Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བརྒྱུད་པའི་གསོལ་འདེབས།
   
   
   
   
   
   


 
previousབརྒྱུད་པའི་གསོལ་འདེབས།next

བརྒྱུད་པའི་གསོལ་འདེབས།


TNT20_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པའི་གསོལ་འདེབས་ནི། ཕཊ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །རྣམ་ཐར་གསུམ་གྱི་སྒོ་འབྱེད་མ། །བདུད་ཀྱི་དཔུང་རྣམས་འཇོམས་མཛད་མ། །ལབ་སྒྲོན་ཁྱེད་ལ་གསོལ་བ་འདེབས། །ཐུགས་རྗེ་དགོངས་ལ་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །འོག་མིན་ཆོས་སྐུའི་ཕོ་བྲང་དུ། །ཡུམ་ཆེན་ཤེར་ཕྱིན་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །བློ་སྙེམ་ཐགས་ཆོད་པར་བྱིན་གྱིས་རློབས། །བྱ་རྒོད་ཕུང་པོའི་རི་བོ་ལ། །བཅོམ་ལྡན་ཤཱཀ་ཐུབ་བྱིན་རླབས་ཅན། །སོགས། རྒྱ་ནག་རི་བོ་རྩེ་ལྔ་རུ། །འཇམ་དཔལ་སྨྲ་སེང་སོགས། གཡུ་ལོ་བཀོད་པའི་ཞིང་ཁམས་སུ། །རྗེ་བཙུན་སྒྲོལ་མ་སོགས། དག་པའི་བདེ་སྟོང་མཁའ་སྦྱོད་དུ། །རྡོ་རྗེ་ཕག་མོ་སོགས།ཨོ་རྒྱན་མཁའ་འགྲོའི་ཕོ་བྲང་དུ། སུ་ཁ་སིདྡྷི་སོགས། རྒྱ་གར་འཇགས་མའི་སྤྱིལ་པོ་རུ། །ཨཱརྱ་དེ་བ་སོགས། ལ་སྟོད་དེང་རི་གླིང་སྟོད་དུ། །དམ་པ་སངས་རྒྱས་སོགས། ར་ས་སྤང་ལུང་དགོན་པ་རུ། །བསོད་ནམས་བླ་མ་སོགས། ཟངས་རི་མཁར་དམར་དགོན་པ་རུ། །མ་ཅིག་ལབ་སྒྲོན་སོགས། རྒྱལ་ཐང་ཆུ་གཙང་དགོན་པ་རུ། །བསམ་བསྟན་འོད་ཟེར་སོགས། བྱང་ཆུབ་གླིང་གི་དབེན་གནས་སུ། །ནམ་མཁའ་འོད་ཟེར་སོགས། གཉན་ཁྲོད་བརྒྱ་རྩའི་གནས་མཆོག་ཏུ། །ཤཱཀྱ་འོད་ཟེར་སོགས། ཕྱོགས་མེད་ཡངས་པའི་རི་ཁྲོད་དུ། །བདེ་གཤེགས་མཚན་ཅན་སོགས། བྱིན་རླབས་བླ་མའི་ཞབས་དྲུང་དུ། །དབོན་སྲས་ཆོས་ལེགས་སོགས། ཁ་རག་བསམ་གླིང་དགོན་པ་རུ། །གཡུ་


TNT20_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲུག་ཤེར་དཔལ་སོགས། ཆོས་ལུང་བྱང་རྩེའི་དབེན་གནས་སུ། །རྗེ་བཙུན་གྲོལ་མཆོག་སོགས། བྲག་སྟོད་རྡོ་རྗེའི་ཕོ་བྲང་དུ། །ཆོས་སྐུ་ལྷ་དབང་སོགས། ཆོས་འབྱུང་བདག་མེད་ཕོ་བྲང་དུ། །ལུང་རིག་རྒྱ་མཚོ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་སོགས་བ་འདེབས། །བློ་སྙེམ་ཐག་ཆོད་པར་བྱིན་གྱིས་རློབས། ཁམས་གསུམ་འགྲོ་བའི་སྤྱི་བོ་རུ། །ཀུན་དགའ་སྙིང་པོ་སོགས། བདུད་རྩི་ཕུག་གི་དབེན་གནས་སུ། །གྲགས་པ་དཔལ་བཟང་སོགས། གནོད་སྦྱིན་མིང་གི་དགོན་པ་རུ། །ཀུན་དགའ་རིན་ཆེན་སོགས། འབྲལ་མེད་སྙིང་གི་དཀྱིལ་ནང་དུ། །འཕྲིན་ལས་རྣམ་རྒྱལ་སོགས། སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །རྩ་བའི་བླ་མ་སོགས། ཉི་ཤུ་རྩ་བཞིའི་གནས་མཆོག་ཏུ། །དཔའ་བོ་མཁའ་འགྲོ་སོགས། བསིལ་བ་ཚལ་གྱི་དུར་ཁྲོད་དུ། །ཆོས་སྐྱོང་སྲུང་མ་སོགས། དག་སྣང་ཕྱོགས་མེད་གཞལ་ཡས་སུ། །རྡོ་རྗེ་སྤུན་གྲོགས་སོགས། མཚན་ལྡན་གྱི་བླ་མ་རིན་པོ་ཆེ། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །རེ་ས་གཞན་ན་མེད་པའི་བྱིན་གྱིས་རློབས། །བདག་འཛིན་བློའི་ཐོངས་བར༴ །སྐྱེ་མེད་འོད་གསལ་རྟོགས་པར༴ །བར་ཆོད་དངོས་གྲུབ་ལོང་བར༴ །བདུད་ཚོགས་རང་སར་ཆོད་པར༴ །ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །ཁྱད་པར་དུ་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་བླ་མ་ལ་མོས་གུས་དྲག་པོའི་གསོལ་བ་འདེབས་པར་བསམ། བརྒྱུད་པའི་གསོལ་འདེབས་དེ་ཉིད་བདག་འཇུག་གི་མགོར་འདོན་པར་ལགས། ༈ གསོལ་འདེབས་དགོངས་བསྐྱོད་མ་ནི། མ་ཡུམ་ཆེན་ཐུགས་ལས་


TNT20_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་སྐུ། །མ་ཅིག་ཇོ་མོ་རྣལ་འབྱོར་མ། །སྐལ་ལྡན་རྣམས་ཀྱི་རྒྱུད་ཁྲོལ་མ། །ཕ་རོལ་ཕྱིན་མའི་གྲུབ་ཐོབ་མ། །བདག་དང་མོས་པའི་གང་ཟག་ལ། །མ་ཡི་དབང་བསྐུར་བྱིན་གྱིས་རློབས། །མ་ཅིག་ཇོ་མོ་ལ་གསོལ་བ་འདེབས། །བྱང་ཆུབ་ལམ་སྒྲོན་ལ་གསོལ་བ་འདེབས། །ཡེ་ཤེས་མཁའ་འགྲོ་ལ་གསོལ་བ་འདེབས། །མ་སྐྱེ་བ་དམན་ལ་དགོངས་པ་མཐོ། །སྐུ་ལུས་ཆུང་ལ་གཟི་མདངས་ཆེ། །སྐུ་ཤ་དཀར་ལ་འོད་ཟེར་འཕྲོས། །ཀུན་དང་མཐུན་པའི་སྤྱོད་པ་ཅན། །བདག་དང་མོས་སོགས། མ་སེར་སྣ་མེད་པའི་དོན་རྟོགས་པའི། །ཀུན་ཁྱབ་སྦྱིན་པ་བློ་གཏོང་བའི༌། །རང་བྱུང་ཡེ་ཤེས་དོན་རྟོགས་པའི། །ཉམས་པ་མེད་པའི་ཁྲིམས་བསྲུང་མ། །མ་བདག་གཞན་མེད་པའི་དོན་རྟོགས་པའི། །མ་སྐྱེ་མེད་བཟོད་པ་བསྒོམ་ཙ་ན། །མ་གཞི་རྩ་མེད་པའི་དོན་རྟོགས་པས། །འབད་མེད་བརྩོན་འགྲུས་བརྩོམ་མཛད་མ། །བདག་དང་མོས་སོགས། མ་གཡེང་བ་མེད་པའི་དོན་རྟོགས་པའི། །གཡེངས་མེད་བསམ་གཏན་སྒོམ་མཛད་མ། །མཉམ་པ་ཉིད་ཀྱི་དོན་རྟོགས་པའི། །བདག་མེད་ཤེས་རབ་སྒོམ་མཛད་མ། །བདག་དང་མོས་སོགས། མ་ཡི་དབང་བསྐུར་བྱིན་གྱི་རློབས། །མ་ཅིག་ཇོ་མོ་ལ་གསོལ་བ་འདེབས། །བྱང་ཆུབ་ལམ་སྒྲོན་ལ་གོལ་བ་འདེབས། ཡེ་ཤེས་མཁའ་འགྲོ་ལ་གསོལ་བ་འདེབས། །མ་ཕྱོགས་མེད་ལྟ་བུའི་ཞེན་པ་ཁྲོལ། །


TNT20_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་ཉིད་སྒོམ་པའི་དམིགས་གཏད་གྲོལ། །རྟོགས་མེད་སྤྱོད་པའི་ཉམ་ང་གྲོལ། །དམིགས་མེད་འབྲས་བུས་རེ་དོགས་གྲོལ། །གཏི་མུག་མེད་པའི་དོན་རྟོགས་པའི། །རྣམ་མཁྱེན་ཐུགས་ལ་མངའ་མཛད་མ། །བདག་དང་མོས་སོགས། མ་མཉམ་ཉིད་ངང་ལ་བཞུགས་ཙ་ན། །དོན་མཐའ་དབུས་མེད་པའི་ཉམས་དང་ལྡན། །དུག་ལྔ་སྤང་པའི་ཡེ་ཤེས་ཀྱི། །སངས་རྒྱས་མཁའ་འགྲོ་འབུམ་གྱི་བསྐོར། །ཉམས་དབྱངས་མགུར་མ་ཁྲོལ་ལོ་ལོ། །གདམ་ངག་སྦྲང་ཆར་སི་ལི་ལི། །བྱིན་རླབས་ན་བུན་ཐུ་ལུ་ལུ། །གཡས་ན་དཔའ་བོ་ཤ་ར་ར། །གཡོན་ན་དཔའ་མོ་ཐིབས་སེ་ཐིབས། །མི་རྐང་གླིང་བུ་ཀྱུ་རུ་རུ། །ཚུལ་ཆེན་དུད་པ་ཆི་ལི་ལི། །ཧཱུཾ་གི་གདམ་པ་ཤ་ར་ར། །ཕཊ་ཀྱི་འབྲུག་སྒྲ་དི་རི་རི། །བདག་དང་མོས་པའི་གང་ཟག་ལ། །མ་ཡི་དབང་བསྐུར་བྱིན་གྱིས་རློབས། །མ་ཅིག་ཇོ་མོ་ལ་གསོལ་བ་འདེབས།། བྱང་ཆུབ་ལམ་སྒྲོན་ལ༴ །ཡེ་ཤེས་མཁའ་འགྲོ་ལ༴ །མ་མཉམ་ཉིད་ངང་ལ་བཞུགས་ཙ་ན། །དོན་རྗེས་ཐོབ་གསལ་བའི་ཉམས་དང་ལྡན། །སྣ་ཚོགས་མཁའ་འགྲོ་འབུམ་གྱིས་བསྐོར། །ཉམས་དབྱངས༴ སོགས་བགྲེས་སོ། །མ་དགོངས་པ་ཤར་དུ་བསྐྱོད་ཙ་ན། །དོན་སྐྱེ་བ་མེད་པའི་དོན་དང་ལྡན། །རྡོ་རྗེ་མཁའ་འགྲོ་འབུམ་གྱི་བསྐོར། །ཉམས་དབྱངས༴ སོགས། མ་དགོངས་པ་ལྷོ་རུ་སྐྱོད་ཙ་ན། །དོན་ཡོན་ཏན་རྫོགས་པའི་ཉམས་དང་ལྡན། །རིན་ཆེན་མཁའ་འགྲོ་འབུམ་གྱི་བསྐོར། །ཉམས་དབྱངས༴ སོགས། མ་


TNT20_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་ནུབ་ཏུ་བསྐྱོད་ཙ་ན། །དོན་སྐྱོན་རྣམས་དག་པའི་ཉམས་དང་ལྡན། །པདྨ་མཁའ་འགྲོ་འབུམ་གྱི་བསྐོར། །ཉམས་དབྱངས༴ སོགས། མ་དགོངས་པ་བྱང་དུ་བསྐྱོད་ཙ་ན། །དོན་འགགས་པ་མེད་པའི་ཉམས་དང་ལྡན། །ལས་ཀྱི་མཁའ་འགྲོ་འབུམ་གྱི་བསྐོར། །ཉམས་དབྱངས༴ སོགས། མ་དགོངས་པ་དབུས་སུ་བསྐྱོད་ཙ་ན། །དོན་མཐའ་དབུས་མེད་པའི་ཉམས་དང་ལྡན། །རིག་པ་དབྱིངས་སུ་པུ་རུ་རུ། །རིག་མེད་ལྟ་བ་ཕྱ་ལ་ལ། །མཉམ་ཉིད་དགོངས་པ་ཕྲི་ལི་ལི། །མཁའ་འགྲོའི་མ་ཚོགས་ཐིབས་སེ་ཐིབས། །བདག་དང་མོས་པའི་གང་ཟག་ལ། །བྱིན་གྱིས་རླབས་པར་མཛད་དུ་གསོལ། །ཕཊཿ ཕཊཿ དེ་ལྟར་གསོལ་འདེབས་དགོངས་བསྐྱོད་མ་འདི་ནི་སློབ་མ་དབང་བསྐུར་བའི་སྐབས་གཏོར་དབང་གི་མགོར་འདོན་དགོས་ལགས། དབང་གི་མགོར་མི་དགོས་ལགས། སྒྲ་བསྒྱུར་སྨྲ་བའི་ཕྱག་ཏུ་ཕུལ། བྲན་པ་བློས་ཚུལ་ནས་སོ། །མངྒ་ལཾ། བཀྲ་ཤིས། དགེའོ། །


TNT20_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousབརྒྱུད་པའི་གསོལ་འདེབས།next