤཔྟའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས། རྒྱུན་བཤགས་རྣམས་བྱ་རྗེས་ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ མོ། །ནང་མཆོད་སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྣོད་ཨ་ལས་བྱུང་བའི་ཐོད་པའི་ནང་གི་དབུས་སུ་ཧྲཱིཿཟུང་གསུམ་ལ་གཡོན་བསྐོར་དུ་ཨོཾ་ཨཿཧཱུཾ། གཞན་ཨོཾ་གསུམ་ལས་དམར་རི་མོ་བཀང༌། ཨོཾ་ཨཱཿཧཱུཾ་ལན་མང་དུ་བརྗོད། སངས་རྒྱས་བྱང་སེམས་ཁམས་གསུམ་སྣོད་བཅུད་ཐམས་ཅད་ཀྱི་བཀྲག་མདངས་བཅུད་རྣམས་ཚུར་


TNT20_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས། བདུད་རྩི་དང་འདྲེས་ཤིང་ཡི་གེ་རྣམས་ཀྱང་འོད་དུ་ཞུ་བར་གྱུར། སུམྦྷ་བརྗོད་ཅིང་ནང་མཆོད་མྱང༌། གདན་སྲུང་བ་ཡིན། ཡང་སུམྦྷ་བརྗོད་དེ་གནས་ཁང་དག་གདན་དང་ས་ཕྱོགས་ལ་གཏོར། གནས་སྲུང་བ་ཡིན། ཡང་རང་ཉིད་ལ་ནང་མཆོད་གཏོར་ཏེ། ཨོཾ་ཨཱཿཧཱུཾ་ཞེས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ། ཨོཾ་སྭབྷ་ཝས་སྦྱངས། རང་ལུས་འོད་ཀྱི་ཕུང་པོར་གྱུར་པའི་ལྟེ་བར་པདྨ་དཀར་པོ་དང༌། ཉི་མ་ལ་ཧྲཱིཿཡིག་དམར་སེར་དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་པ་ལས། སྐད་ཅིག་ཆོས་འབྱུང་གཞལ་མེད་ཁང་པད་མ་ཉི་ཟླའི་གདན་དང་བཅས་པའི་དབུས་སུ། གཙོ་བོ་སངས་རྒྱས་མཁའ་འགྲོ་མ་དམར་སེར་གཡས་གྲི་གུག་གཡོན་ཐོད་ཁྲག །མཆན་ཁུང་དུ་ཁ་ཊྭཱཾ་ག །གཡོན་དུ་རྡོ་རྗེ་རབ་སྔགས་མ་ལྗང་ཁུ་གཡས་གྲི་གུག །གཡོན་ཐོད་པ། ཞབས་གཡོན་བརྐྱང༌། གཡས་སུ་རྡོ་རྗེ་རྣམ་སྣང་མ་སེར་མོ། གཡས་གྲི་གུག གཡོན་ཐོད་པ། ཞབས་གཡས་བརྐྱང༌། ཐམས་ཅད་ཀྱང་གྲི་གུག་ཐུར་དུ་སྡིགས་ཤིང་ཐོད་ཁྲག་སྟེང་དུ་འཕྱར་པ། སྤྱན་གསུམ། སྐྲ་གྲོལ་གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་པ། མི་བཟད་ཅིང་དྲག་ཏུ་བཞད་ལ། བདེ་བ་རྒྱས་ཤིང་ལྷག་པར་ཁྲོས་པ། ཐོད་སྐམ་གྱི་དབུ་རྒྱན་དང༌། ཐོད་རློན་གྱི་དོ་ཤལ་ཅན། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །གཙོ་བོའི་ཞབས་འོག་ཏུ་འཇིགས་བྱེད་དང་དུས་མཚན་མནན་པ། འཁོར་གཉིས་


TNT20_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གདན་གསུམ་ཆར་གྱི་ལྟེ་འོག་སོར་བཞིའི་འོག་གསང་བའི་གནས་སུ། ཆོས་འབྱུང་དམར་པོ་གྲུ་གསུམ་རེ་རེ། གཙོ་མོ་ལ་དབུས་སུ་བཾ་དང་དེའི་རྒྱབ་ཏུ། །ཨོཾ་སརྦ་བུདྡྷ་ཊ་ཀི་ནི་ཡེ་ཧཱུཾ་ཕཊ་སྭཱ་ཧཱ་ཡི་གེ་བརྩེགས་མ་དང༌། གཡོན་གྱི་ལ། ཨོཾ་བཛྲ་ཝརྞ་ནི་ཡེ་ཧཱུཾ་ཕཊ་བརྩེགས་མའོ། །གཡས་ལ་ཨོཾ་བཛྲ་བཻ་རོ་ཙ་ན་ཡེ་ཧཱུཾ་ཕཊ་བརྩེགས་མའོ། །དེ་ལྟར་གསལ་བ་ནན་དུ་ལན་གཉིས་བསྒོམ། དེ་ནས་གཙོ་མོའི་དབུ་སྐྲ་ཕྱེད་ཕྱག་གཡོན་པས་བཟུང༌། གཡས་ཀྱི་གྲི་གུག་གིས་མགུལ་གྱི་རྩ་བ་ནས་བཅད་དེ། དབུ་ནི་ཕྱག་གཡོན་པར་ཐོད་པ་དང་ལྷན་ཅིག་བཟུང་བར་གྱུར། དེས་རྩ་གསུམ་ཆད་པ་ན། རྩ་དབུ་མ་ནས་བྱང་ཆུབ་ཀྱི་སེམས་དང་རང་བྱུང་འདྲེན་པའི་རྒྱུན་བྱུང་སྟེ། རང་ཉིད་ཀྱི་ཞལ་དུ་ཐིམ་བཞིན་པ་དང༌། རྐྱང་མ་ནས་དཀར་པོའི་རྒྱུན་དང༌། བཞི་མཉམ་གྱི་དྭངས་མ་བྱུང་སྟེ། རྡོ་རྗེ་རབ་སྔགས་མའི་ཞལ་དུ་འཇུག་བཞིན་པ་དང༌། རོ་མ་ནས་རཀྟ་དང་གླ་རྩིའི་རྒྱུན་འདྲེན་པ་སྟེ། རྡོ་རྗེ་རྣམ་སྣང་མའི་ཞལ་དུ་འབབ་བཞིན་པར་གྱུར། རླུང་ཕྱིར་ཡང་ཡང་བཟུང་ཞིང་ཡིད་ཙམ་བསྒོམ། ལྟེ་བའི་བཾ་ལས་འོད་འཕྲོས། རོ་རྐྱང་གི་ལམ་རྒྱུད་བཅད་མཚམས་ནས་གཡས་གཡོན་དུ་འཕྲོས་ཏེ་མཁའ་འགྲོ་མ་གཉིས་ཀྱི་སྐུ་ལ་ཕོག །དེ་གཉིས་ཚུར་སྤྱན་དྲངས་ཏེ་ལྷ་དང་ལྷ་མོ། ཆོས་དང་ཆོས་འབྱུང་དབྱེར་མེད་དུ་འདྲེས། ཡིག་འབྲུ་བརྩེགས་པའི་སྔགས་གཉིས་དབུས་ཀྱི་ཡིག་འབྲུའི་གཡས་གཡོན་དུ་ཞུགས་སླར་


TNT20_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རང་ཉིད་དབུ་རང་གནས་སུ་བཞག་པས་འབྱར་པར་འགྱུར། འོག་རླུང་བསྐུམ་ཞིང་ལྟེ་བའི་ཡིག་གེ་ལ་སེམས་གཏད་དེ། ཨོཾ་སརྦ་བུདྡྷ་ཊཱ་ཀི་ནི་ཡེ་ཨོཾ་བཛྲ་བརྞ་ནཱི་ཡེ། ཨོཾ་བཛྲ་བཻ་རོ་ཙ་ནཱ་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ཞེས་ཟླ་བ་ཉིད་གཙོ་བོར་མཛད་ལ། སྔགས་བསྡུས་པ་ལ་མོས་ན། གཡས་གཡོན་གྱི་སྔགས་ཐོག་བརྩེགས་གཉིས་དབུས་མ་ལ་ཐིམ་པར་བསམ་སྟེ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་ཉིད་བཟླའོ། །ཡང་ས་བོན་གྱི་ཡི་གེ་ཧཱུཾ་ཉིད་ཡིད་བཟླས་སུ་བྱེད་པའང་ལུགས་གཅིག་གོ །ཡང་འཇམ་རླུང་བཟུང་སྟེ་ལྟེ་བའི་ཧྲཱིཿལས་མེ་འབར་དབུ་མའི་ལམ་ནས་སོང༌། སྤྱི་བོའི་ཧཾ་ལ་རེག །དེ་ལས་བདུད་རྩིའི་རྒྱུན་བབས་ཏེ་ཧྲཱིཿལ་ཐིམ་པར་བསྒོམ་ཞིང༌། ཧྲཱིཿཧཾ་ཞེས་བཟླས་པ་ཡང་ལུགས་གཅིག་གོ །སྤྱིར་གནས་སྐབས་འདིར་ལྷ་སྐུ་བསྒོམ་པ་དང༌། ཡིད་བཟླས་གཙོ་ཆེ་ཞིང༌། ངག་བཟླས་གཙོ་ཆུང་ངོ༌། །ལྷ་སྐུ་འོད་གསལ་དུ་བསྡུ་བ་སོགས་མི་དགོས། ནམ་ཕྱེད་ན་ས་གཞི་དུར་ཁྲོ་ཆེན་པོར་བསམ་སྟེ། གཏོར་མ་འབུལ་བ་ནི་བྱིན་རླབས་སྤྱི་དང་འདྲ། འབྲུ་གསུམ་ཁོ་ནས་ཀྱང་ཚིག་རྒྱས་བསྡུས་ཁྱད་པར་མེད་གསུངས་ཏེ། བདེ་མཆོག་ཡབ་ཡུམ་གང་ཡང་རུང་བའི་ལུགས་གཅིག་དང་བསྟུན་ན་ལེགས། ཕེཾ་ཞེས་རྗེ་བཙུན་མ་གཙོ་འཁོར་གསུམ་སྤྱན་དྲངས། སྤྲོས་པ་ལ་དགའ་ན། སྔགས་གསུམ་ལ་སོགས་པ་ཇི་ལྟར་འོས་པས་འབུལ་ཏེ། ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུ། །སྤྲུལ་


TNT20_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

པ་བདེ་བ་ཆེན་པོའི་སྐུ། སོགས། ཞེས་བསྟོད་ཅིང༌། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས། སྤྱི་དང་མཐུན་པར་འདོད་དོན་གསོལ་བ་བཏབ་ཡི་གེ་བརྒྱ་པའི་མཐར། ཨོཾ་ཡོ་ག་ཤུདྡྷ༴ ཞེས་རང་ལ་ཐིམ། གལ་ཏེ་གཏོར་མ་མི་ལྕོགས་ན། ཁ་ཟས་བཟའ་བའི་ཚེ་ཕུད་ཅུང་ཟད་བཅད་ནས། ཆོ་ག་འདི་བཞིན་བྱས་པས་ཆོག །༈ གཉིས་པ་རྫོགས་རིམ་ནི།།ཐོག་མར་འཁྲུལ་འཁོར་མི་བྱ་སྟེ། སྐྱབས་སེམས་བླ་མའི་རྣལ་འབྱོར་སྔོན་དུ་བཏང༌། རང་རྗེ་བཙུན་མའི་སྐུར་སྐད་ཅིག་གིས་གསལ་འདེབས་པ་ཡུད་ཙམ་ཡང་ཡང་དྲན་པར་བྱ། ལུས་གནད་སྤྱི་དང་མཐུན་པར་བཅས། མིག་དང་ཡིད་སྣའི་རྩ་བར་གཏད། རླུང་དལ་བུས་ཕྱིར་འབུད་པ་ལ་ལག་ལེན་བཞིན་དུ་བསླབ། ཞག་བདུན་སོགས་སྦྱངས། དེ་ནས་ཡང་དེ་བཞག་སྟེ་རླུང་དལ་བུས་ནང་དུ་འཐེན་པ་ལག་ལེན་བཞིན་དུ་བསླབ། དེ་ནས་ཡང་ཞག་བདུན་ལ་སོགས་པ་བྱའོ། །དེ་འོག་རླུང་རང་གནས་སུ་བཅིངས། ཡར་མི་འཐེན། སྟེང་རླུང་རན་པར་དྲངས་ཏེ་ལྟེ་འོག་ཏུ་མནན། གཞིལ་བ་སོགས་མི་བྱེད། མི་བདེ་བ་བྱུང་ན་སང་གིས་བཏང༌། མིག་སྣ་རྩེར་བལྟ་བའི། སྨིན་མཚམས་སུ་བལྟ་བ་གང་བདེ་ཞིག་བྱ། ཟླ་བ་ཕྱེད་ཙམ་བསྒོམ། དེ་ནས་གཞན་སྔར་དང་འདྲ་བ་ལས། མི་བདེ་བ་སྐྱེས་ཀྱང་ཅུང་ཟད་བཟུང་བ་སོགས་ཉིན་རེ་བཞིན་ཅུང་ཟད་རེ་ཡུན་སྲིངས་ཏེ་བསྒོམ་པ་ཟླ་བ་ཕྱེད་ཙམ་བྱ། དེ་མཚམས་ནས་རང་རེ་བོད་ཡུལ་ལྟ་བུར་ཉི་


TNT20_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ལ་བརྟེན་ཞིང༌། སྔ་དྲོ་སུག་ཆུས་ལུས་བཀྲུ། ཕྱི་ཕྲེད་ཏིལ་དམར་རམ། རབ་ཏུ་ཞུན་གྱིས་དབང་བྱུགས་ཞེས་བཤད་ཀྱང་མི་རྙེད་པས། འབྲུ་མར་གྱི་བྱུག་པ་འཐེམས་པར་བྱ། ཡང་རེ་གོ་བཟློག་ཀྱང་རུང་གསུངས་ཏེ་ཞག་བདུན་སོགས་ཞག་ཤེས་བྱ། ཡང་དྲི་ཆུས་ལུས་བཀྲུས་པ་དང༌། བཀུ་མཉེས་སྤེལ་བ་ཞག་ཤས་བྱ། ཡང་ཐང་ཕྲ་མོ་དཀར་ནག་གང་རིགས་ཀྱི་རྩ་རྩེ་ཚང་མ་བརྡུངས་པའི་ཁུ་བ་བཅིང་བ་ལ་ཤིང་ཐལ་ལམ་ལྕི་ཐལ་འཇམ་པོ་བཏབ་པ་དེ་ལུས་ལ་བྱུག་ཅིང་མཉེས་ནས་སླར་ཆུ་གཙང་གིས་བཀྲུ་བ་དང༌། བཀུ་མཉེས་སྤེལ་བ་ཡང་ཞག་ཤས་བྱ། དེ་དག་གི་སྐབས་སུ་རླུང་སྦྱོར་སྔར་གྱི་དེ་ཁ་ཅི་རིགས་པར་འབད། རྩོལ་བ་ཧ་ཅང་དྲག་པས་བཅུར་བཅུར་མི་བྱའོ། །དེ་ནས་ཛི་ཏ་ཀརྨའི་འཁྲུལ་འཁོར་བྱང་བར་བསླབ་སྟེ། རླུང་སྦྱོར་སྔ་མའི་སྟེང་ནས་ཉི་མ་དང་པོ་ལ་ཐུན་རེ་བཞིན་ཚར་ལྔ་ལྔ་ཙམ་བྱ་སྟེ། ཐུན་གསུམ་གྱིས་ཆོག །དེ་ནས་ཉིན་རེ་བཞིན་ཐུན་རེ་ལ་ཚར་རེ་བསྣན་ཏེ། ཟླ་བ་ཕྱེད་ཙམ་ན་ཉིན་ཞག་གཅིག་ལ་ཛི་ཏ་ཀརྨ་ཚར་དྲུག་ཅུར་འགྱུར། དེ་ནས་ཟླ་ཕྱེད་ཙམ་སླར་ལྷག་པོར་མི་སྤོར་བར། དེ་ཁའི་རྒྱུན་བསྐྱངས། དེ་དག་གི་འཁྲུལ་འཁོར་མི་བྱེད་པ་སྐབས་ཐམས་ཅད་དུ། ལུས་གནད་ཁྲོང་ངེ་པའི་ངང་ནས། མི་རྟོག་པ་གཙོ་བོར་སྐྱོང་པས། ཟླ་བ་གཅིག་པོ་དེ་ལ་ཏིང་འཛིན་གྱི་ཤུགས་ཀྱིས་མི་སྐྱེ་མི་སྲིད། སྔར་རླུང་གི་སྦྱངས་པ་གསུམ་ལ་ཟླ་བ་ཕྱེད་དང་གཉིས། རྫས་ཀྱི་སྦྱངས་


TNT20_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཟླ་བ་ཕྱེད། ཛི་ཏ་ཀརྨ་ཟླ་བ་གཅིག་ལ་བྱས་པས། ལུས་ཤིན་དུ་སྦྱངས་པར་འགྱུར་རོ། །དེ་ནས་ཕྱི་ནང་གསང་གསུམ་རང་གང་འོས་པ་གཅིག་གི་ཕྱག་ཆེན་གྱི་ལུས་གནད་བཅས་རླུང་བུམ་པ་ཅན་སྦྱོར་བ་བཞི་ལྡན་སྤྱི་དང་འདྲ་བར་བསྒོམ། སེམས་རང་བབས་སུ་ལྷོད་དེ་བའི་ངང་ནས་རང་བབས་སུ་ཆེར་རེ་བལྟ། ཐུན་མཚམས་སུ་ཛི་ཏ་ཀརྨ་ཡང་ཇི་ལྟར་འོས་པར་རྡེག་གོ །དེ་ལྟར་ཟླ་གཅིག་ཙམ་སོང་བ་ན། ཐུན་གྱི་མགོར་ཛི་ཏ་ཀརྨ་ལན་གསུམ་ཙམ་རེ་སོང་བའི་རྗེས་སུ། ཕྱིའི་ཨཾ་གྲོལ་གྱི་ལུས་གནད་བྱས། རྟིང་པ་ཕྱོགས་གཅིག་གིས་འོག་སྒོ་གཉིས་ཀྱི་བར་བསྡམ། གཅིག་གི་སྟེང་ནས་མནན་ཏེ་ཅུང་ཟད་སྒུར་བ་ཡིན། ལག་གཉིས་གཅིག་གིས་རྐང་རྩེ་དང་གཅིག་གིས་བོལ་གོང་ནས་བཟུང་བ་ཡིན། རླུང་བཤང་སྒོ་བཙུམ་སྟེ་འོག་རླུང་ལྟེ་བར་དྲངས། དེ་ལ་སྟེང་རླུང་ཁ་སྦྱར་ཏེ་གཡས་གཡོན་དབུས་གསུམ་གྱིས་གཏུན་རྡུང་དྲག་ཏུ་བྱེད་པ་ཡིན། འདི་རླུང་ལ་བསྣན་པ་ཡིན། དེ་ལྟ་བུའི་རླུང་སྦྱོར་ཉེར་གཅིག་ཚུན་བསྒོམས་པའི་རྗེས་སུ་ཨཾ་གྲོལ་ཕྱི་ནང་གསང་གསུམ་གང་རུང་གི་འཁྲུལ་འཁོར་ཉུང་མཐའ་ཡང་ཐུན་རེ་རེ་སུམ་ཅུ་སོ་དྲུག་རེ་བྱེད། རབ་ཏུ་ཐུན་རེ་རེ་ལ་བརྒྱ་རྩ་བརྒྱད་དོ། །ཐུན་གྱི་མཇུག་ལ་སྔར་བཞིན་ཕྱག་རྒྱ་ཆེན་པོ་བསྐྱངས། དེ་ལྟར་ཟླ་ཕྱེད་ཙམ་བསྒོམ། དེ་ནས་ཡང་ཐུན་མགོར་ཛི་ཏ་ཀརྨ་འགའ་ཟུང་དང༌། ཨཾ་གྲོལ་བདུན་ཙམ་སོང་བའི་རྗེས་རླུང་ཁ་སྦྱོར་བུམ་ཅན་གྱི་ངང་ནས། ཡར་སྟོད་ལ་འཐེན་འཐེན་པའི་རྗེས་སུ་ཤུགས་དྲགས་པ་རྒྱུ་ཞབས་སུ་དྲག་ཏུ་བརྡབས་ཏེ་


TNT20_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

གང་རུང་དུ་མནན། འདིས་རླུང་བསད་པ་ཡིན། དེ་འདྲ་ལན་ཉེར་གཅིག་ལས་མི་ཉུང་བར་སོང་བའི་རྗེས་སུ། ཕྱི་ནང་གསང་གསུམ་གང་རུང་གི་བེ་ཏ་གཅིག་ཐུན་རེ་རེ་བཞིན་སུམ་ཅུ་སོ་དྲུག་ནས་བརྒྱ་རྩའི་བར་སོགས་བྱེད། ཐུན་གྱི་མཇུག་ཏུ་ཕྱག་ཆེན་བསྒོམ། དེ་ཡང་ཟླ་བ་ཕྱེད་དོ། །ཡང་ཐུན་གྱི་མགོར་ཛི་ཏ་ཀརྨ། ཨཾ་གྲོལ། བེ་ཏ་རྣམས་ལྔ་ལྔར་བདུན་བདུན་ཏེ་སྒོམ་སྟེ། རླུང་བུམ་ཅན་གྱི་ངང་ནས། རླུང་ཐེངས་རེའི་ཕྱེད་རྗེས་མའི་ཆ་ལ་སླེབ་པ་ན། རྐེད་པ་ཉག་བྱ་སྟེ་དབུས་སུ་སྒྲིལ་ནས། དེ་མཚམས་སྟེང་དུ་དྲག་ཏུ་མནན། འཕོངས་སྟེགས་ནས་འབེབས་ཆུང་གཅིག་བྱ་རྗེས་སྣ་ནས་སང་སྟེ་བཏང༌། འདི་རླུང་འཆིང་བའི་ཐབས་ཡིན། དེ་འདྲ་བའི་རླུང་སྦྱོར་ཉེར་གཅིག་སོགས་སོང་མཚམས་ཕྱི་ནང་གསང་གསུམ་གྱི་བེ་ཏ་གང་འོས། གཅིག་སུམ་ཅུ་སོ་དྲུག་ནས་བརྒྱད་རྩའི་བར་དུ་བྱེད་པ་དང༌། རྗེས་ཕྱག་ཆེན་སྔར་དང་འདྲ། དེ་ཡང་ཟླ་ཕྱེད་དོ། །དེ་དག་ཡང་ན་ཕྱིའི་བཞི་ཁོ་ན་སྒོམ་པ་དང༌། ཡང་ན་ནང་གི་བཞི། ཡང་ན་གསང་བའི་བཞི་བྱས་ཀྱང ཆོག །ཡང་ཨཾ་གྲོལ་གཅིག་བེ་ཏ་གཅིག་བནྡྷ་གཅིག་ཕྱག་ཆེན་གཅིག་མོས་སུ་བྱས་ཀྱང་ཆོག །ཡང་ཨཾ་གྲོལ་ཕྱི་ཟབ། བྷནྡྷ་ནང་ཟབ། བེ་ཏ་གསང་བ་ཟབ། ཕྱག་ཆེན་གསུམ་ལ་ཁྱད་མེད་ཟེར་བ་ལྟར་བྱས་ཀྱང་རུང་ལ། འགྲོ་མགོན་སངས་རྒྱས་སྟོན་པས་འཁྲུལ་འཁོར་གསལ་བྱེད་ཉི་མའི་ནང་གི་བེ་ཏ་ཁོ་ན་ཡང་བསྔགས་པ་ཆེ་བར་མཛད་པའང་ཡོད། གང་ལྟར་ནའང་རྩ་བའི་རྐང་གི་འཁྲུལ་འཁོར་ཐུན་རེ་མོས་དང༌། ཉི་མ་རེ་


TNT20_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

མོས་སུ་མ་ངེས་པ་འཆོལ་བར་བྱས་ན་ཕན་ཡོན་ཆུང་བས་འཁྲུགས་ཅིང༌། གང་ཡིན་ཡང་རུང༌། ཐོག་མར་གང་བརྩམས་པ་དེ་ཉིད་ཉམས་ལེན་གྱི་མཐིལ་དུ་ཉིན་རེ་བཞིན་དུ་དྲག་ཏུ་མི་འགྱུར་བར་བྱ། ཐུན་མཚམས་ཀྱི་འཁྲུལ་འཁོར་དང་བོགས་འདོན་དང༌། གེགས་སེལ་ལ་ངེས་པ་མེད་དོ། །ཡང་དེ་རྗེས་སྔར་གྱི་རྣམས་མ་ཆགས་པར་བྱ། ལྷག་པོ་ཐུན་མགོར་ཛི་ཏ་ཀརྨ་ལན་འགའ་བཟུང་བར་བྱ། རྐང་པ་གཉིས་མདུན་དུ་བརྐྱངས། ལག་པ་གཉིས་གཡས་གཡོན་དུ་བཙུགས་ཏེ་རླུང་ཁ་སྦྱོར་ཅུང་ཟད་བཟུང་ནས། བཤང་སྒོར་དྲག་ཏུ་འཐེན། ཧཱུཾ་སྒྲ་དྲག་པོ་དང་བཅས་པའི་སྟོང་འདྲེན་གྱི་མཐར། རོ་སྟོད་རོ་སྨད་དྲག་ཏུ་གཅུས་ཤིང་འདར་སི་ལི་ལི་དྲག་ཏུ་སྤྲུག །འདི་རླུང་བཤིག་པ་ཡིན། དེ་འདྲ་བ་ཉེར་གཅིག་ཙམ་སོང་ནས། ཕྱིའི་ཨཾ་གྲོལ་གྱི་མཐར་ཐིག་ལེ་སྒྲ་གཅན་གྱེན་དུ་བཟློག འགྲེམས་པ་གཉིས་དང་བཅས་པ་དེར། ཚར་བཅུ་ནས་སུམ་ཅུའི་བར་བྱ། དེ་རྗེས་ཕྱག་ཆེན་གོང་བཞིན། དེ་ཡང་ཟླ་བ་ཕྱེད་དོ། །འདི་ཐམས་ཅད་ཐུན་གསུམ་གྱི་དབང་དུ་བྱས་སོ། །དེ་ལྟར་ཟླ་བ་དྲུག་གིས་ལག་ཁྲིད་སོང་ནས། ཐུན་གྱི་མགོར་དབུ་བཅད་མའི་བསྐྱེད་རིམ་སྒོམ་དགོས་ཏེ། སྤྲོས་པ་ཆེ་ན་ཡོངས་རྫོགས་བསྒོམ། བསྡུ་ན། ཤུ་ནྱ་ཏ་ནས། ཡིད་བཟླས་ཀྱི་བར་བྱེད་དགོས་པ་ལ་ངག་བཟླས་མེད་ཀྱང་ཆོག །དེ་རྗེས་ཨཾ་གྲོལ། བེ་ཏ་བྷནྡྷ་རྣམས་ཡུན་རིང་ཐུང་ཆ་མཉམ་དུ་བསྒོམས་ཀྱང་ཆོག་མོད་ཀྱི། གཙོ་ཆེར་སུམ་ཆའི་རིམ་པ་མཛད་པས་


TNT20_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ལ་བསྣུན་པའི་རྗེས་སུ། ཨཾ་གྲོལ་རླུང་ཐེངས་ཉི་ཤུ་རྩ་བདུན་སོང་ནས་རླུང་བསད་པ་བསྒོམས་ཏེ། བེ་ཏ་རླུང་ཐེངས་དགུ་རླུང་འཆིང་བ་བྱས་ནས། བནྡྷ་རླུང་ཐེངས་གསུམ། ཐིག་ལེ་སྒྲ་གཅན་འགྲེམས་གཉིས་དང་བཅས་ཏེ། བསྣུན་པས་འཆིངས་གསུམ་པོ་རེ་རེ་ལའང་བར་བར་དུ་ཚར་གསུམ་འཇུག་པའམ། ཀུན་གྱི་མཇུག་ཏུ་ལན་དགུ་ཙམ་བྱས་ཀྱང་རུང༌། དེ་ལྷག་ཡན་བུམ་ཅན་དང༌། ཕྱག་ཆེན་སྦྲགས་པ་བྱེད། དེ་རྣམས་ངེས་པ་ཅན་ཡིན། ཐུན་མཚམས་སུ་སྤྲོ་ན། ཡན་ལག་གི་འཁྲུལ་འཁོར་རྣམས་ཚར་རེ་བྱེད་པའམ། དགོང་ཐུན་ལྟ་བུ་ཐུན་གཅིག་གི་མཇུག་ལས་འཁྲུལ་འཁོར་སུམ་ཅུ་རྩ་གཉིས་ཆ་ཚང་རེ་བྱས་པས་ཀྱང་དོན་འགྲུབ་སྟེ། སྤྱིར་དེ་དག་ལ་མཐའ་གཅིག་ཏུ་ངེས་པ་མེད་དོ། །དེ་ཡང་འཇིག་རྟེན་བྱ་བྱེད་ལ་བརྟེན་པའི། བྲེལ་བ་དང་བསམ་མནོ་མི་བྱེད་ཅིང༌། ཆོས་ལ་བརྟེན་པའི་སྤྲོས་པ་གཞན་ཡང་སྤངས་ཏེ། འདི་ཉིད་ཀྱི་ཉམས་ལེན་རྣམས་ལ་རྩོལ་བ་ཆེ་ཞིང༌། ཐུན་མཚམས་སུ་བཅུར་བཅུར་མ་ཡིན་པའི་བག་ཡངས་པ་དང༌། རླུང་གི་རྣལ་འབྱོར་ལ་གནོད་པའི་ཟས་དང་སྤྱོད་ལམ་སྤངས། ཁ་ཟས་རན་པ་ཐེངས་རེ་བཟའ་བའམ། ཉུང་ངུ་དུས་གཉིས་སམ་གསུམ་བརྟེན་ཀྱང་རུང༌། མཚན་མོ་གཉིད་ཚིམས་པར ལོག །དད་པ་མོས་གུས་ངེས་འབྱུང་སྙིང་རྗེ་སོགས་སྤྱི་དང་འདྲ་ཡང༌། སེམས་ལེ་ལོའི་རྟོག་པར་འགྲོ་བར་མི་བྱེད་པར་ལྷོད་དེ་བའི་ངང་ནས་རླུང་གི་གནད་མ་འཆུག་ཅིང་བརྩོན་པར་བྱས་ན། འདིའི་བསྐྱེད་རྫོགས་


TNT20_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ནས་ཉམས་རྟོགས་སྐྱེ་མྱུར་ལ་ཚན་ཆེ་ཞིང༌། གེགས་མེད་པ་འབྱུང་བ་དང༌། དྲོད་ཀྱི་ཡོན་ཏན་མྱུར་དུ་སྐྱེ་ཞིང༌། དྲོད་ཐོབ་ནས་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་པས། མྱུར་དུ་ཕྱག་རྒྱ་ཆེན་པོའི་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །རྒྱས་པར་སློབ་དཔོན་གྲུབ་ཐོབ་ཆེན་པོ་ཨུ་རྒྱན་ཡུལ་གྱི་བིརྺ་པ་ཡི་གཞུང་ཉིད་ལས་རྟོགས་པར་འགྱུར་ཏེ། ཆོས་གདམས་ངག་གཞན་ལ་མ་ལྟོས་པར། འདི་ཁོ་ནས་རྐང་ཚུགས་པར་འདུག ད་ལྟའི་ལག་ལེན་ལྟར་ན། སློབ་མ་དབང་བསྐུར་ཐོབ་པ་གཅིག་ལ། སྔོན་འགྲོའི་ཁྲིད་རྣམས་རིམ་གྱིས་ཕོག་ནས། ཟླ་བ་གཅིག་གཉིས་ཉམས་ལེན་བྱེད་དུ་བཅུག་དེ་ནས་བསྐྱེད་རིམ་གྱི་སྐོར་ལེགས་པར་བསླབ་ནས། ཐུན་གསུམ་དུ་ཉམས་ལེན་བྱེད་དུ་འཇུག་ཅིང༌། ལྷ་སྐུ་ལ་སེམས་འཛིན་པ་དང༌། ཡིད་བཟླས་དྭངས་པ་དེ་དག་མ་མཐའ་ཡང་ཟླ་རེ་ཙམ་སྒོམ་དུ་གཞུག ཁྲིད་ཉམས་སུ་ལེན་པའི་ཡན་ལག་ཏུ་བསྙེན་པ་དགོས་པ་མ་ཡིན་ཞིང༌། སྤྱིར་བྱིན་རླབས་འཇུག་པ། བར་ཆད་བསྲུང་བ་དང༌། ནུས་པ་རྙེད་པ་དང༌། ཉམས་རྟོགས་མྱུར་བའི་གནད་ཡོད་པ་དང༌། དེ་རྗེས་བསྙེན་པ་སྐྱེལ་དུ་བཅུག་ན་ཤིན་ཏུ་ལེགས། དེ་ནས་གོང་དུ་བཤད་པ་ལྟར་དངོས་གཞི་རླུང་ཁྲིད་ལ་འཇུག །ཛི་ཏ་ཀརྨ་ཚར་རེ་ཙམ་ཐུན་གྱི་མགོར་བྱེད་པ་དེ་སྔོན་མ་ནས་ཀྱང་སྐྱོན་མེད། ཡན་ལག་འཁྲུལ་འཁོར་རྣམས་དངོས་གཞིས་འཁྲིད་རྫོགས་པའི་རྗེས་ནས་ཉམས་ལེན་བྱས་ཀྱང་ཆོག །ཨཾ་གྲོལ་གྱི་ཁྲིད་ལ་འཇུག་པ་ནས་ཐུན་


TNT20_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

གཞུག་ཐུན་མཚམས་མ་བྱས་ཀྱང་ཆོག གང་མོས་ཡིན་ནོ། །འཆི་མེད་གྲུབ་པའི་གདམ་ངག་འདི་ལ་སྔོན་གྱི་ལོ་ཙྪ་བ་གཞན་སོ་སོ་འཁྲུལ་འཁོར་བརྒྱ་ལས་མེད་པས་བསྡུས་པ་དང༌། ཡང་ལྔ་བཅུ་པ་དང༌། བརྒྱ་ཉི་ཤུ་ལ་སོགས་པའི་སྤྲོས་པ་ཅན་ཡང་བྱུང་འདུག ལ་ཐོད་མགོན་པོའི་མན་ངག་གཉན་སྟོན་ཆེན་པོའི་ལུགས་འདི་ལ་སྔོན་གྱི་ལོ་ཙྪ་བས་སུམ་ཅུ་རྩ་གཉིས་མཛད་པ་ཡིན་ཏེ། ཕྱིས་པཎྜི་ཏ་ནགས་རིན་དང༌། ཤཱ་རི་བུ་དྲའི་གདམ་ངག་ལས་བྱུང་བ་རྣམས་ཀྱང་རྣམ་འགྱུར་ཕྲ་མོ་རེ་ཙམ་མ་གཏོགས་འཁྲུལ་འཁོར་སོ་གཉིས་པོ་འདི་དང་གཅིག་པར་འབྱུང་བས། ཤིན་ཏུ་ཡིད་ཆེས་པའི་གནས་སུ་ངེས་པས། ལྷག་པར་ཁུངས་ཆེ་བ་དེ་གཉན་སྟོན་གྱི་ལུགས་འདིར་འདུག །འདི་ལ་སྔོན་ཆད་འཁྲིད་ཡིག་ཞལ་གསལ་ཅན་ཡི་གེར་འཁོད་པ་མི་འདུག་པས་ལུས་སྦྱོང་འཁྲུལ་འཁོར་སློབ་པ་ཙམ་ལས་གཞན་ལམ་གྱི་དངོས་གཞི་ཉམས་ལེན་གྱི་རྐང་གཏད་ལ་ཁད་ནུབ་ཏུ་ཉེ་བར་མཐོང་ནས། སྒྲུབ་བརྒྱུད་འདིའི་ཉམས་ལེན་ཞབས་ཏོག་ཏུ་བསམ་ནས། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བར་སྐབས་སུ་བརྗོད་པའོ།། །།མངྒལཾ། །


previousའཆི་མེད་གྲུབ་པའི་གདམས་ངགnext