Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
རྗེ་བཙུན་མཁའ་སྤྱོད་སེང་གེ་སྒྲ་ལ་བསྟོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྗེ་བཙུན་མཁའ་སྤྱོད་སེང་གེ་སྒྲ་ལ་བསྟོད་པ།next

རྗེ་བཙུན་མཁའ་སྤྱོད་སེང་གེ་སྒྲ་ལ་བསྟོད་པ།


TNT21_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ལྔ་ཡི་རང་བཞིན་སྐུ། །ཆོས་སྐུ་རོ་གཅིག་ནམ་མཁའ་མཉམ། །ལེགས་ལྡན་དྲང་སྲོང་གཟུགས་འཛིན་པ། །སྨོན་ལམ་རྒྱ་མཚོ་འགྲོ་བ་ཡིས། །གདུང་སེལ་ཁྱོད་ནི་ན་གེནྡྲ། །ཕྱུགས་བདག་ཆེན་པོའི་བླ་མ་ཀྱཻ། །འགྲོ་ལ་རྟག་ཏུ་ཕན་དགོངས་པའི། །འབྱུང་པོའི་མགོན་པོ་ཁྱེད་ལ་འདུད། །སྣང་བའི་ལུས་ཅན་རྗེ་བཙུན་ཁྱོད། །འགྲོ་བའི་མགོན་པོ་ཆོས་སྐུ་ལགས། །འཇིག་རྟེན་དབང་ཕྱུག་དངོས་གྲུབ་མཚོ། །གནོད་ལས་སྐྱོབ་མཛད་ཁྱོད་ཕྱག་འཚལ། །མདུང་རྩེ་གསུམ་པ་ཁྱོད་ཀྱི་སྐུ། །འཇིག་རྟེན་གསུམ་ན་འདི་ཉིད་འཇིགས། །ཀླུ་ཆེན་བསྲུབས་པའི་བཅུད་ལྡན་པའི། །ཐོད་པ་འཛིན་ཁྱོད་དྲག་པོའོ། །འཇིགས་བྱེད་རི་དྭགས་པགས་པ་ཅན། །ནྲྀ་གཱའི་ཚངས་སྐུད་སྤྱན་གསུམ་ལྡན། །འཇམ་པའི་དབྱངས་ཀྱི་བཤེས་གཉེན་ཁྱོད། །ཞི་བ་སངས་རྒྱས་ལྔ་བདག་ཉིད། །བདག་ནི་ཁྱོད་ལ་གསོལ་འདེབས་ན། །ནོར་རྒྱས་སློབ་མ་ས་འཛིན་དང༌། །མཁའ་འགྲོ་མ་དང་སྦྱིན་བྱེད་སྐྱེས། །གནོད་སྦྱིན་རོ་ལངས་རིག་སྔགས་དང༌། །འབྱུང་པོ་གཤིན་རྗེ་ཀུན་ལས་སྐྱོབ། །སྨན་ལྗོངས་ཉམས་ངའི་འབྲོག་དགོན་དུ། །བག་མེད་ཉལ་སོགས་དུས་ཀུན་ཏུ། །རྗེ་བཙུན་ཁྱོད་ཀྱིས་བསྲུངས་པ་དང༌། ནམ་ཡང་དགེ་ལེགས་དངོས་གྲུབ་སྩོལ། །འདི་རྗེ་བཙུན་མཁའ་སྤྱོད་སེང་གེ་སྒྲ་ལ་བསྟོད་པ་ཀུན་དགའ་སྙིང་པོས་སྣར་ཐང་དུ་བྲིས།། ཞུ་དག།


previousརྗེ་བཙུན་མཁའ་སྤྱོད་སེང་གེ་སྒྲ་ལ་བསྟོད་པ།next