Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཅོད་ཡུལ་ཟབ་མོའི་ཁྲིད་ཡིག་གནད་དོན་སྙིང་པོ།
   
   
   
   
   
   
   
   


 
previousགཅོད་ཡུལ་ཟབ་མོའི་ཁྲིད་ཡིག་གནད་དོན་སྙིང་པོ།next

གཅོད་ཡུལ་ཟབ་མོའི་ཁྲིད་ཡིག་གནད་དོན་སྙིང་པོ།


TNT20_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ཡུལ་ཟབ་མོའི་ཁྲིད་ཡིག་གནད་དོན་སྙིང་པོ་ཞེས་བྱ་བ་བཞུགས།


TNT20_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། དངོས་གྲུབ་འབྱུང་གནས་བླ་མ་རིན་པོ་ཆེ། །སྐྱབས་གནས་ཀུན་འདུས་འགྲོ་མགོན་རིན་པོ་ཆེ། །གནས་ལུགས་དོན་སྟོན་ཆོས་རྗེ་རིན་པོ་ཆེ། །བདུད་བཞི་འཇོམས་མཛད་དཔའ་བོས་བྱིན་གྱིས་རློབས། །འདིར་གཅོད་ཟབ་མོ་ཉམས་སུ་ལེན་པའི་གང་ཟག་གིས། །ནམ་འཆི་ཆ་མེད་དྲན་པས་ཚེ་འདི་བློ་ཡིས་ཐོང༌། །ཆོས་མིན་བསམ་རྒྱུ་མེད་ཅིང་སྙིང་རུས་ཞེ་བཅད་ཆེ། །བླ་མས་ཅི་གསུང་སྒྲུབ་ཅིང་གཉན་ཁྲོད་རི་ལ་ཚུགས། །རྐྱེན་ངན་ཀློད་ལ་བསྲེ་ཞིང་གང་བྱུང་རོ་སྙོམས་པ། །ཞེས་གསུངས་པ་ལྟར་དགོས་པ་ལགས། དེ་ནས་ཉམས་སུ་བླང་པའི་ཆོས་ནི་འདི་ཡིན་ཏེ། བརྒྱུད་པ་ལ་མོས་གུས་ཚུགས། བྱིན་རླབས་འཕོ་བའི་དབང་བསྐུར་ཐོབ་ནས། འཁྲིད་ཀྱི་ངོ་བོ་ལ་སྔོན་འགྲོ། དངོས་གཞི་རྗེས་གསུམ་མོ། །དང་པོ་ལ་སྐྱབས་འགྲོ་སེམས་བསྐྱེད་མཎྜལ་བླ་མའི་རྣལ་འབྱོར་དང་བཞི་ལས། དང་པོ་རང་གི་མདུན་གྱི་ནམ་


TNT20_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་སེང་ཁྲི་པདྨ་ཉི་ཟླའི་གདན་ལ། དབུས་སུ་རྩ་བའི་བླ་མ། མདུན་དུ་ཡི་དམ་དང་སངས་རྒྱས། གཡས་སུ་དམ་ཆོས་ཀྱི་ངོ་བོ་གླེགས་བམ། གཡོན་དུ་ཐེག་པ་ཆེ་ཆུང་གི་དགེ་འདུན། རྒྱབ་ཏུ་མཁའ་འགྲོ་ཆོས་སྐྱོང་རྣམས་གསལ་བཏབ་ལ། བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི་སྐྱིད་སྡུག་ལེགས་ཉེས་ཁྱེད་རང་ཤེས་བསམ་པས། བདག་སོགས་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཐམས་ཅད་སངས་རྒྱས་གཙོ་ལ་སྐྱབས་སུ་མཆི། དམ་པའི་ཆོས་ལ་སྐྱབས་སུ་མཆི། དགེ་འདུན་རྣམས་ལ་སྐྱབས་སུ་མཆི། ཀུན་འདུས་བླ་མ་ལ་སྐྱབས་སུ་མཆི། ཞེས་པ་དང༌། སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་མཆི། བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆི། རང་སེམས་སྟོང་པ་ཆོས་སྐུ་གསུམ་ལ་སྐྱབས་སུ་མཆི། ཞེས་སྐྱབས་འགྲོ་ཅི་ནུས་སུ་བྱའོ། །མཐར་སྐྱབས་ཡུལ་རྣམས་རང་ལ་ཐིམ། གཉིས་པ་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་


TNT20_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

དུང་བའི་ངང་ནས། མ་རྒན་སེམས་ཅན་འདི་རྣམས་བདེ་བ་དང་བདེ་བའི་རྒྱུ་མཐའ་དག་དང་ལྡན་པར་བྱའོ། །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་མཐའ་དག་དང་བྲལ་བར་བྱའོ། །མྱུར་དུ་བླ་ན་མེད་པའི་བྱང་ཆུབ་རེ་ཐོབ་པར་བྱའོ། །ཞེས་ངག་ནས་བརྗོད་ཅིང་ཡིད་ལ་བསམ་མོ། །གསུམ་པ་ནི། རང་གི་མདུན་དུ་བླ་མ་དང་མ་ཅིག་ལབ་སྒྲོན་དབྱེར་མེད་པ། མདུན་དུ་ཡི་དམ་སོགས་སྐྱབས་ཡུལ་བཞིན་གསལ་བཏབ། འཇིག་རྟེན་གྱི་ཁམས་ཐམས་ཅད་མཆོད་རྫས་འདོད་ཡོན་ལོངས་སྤྱོད་ཐམས་ཅད་ཀྱིས་ཕྱུར་བུར་བཀང་སྟེ། རང་གི་ལུས་ངག་ཡིད་གསུམ་དུས་གསུམ་དགེ་ཚོགས་དང་བཅས་པ་བླ་མ་དཀོན་མཆོག་ལ་ཕུལ་བར་མོས་ལ། མཎྜལ་ཚོམ་བུ་བདུན་མའམ་གང་ཡང་རུང་བ་འབུལ་ཞིང༌། མགོ་ཞབས་སུ་མཎྜལ་རྒྱས་པ་རེ་ཡང་འབུལ་ཞིང༌། མཎྜལ་རེ་རེའི་མཐར་བདག་གི་ལུས་དང་ལོངས་སྤྱོད་དང༌། །དུས་གསུམ་བསགས་པའི་དགེ་བ་ཀུན། །བླ་མ་དཀོན་མཆོག་ཁྱེད་ལ་འབུལ། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །ཞེས་པ་ལན་རེ་རེ་བརྗོད།བཞི་པ་ནི། རང་གི་སྤྱི་བོར་བླ་མ་དང་མ་ཅིག་དབྱེར་མེད་པ་བསྒོམ་ལ། སྙིང་ཐག་པ་ནས་མོས་གུས་དྲག་པོ་བསྐྱེད་ཅིང༌། འདི་ཉིད་ཀྱི་བརྒྱུད་འདེབས་ཀྱང་སྤྲོ་ན་བྱ། ཁྱད་པར་བདག་སོགས་སེམས་ཅན་ཐམས་ཅད་བླ་མ་ལ་མོས་འདུན་དྲག་པོའི་གསོལ་བ་འདེབས་པར་བསམ་ནས། མཚན་ལྡན་གྱི་བླ་མ་རིན་པོ་ཆེ། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །རེ་ས་གཞན་ན་མེད་པས་ད་ལྟ་བྱིན་གྱིས་བརླབ་ཏུ་གསོལ། །བདག་འཛིན་བློ་ཡིས་ཐོངས་བར་བྱིན་གྱིས་རློབས། །སྐྱེ་མེད་གཅིག་ཆོད་དུ་རྟོགས་པ་བྱིན་གྱི་རློབས། །


TNT20_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་དངོས་གྲུབ་ཏུ་ལོངས་པར་བྱིན་གྱི་རློབས། །བདུད་ཚོགས་རང་སར་ཆོད་པར་བྱིན་གྱི་རློབས། །ཚེ་གཅིག་སངས་རྒྱས་འགྲུབ་པར་གྱིས་རློབས། །ཞེས་གསོལ་བ་རྩེ་གཅིག་ཏུ་བཏབ། ཐུན་གྱི་མཇུག་ཏུ། བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ། བླ་མས་རྗེས་སུ་འཛིན་པར་སྨོན་ལམ་བཏབ་སྟེ་ཅུང་ཟད་ངལ་བསོ། །རེ་ཞིག་དེ་དག་རེ་རེ་ལ་དམིགས་པ་འབྱོངས་འབྱོངས་སུ་བསྒོམ་ནས། སླར་ཡང་སྔ་དྲོ་སྐྱབས་འགྲོ། ཉིན་གུང་སེམས་བསྐྱེད། དགོང་མོ་མཎྜལ། སྲོད་ལ་བླ་མའི་རྣལ་འབྱོར་རྣམས་དྲག་ཏུ་བསྒོམ་པ་ཞག་བདུན་ནམ། ཟླ་བ་ཕྱེད་ལ་སོགས་པ་བསྐྱངས་པས། དེ་དག་ལ་མྱོང་བ་ཅི་རིགས་པ་ཐོན་ཡོང་ཞིང༌། དངོས་གཞི་དང་མཐུན་པའི་ཉམས་རྟོགས་ཀྱང་ཐན་ཐུན་སྐྱེ་བ་སྲིད། གང་ལྟར་ནའང་སྔར་སོ་སོར་བསྒོམ་པ་རྣམས་ལ་ཡང་ཞག་བདུན་རེ་ཙམ་བྱ་ཞིང་ཀུན་དྲིལ་བས་སྔོན་འགྲོ་ལ་མ་མཐའ་ཡང༌། ཟླ་བ་ཕྱེད་གཉིས་ཙམ་རེ་བྱེད་པ་གལ་ཆེ།གཉིས་པ་དངོས་གཞི་ལ། ཡུམ་དོན་ངོ་སྤྲོད་པ་དང༌། བདུད་བཞི་དབྱིངས་སུ་གཅོད་པའོ། །དང་པོ་ལ་སེམས་འཛིན་གྱི་གདམས་ངག་དང༌། ངོ་སྤྲོད་གཉིས་སོ། །དང་པོ་ནི། ལུས་རྣམ་སྣང་གི་ཆོས་བདུན་བཅས། ངག་རླུང་རང་སོར་བཞག། སེམས་དུས་གསུམ་གྱི་རྟོག་པའི་སྤྲོས་པ་བཅད་ནས། སྔར་གྱི་རྣམ་རྟོག་འགགས། ཕྱི་མ་སྐྱེས་པ། ད་ལྟར་བའི་ཤེས་པ་སྐད་ཅིག་མ་འདི་ལ་སོ་མ་ཁད་དེ་བཞག རྣམ་རྟོག་ཐོལ་ཐོལ་སྐྱེན་རྦད་རྦད་འཕྲོ་བཅད་ལ་སྔར་ལུགས་བཞིན་བསྐྱངས། འོག་འགྱུ་རྒྱ་འབྱམས་སུ་འགྲོ་ན་སྐྱོན་ཆེ་བས་ཕྱིན་ཆད་འདི་ལྟ་བུ་མ་བྱུང་བ་བྱེད་ད


TNT20_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

གོས་སྙམ་པ་དང༌། ཞེ་བཅད་ཆེན་པོ་བྱས་ལ། ཡང་དྲན་པས་བཟུང་སྟེ་སྔར་བཞིན་བསྒོམས་པས་དེ་ཇེ་ཉུང་དུ་འགྲོ །རེ་ཞིག་དེ་ཁ་མ་གཏོགས་ཐབས་གཞན་མི་བྱ། ཡུན་རིང་དུ་བསྒོམས་ཀྱང་རྣམ་རྟོག་དྲག་ཏུ་འཁྲུག་པ་ཁོ་ན་བྱུང་ན། རང་གི་མདུན་དུ་གསེར་གྱི་རྡོ་རྗེ་ནས་འབྲུ་ཙམ་ཞིག་གསལ་བཏབ་ལ་ཟན་ཁམ་གསུམ་ཟ་ཡུན་ཙམ་ཞིག་དེ་ལ་རིག་པ་དྲག་ཏུ་གཏད་ཅིང་གཟིར། དེ་འཕྲལ་ལ་སྔར་བཞིན་མ་བཅོས་སོ་མ་བསྐྱང། ཡང་རྡོ་རྗེ་ལ་སེམས་གཏད། ཡང་སོ་མའི་ངང་བསྐྱངས། ཡང་རྡོ་རྗེ་ལ་སེམས་གཏད། ཚུལ་དེ་ལྟ་བུ་བཞུར་ལ་ལན་ཉི་ཤུ་རྩ་གཅིག་ཙམ་བསྒོམ། ཉིན་རེ་རེ་བཞིན་དེ་ལྟར་བྱས་པས་རྣམ་རྟོག་ཤུགས་ཆད་དེ་སལ་ཏིང་གིས་འགྲོ། གལ་ཏེ་དེས་མ་ཕན་ན་རྡོ་རྗེའི་ཚབས་སུ་བཅོམ་ལྡན་འདས་ཐུབ་པའི་དབང་པོའི་སྐུ་ཆེ་ཆུང་ཚོན་གང་ཙམ་ཞིག་བསྒོམ། གཞན་སྔར་དང་འདྲ། དེས་ཀྱང་མ་ཕན་ན་བླ་མ་དང་མ་ཅིག་དབྱེར་མེད་པ་ཞལ་ནས་ཕཊ་ཀྱི་སྒྲ་དྲག་པོ་ལྷང་ལྷང་སྒྲོགས་པ། སྐུ་ལུས་གནམ་ལྕགས་འབར་བ་བཞིན་གང་ལའང་ཐོག་མེད་དུ་འགྲོ་བ་ཚོན་གང་བ་ཙམ་ཞིག་གང་ནས་བྱུང་ཆ་མེད་པ་བྱོན་ཏེ། རང་གི་ལུས་འདི་ལ་ཡར་ཐལ་མར་ཐལ་ཕར་ཐལ་ཚུར་ཐལ་དུ་ཕུག་པ་ལ་སེམས་དྲག་ཏུ་གཏད། དེ་འཕྲལ་མི་རྟོག་པའི་ངང་བསྐྱངས་པ་སོགས་གོང་བཞིན་བསྒོམ་པས་རྣམ་རྟོག་གྱ་མ་གྱུ་དང་གཞན་ཡང་ཏིང་འཛིན་སྐྱེ་བ་ལ་བར་ཆད་ཐམས་ཅད་ངེས་པར་སེལ་བ་ཡིན། དེ་ལྟར་ཐབས་དེ་རྣམས་དང་བཅས་པས་སྔར་བཞིན་མཉམ་པར་བཞག་པ་ན་སེམས་གསལ་ཧྲིག་གེ་བ་དང་བཅས་སོང་བ་ཅི་འདོད་བྱས་པར་འབྱུང་ཞིང༌། བསམ་མནོ་སོགས་དགོས་པ་རྣམས་ཀྱང་


TNT20_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་ཐུབ་ཅིང༌། མི་འདོད་བཞིན་དུ་རྣམ་རྟོག་འདྲེ་བ་མ་ཡིན་པས། ཞི་གནས་ཀྱང་ཀླུང་དུ་ཕེབས་པར་འགྱུར་རོ། །སྐབས་འདི་དག་ཏུ་ཤེས་པ་མི་གསལ་ཞིང་མུན་མུན་པ་དང༌། ཐུན་མཚམས་སུ་རྨོངས་ཤིང་དྲན་པ་མི་གསལ་ན། བྱིང་བ་བསང་པའི་ནུས་པ་ཡིན་པས་ཁང་སྟེངས་སམ། རི་རྩེའི་གཞན་ཡང་བསིལ་ཞིང་ཐོངས་དཀར་སར་ཕྱིན། མིག་གྱེན་ལ་གཏད། རིག་པ་ཧུར་ཕྱུངས་ཏེ་བསྒོམ་ན་ངེས་པར་སེལ་བ་ཡིན།གཉིས་པ་ངོ་སྤྲོད་པ་ནི། སྔར་གྱི་དེ་ཁའི་ངང་ལས་ཁ་ནང་ལོག་གི་ཤེས་པས་སེམས་ཁོ་རང་གི་ངོ་བོ་ལ་ཆེར་རེ་བལྟས། ཕྱི་སྣང་བ་སྣ་ཚོགས་དང་བཅས་པ་ལ་མ་ཡེངས་ཙམ་དུ་བཞག་པས། ཅི་ཡང་མ་ཡིན་ཞིང༌། ངོས་བཟུང་རྒྱུ་མེད་པ་དེ་ཁ་ཡང་ཡང་བསྒོམ། དེ་ལ་རང་གི་ཉམས་མྱོང་སྐྱེ་ཚུལ་དང་བསྟུན་ནས་བླ་མས་ངོ་སྤྲོད་དགོས་པ་ཡིན། འོན་ཀྱང་ངོ་སྤྲོད་པའི་དོན་ཉམས་སུ་ལེན་ཚུལ་ནི། སེམས་འདི་ཉིད་གནས་པའི་དུས་ན་ངོས་བཟུང་གཅིག་ཀྱང་མེད་ཅིང་རང་སྣང་གསལ་གསལ་བ་ཞེས་ཀྱང་འཆར་འཆར་དུ་བཏུབ་པ། འགྱུ་བའི་དུས་ན་འགྱུ་བ་ཉིད་ངོ་བོ་ཡུལ་ཡུལ་བའི་འགྱུ་སྟོངས་འགྱུ་བའི་སྣང་བ་མ་འགགས་ཀྱང་ངོས་བཟུང་གཅིག་ཀྱང་མེད། ཡུལ་གྱི་སྣང་བ་སྣ་ཚོགས་སུ་ཤར་བའང༌། སྣང་བ་འགགས་མེད་ལམ་ལམ་འཆར་བཞིན་པའི་དུས་ནས་ངོས་བཟུང་དུ་མེད་པ་དེ་ལྟ་ཡུལ་སྣང་དང༌། རྣམ་རྟོག་དང་སེམས་གནས་པའི་ངོ་བོ་གསུམ་ཐ་དད་དུ་མ་གྲུབ་སྟེ་དབྱེ་བ་མེད། གཅིག་ཏུ་ཡང་མ་གྲུབ་སྟེ། ཐམས་ཅད་ཡུལ་སྟོང༌། དེ་ཁ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་དོན་ཡིན། དུས་གསུམ་རྒྱལ་བའི་དགོངས་པ་


TNT20_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། སྟོང་པ་ཉིད་དང༌། སྤྲོས་བྲལ་དང༌། བརྗོད་བྲལ་དང༌། དོན་དམ་ལ་སོགས་པའི་ཐ་སྙད་ཇི་སྙེད་པ་ཞིག་བཏག་མོད། དོན་རང་སེམས་སྐད་ཅིག་མ་གཅིག་བུ་དེ་ཡིན་པས་དེ་ཀ་ལ་རང་ངོ་ཤེས་ཙམ་གྱིས་སྒོ་ནས། གནས་སམ་འགྱུ་བ་གང་བྱུང་དེ་ལ་བཟོ་བཅོས་མེད་པར་མཉམ་པར་འཇོག །གཉིས་པ་བདུད་བཞི་དབྱིངས་སུ་བཅད་པ་ལ་བཞི་ལས། དང་པོ་ཐོག་བཅས་ཀྱི་བདུད་དབྱིངས་སུ་བཅད་པ་ནི། དགྲ་གཉེན་སོགས་ཆགས་སྡང་གི་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་རྣམས་ལ་བརྟེན་ནས། རྣམ་རྟོག་འཛིན་པ་དང་བཅས་པ་སྐྱེས་ཆེད་ཐོག་བཅད་བཅས་ཀྱི་བདུད་ཅེས་བྱ་བ་ཡིན། ཐོག་བཅས་ཀྱི་གོ་དོན་གཟུགས་སོགས་ཕྱིའི་དངོས་པོ་ལ་བརྟེན་པའི་དོན་ཡིན། དེ་གཅོད་པར་བྱེད་པ་ནི། དཔེར་ན་དགྲ་ལྟ་བུ་ཞིག་དྲན་ཏེ་ཞེ་སྡང་གི་རྣམ་རྟོག་ཚིག་པ་ཟ་བ་རིམ་གྱིས་བྱུང་བ་ན། དེའི་དབང་དུ་མ་ཤོར་བ་སྐད་ཅིག་དེ་ཉིད་ལ་ཕཊ་ཅེས་དྲག་ཏུ་བརྗོད། རྣམ་རྟོག་དེ་ལ་སྐྱོན་ཡོན་གང་དུ་ཡང་མི་བལྟ་བར་འཕྲོ་རྦད་ཀྱིས་བཅད་ནས་སྔར་གྱི་ཡུམ་དོན་གྱི་དབྱིངས་དེར་ཆ་མེར་བཞག །དེ་བཞིན་དུ་གཉེན་དང་ནོར་རྫས་སོགས་ལ་ཆགས་སེམས་དང༌། གཟུགས་སོགས་ཡིད་དུ་འོང་བ་ལ་ཆགས། མི་འོང་བ་ལ་སྡང་ཞིང་སྐྱུག་ལོག །འགའ་ཞིག་ལ་འཇིགས། འགའ་ཞིག་ལ་སྐྱོ། བར་མ་རྣམས་ལ་ཡང་ཆགས་སྡང་སོགས་ཀྱི་མཐོ་དམན་མེད་ཀྱང༌། དེར་འཛིན་གྱི་རྣམ་རྟོག་སྐྱེ་ཚད་ཐམས་ཅད་ལ་སྔར་བཞིན་སྦྱངས། དེ་ཡང་རྣམ་རྟོག་ལམ་གྱིས་བྱུང་བ་ལྷོངས། དེའི་དབང་དུ་ཤོར་ན་བདུད་ཀྱི་ཁྱེར། དེ་ཉིད་དུ་ཕཊ་བརྗོད་ནས་འཕྲོ་གཅོད་པ་ནི་གཅོད། དེ་རྗེས་སུ་


TNT20_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་གྱི་བསྒོམ་ལ་བོགས་ཐོན་པ་ནི་ཚར་ཚད་ཆོད་ཚད་ཡིན། འདི་འོག་མ་རྣམས་ལ་ཡང་རིགས་འགྲེའོ། །གཉིས་པ་ཐོག་མེད་ཀྱི་བདུད་གཅོད་པ་ནི། ཐོག་མེད་ཀྱི་བདུད་ཀྱི་གོ་དོན། ཕྱི་རོལ་གྱི་རྐྱེན་ལ་མ་རག་པར་རྐྱེན་མེད་ཀྱང་དགའ་བའམ། མི་དགའ་བའམ། སྤྲོ་སྣང་ངམ། སྐྱོ་བའམ། འཇིགས་པ་ལ་སོགས་པའི་མཐོ་དམན་གྱི་རྣམ་རྟོག་སྐྱེ་བ་རྣམས་ཡིན་ཏེ། དེ་ཡང་ལམ་གྱིས་ཤར་བ་ན་ཕཊ་ཀྱིས་འཕྲོ་བཅད་ལ་དབྱིངས་སུ་བཞག་གོ །གསུམ་པ་དགའ་བྲོད་ཀྱི་བདུད་གཅོད་པ་ནི། བླ་མ་དང་ཆོས་བརྒྱུད་བཟང་བ་དང༌། རང་ལ་དགེ་སྦྱོར་འཕེལ་བའམ། མཐུན་རྐྱེན་འཛོམས་པ་སོགས་ཀྱི་བཟང་འཛིན་དང༌། ང་རྒྱལ་ལ་བརྟེན་ནས་དགའ་བྲོད་སྐྱིད་སྣང་སྐྱེས་ན་དགའ་བྲོད་ཀྱི་བདུད་ཡིན་ཏེ། གོང་བཞིན་དབྱིངས་སུ་གཅོད་དོ། །བཞི་པ་སྙེམས་བྱེད་ཀྱི་བདུད་གཅོད་པ་ནི། རྣམ་རྟོག་དང་འཛིན་པ་ཅི་བྱུང་ཐམས་ཅད་སྙེམས་བྱེད་ཀྱི་བདུད་ཡིན། གང་ཤར་ཐམས་ཅད་གོང་བཞིན་ཕཊ་ཀྱིས་དབྱིངས་སུ་བསྐྱལ་བས་ཆོད་པར་འགྱུར་རོ། །འདི་ལ་གོང་མ་གསུམ་ཆར་འདུས། འདི་ཡན་ཆད་ལ་རང་སྟོབས་ཀྱི་ཉམས་ལེན་རྐང་ཚུགས་པའི་མྱོང་པ་མེད་པར་གཉན་ཁྲོད་འགྲིམས་པ་སྟོང་ཟོབ་ཡིན། སྒོམ་གྱི་རྐང་འདི་ཡན་ཆད་ལ་ཚུགས་དགོས། གཉན་ཁྲོད་བྱེད་པ་བོགས་འདོན་དག་འགྲོ་བའི་དོན་ཡིན་པས་དེ་བཞིན་གོ་དགོས་སོ། །གསུམ་པ་རྗེས་ཉམས་སྐྱོང་བ་ལ་དོན་གསུམ་སྟེ། ཞི་གཅོད། དྲག་གཅོད། ཞི་དྲག་ཕྱེད་མའི་གཅོད་དོ། །དེ་ལ་དང་པོ་ནི། རང་གི་གནས་ཁང་དུ་སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་ཐུན་བཞིར་


TNT20_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་ཏུ་བསྒོམ་ཞིང༌། ཐུན་བཞི་ཀར་དཀར་འབྱེད་ཚར་རེ་བྱེད་པ་གལ་ཆེ། དེ་ཡང་རང་གི་མདུན་དུ་མི་མགོའི་སྒྱེད་བུ་གསུམ་བྱུང༌། རང་སེམས་རྡོ་རྗེའི་ཕག་མོའི་རྣམ་པས་སྨིན་མཚམས་ནས་ཕྱིར་ཐོན། ཐོད་པ་བྲེག་སྟེ་སྒྱཻད་པུའི་སྟེང་དུ་བཀལ། རང་ལུས་ལྷག་མ་རྣམས་དུམ་བུར་གཏུབས་ཏེ་དེར་བླུག རྒྱ་ཁྱོན་ནམ་མཁའི་མཐའ་དང་མཉམ་པར་གྱུར། ཨོཾ་ཨཱཿཧཱུཾ་ཞེས་བརྗོད་པའི་བདུད་རྩིའི་རྒྱ་མཚོར་སོང༌། རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་མོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཐམས་ཅད་སྤྱན་དྲངས། དེ་ཐམས་ཅད་ལ་མཆོད་པས་དེ་རྣམས་ཚིམས་ཤིང་དགྱེས། འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ལ་སྦྱིན་པས་གནས་སྐབས་སུ་ཚིམ་ཞིང་མཐར་ཐུག་སྡིག་སྒྲིབ་ཐམས་ཅད་སྦྱངས། བདུད་རྩིའི་ལྷག་མ་གཏོར་བས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པར་བྱུང་ནས། མཆོད་པ་བསམ་གྱིས་མི་ཁྱབ་པས་མཆོད་པར་བསམ། དེ་ཐམས་ཅད་རང་སེམས་སུ་ཤེས། དེའི་ངོ་བོ་ལ་ཆེར་གྱིས་བལྟས་ལ་ཕཊ་ཅེས་བརྗོད་ལ་དབྱིངས་རིག་བསྲེ། ཡང་དེ་རྣམས་ལམ་ཏེ་དྲན་པར་བྱས་ལ། སླར་ཡང་ཕཊ་ཅེས་དབྱིངས་རིག་བསྲེ། དེ་ལྟ་བུ་ལན་མང་དུ་བྱའོ། །དེ་ལྟར་བསྒོམ་ལ་དམིགས་པ་ཅུང་ཟད་འབྱོངས་པ་ན། རང་ཉིད་གཉན་ཁྲོད་གང་དུ་འགྲོ་བ་དེར་འདུན་པ་བཏང་ལ། སྤྱིར་སེམས་ཅན་ཐམས་ཅད་དང་བྱེ་བྲག་ཏུ་གཉན་ཁྲོད་དེའི་གཞི་བདག་དང་འབྱུང་པོ་འདྲེ་གདོན་སོགས་ཐམས་ཅད་ལ་བྱམས་སྙིང་རྗེ་དྲག་ཏུ་བསྒོམ་ཞིང༌། སྔར་གྱི་དཀར་འགྱེད་ཀྱི་དམིགས་པ་དེ་ཁ་ཡང་ཡང་བསྒོམ་པ་གཉིས་ཞག་གཉིས་གསུམ་བྱས་ལ། ལམ་དུ་འགྲོ་ཚེ་ཡང་བྱམས་


TNT20_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་དང་དབྱིངས་རིག་བསྲེ་བ་སྤེལ་མ་དེ་ཀ་བསྒོམ། གནས་དེར་སླེབ་ནས་ས་གནད་ཆེ་བ་ཞིག་བཙལ་ལ་བསྡད། དེར་ཐོག་མར་གཞི་བདག་དང་འབྱུང་པོ་སོགས་ལ་སིལ་གཏོར་དང༌། མཁའ་འགྲོ་སྤྱི་གཏོར། གཞི་བདག་གཏོར། བགེགས་གཏོར་སོགས་ཤེས་ཚད་གཏང༌། དེ་དག་ཏུ་ཡང་བྱམས་སྙིང་རྗེ་དྲག་ཏུ་བསྒོམ་པ་གལ་ཆེ། དེ་ནས་སྐྱབས་འགྲོ་སོགས་སྔོན་འགྲོ་རྣམ་བཞི་དྲག་ལ་འཇུར་བ་ཡུན་རིང་བ་བྱ། དེའི་རྗེས་སུ་སྔར་བཞིན་དཀར་འགྱེད་ཀྱི་དམིགས་པ་དེ་ལན་མང་དུ་བསྒོམ། སླར་ཡང་སྤྱིར་འགྲོ་དྲུག་གི་སེམས་ཅན། དགོས་གཉན་ཁྲོད་འདིའི་འདྲེ་གདོན་ལ་གཙོ་བོར་དམིགས་ནས་བྱམས་སྙིང་རྗེ་དྲག་ཏུ་བསྒོམ། ཡུལ་ཕྱོགས་དེ་དང་འདྲེ་གདོན་སོགས་སེམས་ཅན་དུ་སྣང་བ་ལམ་ལམ་པ་དེའི་སྟེང་དུ་ཤེས་པ་ཆེར་གྱིས་གཏད་ལ་ཕཊ་ཅེས་དབྱིངས་རིག་བསྲེས་ལ་འཛིན་མེད་དུ་བཞག །ཡང་སྙིང་རྗེ་བསྒོམ། ཡང་དབྱིངས་རིག་བསྲེ་བ་སོགས་དེ་ཁོ་ན་བསྒོམ། ལྟས་དང་ཆོ་འཕྲུལ་ཅི་བྱུང་ན་ཡང་དབྱིངས་རིག་བསྲེ་བ་དང་སྙིང་རྗེ་བསྒོམ་པ་གཉིས་པོ་རང་ལ་བསྒྲིམ། ཆོ་འཕྲུལ་དྲག་པོ་བྱུང་ཡང་རུང༌། མ་བྱུང་ཡང་རུང༌། མཐར་གནས་བག་ཆགས་ཤིང་དགེ་སྦྱོར་འཕེལ་བའི་ཚེ། ཚར་ཚད་ཆོད་ཚད་འགྲིགས་པ་ཡིན་པས། དགེ་སྦྱོར་བོགས་ཐོན་པའི་བཏང་རག་ཏུ་དམིགས་པའི་སྒོ་ནས་དཀར་འགྱེད་ལན་མང་དུ་བཏང་ཞིང༌། ཡི་དམ་མཁའ་འགྲོ་ལ་གཏོར་བསྔོ་དང་གཞི་བདག་རྣམས་ལ་གཏོར་མ་རྒྱ་ཆེར་བྱིན། སྨོན་ལམ་ཅི་ཤེས་འདོན། ལམ་དུ་ཡང་སྔར་བཞིན་བསྒོམ་ལ། རང་གནས་སུ་སླེབ་པ་ན་དཀོན་མཆོག་


TNT20_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཏང་རག་གི་མཆོད་གཏོར་ཅི་ཤེས་འབུལ་ལོ། །གཉིས་པ་ནི། ཐོག་མར་རང་གི་གནས་ཁང་དུ་ཐུན་གྱི་ཉམས་ལེན་ཞི་གཅོད་དང་འདྲ་བ་ལས། ཐུན་གྱི་མཐར་དམར་འགྱེད་གྱི་དམིགས་པ་རེ་བྱ། དེ་ལ་དམར་འགྱེད་ནི། རང་སེམས་སྔར་བཞིན་ཕྱིར་བཏོན་ལ། རང་ལུས་དེ་སྟོང་གསུམ་ཁྱབ་པའི་མི་རོ་ཚོ་བཅུད་སྣུམ་བག་དང་ལྡན་པ་ཞིག་ཏུ་གྱུར། འཇིག་རྟེན་ཁམས་ཀྱི་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ་འབོད་པའི་སྐད་བཏང་བས། ཐམས་ཅད་སྐད་ཅིག་ལ་འདུས་ཏེ་ས་དང་ནམ་མཁའ་ཐམས་ཅད་ཁྱབ་པར་བསམ། དེ་ནས་རང་ལུས་དུམ་བུ་དུམ་བུར་གཏུབ། ཁྱེད་ཅག་ཅི་འདོད་ཟོ། གང་འདོད་ལོངས། ཞེས་བརྗོད་པས་སོ་སོའི་བསམ་པ་དང་མཐུན་པར། ཤ་ཁྲག་རུས་པ་ནང་ཁྲོལ་ཡན་ལག་སོགས་ཟོས་འཐུང་ཁྱེར་བས། གནས་སྐབས་ཚིམ་ཞིང༌། མཐར་ཐུག་ཉོན་མོངས་ཞི་བར་བསམ། སླར་དེ་དག་ཐམས་ཅད་རང་གནས་སུ་སོང་བར་བསྒོམ། དེ་ནས་དེ་ཡང་རང་སེམས་སུ་ཤེས་བཞིན་པས་ཕཊ་ཅེས་དབྱིངས་རིག་བསྲེ་ལ་བཞག །དེ་ལྟ་བུ་ཡང་ཡང་བསྒོམ། དེ་ལ་ཅུང་ཟད་གོམས་ནས་གཉན་ཁྲོད་ཞིག་ལ་དམིགས་ཏེ་སླར་ཡང་ཞག་གཉིས་གསུམ་བསྒོམ། ལམ་དུ་བསྒོམ་ཚུལ་ཞི་གཅོད་དང་འདྲ། གནས་དེར་སླེབ་ནས་ས་གནད་གཉན་ས་ཞིག་བཙལ་ནས་བསྡད།སྔོན་འགྲོའི་ཆོས་བཞི་པོ་སྤྱྀར་སྔར་དང་འདྲ་བ་ལས་རྩ་བའི་བླ་མ་དང་མ་ཅིག་དབྱེར་མེད་པ་མཁའ་འགྲོ་སྡེ་ལྔའི་ཚོགས་དང་བཅས་པ་སྒོམ་པ་དང༌། བླ་མའི་རྣལ་འབྱོར་གྱི་སྐབས་བླ་མ་དང་མ་ཅིག་དབྱེར་མེད་པ་རང་ལ་ཐིམ་པས། རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མར་གྱུར། དེ་ཉིད་


TNT20_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་མེ་དྲག་ཏུ་འབར་བ་དང་བཅས་ཏེ། དྲག་པོའི་སྟེང་སྟབས་སྣ་ཚོགས་ཀྱི་གར་མཛད། གསུང་སྐད་དྲག་སྔགས་སྣ་ཚོགས་འབྲུག་ལྟར་སྒྲོགས་པར་བསམ་ལ། འདིའི་སྐབས་མ་ཅིག་གི་ང་རྒྱལ་དང་བཅས་པ་ནི་དགོས་ཤིང༌། འདྲེ་གདོན་རྣམས་ལ་གནོད་སེམས་གཏན་ནས་མེད་པར་སྒྱུ་མ་རྨི་ལམ་ལྟར་ཤེས་བཞིན་དུ་གང་སྣང་གི་ངོ་བོ་ལ་རང་སེམས་ཆེད་ཆེར་བསྲེ་བཞིན་དུ་ཕཊ་ཅེས་དབྱིངས་རིག་བསྲེ་བ་ཁོ་ན་བྱ། འཚུབ་དང་ཆོ་འཕྲུལ་ལྡང་ན་ཕཊ་དང་བཅས་པར་མཆོང་རྒྱུག་དང༌། དྲག་སྔགས་ཤེས་ཚད་འདོན། དེ་ནས་ཡང་སྔར་གྱི་ཤུལ་དུ་འདུག་སྟེ། སྟོང་པ་ཉིད་ཁོ་ན་ལ་མཉམ་པར་བཞག །སེམས་ཀྱི་མཐོ་དམན་དང༌། འཆར་སྒོ་རྣམ་རྟོག་ཅིས་བྱུང་ཀྱང་ཕཊ་ཅེས་དབྱིངས་རིགས་བསྲེ་བ་ཁོ་ན་བྱ། འཚུབ་དང་ཆོ་འཕྲུལ་ལྷོངས་ཀྱི་ཕྱི་མཐོང་སྣང་དང༌། ནང་ན་ཚ། གསང་བ་ཉོན་མོངས་ལོག་ལྟ་སོགས་ཅི་སྐྱེས་ཀྱང་འཁྲུལ་པར་ཤེས་པས་དབྱིངས་རིགས་བསྲེ་བ་ཁོ་ན་ལས་གཞན་གང་ཡང་མི་བྱེད་ཅིང་ཡུམ་དོན་ཁོ་ན་ལ་མཉམ་པར་བཞག །ངག་གི་སྨྲ་བརྗོད་དང༌། ལུས་ཀྱིས་འགུལ་བསྐྱོད་སོགས་གཏན་ནས་མི་བྱེད་པའི་དམ་འཆའ་དང་ཞེ་མནའ་ལག་ཏུ་ལོངས་པ་བྱ། རྣམ་པ་ཐམས་ཅད་དུ་ལུས་སེམས་ལ་གཅེས་འཛིན་རྡུལ་ཙམ་མེད་པར་བྱ། ལྷ་འདྲེ་དྲག་པོས་དངོས་སུ་སྡོད་པ་སྤོ་དགོས་བྱུང་ན་སྔར་གྱི་ཤུལ་དེར་སྡོད་པ་བྱ། དངོས་སུ་གང་དུ་བཞག་བྱུང་བ་དེར་སྡོད། དངོས་གཞི་རང་གི་སྐབས་འདིར་གཞན་ལ་སྐྱབས་ཞུ་བར་མ་སོང་བ། བསྲུང་འཁོར་དུ་མ་སོང་བ། འདྲེ་འདུལ་དུ་མ་སོང་བ། རེ་དོགས་སུ་མ་སོང་བ་གལ་ཆེ་ཆུང་ཅི་བྱུང་རུང་


TNT20_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་མེད་པའི་བློ་བཏད་དང༌། དབྱིངས་རིགས་བསྲེ་བའི་མི་རྟོག་པ་དང་མ་བྲལ་བ་གལ་ཆེ། གོང་དུ་བཤད་པ་ལྟར་གྱི་ཚད་ལྷོངས་འགྲིགས་པ་ན། དམར་འགྱེད་ཀྱི་དམིགས་པ་ཡང་འགའ་རེ་བྱ་ཞིང༌། རྗེས་ཀྱི་བྱ་བ་ཞི་གཅོད་དང་འདྲ་བ་ལས། ཆབ་གཏོར་ཀླུ་གཏོར་སོགས་གཏོར་མ་ཅི་མང་གཏོང་བ་དང༌། སྨོན་ལམ་མང་དུ་འདེབས་པ། ཆོས་བཤད་མདོ་འདོན་པ་སོགས་ལ་བརྩོན་པ་གལ་ཆེ། དེ་ལྟར་བྱས་པས་ཁོས་གནས་ལུས་ལོངས་སྤྱོད་ཉམས་པ་གསོས། སྔར་ལས་ཀྱང་ལྷག་པར་སོང་བསམ་པ་དང༌། ཆོས་དང་ལྡན་པར་སོང་སྙམ་པ་ཡང་ཡང་བསམ། རྗེས་ཀྱི་བྱ་བ་ཡང་སྔར་དང་འདྲ།གསུམ་པ་ནི། སྔོན་འགྲོ་སྔ་མ་དང་འདྲ་བ་ལས་དཀར་འགྱེད་དམར་འགྱེད་གཉིས་ཀ་བསྒོམ། གཉན་ཁྲོད་དུ་སླེབ་མ་ཐག་ཏུ་ཞི་གཅོད་ལྟར་གཏོར་མ་རྒྱ་ཆེར་བཏང༌། སྔོན་འགྲོ་ཆོས་བཞི་སྔ་ཐུན་གཉིས་ལ་ཞི་གཅོད་ལྟ་བུ་དང༌། ཕྱི་ཐུན་གཉིས་ལ་དྲག་གཅོད་ལྟར་བསྒོམས། དངོས་གཞི་ཉམས་ལེན་ཡང་ཞི་གཅོད་ཀྱི་དམིགས་པ་ལན་མང་དུ་འགྲོ་བའི་མཐར་དྲག་གཅོད་ལྟར་སྟོང་ཉིད་ཁོ་ན་བསྒོམ་པ་ཐུན་རེ་བཞིན་བྱ། ཡུན་རིང་པོར་ལྷོངས་མ་བྱུང་ན་དྲག་གཅོད་ཀྱི་སྐབས་ལྟར་ལྷོངས་ཀློངས་པའི་སྤྲོས་བཅས་ཀྱི་གཅོད་ཚུལ་དེ་ལན་རེ་བྱས་པས་ངེས་པར་ལྷོངས་ཡོང་བར་གདོན་མི་ཟ། རེ་ཞིག་དེ་མ་ཞི་བར་ལ་དྲག་གཅོད་བཞིན་དུ་སྟོང་ཉིད་ཁོ་ན་བསྒོམས། ལྷ་འདྲེ་དངོས་སུ་རྒོལ་དུ་བྱུང་ན། སྙིང་དམར་ཙར་གྱིས་བཏོན་ནས་སྟེར་བའམ། མགོ་དང་རྐང་ལག་རྦད་ཀྱིས་བཅད་ནས་སྟེར་བ་སོགས་ལུས་སེམས་མ་བྲལ་བཞིན་དུ་ལུས་ལ་གཅེས་འཛིན་རྡུལ་ཙམ་མེད་པར་ཕུང་པོ་གཟན་དུ་བསྐྱུར་བ་འདི་གལ་ཆེ། ཚར་ལྷོངས་


TNT20_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

འགྲིགས་པ་ན་རྗེས་ཀྱི་བྱ་བ་གོང་དང་འདྲའོ། །འདི་དག་ལ་ཉེ་བར་མཁོ་བའི་སྐབས་དོན་ཅུང་ཟད་ཅིག་བརྗོད་ན། ཐོག་མར་གཉན་ཁྲོད་བཀྲ་ཤིས་པའི་དགེ་མཚན་ཅན། གཞི་བདག་འཇམ་ཞིང་ཆོས་ལ་དཀར་བ་ཞིག་ཏུ་ཞི་གཅོད་ཉམས་སུ་ལེན་དུ་འགྲོ། ཐོག་མ་ནས་དྲག་གཅོད་བྱེད་པ་དང༌། གནས་རྩུབ་པ་དང༌། ནག་ཕྱོགས་ཀྱི་འདྲེ་གདོན་གནས་པའི་སར་འགྲོ་བ་ལམ་དུ་ལོང་དཀའ་ཞིང༌། དེ་ཉིད་ལམ་དུ་སོང་ཡང་ཆོས་བརྒྱུད་དང་མཆེད་གྲོགས་སོགས་གང་ཅིར་རྟེན་འབྲེལ་མི་ལེགས་པ་ཡིན། དེ་ནས་ཐོག་མར་ཞི་གཅོད་ལ་བརྟེན་ནས་གཉན་ཁྲོད་བཀྲ་ཤིས་པ་ལན་གཉིས་གསུམ་ཙམ་འགྲིམ་པའི་རྗེས་སུ་གཉན་ཁྲོད་འབྲིང་པོ་འགའ་རེར་ཞི་དྲག་བསྒོམས། དེ་ནས་གཉན་ཁྲོད་རྩུབ་པ་འགའ་རེར་ཞི་གཅོད་བསྒོམ། དེ་ལྟར་གཉན་ཁྲོད་མང་དུ་བསྒོམ་ཞིང་འབྱོངས་བ་ན། གཉན་ཁྲོད་རྩུབ་པ་འགའ་རེར་ཞི་དྲག་ཕྱེད་མ་ཅི་རིགས་པ་བྱ། འདྲེ་གདོན་གདུག་པ་ཅན་གནས་སར་དྲག་གཅོད་འབའ་ཞིག་ཀྱང་སྐབས་རེར་བྱེད་པ་ཡིན། སྤྱིར་རྒྱུན་གྱི་ཉམས་ལེན་ཞི་དྲག་ཕྱེད་མ་ཡིན། ལྷ་འདྲེ་འཇམ་ཞིང་ཆོས་ལ་དཀར་བའི་སར་གཙོ་བོར་ཞི་གཅོད་རང་བྱ་ཞིང༌། ཞི་དྲག་ཕྱེད་མའང་སྐབས་དང་བསྟུན་ནས་བྱར་རུང༌། དྲག་གཅོད་འབའ་ཞིག་བྱ་མི་ཉན། ཞྀ་དྲག་ཕྱེད་མའི་སྐབས་འདིར་གོང་དུ་བསྟན་པ་དེ་ལ། སྤྲོས་བཅས་ཟེར་ཞིང༌། དེའི་མཇུག་ཏུ་ཞི་གཅོད་ལྟར་བྱམས་སྙིང་རྗེ་དང་དབྱིངས་རིག་བསྲེ་བ་སྤེལ་མ་བསྒོམ་པ་ལ་སྤྲོས་མེད་ཟེར། དེའི་རྗེས་སུ་ཡུམ་དོན་ཁོ་ན་ལ་མཉམ་པར་འཇོག་པ་ལ་ཤིན་ཏུ་སྤྲོས་མེད་ཀྱི་གཅོད་ཟེར་བ་


TNT20_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས། དེ་དག་ཀྱང་འབྲེལ་ཆགས་སུ་བསྒོམས་པར་བྱའོ། །གཅོད་ལས་ལ་འགྲོ་ཁར་ཉོན་མོངས་ཆགས་སྡང་གི་སེམས་དྲག་པོ་སྐྱེས་པ་དང༌། བླ་མའི་མོས་གུས་ལ་ལྡེམ་འགྱངས་ཤོར་བ་དང༌། མཆེད་གྲོགས་དང་གཅོད་པ་དམ་སེལ་ཞུགས་པ་དང༌། ཐིག་ལེ་ཉམས་པ་སོགས་བྱུང་ན་རྟེན་འབྲེལ་འཆུག་ནས་གཉན་ཁྲོད་འགྲིམ་པ་གནད་དུ་མི་འགྲོ། དེས་ན་གསོལ་འདེབས། སྙིང་རྗེ། བཤགས་པ། སྨོན་ལམ། ཚོགས་མཆོད། གཏོར་མ། རྩ་རླུང་སྒོམ་པ་སོགས་རྟེན་འབྲེལ་ཁྱད་པར་ཅན་བསྒྲིགས་ནས་འགྲོ་བ་གལ་ཆེ། ལྷོངས་ལ་གསུམ་ལས། ཕྱིའི་ལྷོངས་ནི་ས་གཡོ་བ་དང༌། རི་ཉུར་བ་དང༌། འཇིགས་པའི་མཐོང་སྣང་དང༌། ཐོས་སྣང་འདི་མི་འབྱུང་བ་མེད་པ་འོངས། ནང་གི་ལྷོངས། སྙིང་རླུང༌། ཀླད་གཟེར། རྒྱུ་མ་གཟེར་བ་སོགས་ན་ཚ་དྲག་པོ་གློ་བུར་དུ་འབྱུང༌། གསང་ལྷོངས་སེམས་ལ་བྱུང་སྟེ། དགའ་སྣང་དང༌། སྡུག་སྣང་མི་ཚུགས་པ་ལྟ་བུ་དང༌། འཇིགས་སྐྲག་དང༌། སྐྱོ་ངས་དང༌། འདོད་ཡོན་གྱི་རྣམ་རྟོག་དང༌། ཆོས་བརྒྱད་ཀྱི་འཆར་སྒོ་ལ་སོགས་པ་དང༌། དུག་གསུམ་གྱི་རྣམ་རྟོག་ཆེར་འཕེལ་བ་སོགས་འབྱུང་ཞིང༌། ཆོས་དང་བླ་མ་ལ་ལོག་ལྟ་ལྡང༌། དེ་འདྲའི་རིགས་ཐམས་ཅད་ལྷོངས་སུ་ཤེས་པར་བྱའོ། །ལུས་མི་བསྐྱོད། ཁ་དོན་གྱི་རིམ་པ་དང༌། ཕཊ་སྔགས་བརྗོད་པ་མ་གཏོགས་ཐ་མལ་གྱི་ངག་མི་སྨྲ་བ་ལ་ཟུང་ཐུབ་པ་དང༌། སེམས་འཆར་སྒོ་ཅི་བྱུང་ཐམས་ཅད་དེའི་དབང་དུ་མི་གཏོང་བ་དབྱིངས་རིགས་བསྲེ་བ་རང་གལ་ཆེ་བའོ། །ཡང་སྐྱེ་བོ་མང་པོ་འདུ་སར་སྡོད་དགོས་སམ་འགྲིམས་དགོས་བྱུང་བའི་ཚེ། མི་སྔོན་དུ་དགེ་


TNT20_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བྱེད་པ་དེ་སྤྱིར་ཡང་དགག་བྱ་ཆེ་ཞིང༌། ཁྱད་པར་ཕཊ་སྔགས་དྲག་པོ་བརྗོད་པ་སོགས་མི་མཛེས་པས། ཕཊ་ཅེས་ཤུབ་ཤུབ་པོ་བརྗོད་ཅིང༌། ཉམས་ལེན་གྱི་གདེངས་གཏན་ནས་མ་ཤོར་བ་གནད་དུ་ཤེས་ཆེ། ཡང་ས་ཆ་ཡུལ་མི་འདྲེ་གདོན་སོགས་མཐོང་བའི་ཡུལ་དང་སེམས་སྣང་དུ་ལམ་དེ་འཆར་བར་བྱས། མི་དང་མི་མ་ཡིན་པ་རྣམས་ལ་སྙིང་རྗེ་དུང་བ་ཞིག་བསྒོམ་ལ། འདི་ཐམས་ཅད་དབང་དུ་བསྡུ་སྙམ་པའི་འདུན་པ་ཞིག་བཏང༌། དེ་ནས་ཕཊ་ཅེས་བརྗོད་པས་ཐམས་ཅད་དབྱིངས་སུ་བསྐྱལ། འདི་ལྟ་བུའི་དམིགས་པ་ཐོ་རངས་ལ་སོགས་པར་ལན་ཅི་མང་བསྟུད་ནས་བསྒོམ། དེའི་མཐར་སྨོན་ལམ་རྒྱ་ཆེར་བཏབ། གང་ལ་ཡང་མ་ཞེན་པར་སྒྱུ་མ་ལྟ་བུར་སྒོམ་ནས་ས་ཕྱོགས་དེ་དག་གི་མི་དང་མི་མ་ཡིན་ཐམས་ཅད་དབང་དུ་འདུ་ངེས་སོ། །དེས་མཚོན་དེ་འཕྲིན་ལས་རྣམ་བཞི་གང་བསྒྲུབ་ཀྱང་དམིགས་པའི་གནད་འདི་རིགས་འགྲཻ་བར་བྱའོ། །གཞན་ཡང་མོས་གུས་གསོལ་འདེབས་དབྱིངས་སུ་བསྐྱལ་བས། བླ་མས་ཐུགས་རྗེས་འཛིན་ཞིང་བྱིན་རླབས་འཇུག །སྙིང་རྗེ་དབྱིངས་སུ་བསྐྱལ་བས་འགྲོ་དོན་འབྱུང་ཞིང་སེམས་ཅན་དབང་དུ་འདུ། སྐྱོ་ཤས་ངེས་འབྱུང་དབྱིངས་སུ་བསྐྱལ་བས་རང་གི་དགེ་སྦྱོར་གནད་དུ་འགྲོ་ཞིང་གཞན་རྒྱུད་ཆོས་ལ་འཁུལ་ཆེད། བསྐྱེད་རིམ་དབྱིངས་སུ་བསྐྱལ་བས་ནུས་པ་ཆེ་ཞིང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་སྐྱོང་དབང་དུ་འདུ། རྩ་རླུང་ཐིག་ལེའི་རྣལ་འབྱོར་དབྱིངས་སུ་བསྐྱལ་བས་རྟོགས་པ་གོང་ནས་གོང་དུ་འཕེལ་ཞིང་ཕྱི་ནང་གི་མཁའ་འགྲོ་འདུ་བ་རྒྱུན་མི་འཆད། གཉན་ཁྲོད་འགྲིམས་ཤིང་གནད་དུ་


TNT20_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ན་སྡེ་བརྒྱད་དྲེགས་པ་ཅན་ཐམས་ཅད་བྲན་འཁོལ་ཐུབ། གཞན་ཡང་འདོད་ཆགས་དབྱིངས་སུ་བསྐྱལ་བས་འདོད་ཆགས་ཅན་གྱི་འགྲོ་བ་འདུལ་ནུས་འཁོར་འདུ། འོན་ཀྱང་དེ་སྙིང་རྗེས་མ་ཟིན་ན་རང་དང་ཉེ་འཁོར་སོགས་ལ་དེ་ལ་བརྟེན་ནས་བར་ཆད་འབྱུང་བས། འདོད་ཆགས་དབྱིངས་སུ་བསྐྱལ་བའི་སྟོང་ཉིད་དང་སྙིང་རྗེར་སྐྱེས་བ་གལ་ཆེ། དེས་མཚོན་ཏེ་ཉོན་མོངས་ཀྱི་རྣམ་རྟོག་གཞན་རྣམས་ལའང་རིགས་འགྲེ། དེ་ཐམས་ཅད་ཀྱང་རྩ་བ་རེ་དོགས་མེད་པ་གལ་ཆེ་བས། སྤྱིར་གཅོད་ཀྱིས་བར་ཆད་ཐམས་ཅད་སེལ་ཞིང་དངོས་གྲུབ་ཐམས་ཅད་ཐོབ་པ་ཡིན་ནའང༌། དངོས་གྲུབ་ཐོབ་ལ་རེ་བ་དང་ཕན་ཡོན་འབྱུང་ལ་རེ་བ་ཞེ་འདོད་པ་གཏན་མེད་པ་གཅིག་དགོས། བློ་ཡི་གཏིང་སྐྱོན་མ་ཐོན་ན་དགེ་སྦྱོར་གནད་དུ་མི་འགྲོ་སྟེ། བླ་མ་ལོག་ལྟ་ཅན་དང༌། ཆོས་ལ་ཚོད་ཡོད་པོ་དང༌། རང་བཟང་འདོད་ངན་མི་འདོད་པ་དང༌། ནོར་རྫས་ལོངས་སྤྱོད་ལ་ཤི་བར་འཐམས་པ་དང༌། རེ་དོགས་ཀྱིས་ཁྱེར་ནས་བློ་ཐག་གཅད་མི་ནུས་པ་རྣམས་ལ། གཉན་ཁྲོད་ལམ་དུ་ལོངས་བའི་སྒོམ་སྐྱེ་བ་ག་ལ་སྲིད། ལྷ་འདྲེ་གདུག་པ་ཅན་གྱི་ལྷོངས་ཞི་བ་སྐད། ལོངས་སྤྱོད་སྙན་གྲགས་ཐན་ཐུན་གྲུབ་པ་སྐད། མགོ་བསྐོར་གཏོང་བ་མང་བས། གཉན་ཁྲོད་ལ་དགེ་སྦྱོར་གྱི་བློ་སྐྱེད་ཆེན་པོ་མ་བྱུང་བར་ཚར་ཚད་བརྫུས་མ་སད་སུད་དེ་ལ་ཡིད་བརྟན་མ་བྱེད་ཅིག །དགེ་སྦྱོར་གྱི་བོགས་ཐོན་བྱུང་ན་གཞན་དེ་ཚོ་བྱུང་མ་བྱུང་འདྲ། འདུན་མ་ལེགས་པའི་ཡང་རྩེ་ཡིན་ནོ། །གཅོད་ཡུལ་ཀུན་གྱི་སྙིང་པོའི་དོན། །


TNT20_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་འདུའི་སྒྲུབ་ཐབས་འདི་ཡིན་པས། །ཉམས་ལེན་གྱིས་ཤིག་སྐལ་ལྡན་བུ། །ཙབ་ཙོབ་བློ་སྣ་མ་མང་ཞིག། །།གཅོད་ཡུལ་ཟབ་མོའི་ཁྲིད་ཡིག་གནད་དོན་སྙིང་པོ་ཞེས་བྱ་བ་འདི་ནི་བྱ་བྲལ་བ་རིན་ཆེན་བཀྲ་ཤིས་ཞེས་བྱ་བས་བསྐུལ་ནས། ཏཱ་ར་ནཱ་ཐས་སྨྲས་པ་སྟེ། སྟག་ལུང་ཐང་གི་ཆོས་གྲྭར་སྦྱར་བའོ། །རྗེ་བཙུན་པད་དཀར་འཆང་བའི་རྣམ་འཕྲུལ་མགོན། །སྨྲ་བའི་དབང་ཕྱུག་ཡོན་ཏན་བཟང་པོ་ཡིས། །སྤྱི་ལོ་༡༩༩༩བར། །བསྟན་པ་སྤྱི་དང་ཁྱད་པར་ཇོ་ནང་བའི། །བཤད་སྒྲུབ་སླར་གསོལ་བྱ་བ་སྤེལ་བའི་ཆད། །འཇམ་མགོན་ཏཱ་ར་ནཱ་ཐའི་གསུང་འབུམ་གྱི། །མི་ཟད་ཆོས་སྦྱིན་དཔལ་ལྡན་འཛམ་ཐང་གི། །གསྟང་བའི་ཆོས་གྲྭར་བསྐྲུན་པའི་དགེ་བ་ཡིས། །མ་གྱུར་འགྲོ་ལ་གནས་སྐབས་བདེ་བ་དང་། མཐར་ཐུགས་གཏན་བདེ་བླ་མེད་བྱང་ཆུབ་མཆོག །མྱུར་དུ་ཐོབ་པའི་དཔུང་གཉེན་དམ་པ་རུ། །གཞི་དབྱིངས་མཆོགས་གསུམ་དམ་པས་ཤིས་པ་རྩོལ། །འདི་ཡང་པུཎྱཻ་ཤྲཱིས་བྲིས་བ་དགེ། །མངྒ་ལཾ། བཀྲ་ཤིས། །


TNT20_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousགཅོད་ཡུལ་ཟབ་མོའི་ཁྲིད་ཡིག་གནད་དོན་སྙིང་པོ།next