Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཅོད་ཡུལ་ཟབ་མོའི་ཁྲིད་ཡིག་གནད་དོན་སྙིང་པོའི་ངག་འདོན་གསོལ་འདེབས།
   
   
   
   
   
   
   


 
previousགཅོད་ཡུལ་ཟབ་མོའི་ཁྲིད་ཡིག་གནད་དོན་སྙིང་པོའི་ངག་འདོན་གསོལ་འདེབས།next

གཅོད་ཡུལ་ཟབ་མོའི་ཁྲིད་ཡིག་གནད་དོན་སྙིང་པོའི་ངག་འདོན་གསོལ་འདེབས།


TNT20_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ཡུལ་ཟབ་མོའི་ཁྲིད་ཡིག་གནད་དོན་སྙིང་པོའི་ངག་འདོན་གསོལ་འདེབས་ཞེས་བྱ་བ་བཞུགས།


TNT20_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། དངོས་གྲུབ་འབྱུང་གནས་བླ་མ་རིན་པོ་ཆེ། །སྐྱབས་གནས་ཀུན་འདུས་འགྲོ་མགོན་རིན་པོ་ཆེ། །གནས་ལུགས་དོན་རྟོགས་ཆོས་རྗེ་རིན་པོ་ཆེ། །བདུད་བཞི་འཇོམས་མཛད་དཔའ་བོས་བྱིན་གྱིས་རློབས། །དེ་ནས་ཉམས་སུ་བླང་རྒྱུའི་ཆོས་ནི་འདི་ཡིན་ཏེ། བརྒྱུད་པ་ལ་མོས་གུས་ཆུག་པ། བྱིན་རླངས་འཕོ་བའི་དབང་སྐུར་ཐོབ་ནས། འཁྲིད་ལས་ཀྱི་ངོ་བོ་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་མོ། །རྩ་བའི་ས་བཅད་དང་པོ་ལ་སྐྱབས་འགྲོ་སེམས་བསྐྱེད། མཎྜལ་བླ་མའི་རྣལ་འབྱོར། བཞི་ལས་དང་པོ་སྐྱབས་འགྲོ་ནི། རང་གང་དུ་གནས་པའི་ས་ཕྱོགས་འདི་ཉིད་དག་པའི་ཞིང་ཁམས་ཆེན་པོ་ཡངས་ཤིང་རྒྱ་ཆེ་བར་གྱུར་པའི་དབུས་སུ། སེང་ཁྲི་པདྨ་ཉི་ཟླའི་གདན་ལ། དབུས་སུ་རྩ་བའི་བླ་མ། མདུན་དུ་ཡི་དམ་དང་སངས་རྒྱས། གཡས་སུ་དམ་ཆོས་ཀྱི་ངོ་བོ་གླེགས་བམ། གཡོན་དུ་ཐེག་པ་ཆེ་ཆུང་གི་དགེ་འདུན། རྒྱབ་ཏུ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་གསལ་བཏབ་ལ།


TNT20_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ། རྩ་བའི་བླ་མ་བཀའ་དྲིན་ཅན་ལ་སྐྱབས་སུ་མཆིའོ། །བརྒྱུད་པའི་བླ་མ་བྱིན་རླབས་ཅན་ལ་སྐྱབས་སུ་མཆིའོ། །འདྲེན་པའི་བླ་མ་ཐུགས་རྗེ་ཅན་ལ་སྐྱབས་སུ་མཆིའོ། །བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆིའོ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་མཆིའོ། །གཞི་དང་ལམ་དང་འབྲས་བུ་གསུམ་ལ་སྐྱབས་སུ་མཆིའོ། །ལྟ་བ་སྤྱོད་པ་སྒོམ་པ་གསུམ་ལ་སྐྱབས་སུ་མཆིའོ། །རང་སེམས་སྟོང་པ་ཆོས་སྐུ་གསུམ་ལ་སྐྱབས་སུམཆིའོ། ཁྱེད་རྣམས་ལ་ནི་སྐྱབས་སུ་མཆི། ཁྱེད་རྣམས་ལ་ཡང་ཕྱག་འཚལ་ལོ། །འདོད་ཡོན་ལྔ་ཡི་མཆོད་པ་འབུལ། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་དེས་སེམས་ཅན་བདེ་གྱུར་ཅིག །ཕཊཿ ཅེས་


TNT20_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་འགྲོ་ཅི་ནུས་སུ་བྱའོ། །མཐར་སྐྱབས་ཡུལ་རྣམས་འོད་དུ་ནས་རང་ལ་ཐིམ།གཉིས་པ་སེམས་བསྐྱེད་ནི། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཟབ་ལམ་གཅོད་ཀྱི་གདམས་པ་ཉམས་སུ་བླང་བར་བགྱིའོ། །སྙམ་པ་གྱིས་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དུང་བའི་ངང་ནས། མ་རྒན་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་བྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་རིག །ཕཊཿ ཅེས་ངག་ནས་བརྗོད་ཅིང་ཡིད་ལ་བསམ་མོ། །གསུམ་པ་མཎྜལ་ནི། རང་གི་མདུན་དུ་བླ་མ་དང་མ་ཅིག་ལབ་སྒྲོན་དབྱེར་མེད་པ། མདུན་དུ་ཡི་དམ་སོགས་སྐྱབས་ཡུལ་བཞིན་གསལ་བཏབ། འཇིག་རྟེན་གྱི་ཁམས་ཐམས་ཅད་མཆོད་རྫས་འདོད་ཡོན་ལོངས་སྤྱོད་ཐམས་ཅད་ཀྱི་ཕྱུར་བུར་བཀང་སྟེ། རང་གི་ལུས་ངག་ཡིད་གསུམ་ཀྱི་དུས་གསུམ་གྱི་དགེ་ཚོགས་དང་བཅས་པ་ཐམས་ཅད། བླ་མ་དང་དཀོན་མཆོག་ལ་ཕུལ་བར་མོས་ལ་ཕཊཿ པགས་པ་གསེར་གྱི་ས་གཞིའི་དབུས། །སྒལ་ཚིགས་རི་རབ་ལྷུན་པོར་གྱུར། །ཡན་ལག་ཉིང་ལག་གླིང་བཞི་གླིང་ཕྲན་བརྒྱད། །ལོངས་སྤྱོད་རྣམ་པར་རྒྱལ་བའི་ཁང་བཟང་དབུས། །མིག་ནི་ཉི་མ་ཟླ་བས་རབ་མཛེས་པ། །ནང་ཁྲོལ་མེ་ཏོག་སྙིང་ནི་ཡིད་བཞིན་ནོར། །དགོས་འདོད་མ་ལུས་ཆར་བཞིན་འབྱུང་བས་བརྒྱན། །ཕྱི་ནང་གསང་གསུམ་ཡོན་ཏན་ཅི་མཆིས་པ། །རྩ་བའི་བླ་མ་


TNT20_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ཆེན་འཁོར་བཅས་དང༌། །ཡི་དམ་ལྷ་ཚོགས་དཔའ་བོ་མཁའ་འགྲོ་དང༌། །ཆོས་སྐྱོང་སྲུང་མའི་ཚོགས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ། །བཞེས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཕཊཿ བདག་གིས་ལུས་དང་ལོངས་སྤྱོད་དང༌། །དུས་གསུམ་བསགས་པའི་དགེ་བ་ཀུན། །བླ་མ་དཀོན་མཆོག་ཁྱེད་ལ་འབུལ། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །ཞེས་པ་ལན་མང་དུ་བརྗོད་དོ། །བཞི་པ་བླ་མའི་རྣལ་འབྱོར་ནི། ཕཊཿ སྭ་བྷཱ་ཝས་སྦྱངས། བདག་དང་སེམས་ཅན་ཐམས་ཅད་མཉམ་ཉིད་དུ་འཚོགས་པའི་སྤྱི་བོར་རིན་པོ་ཆེའི་ཁྲིའི་སྟེང་དུ། པདྨ་འདབ་མ་སྟོང་ལྡན་གྱི་དབུས་སུ་ཟླ་བ་ཉི་མ་བརྩེགས་པའི་སྟེང་དུ། རྩ་བའི་བླ་མ་དང་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་མ་ཅིག་ལབ་ཀྱི་སྒྲོན་མ། སྐུ་མདོག་གངས་རིའི་ཕུང་པོ་ལྟར་དཀར་བ་ཞལ་གཅིག་ཕྱག་གཉིས་ཞི་བའི་སྤྱན་གསུམ་དང་ལྡན་པ། ཕྱག་གཡས་ཀྱིས་ཌ་མ་རུ་ནམ་མཁའ་ལ་འཁྲོལ་བ། སྟོང་གསུམ་ཁྱབ་པའི་སྒྲས་སྲིད་པ་གསུམ་གྱི་མཁའ་འགྲོ་མ་ཐམས་ཅད་དབང་དུ་བསྡུད་པར་བྱེད་པ། གཡོན་པས་དངུལ་དཀར་གྱི་དྲིལ་བུ་དཀུ་ལ་བརྟེན་ཞིང༌། སྲིད་གསུམ་ཟིལ་གྱིས་གནོན་པའི་ཚུལ་གྱིས་བཞུགས་པ། དབུ་སྐྲ་དམར་སེར་གྱི་ཚོགས་གྲོལ་ཞིང་སྐུ་རྒྱབ་གནོན་པ། རིན་པོ་ཆེའི་རྩེ་ཕྲན་ལྔ་ཡིས་དབུ་ལ་བརྒྱན་པ། རིན་པོ་ཆེ་དང་རུས་པའི་རྒྱན་དྲུག་དང་ལྡན་པ། སྐུ་སྨད་ལ་དར་དམར་པོའི་ཤམ་ཐབས་གསོལ་བ། ལང་ཚོ་དར་ལ་བབ་པ། བཅུ་


TNT20_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ལོན་པའི་ན་ཚོད་དང་ལྡན་པ། ཞབས་གཉིས་གར་སྟབས་ཀྱིས་བཞུགས་པ་དམ་ཚིག་སེམས་དཔའ། དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཡེ་ཤེས་སེམས་དཔའི་ངོ་བོ་བླ་མ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་རང་བཞིན་སྐུ་མདོག་དམར་ལ་སེར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་པ། གཉིས་ཀའང་རུས་པའི་རྒྱན་དྲུག་དང་ལྡན་པ། ཞབས་གཉིས་ཀར་སྟབས་ཀྱི་བཞུགས་པ། ཟག་མེད་བདེ་བ་ཆེན་པོའི་རང་བཞིན་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཏིང་ངེ་འཛིན་སེམས་དཔའི་ངོ་བོ་ཧཱུཾ་མཐིང་ནག་འོད་ཟེར་འཕྲོ་བ་དང་བཅས་པ། དེ་ལྟར་བླ་མ་ཡབ་ཡུམ་ལ་བརྒྱུད་པའི་བླ་མ་ཡི་དམ་གྱིས་བསྐོར་ནས་བཞུགས་པ། ཐམས་ཅད་ཀྱང་གཅེར་བུ་རུས་པའི་རྒྱན་དྲུག་དང་བཅས་ལྡན་པ། ཤེས་རབ་མ་དང་མཉམ་པར་སྦྱར་བས། ཟག་མེད་ཆོས་སྐུའི་རང་བཞིན་གྱིས་བཞུགས་པ། མ་ཅིག་གི་མདུན་གྱི་འདབ་མ་ལ། སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ་དཀར་མོ་འབུམ། ལྷོའི་འདབ་མ་ལ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ་སེར་མོ་འབུམ། ནུབ་ཀྱི་འདབ་མ་ལ་པདྨའི་རིགས་ཀྱི་མཁའ་འགྲོ་མ་དམར་མོ་འབུམ། བྱང་གི་འདབ་མ་ལ་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ་ལྗང་མོ་འབུམ། དབུས་ཕྱོགས་སུ་རྡོ་རྗེའི་རིགས་ཀྱི་མཁའ་འགྲོ་མ་སྔོན་མོ་འབུམ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་གཡས་ཅང་ཏེའུ་ནམ་མཁའ་ལ་འཁྲོལ་ལ། གཡོན་


TNT20_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཐོད་པ་བདུད་རྩིས་གང་བ་ཐུགས་ཀར་འཛིན་པ། མཆན་ཁུང་ན་ཁ་ཊྭཱཾ་ག་གྱེན་དུ་བསྒྲེང་ཞིང་འཛིན་པ། ཕྱག་རྒྱ་ལྔ་དང་ལྡན་པ་ཞབས་གཡས་བསྐུམ་གཡོན་བརྐྱང་པའི་གར་སྟབས་ཀྱིས་བཞུགས་པ། མ་ཅིག་མའི་སྤྱི་བོར་པདྨ་ཟླ་བའི་སྟེང་དུ་ཕ་གཅིག་དམ་པ་རྒྱ་གར་སྐུ་མདོག་ནག་ལ་དམར་བའི་མདངས་ཆགས་པ། སྤྱན་གསུམ་དམར་ལ་ཟླུམ་པ་ཤངས་མཐོ་ལ་གུག་པ། སྨ་ར་དང་སྨིན་མ་དམར་སེར་དུ་འཁྱུག་པ། ཚེམས་དཀར་ལ་ཚེམས་རྩེ་རྣོ་བ། དབུ་སྐྲ་ཟར་བུ་གྱེན་དུ་བརྫེས་ཤིང༌། མེ་ཏོག་གི་ཕྲེང་བས་ཐོད་བཅིངས་པ། ཕྱག་གཡས་པས་མི་རྐང་གི་གླིང་བུ་ཀྱུ་རུ་རུ་འབུད་པ། གཡོན་པས་རྟེན་འབྲེལ་གྱི་གལ་ཏ་ཐུགས་ཀར་འཛིན་པས། སྒྲུབ་པ་པོ་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་སྟེར་བར་མཛད་པ། རུས་པའི་རྒྱན་དྲུག་དང་ལྡན་པ། ཞབས་གཉིས་རྒྱལ་པོ་རོལ་པའི་འདུས་སྟངས་ཀྱིས་བཞུགས་པ། དེ་ལ་བཀའ་བཞི་བརྒྱུད་པའི་ཚོགས་ཀྱིས་བསྐོར་བ། དེའི་སྟེང་གི་ནམ་མཁར་སེངྒེ་སྔོན་པོ་རོལ་པའི་ཁྲིའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་འཇམ་དཔལ་སྨྲ་བའི་སེངྒེ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། དེ་ལ་གྲུབ་ཐོབ་དཔའ་བོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ། དེའི་སྤྱི་བོར་པདྨ་དངཟླ་བའི་གདན་གྱི་སྟེང་དུ་སྤྲུལ་སྐུ་ཤཱཀྱ་ཐུབ་པ་ལ་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་ཀྱིས་བསྐོར་ནས་བཞུགས་པ། དེའི་སྤྱི་བོར་པད་ཟླ་ཉི་མ་སུམ་བརྩེགས་ཀྱི་སྟེང་དུ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་གསེར་


TNT20_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

བཙོ་མའི་མདོག་ལྟ་བུ་ཞལ་གཅིག་ཕྱག་བཞི་མ། ཞི་བའི་སྤྱན་གསུམ་དང་ལྡན་པ། ཕྱག་གཡས་ཀྱི་དང་པོ་ན་གསེར་གྱི་རྡོ་རྗེ་རྩེ་ལྔ་པ། གཡོན་གྱི་དང་པོ་ན་དངུལ་དཀར་གྱི་དྲིལ་བུ། ཐ་མ་གཉིས་ཤེས་རབ་ཀྱི་པོ་ཏི་རེ་རེ་བསྣམས་པ། རིན་པོ་ཆེའི་སྣ་ཚོགས་ཀྱིས་དབུ་རྒྱན། མགུལ་རྒྱན། སྙན་ཆ། ཕྱག་གདུབ། ཞབས་གདུབ། དོ་ཤལ་སེ་མོ་དོ་ལ་སོགས་པ་རྒྱན་ཐམས་ཅད་ཀྱི་བརྒྱན་པ། དར་སྣ་ཚོགས་ཀྱིས་ཤམ་ཐབས་མཛེས་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ། དེ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་ནས་བཞུགས་པ། དེ་རྣམས་ཀྱི་འོག་གི་ཆ་ལ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱིས་ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོགས་པ་སྟོང་གསུམ་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བ་ཙམ་དུ་བཞུགས་པར་གྱུར། ལྷ་ཚོགས་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། དམ་ཚིག་སེམས་དཔའ་རང་རང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །ཞེས་སོགས། བཀའ་རྒྱུད་བླ་མ་གཤེགས་སུ་གསོལ། །ཡི་དམ་ལྷ་ཚོགས༴ །མ་དང་མཁའ་འགྲོ༴ །ཆོས་སྐྱོང་སྲུང་མ་གཤེགས་སུ་གསོལ། །མཧཱ་གུ་རུ་དེ་བ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཛཿ ཧཱུཾ་བཾ་ཧོཿ ཕཊཿ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་དང༌། །ཕྱོགས་དུས་ཀུན་གྱི་མཆོད་རྫས་བཟང་དགུ་རྣམས། །བླ་མ་རྒྱལ་བ་སྲས་དང་བཅས་ལ་འབུལ། །མཁའ་ཁྱབ་


TNT20_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་དོན་དུ་བཞེས་སུ་གསོལ། །མཧཱ་གུ་རུ་དེ་བ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྟའི་བར་གྱིས་མཆོད། ཕཊཿ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །རྣམ་ཐར་གསུམ་གྱི་སྒོ་འབྱེད་མ། །བདུད་ཀྱི་དཔུང་རྣམས་འཇོམས་མཛད་མ། །ལབ་སྒྲོན་ཁྱེད་ལ་གསོལ་བ་འདེབས། །ཐུགས་རྗེས་དགོངས་ལ་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །འོག་མིན་ཆོས་དབྱིངས་ཕོ་བྲང་དུ། །ཡུམ་ཆེན་ཤེར་ཕྱིར་བྱིན་རླབས་ཅན༌། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །བློ་སྙེམ་ཐག་ཆོད་པར་བྱིན་གྱིས་རློབས། །བྱ་རྒོད་སྤུངས་པའི་རི་བོ་ནས། །བཅོམ་ལྡན་ཤཱཀ་ཐུབ་སོགས། རྒྱ་ནག་རི་བོ་རྩེ་ལྔ་རུ། །འཇམ་དཔལ་སྨྲ་སེང་སོགས། གཡུ་ལོ་བཀོད་པའི་ཞིང་ཁམས་སུ། །རྗེ་བཙུན་སྒྲོལ་མ་སོགས། དག་པ་བདེ་སྟོང་མཁའ་སྤྱོད་དུ། །རྡོ་རྗེ་ཕག་མོ་སོགས། ཨོ་རྒྱན་མཁའ་འགྲོའི་ཕོ་བྲང་དུ། །སུ་ཁ་སིདྡྷི་སོགས། རྒྱ་གར་འཇག་མའི་སྤྱིལ་པོ་རུ། །ཨཱརྻ་དེ་བ་སོགས། ལ་སྟོད་དིང་རི་གླིང་སྐོར་དུ། །དམ་པ་སངས་རྒྱས་སོགས། ར་ས་སྤང་ལུང་དགོན་པ་རུ། །བསོད་ནམས་བླ་མ་སོགས། ཟངས་རི་མཁར་དམར་དགོན་པ་རུ། །མ་གཅིག་ལབ་སྒྲོན་བྱིན་སོགས། རྒྱལ་ཐང་ཆུ་བཟང་དགོན་པ་རུ། །བསམ་གཏན་འོད་ཟེར་སོགས། བྱང་ཆུབ་གླིང་གི་དབེན་གནས་སུ། །ནམ་མཁའ་འོད་ཟེར་སོགས། གཉན་ཁྲོད་བརྒྱ་རྩའི་གནས་མཆོག་ཏུ། །ཤཱཀྱ་འོད་ཟེར་སོགས། ཕྱོགས་མེད་ཡངས་པའི་རི་ཁྲོད་དུ། །བདེ་ལེགས་མཚན་ཅན་སོགས། བྱིན་རླབས་བླ་མའི་


TNT20_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་དྲུང་དུ། །དབོན་སྲས་ཆོས་ལེགས་སོགས། ཁ་རག་བསམ་གླིང་དགོན་པ་རུ། །ཡིག་དྲུག་ཤེས་དཔལ་སོགས། ཆོས་ལུང་བྱང་རྩེའི་དབེན་གནས་སུ། །རྗེ་བཙུན་གྲོལ་མཆོག་སོགས། བྲག་སྟོད་རྡོ་རྗེའི་ཕོ་བྲང་དུ། །ཆོས་སྐུ་ལྷ་དབང་སོགས། ཆོས་ལུང་བདེ་མཆོག་ཕོ་བྲང་དུ། །ལུང་རིག་རྒྱ་མཚོ་སོགས། ཁམས་གསུམ་འགྲོ་བའི་སྤྱི་བོ་རུ། །ཀུན་དགའ་སྙིང་པོ་སོགས། བདུད་རྩི་ཕུག་གི་དབེན་གནས་སུ། །གྲགས་པ་དཔལ་བཟང་སོགས། འབྲལ་མེད་སྙིང་གི་དཀྱིལ་ནང་དུ། །ཀུན་དགའ་རིན་ཆེན་སོགས། སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །རྩ་བའི་བླ་མ་སོགས། ཉི་ཤུ་རྩ་བཞིའི་གནས་མཆོག་ཏུ། །དཔལ་པོ་མཁའ་འགྲོ་བྱིན་སོགས། བསིལ་བའི་ཚལ་གྱི་དུར་ཁྲོད་དུ། །ཆོས་སྐྱོང་སྲུང་མ་སོགས། དག་སྣང་ཕྱོགས་མེད་གཞལ་ཡས་སུ། །རྡོ་རྗེ་སྤུན་གྲོགས་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །བློ་སྙེམ་ཐག་ཆོད་པར་བྱིན་གྱིས་རློབས། ཁྱད་པར་བདག་སོགས་སེམས་ཅན་ཐམས་ཅད་བླ་མ་ལ་མོས་འདུན་དྲག་པོའི་གསོལ་བ་འདེབས་པར་བསམ་ནས། རྗེ་མཚན་ལྡན་གྱི་བླ་མ་རིན་པོ་ཆེ། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །རེ་ས་གཞན་ན་མེད་པས་བྱིན་གྱིས་རློབས། །བདག་འཛིན་བློ་ཡི་ཐོངས་པར་བྱིན་གྱིས་རློབས། །སྐྱེ་མེད་གཅིག་ཆོད་དུ་རྟོགས་པར་བྱིན་གྱིས་རློབས། །བར་ཆད་དངོས་གྲུབ་དུ་ལོངས་པར་བྱིན་གྱིས་རློབས། །བདུད་ཚོགས་རང་སར་ཆོད་པར་བྱིན་གྱིས་རློབས། །ཚེ་གཅིག་སངས་རྒྱས་


TNT20_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པར་བྱྀན་གྱིས་རློབས། །མ་ཆོས་དབྱིངས་རྣམ་དག་ཤེས་རབ་ཕ་རོལ་ཕྱིན། །ཡུམ་ཆེན་ཐུགས་ལས་སྤྲུལ་པའི་མ་གཅིག་མ། །མ་སྐུ་ལུས་ཆུང་ལ་གཟི་བརྗིད་ཆེ། །སྐུ་མདོག་དཀར་ལ་འོད་ཟེར་འཕྲོ། །དབུ་སྐྲ་མཐོན་མཐིང་ཐུར་དུ་གྲོལ། །ཕྱག་གཡས་གསེར་གྱི་ཅང་ཏེའུ་འཁྲོལ། །གཡོན་པས་དངུལ་དཀར་དྲིལ་བུ་བསིལ། །རིན་ཆེན་རུས་རྒྱན་ཁྲལ་ལ་ལ། །དར་གྱི་ཅོད་པན་པུ་རུ་རུ། །ཞབས་གཉིས་གར་སྟབས་ལིང་ལིང་འཁྲབ། །ཕྱག་གདུབ་ཞབས་གདུབ་སིལ་ལི་ལི། །མ་ཆོས་དབྱིངས་རྣམ་དག་སྐྱེ་མེད་དབྱིངས་ཀྱི་ཡུམ། །འགགས་མེད་རྩ་བྲལ་སེམས་ཉིད་དོན་གྱི་ཡུམ། །མཐའ་དབུས་མེད་པ་མཐའ་བྲལ་སྟོང་པའི་ཡུམ། །མ་ཡུམ་ཆེན་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །མ་འགྱུར་པ་མེད་པ་རྡོ་རྗེའི་སྐུ་སྤྲུལ་མ། །དགོས་འདོད་ཀུན་འབྱུང་རིན་ཆེན་སྐུ་སྤྲུལ་མ། །གདོད་ནས་དག་པ་པདྨའི་སྐུ་སྤྲུལ་མ། །འཕྲིན་ལས་གྲུབ་པ་ལས་ཀྱི་སྐུ་སྤྲུལ་མ། །མ་ཡུམ་ཆེན་སྐུ་ལྔ་ལྷུན་གྲུབ་མ། །ཐུགས་རྗེས་དགོངས་ལ་བྱིན་གྱི་རློབས། །ཐུགས་རྗེས་དགོངས་ལ་ལམ་སྣ་དྲོངས། །མཁའ་སྤྱོད་གནས་སུ་དྲངས་དུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །མ་ཆོས་དབྱིངས་ཡེ་ཤེས་རྣལ་འབྱོར་མ། །དགོངས་པ་ཤར་དུ་བསྐྱོད་ཙ་ན། །དོན་སྐྱེ་མེད་མ་བཅོས་གདེངས་དང་ལྡན། །སངས་རྒྱས་མཁའ་འགྲོ་དཀར་མོ་འབུམ། །སྐུ་ཡི་གར་བྱེད་ཁྱུགས་སེ་ཁྱུགས། །ཕྱག་གཉིས་ཌཱ་དྲིལ་ཁྲལ་ལ་ལ། །ཞབས་གཉིས་བྲོ་བརྡུང་


TNT20_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲབས་སེ་ཁྲབས། །ཕྱག་གདུབ་ཞབས་གདུབ་སིལ་ལི་ལི། །དར་གྱི་ཅོད་པཎ་པུར་རུ་རུ། །རུས་པའི་རྒྱན་ཆ་ཁྲལ་ལ་ལ། །གསུང་གི་ཉམས་དབྱངས་འུར་རུ་རུ། །ཐུགས་ཀྱི་བྱིན་རླབས་བུངས་སེ་བུངས། །དངོས་གྲུབ་ཆར་རྒྱུན་སིལ་ལི་ལི། །ཕཊ་ཀྱི་བརྡ་སྐད་སངས་སེ་སངས། །ཕ་ཊ་ཡ་ལ་བར་ཆད་སོལ། འདིར་འཚོགས་སྐལ་ལྡན་ཐམས་ཅད་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །མ་མཉམ་ཉིད་ཡེ་ཤེས་རྣལ་འབྱོར་མ། །དགོངས་པ་ལྷོ་རུ་བསྐྱོད་ཙ་ན། །དོན་ཡོན་ཏན་རྫོགས་པའི་ཉམས་དང་ལྡན། །རིན་ཆེན་མཁའ་འགྲོ་སེར་མོ་འབུམ། །སོགས་རིགས་འགྲེའོ། །མ་སོར་རྟོགས་ཡེ་ཤེས་རྣལ་འབྱོར་མ། །དགོངས་པ་ནུབ་དུ་བསྐྱོད་རྩ་ན། །དོན་ཡོན་ཏན་ཟག་མེད་ཉམས་དང་ལྡན། །པདྨ་མཁའ་འགྲོ་དམར་མོ་འབུམ། །སོགས། མ་བྱ་གྲུབ་ཡེ་ཤེས་རྣལ་འབྱོར་མ། །དགོངས་པ་བྱང་དུ་བསྐྱོད་ཙ་ན། །དོན་ལྷུན་གྱིས་གྲུབ་པའི་ཉམས་དང་ལྡན། །ལས་ཀྱི་མཁའ་འགྲོ་ལྗང་གུ་འབུམ། །སོགས། མ་མེ་ལོང་ཡེ་ཤེས་རྣལ་འབྱོར་མ། །དགོངས་པ་དབུས་སུ་བསྐྱོད་ཙ་ན། །དོན་འགྱུར་བ་མེད་པའི་ཉམས་དང་ལྡན། །རྡོ་རྗེ་མཁའ་འགྲོ་སྔོན་མོ་འབུམ། །སོགས། ཤར་སངས་རྒྱས་མཁའ་འགྲོའི་ཐུགས་ཀ་ནས། །དཀར་མོ་ལྕགས་ཀྱུ་ཐོགས་པ་འབུམ། །ཤར་གྱི་ཕྱོགས་ཀྱི་ལས་མཛད་མ། །ཤར་ཕྱོགས་དྲི་ཟ་ཕོ་མོ་སོགས། །སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀུན། །བྱམས་པ་ཚད་མེད་ལྕགས་ཀྱུ་ཡིས། །མྱུར་དུ་བཟུང་ལ་འདིར་ཁུག་ཅིག །ཕཊ། ལྷོ་རིན་ཆེན་མཁའ་འགྲོའི་


TNT20_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀ་ནས། །སེར་མོ་ཞགས་པ་ཐོགས་པ་འབུམ། །ལྷོ་ཡི་ཕྱོགས་ཀྱི་ལས་མཛད་མ། །ལྷོ་ཕྱོགས་གཤིན་རྗེ་ཕོ་མོ་སོགས། །སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀུན། །སྙིང་རྗེ་ཚད་མེད་ཞགས་པ་ཡིས། །མྱུར་དུ་ཆིངས་ལ་འདིར་ཁུག་ཅིག །ཕཊ། ནུབ་པདྨ་མཁའ་འགྲོའི༴ །དམར་མོ་ལྕགས་སྒྲོག་ཐོགས་པ་འབུམ། །ནུབ་ཀྱི་ཕྱོགས་ཀྱི་ལས་མཛད་མ། །ནུབ་ཕྱོགས་ཀླུ་བདུད་ཕོ་མོ་སོགས། །སྣང་སྲིད་ལྷ་འདྲེ༴ །དགའ་བ་ཚད་མེད་ལྕགས་སྒྲོག་གིས། མྱུར་དུ་བསྡོམས་ལ་འདིར་ཁུག་ཅིག །ཕཊ། བྱང་ལས་ཀྱི་མཁའ་འགྲོའི༴ ལྗང་གུ་དྲིལ་བུ་ཐོགས་པ་འབུམ། །བྱང་གི་ཕྱོགས་ཀྱི་ལས་མཛད་མ། །བྱང་ཕྱོགས་གནོད་སྤྱིན་ཕོ་མོ་སོགས། །སྣང་སྲིད་ལྷ་འདྲེ༴ །བཏང་སྙོམས་ཚད་མེད་དྲིལ་བུ་ཡིས། །དབང་དུ་བསྡུས་ལ་འདིར་ཁུག་ཅིག །ཕཊ། དབུས་རྡོ་རྗེའི་མཁའ་འགྲོའི༴ །སྔོན་མོ་རྡོ་རྗེ་ཐོགས་པ་འབུམ། །སྟེང་གི་ཕྱོགས་ཀྱི་ལས་མཛད་མ། །སྟེང་ཕྱོགས་ལྷ་གདོན་ཕོ་མོ་སོགས། །སྣང་སྲིད་ལྷ་འདྲེ༴ །གཉིས་མེད་ཡེ་ཤེས་རྡོ་རྗེ་ཡིས། །དབང་དུ་བསྡུས་ལ་འདིར་ཁུག་ཅིག །ཕཊ། སྟེང་ན་ལྷ་ཚོགས་བུངས་སེ་བུངས། །གཡས་ན་དཔའ་བོ་ངར་དང་བཅས། །གཡོན་ན་དཔའ་མོ་མདངས་དང་ལྡན། །རྒྱབ་ན་ཌཱ་ཀིའི་ཚོགས་དང་བཅས། །མདུན་ན་དམ་ཅན་ཚོགས་དང་བཅས། །རོལ་མོ་སྣ་ཚོགས་འུར་རུ་རུ། །གླུ་ལེན་བརྡའ་སྐད་ཀྱུ་རུ་རུ། །གར་སྟབས་མང་པོ་ཁྱུགས་སེ་ཁྱུགས། །


TNT20_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་ཆ་མང་པོ་ཁྲལ་ལ་ལ། །བྱིན་རླབས་སྤྲིན་ལྟར་བུངས་སེ་བུངས། །དངོས་གྲུབ་ཆར་རྒྱུན་སིལ་ལི་ལི། །འོག་ན་སྣང་སྲིད་ཉིལ་ལི་ལི། །གུས་པའི་བརྐྱང་ཕྱག་ཁྲལ་ལ་ལ། །གདུང་བའི་གསོལ་འདེབས་འུར་རུ་རུ། །དད་པའི་མཆི་མ་ཕྲིལ་ལི་ལི། །བླ་མ་ཌཱ་ཀིའི་ཚོགས་བཅས་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བྱང་ཆུབ་བར་དུ་མཆོད་པ་འབུལ། །བྱང་ཆུབ་བར་དུ་སྡིག་པ་བཤགས། །ཚོགས་གཉིས་དགེ་ལ་རྗེས་ཡི་རང༌། །བླ་མེད་ཆོས་འཁོར་བསྐོར་པར་བསྐུལ། །འཁོར་བ་ཇི་སྲིད་བཞུགས་གསོལ་འདེབས། །དགེ་བ་འདི་དང་དགེ་བ་གཞན། །མ་ལུས་གཅིག་ཏུ་བསྡུས་ནས་ནི། །མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱང༌། །ཡུམ་ཆེན་གོ་འཕང་ཐོབ་ཕྱི་བསྔོ། །གསོལ་བ་འདེབས་སོ་མཁའ་འགྲོ་འབུམ། །བྱིན་གྱིས་རློབས་གཅིག་མཁའ་འགྲོ་འབུམ། །ལམ་སྣ་དྲོངས་ཤིག་མཁའ་འགྲོ་འབུམ། །དག་པ་མཁའ་སྤྱོད་བདེ་ཆེན་དུ། །དབང་བཞི་བསྐུར་བར་མཛད་དུ་གསོལ། །རྒྱུད་བཞི་སྨིན་པར༴ །སྐུ་བཞི་ཐོབ་པར༴ །ཕཊ། བདག་འཛིན་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་སྐྱེ་བར༴ །འཆི་བ་རྗེས་སུ་དྲན་པར༴ །མི་རྟག་རྒྱུད་ལ་སྐྱེ་བར༴ །ཚེ་འདི་བློ་ཡིས་ཐོངས་པར༴ །གཉན་ས་རི་ཁྲོད་འགྲིམ་པར་བྱིན་གྱིས་རློབས། །སྐྱིད་སྡུག་རོ་སྙམས་ནུས་པར༴ །རྐྱེན་ངན་གྲོགས་སུ་འཆར་བར༴ །ལྟས་ངན་གཡངས་སུ་ལེན་པར༴ །ན་ཚ་བོགས་སུ་ཐོན་པར༴ །འགྱེལ་ལན་ལམ་དུ་ལོངས་བར༴ །ལྷ་


TNT20_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེའི་འདྲེན་སྟོན་ནུས་པར༴ །བྱམས་དང་སྙིང་རྗེ་འབྱོངས་པར༴ །འགྲོ་དོན་མཐའ་རུ་ཕྱིན་པར༴ །ཚེ་འདི་ཉིད་ལ་བྱིན༴ །གནས་མཆོག་འདི་རུ༴ །འདུག་ས་འདི་རུ༴ །ད་ལྟ་ཉིད་དུ༴ །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཕཊ།དེ་ནས་དབང་བཞི་ལེན་ཐབས་ནི། ཨོཾ་ཨཱཿཧཱུཾ་ཧོཿ མཚན་ལྡན་བླ་མ་མཆོག་ལ་གསོལ་བ་འདེབས། །བདག་ལ་མངོན་པར་དབང་བཞི་བསྐུར་དུ་གསོལ། །ཞེས་པ་ལན་གསུམ་བརྗོད། ལྷ་ཚོགས་རྣམས་ཀྱི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་གཙོར་བྱས་ཁ་དོག་ལྔ་བྱུང༌། རང་གི་དཔྲལ་བར་ཞུགས། ལུས་ཀྱི་དྲི་མ་དག །བུམ་པའི་དབང་ཐོབ། སྐུ་རྡོ་རྗེའི་བྱིན་རླབས་ཞུགས། སྤྲུལ་སྐུའི་གོ་འཕང་ཐོབ། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་གཙོར་བྱས་ཁ་དོག་ལྔ་བྱུང༌། རང་གི་མགྲིན་པར་ཞུགས། ངག་གི་དྲི་མ་དག །གསང་བའི་དབང་ཐོབ། གསུང་རྡོ་རྗེའི༴ ལོངས་སྐུའི༴ ཐུགས་ཀའི་ཧཱུཾ་ལས་འོད་ཟེར་མཐིང་ཀ་གཙོར་བྱས་ཁ་དོག་ལྔ་བྱུང༌། རང་གི་སྙིང་གར་ཞུགས། ཡིད་གྱི་དྲི་མ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་རྡོ་རྗེའི༴ ཆོས་སྐུའི༴ ཡང་ལྷ་ཚོགས་རྣམས་ཀྱི་གནས་གསུམ་དུ་ཨོཾ་ཨཱཿཧཱུཾ་གསུམ་ལས་འོད་ཟེར་ཁ་དོག་ལྔ་ཅིག་ཅར་དུ་བྱུང༌། རང་གི་གནས་གསུམ་དུ་ཐིམ། ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་སྒྲིབ་པ་དག །ཕྱག་རྒྱ་ཆེན་པོའི་དབང་ཐོབ། ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས། ངོ་བོ་ཉིད་སྐུའི་གོ་འཕང་ཐོབ། ལྷ་ཚོགས་ཐམས་ཅད་འོད་དུ་ཞུ་ནས་རྩ་བའི་བླ་


TNT20_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་ཐིམ། བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ། བླ་མའི་སྐུ་གསུང་ཐུགས་ཀྱི་ངོ་བོ་དཔྲལ་བར་པདྨ་དཀར་པོ་འདབ་མ་བཞི་པའི་ལྟེ་བར་ཨོཾ་དཀར་པོ། མགྲིན་པར་པདྨ་དམར་པོ། འདབ་མ་བཞི་པའི་ལྟེ་བར་ཨཱཿདམར་པོ། སྙིང་གར་པདྨ་སྔོན་པོ་འདབ་མ་བཞི་པའི་ལྟེ་བར་ཧཱུཾ་སྔོན་པོ་ལ་ཤེས་པ་གཏད་ལ་བགྲང་ནས་ཐུན་མཚམས་སུ། ཨོཾ་བླ་མའི་སྐུ་གསོལ་བ་འདེབས། །སྐུ་ཡི་ཉམས་ཆགས་མཐོལ་ལོ་བཤགས། །ལུས་ལ་སྐུའི་བྱིན་གྱིས་རློབས། །སྤྲུལ་སྐུ་ཐོབ་པར་མཛད་དུ་གསོལ། །ཨཱཿབླ་མའི་གསུང་ལ་གསོལ་བ༴ གསུང་གི་ཉམས་ཆགས༴ ངག་ལ་གསུང་གིས༴ ལོངས་སྐུ་ཐོབ་པར༴ ཧཱུཾ་བླ་མའི་ཐུགས་ལ༴ ཐུགས་ཀྱི་ཉམས་ཆགས༴ སེམས་ལ་ཐུགས་ཀྱིས༴ ཆོས་སྐུ་ཐོབ་པར་མཛད་དུ་གསོལ། །མཚན་མོ་ཉལ་བའི་ཚེ་སྙིང་པད་མ་འདབ་མ་བརྒྱད་པའི་ལྟེ་བར་འོད་ཁ་དོག་སྣ་ལྔའི་དབུས་སུ་བླ་མའི་སྐུ་ཚོན་གང་བ་གཅིག་ཏུ་བསམ། སྙིང་དབུས་ཨ་ཝ་དྷཱ་ཏཱིའི་གཞལ་ཡས་སུ། །མཚན་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །སྐུ་ལྔ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །དེའི་ཐུགས་ཀར་ཧཱུཾ་ལ་ཤེས་པ་གཏད་ལ་གཉིད་ལོག་པར་བྱའོ། །སྔོན་འགྲོ་བཞི་པོ་འདི་ཞག་བདུན་ནམ་ཟླ་ཕྱེད་ལ་སོགས་པ་ལ་བསྐྱངས།རྩ་བའི་ས་བཅད་གཉིས་པ་དངོས་གཞི་ལ། ཡུམ་དོན་ངོ་སྤྲོད་པ་དང་བདུད་བཞི་དབྱིངས་སུ་གཅོད་པ་གཉིས་སོ། །དང་པོ་ལ་སེམས་འཛིན་གྱི་གདམས་ངག་དང༌། ངོ་སྤྲོད་གཉིས་སོ། །དང་པོ་གཉིས་ཀ་འཁྲིད་ཡིག་གཞུང་ན་གསལ། གཉིས་པ་བདུད་བཞི་དབྱིངས་སུ་གཅོད་པའི་གསོལ་འདེབས་ནི། ཕཊཿ རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དུག་གསུམ་རང་སར་དག་པར་བྱིན་གྱིས་རློབས། །རྐྱེན་ཕོ་


TNT20_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་མོ་གདོན་ཀླུ་གདོན་གསུམ། །གདོན་གསུམ་རང་སར་དག་པར་བྱིན་གྱི་རློབས། །རླུང་མཁྲིས་བད་ཀན་འདུས་པ་བཞི། །ནད་བཞི་རང་སར་དག་པར༴ །ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོད་བདུད་དང་སྙེམས་བྱེད་བདུད། །བདུད་བཞི་རང་སར་དག་པར༴ །ལྷ་འདྲེ་ཡིད་ཀྱི་ཆོ་འཕྲུལ་ལ། །རང་སྣང་འཆུན་པར་བྱིན་གྱིས་རློབས། །འདྲེ་རྟོག་འདྲེ་འཛིན་འདྲེ་འབྱུང་གསུམ། །བྱུང་ཡང་རང་གི་སེམས་ལས་བྱུང༌། །ཐིམ་ཡང་རང་གི་སེམས་ལ་ཐིམ། །ཡལ་ཡང་ཆོས་ཉིད་ངང་ནས་ཡལ། །ཕཊ། ཕྱག་རྒྱ་ཆེན་པོའི་དབྱིངས་ནས་བྱིན་གྱིས་རློབས། །རྫོགས་བ་ཆེན་པོའི་དབྱིངས་ནས༴ །དབུ་མ་ཆེན་པོའིདབྱིངས་ནས༴ །གསལ་སྟོང་ཆེན་པོའི༴ །རིག་སྟོང་ཆེན་པོའི༴ །སྣང་སྟོང་ཆེན་པོའི༴ །གསལ་རིག་སྟོང་གསུམ་དབྱིངས་ནས༴ །ཐབས་ཤེས་ཟུང་འཇུག་དབྱིངས་ནས༴ །སེམས་ཅན་ཐམས་ཅད་དོན་དུ༴ །བདག་ན་བ་ལེགས་ན་ན་བར་བྱིན་གྱིས་རློབས། །ཕན་པ་ལེགས་ན་ཕན་པར༴ །ཤི་བ་ལེགས་ན་ཤི་བར༴ །གསོན་པ་ལེགས་ན་གསོན་པར༴ །སྡུག་པ་ལེགས་ན་སྡུག་པར༴ །སྐྱིད་པ་ལེགས་ན་སྐྱིད་པར༴ །བདག་བདེ་གཞན་ལ་བཏད་བར༴ །གཞན་སྡུག་རང་ལ་ལེན་པ༴ །དབང་བཞི་རྒྱུད་ལ་སྐྱེ་བར༴ །རྒྱུད་བཞི་སེམས་ལ་སྨིན་པར་བྱིན་གྱིས་རློབས། །ཕཊཿ དབྱིངས་རིག་བསྲེ་བ་ཁྲིད་གཞུང་ལས་ཤེས་པར་བྱའོ། །འདི་ཡན་ཆད་ལ་རང་སྟོབས་ཀྱི་ཉམས་ལེན་རྐང་ཚུགས་པའི་མྱོང་བ་མེད་པར་གཉན་


TNT20_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་འགྲིམས་པ་སྟོང་སོབ་ཡིན། སྒོམ་གྱི་རྐང་འདི་ཡན་ཆད་ལ་ཚུགས་དགོས། གཉན་ཁྲོད་འགྲིམས་པ་བོགས་འདོན་དང་འགྲོ་བའི་དོན་ཡིན་པས། དེ་བཞིན་གོ་དགོས་སོ། །རྩ་བའི་ས་བཅད་གསུམ་པ་ལ། ཞི་གཅོད་དང༌། དྲག་གཅོད་དང༌། ཞི་དྲག་ཕྱེད་མའི་གཅོད་དང་གསུམ་ལས། དང་པོ་ཞི་གཅོད་དཀར་འགྱེད་ནི། ཕཊ། རང་གི་རིག་པའི་ངོ་བོ་རྗེ་བཙུན་མ་སྐུ་མདོག་དམར་མོ་ཚོན་གང་བ་ཙམ་སྙིང་གར་གནས་པས་དེ་སྤྱི་གཙུག་རྒྱ་སྐར་ཁ་ཕྱེ་བ་ལྟ་བུའི་ནང་ནས་ཡར་ཐོན་མདུན་དུ་འཁོད་པར་གྱུར། ཕཊ། དེའི་མདུན་དུ་ཐོད་སྒྱེད་ནག་པོ་རི་རབ་ཙམ་གསུམ་དུ་གྱུར། ཕཊ། རྗེ་བཙུན་མའི་གྲི་གུག་གིས་རང་གི་རོ་དེའི་སྨིན་མཚམས་ཡན་ཆད་ཧར་གྱིས་བཀོག་ནས། སྒྱེད་པོ་གསུམ་གྱི་ཁར་ཕོག་པས། ཐོད་པ་ཕྱི་དཀར་ལ་ནང་དམར་བ། སྟོང་གསུམ་གྱི་རྒྱ་དང་མཉམ་པར་གྱུར། ཕཊ། རྗེ་བཙུན་མས་རང་གི་རོ་དེ་མ་ནིང་ནས་བྲང་མདོའི་བར་དུ་ཤགས་ཀྱིས་བཀས་ནས། སྙིང་རྦད་ཀྱིས་བཅད་པས་ཐོད་པའི་ནང་དུ་བཞག་པས་གཏོར་མའི་སྡོང་པོ་རི་རབ་ཙམ་དུ་གྱུར། ཕཊ་གློ་བ། སྟོལ་ཁ། མཆིན་པ། མཚེར་པ། མཁལ་མ་ནང་ཁྲོལ་ལྔ་པོ་དམར་ཉིལ་གྱིས་བྱུང་ནས་གཏོར་ཤ་རི་ཕྲན་ཙམ་དུ་གྱུར། ཕཊ། གླད་པ་དང་སྒལ་གླད་གངས་རི་ཙམ་དུ་གྱུར་ནས་གཏོར་རྒྱན། ཕཊ།ཁྲག་དང་ཆུ་སེར་དམར་ཧྲིལ་གྱིས་བྱང་ནས་རཀྟའི་རྒྱ་མཚོ་དང་མཆོད་ཡོན་གྱི་ཆུར་གྱུར༌། ཕཊ། རྗེ་བཙུན་མའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རླུང་གཡོས་མེ་སྦར། ཐོད་པའི་ནང་བཅུད་ཐམས་ཅད་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ


TNT20_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ། རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཐམས་ཅད་སྤྱན་དྲངས། དེ་ཐམས་ཅད་ལ་མཆོད་པས་དེ་རྣམས་ཚིམ་ཞིང་དགྱེས། འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ལ་སྦྱིན་པས། གནས་སྐབས་སུ་ཚིམ་ཞིང༌། མཐར་ཐུག་སྡིག་སྒྲིབ་ཐམས་ཅད་བྱང༌། བདུད་རྩིའི་ལྷག་མ་གཏོར་བས། མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་བྱུང༌། མཆོད་པ་བསམ་གྱིས་མི་ཁྱབ་པས་མཆོད་པར་བསམ། དེ་ཐམས་ཅད་རང་སེམས་སུ་ཤེས་པས། ཕཊ། ཨོཾ་ཁམས་གསུམ་མ་ལུས་ཞིང་ཁམས་ནས། །སྐུ་གསུམ་འཁོར་འདས་ཐུགས་རྗེའི་མགྲོན། །སྟོང་གསུམ་བདུད་རྩིའི་ཁེངས་པའི་རྫས། །གཏོར་མ་འདོད་ཡོན་ལྔ་རུ་བསྔོ། །ཞེས་པའི་རྗེས་སུ་གཏོར་གཞོང་ལ་བྱ་བ་ནི། ཨོཾ་ཕྱི་སྣོད་འཇིག་རྟེན་གཏོར་གཞོང་དུ། །ནང་བཅུད་སེམས་ཅན་གཏོར་མས་བཀང༌། །སྐྱེ་འཆི་མེད་པར་མཆོད་པ་བཞེས། །ཕྱི་ནམ་མཁའ་ཡངས་པའི་གཏོར་གཞོང་དུ། །ནང་འབྱུང་བ་བཞིའི་གཏོར་མས༴ །རང་གསལ་རང་དག་མཆོད༴ །བཀའ་ཕ་རོལ་ཕྱིན་པའི༴ །ས་བཅུ་དག་པའི་གཏོར་མས། །མྱང་འདས་ཆེན་པོར༴ །བཀའ་རྫོགས་པ་ཆེན་པོའི་གཏོར་མས༴ །ཐེག་པ་བརྒྱད་ཀྱི༴ །མ་འདྲེས་ཡོངས་རྫོགས༴ །ཀུན་གཞི་ཡངས་པའི་གཏོར༴ །རྣམ་ཤེས་ཚོགས་བརྒྱད་གཏོར་མས༴ །འཕེལ་འགྲིབ་མེད་པར༴ །རང་སེམས་གཉུག་མའི་གཏོར༴ །ལུས་ངག་ཡིད་གསུམ་གཏོར་མས་བཀང༌། །བརྗོད་དུ་མེད་པར༴ །སྐྱེ་བ་མེད་པའི༴ །རིག་པ་བྱུང་ཚོར་གཏོར་མས༴ །འགྱུ་བ་རང་གྲོལ༴ །


TNT20_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུ་དག་པའི་གཏོར་གཞོང་དུ། །གཟུགས་སྐུ་རྣམ་གཉིས་གཏོར་མས༴ །ཐུགས་རྗེས་འགྲོ་དོན་མཆོད་པར་བཞེས། །སྟོང་པ་ཉིད་ཀྱི་གཏོར་གཞོང་དུ། །སྣང་བ་དཀར་དམར༴ །སྣང་མེད་ཆེན་པོར༴ །རང་རྒྱུད་དག་པའི༴ །གཉིས་མེད་དག་པའི་གཏོར་མས་བཀང༌། །ངོས་བཟུང་མེད་པར༴ །ཆོས་ཉིད་དག་པའི་གཏོར་གཞོང་དུ། །སེམས་བདེ་གསལ་ཆེན་པོའི་གཏོར་མས་བཀང༌། །ངོས་བཟུང་བྲལ་བར༴ །རང་ལུས་རྒྱལ་བའི༴ །རང་སེམས་སྐྱེ་མེད་གཏོར་མས་བཀང༌། །རེ་དོགས་མེད་པར༴ །ཀ་པཱ་ལ་ཡི༴ །ཤ་ཁྲག་རུས་གསུམ་གཏོར་མས་བཀང༌། །མཆོད་སྦྱིན་ཆེན་པོས༴ །རིན་ཆེན་སྣོད་ཀྱི༴ །དཀར་གསུམ་མངར་གསུམ་གཏོར་མས་བཀང༌། །རོ་བརྒྱ་ལྡན་པའི་མཆོད་པ་བཞེས། །རྡོ་རྗེ་འཆང་ཆེན་མན་ཆད་ནས། །རྩ་བའི་བླ་མ་ཡན་ཆད་ལ། །བསྔོས་པ་བཞིན་དུ་ཚིམ་གྱུར་ཅིག །བསམ་པ་བཞིན་དུ་འགྲུབ་གྱུར་ཅིག །རེ་བ་བཞིན་དུ་སྐངས་གྱུར་ཅིག །ཡུམ་ཆེན་ཕར་ཕྱིན་མན་ཆད་ནས། །ཡི་དམ་ལྷ་ཚོགས༴ རིགས་འགྲེ། ཤཱཀྱ་ཐུབ་པ་མན་ཆད་ནས། །དམྱལ་ཁམས་བཅོ་བརྒྱད་ཡན་ཆད་ལ། །སོགས། ཀུན་ཏུ་བཟང་པོ་མན་ཆད་ནས། །འཇག་མའི་སྲིན་བུ་ཡན་ཆད་ལ། །སོགས། སངས་རྒྱས་མཁའ་འགྲོ་མན་ཆད་ནས། །ཤ་ཟ་མཁའ་འགྲོ་ཡན་ཆད་ལ། །སོགས། ཆོས་སྐྱོང་སྲུང་མ་མན་ཆད་ནས། །ལྷ་སྲིན་སྡེ་བརྒྱད་ཡན་ཆད་ལ། །སོགས། དཔལ་ལྡན་ལྷ་མོ་མན་ཆད་ནས། །གྲོང་


TNT20_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུག་འདྲེ་མོ་ཡན་ཆད་ལ། །སོགས། དམ་ཅན་མགར་བ༴། ཐེ་བྲང་ཕོ་མོ༴སོགས། ཚངས་པ་བརྒྱ་བྱི༴ ནམ་མཁའི་ལྷ་བྲན་ཡན་ཆད་ལ། སོགས། ཀླུ་རྒྱལ་མཐའ་ཡས༴ །གདོལ་རིགས་ཀླུ་བྲན༴སོགས། བྱི་ན་ཡ་ཀ༴ །ས་འོག་འབྱུང་བོ༴ སོགས། གདོན་ཆེན་བཅོ་བརྒྱད་མན༴ ལུས་གདོན་ཕོ་མོ༴ སོགས། མཐོ་སྲིད་པའི་རྩེ་མོ་མན་ཆད་ནས། །དམའ་ན་རག་དམྱལ་ཁམས་ཡན་ཆད་ལ། སོགས། བར་སྣང་ཞིང་སྲིད་པའི་ལྷ་འདྲེ་ལ། །ཚད་མེད་གཏོར་མ་འདི་བསྔོས་པས། །བླ་མའི་ཐུགས་དགོངས་རྫོགས་གྱུར་ཅིག །རྒྱལ་བ་མཆོད་པས་གཉེས་གྱུར་ཅིག །དམ་ཅན་ཐུགས་དམ་སྐོངས་གྱུར་ཅིག །རིགས་དྲུག་འདོད་པས་ཚིམ་གྱུར་ཅིག །བུ་ལོན་ལན་ཆགས་བྱང་གྱུར་ཅིག །མཆོག་གི་དངོས་གྲུབ་ཐོབ་གྱུར་ཅིག །ཕཊ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལ། །སྐམ་སར་ཐོན་པར་བྱིན་གྱིས་རློབས། །སྒྱུ་ལུས་གཟུགས་ཀྱི་ཕུང་པོ་ལ། །བདག་འཛིན་བྲལ་བར༴ སྣང་བ་སེམས་ཀྱི་རང་བཞིན་ལ། །བདེན་མེད་རྟོགས་བར༴ །ན་ཚ་དགེ་སྦྱོར་གྱི་བོགས་འདོན་ལ། །ལམ་དུ་ཁྱེར་བར་བྱིན༴ །ལྷ་འདྲེ་སེམས་ཀྱི་འཆོ་འཕྲུལ་ལ། །རེ་དོགས་བྲལ་བར༴ །སྐྱིད་སྡུག་སྔོན་གྱི་ལས་འབྲས་ལ། །རོ་སྙོམས་ནུས་པར༴ །འདོད་ཡོན་ཐར་པའི་བར་ཆོད་ལ། །ཞེན་པ་ལོག་པར༴ །འགྲོ་ཀུན་ཕ་མའི་རང་བཞིན་ལ། །གནོད་སེམས་ཞི་བར༴ །སྐུ་འགྱུར་བ་མེད་པར༴ །གསུང་འགག་པ་མེད་པར༴ །ཐུགས་འཁྲུལ་པ་མེད་པར༴ །ལུས་ཤགས་མ་ཤིགས་མར༴ །


TNT20_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཁྲལ་མ་ཁྲོལ་མར༴ །ཉམས་འར་མ་འུར་མར་བྱིན་གྱིས་རློབས། །ཕཊ། བདུད་རྩིའི་ལྷག་མ་ཕྱི་སྣོད་ཀྱི་འཇིག་རྟེན་ལ་གཏོར་བས་གཞལ་ཡས་ཁང་དུ་གྱུར། དེ་འོད་དུ་ཞུ་ནས་ནང་བཅུད་ཀྱི་ལྷ་ཚོགས་རྣམས་ལ་ཐིམ། ལྷ་ཚོགས་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ། ཕཊ། ཅེས་བརྗོད་ཅིང་དབྱིངས་རིག་བསྲེ།གཉིས་པ་དྲག་གཅོད་དམར་འགྱེད་ནི། ཐོག་མར་རང་གི་གནས་སྙིང་དུ་ཐུན་གྱི་ཉམས་ལེན་ཞི་གཅོད་དང་འདྲ་བ་ལས་ཐུན་གྱི་མཐར་དམར་འགྱེད་ཀྱི་དམིགས་པ་རེ་བྱ། དེ་ལ་དམར་འགྱེད་ནི། རང་སེམས་སྔར་བཞིན་ཕྱིར་བཏོན་ལ། རང་ལུས་དེ་སྟོང་གསུམ་ཁྱབ་པའི་མི་རོ་ཚོ་བཅུད་སྣུམ་བག་དང་ལྡན་བ་གཅིག་ཏུ་གྱུར། འཇིག་རྟེན་ཁམས་ཀྱི་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ་འབོད་པའི་སྐད་བཏང་བས། ཐམས་ཅད་སྐད་ཅིག་ལ་འདུས་ཏེ། ས་དང་ནམ་མཁའ་ཐམས་ཅད་ཁྱབ་པར་བསམ། དེ་ནས་རང་ལུས་དུམ་བུར་དུམ་བུར་གཏུབས། ཁྱད་ཅག་ཅི་འདོད་ཟོས། གང་འདོད་པ་ལོངས། ཞེས་བརྗོད། ཕཊ། རང་ཉིད་སྐད་ཅིག་གིས་མཁའ་འགྲོ་མ་སྐུ་མདོག་དམར་མོ་འབྲུག་གི་མགོ་ཅན་འབྲུག་གི་ངར་སྐད་དང་ལྡན་པས་སྟོང་གསུམ་གྱི་ལྷ་འདྲེ་ཐམས་ཅད་ཀླད་པ་བཀས་པ་བཞིན་ཞབས་སུ་བཙུད། ཞལ་ནས་ཐོག་དང་སེར་བ་འབབ་པ། སྐུ་ལ་འཇའ་ཚོན་གྱི་རི་མོ་བཀྲ་བ། ཕྱག་གཡས་པས་མི་ལྤགས་ཀྱི་གཡང་གཞིའི་སྐྱོག་ཆེན་པོ་བརྡབ་ཅིང༌། གཡོན་པས་མི་རྐང་གི་གླིང་བུ་ཚག་དིར་རི་རི་འབུད་པས། སྲིད་པ་གསུམ་གྱི་ལྷ་འདྲེ་ཐམས་ཅད་ར་ཕག་སེར་བས་དེད་པ་བཞིན་འདིར་འདུས་པར་བསམ། ཕཊ་ཕཊ་ཕཊ། ན་མོ་


TNT20_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་ས་འདིར་གནས་ཀྱི་ལྷ་འདྲེ་དང༌། །སྐལ་ལྡན་བདག་ལ་ཆོ་འཕྲུལ་སྟོན་མཛད་པའི། །སྣང་ཞིང་སྲིད་པའི་ལྷ་འདྲེ་མ་ལུས་ཀུན། །ནམ་མཁའི་སྤྲིན་ཚོགས་བཞིན་དུ་འདུས་ལ་ཤོག །བར་སྣང་ཆར་པ་བཞིན་དུ་འཕོབ་ལ་ཤོག །ས་གཞི་རླུང་དམར་བཞིན་དུ་འཚུབས་ལ་ཤོག །ཕཊ། སེམས་འགྱུ་བ་དངོས་མེད་སྟོང་པ་འདི། །འདྲེ་ཁྱོད་བས་ངས་ཀྱང་མཐོང་བ་མེད། །དམྱལ་ཁམས་བཅོ་བརྒྱད་དགྲར་ལངས་ཀྱང༌། །འཇིགས་སོ་སྙམས་ན་རང་ལ་སྡིག །ང་སྟོང་ཉིད་ནམ་མཁའི་རྣལ་འབྱོར་པ། །འཁྲུལ་པའི་མཚན་མ་ཆོད་པའི་ཕྱིར། །འདྲེ་ཁྱོད་ལ་ཉམས་ང་རྡུལ་ཙམ་མེད། །ལར་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན། །ཨེ་མ་ཁམས་གསུམ་འཁོར་བའི་ཆོས། །མེད་བཞིན་དུ་སྣང་བ་ངོ་མཚར་ཆེ། ཁྱེད་ཅག་འཇིག་རྟེན་ལྷ་མ་སྲིན། །སྐྱེ་འགྲོའི་ཚེ་སྲོག་ཉུལ་མ་རྣམས། །ང་སྒྱུ་མའི་གཟུགས་ཀྱི་ཕུང་པོ་འདི། །མི་རྟག་འཇིག་པའི་ཆོས་ཅན་ཏེ། །ཅིས་ཀྱང་མི་སྡོད་འདོར་བ་ལ། །འདྲེ་ཁྱོད་ལ་དགོས་ན་གང་དགོས་ཁྱེར། །ཕཊ། ཁོག་སྟོད་ཡ་བདུད་རྒྱལ་པོས་ཁྱེར། །ཡ་བདུད་རྒྱལ་པོ་ཚིམ་གྱུར་ཅིག ཁོག་སྨད་མ་བདུད་རྒྱལ་མོས་ཁྱེར། །མ་བདུད་རྒྱལ་མོ་ཚིམ་གྱུར་ཅིག །རྐེད་པ་ཀླུ་བདུད་ཐེ་བྲང་ཁྱེར། །ཀླུ་བདུད་ཐེ་བྲང་ཚིམ་གྱུར་ཅིག །ཡན་ལག་གཉན་ཆེན་སྡེ་བཞིས་ཁྱེར། །གཉན་ཆེན་སྡེ་བཞི་ཚིམ་གྱུར་ཅིག །གློ་སྙིང་པེ་ཧར་རྒྱལ་པོས་ཁྱེར། །པེ་ཧར་རྒྱལ་


TNT20_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཚིམ་གྱུར་ཅིག །རྒྱུ་མ་ཡུལ་འདྲེ་འཁྱམས་པོས་ཁྱེར། །ཡུལ་འདྲེ་འཁྱམས་པོ༴ །ཕྱི་ཤ་ཕྱི་ཡི་ལྷ་འདྲེས་ཁྱེར། །ཕྱི་ཡི་ལྷ་འདྲེ༴ །བར་ཤ་བར་གྱི་ལྷ་འདྲེས་ཁྱེར། །བར་གྱི་ལྷ་འདྲེ༴ །ནང་ཤ་ནང་གི་ལྷ་འདྲེས་ཁྱེར། །ནང་གི་ལྷ་འདྲེ༴ །ཤ་ལ་དགྱེས་པ་ཤ་ལ་རོལ། །ཤ་ཟའི་འཆག་སྒྲ་དིར་རི་རི། ཁྲག་ལ་དགྱེས་པ་ཁྲག་ལ་རོལ། ཁྲག་འཐུང་ཧུབ་སྒྲ་དི་རི་རི། །རུས་ལ་དགྱེས་པ་རུས་ལ་རོལ། །རྐང་བརྡུང་ལྷབ་པ་ཆིབས་སེ་ཆིབས། །སེངྒེ་ཤ་ལ་རོལ་པ་བཞིན། །ཕུད་ལྷག་མེད་པ་བཞེས་སུ་གསོལ། །ཡ་གི་སྤྱི་གཙུག་མན་ཆད་ནས། །མ་གི་རྐང་མཐིལ་ཡན་ཆད་ལ། །ལྷུ་ཚིགས་བཅུ་གཉིས་མགོ་བོ་དང༌། །ཀླད་པ་ཀླད་རྒྱས་གཟི་མདངས་བཀྲག །ནང་ཁྲོལ་རྣམ་ལྔ་ཁུ་ཁྲག་ཞག །དབུགས་དང་ཚེ་སྲོག་བ་སྤུ་སྐྲ། །རྐང་དང་ཚིལ་བུ་སེན་མོ་སོ། །པགས་པ་དྲི་མ་ཐམས་ཅད་འབུལ། །སྤྱིར་ཁམས་གསུམ་སེམས་ཅན་གླུད་དུ་འབུལ། །དགོས་རྡོ་རྗེ་སློབ་དཔོན་གླུད་དུ་འབུལ། །ཆོས་མཛད་རྡོ་རྗེ་སྤུན་གྱི་གླུད་དུ་འབུལ། ཁྱད་པར་དྲིན་ཅན་ཕ་མའི་གླུད་དུ་འབུལ། །ལུས་ཤ་ཁྲག་གཏོར་མ་འདི་བསྔོས་པས། ཁྱེད་དགའ་མགུ་རངས་ཞིང་ཚིམ་གྱུར་ཅིག །སྔོན་ཆད་འཁོར་བ་ཐོག་མེད་ཀྱི། །བུ་ལོན་འབྲེལ་ཐག་ཆོད་གྱུར་ཅིག །ཕཊ། ཅེས་བརྗོད་པས། སོ་སོའི་བསམ་པ་དང་མཐུན་པར་ཤ་ཁྲག་རུས་པ། ནང་ཁྲོལ་ཡན་ལག་སོགས་ཟོས་འཐུང་ཁྱེར་བས། གནས་སྐབས་སུ་ཚིམ་ཞིང༌། མཐར་ཐུག་ཉོན་མོངས་ཞི་བར་བསམ། སླར་དེ་ཐམས་ཅད་


TNT20_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

རང་གནས་སུ་སོང་བར་བསྒོམ། དེ་ནས་དེ་ཡང་རང་སེམས་སུ་ཤེས་བཞིན་པས། ཕཊ། ཅེས་དབྱིངས་རིག་བསྲེ་ལ་བཞག །དེ་ལྟ་བུ་ཡང་ཡང་བསྒོམ།གསུམ་པ་ཞི་དྲག་ཕྱེད་མ་ནི། སྔོན་འགྲོ་སྔ་མ་དང་འདྲ་བ་ལས། དཀར་འགྱེད་དང་དམར་འགྱེད་གཉིས་ཀ་བསྒོམ། དེ་ཡང་སྔོན་འགྲོ་ཆོས་བཞི། སྔ་ཐུན་གཉིས་ལ་ཞི་གཅོད་ལྟ་བུ་དང༌། ཕྱི་ཐུན་གཉིས་ལ་དྲག་གཅོད་ལྟ་བུ་བསྒོམ། མཐར་དྲག་གཅོད་ལྟར་སྟོང་ཉིད་ཁོ་ན་བསྒོམ་པ་ཐུན་རེ་བཞིན་བྱ། དེ་ལྟར་ཉམས་སུ་བླངས་པས། ཕྱི་ནང་གསང་གསུམ་གྱི་ལྷོངས་ཚད་དང་མཆོག་ཐུན་མོང་གི་ཚན་ཚད་ལ་སོགས་པ་འབྱུང་བར་འགྱུར་རོ། །རྒྱས་པར་ཁྲིད་ཡིག་དང་མན་ངག་ལས་ཤེས་པར་བྱའོ། །སྙིང་རྗེ་སྒོམ་པ། བཤགས་པ་དང༌། སློན་ལམ་དང༌། ཚོགས་མཆོད་དང༌། གཏོར་མ་རྣམས་གལ་ཆེའོ། །བཤགས་པ་ནི། ཨོཾ་བདེ་ལེགས་མཆོག་གི་རྙེད་ཐབས་ཏེ། །རྩ་བའི་བླ་མ་ཡིན་པར་མ་ཤེས་ནས། །དངོས་གྲུབ་གཞན་དུ་བཙལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །རང་སེམས་རྩ་བ་ཆད་པ་དེ། །ཆོས་སྐུ་ཡིན་པར་མ་ཤེས་ནས། །སངས་རྒྱས་གཞན་དུ་བཙལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་གཤགས། །གསུམ་ལྡན་རྩ་བའི་བླ་མ་དེ། །སྐྱབས་གནས་ཡིན་པར་མ་ཤེས་ནས། །མོས་གུས་འབུལ་སྟོབས་ཆུང་བ་དེ། །མ་སྤྲུལ་བའི༴ །བརྩེ་གདུང་འདྲེས་པའི་མཆེད་གྲོགས་དེ། །དཔའ་བོ་མཁའ་འགྲོ་ཡིན་པར་མ་ཤེས་ནས། །ཉམས་པའི་ཁོང་ཁྲོ་ཤོར་བ་དེ། །མ་སྤྲུལ་པའི༴ །ཚུལ་ཁྲིམས་རྣམ་དག་དྲི་མེད་དེ། །ཐར་ལམ་ཡིན་པར་མ་ཤེས་ནས། །འཆལ་བའི་མངོན་ལྐོག་ཤོར་བ་དེ། །མ་སྤྲུལ་བའི༴ །འཇིག་རྟེན་ཞེན་པ་ཆེ་བ་དེ། །ལྟས་


TNT20_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ཡིན་པར་མ་ཤེས་ནས། །རྟག་ཏུ་རེ་བ་བྱེད་པ་དེ། །མ་སྤྲུལ་པའི༴ ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན། །ཕ་མ་ཡིན་པར་མ་ཤེས་ནས། །སེམས་ཅན་གཞན་གནོད་བྱེད་པ་དེ། །མ་སྤྲུལ་པའི༴ །མན་ངག་བདུད་ཀྱི་གཅོད་ཡུལ་དེ། །སྣོད་ངན་ཡིན་པར་མ་ཤེས་ནས། །རྒྱལ་ཁམས་ཡོངས་ལ་སྤེལ་བ་དེ། །མ་སྤྲུལ་པའི༴ །ཆགས་མེད་སྦྱིན་པ་བཏང་བ་དེ། །ཚོགས་གཉིས་ཡིན་པར་མ་ཤེས་ནས། །རང་ལུས་གཅེས་འཛིན་བྱེད་པ་དེ། །མ་སྤྲུལ་བའི་སྐུ་ལ་མཐོལ་ལོ་བཤགས། །མཐོལ་ལོ་གཤགས་སོ་ཡེ་ཤེས་མཁའ་འགྲོ་མ། །གནོང་ངོ་འགྱོད་དོ་དཔའ་བོ་མཁའ་འགྲོའི་ཚོགས། །ཕཊ་ཕཊ་ཕཊ། ན་མོ་བདག་གཞན་ཀུན་གྱི་དུས་གསུམ་དུ། །དགེ་བ་འདུས་བྱས་འདུས་མ་བྱས། །དེ་བཞིན་ཟག་བཅས་ཟག་པ་མེད། །དེ་དག་ལ་ནི་ཡི་རང་ངོ༌། །ཡི་རང་བྱང་ཆུབ་ཆེན་པོར་བསྔོ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །བར་ཆད་མེད་པར་འཇུག་པར་ཤོག །བར་ཆད་མེད་པར་འཇུག་ནས་ཀྱང༌། །ཇི་སྲིད་འཁོར་བ་མ་སྟོང་པར། །སྟོང་ཉིད་དམ་པའི་དོན་རྟོགས་ཤོག །ཕཊ། བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས། །ལམ་བགྲོད་བྱང་ཆུབ་མཆོག་ཐོབ་ནས། །བཀྲ་ཤིས་དེས་ཀྱང་བདེ་ལེགས་ཤོག །སྐྱེ་བ་མེད་ལ་གཟུགས་སྐུ་འཆར། །འགྲོ་རྣམས་བདེ་ལ་འགོད་མཛད་པས། །ཡུམ་ཆེན་ཕ་རོལ་


TNT20_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་མ་ཡིས། །བཀྲ་ཤིས་དེས་ཀྱང་༴ ཚངས་པ་བརྒྱ་བྱིན་རྒྱལ་ཆེན་བཞིས། །མཆོད་པའི་ཚོགས་ཀྱིས་རབ་མཆོད་པས། །ཉིན་མཚན་ཀུན་དུ་བསྲུང་བྱེད་པ། །བཀྲ་ཤིས་དེས་ཀྱང་བདེ་ལེགས་ཤོག །ཕཊ་ཕཊ་ཕཊ། གཅོད་ཡུལ་ཀུན་ཀྱི་སྙིང་པོའི་དོན། །གང་དེ་སྒྲུབ་ཐབས་འདི་ཡིན་པས། །ཉམས་ལེན་གྱིས་ཤིག་སྐལ་ལྡན་བུ། །ཙོབ་ཙོབ་བློ་སྣ་མ་མང་ཞིག ཁྲིད་ཡིག་གནད་དོན་སྙིང་པོའི་ཞབས་ཏོག་ཏུ་དམིགས་ནས། བླ་མ་གོང་མའི་གསུང་རྒྱུན་ངག་འདོན་འཐོར་བ་རྣམས་ཕྱོགས་གཅིག་ཏུ་གྲགས་པ་དཔལ་བཟང་གིས་བསྡེབས་ཏེ་བྲིས་པའོ།། །།སྐལ་མེད་ལ་གསང་བ་གལ་ཆེ། རྒྱ་རྒྱ་རྒྱ། མངྒ་ལཾ། །དགེའོ། །འདི་བྲིས་དགེ་བས་བདག་དང་སེམས་ཅན་ཐམས་ཅད་ཀྱི་བདག་འཛིན་དབྱིངས་སུ་ཆོད་ཅིང་བདག་མེད་རྟོགས་པའི་རྒྱུར་གྱུར་ཅིག །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག དགེའོ། བཀྲ་ཤིས།།


TNT20_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousགཅོད་ཡུལ་ཟབ་མོའི་ཁྲིད་ཡིག་གནད་དོན་སྙིང་པོའི་ངག་འདོན་གསོལ་འདེབས།next