Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
དཔལ་ཀྱཻ་རྡོ་རྗེའི་བསྐྱེད་རིམ་གྱི་རྣམ་བཤད་རིག་འཛིན་གཞོན་ནུའི་རོལ་རྩེད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ཀྱཻ་རྡོ་རྗེའི་བསྐྱེད་རིམ་གྱི་རྣམ་བཤད་རིག་འཛིན་གཞོན་ནུའི་རོལ་རྩེད།next

དཔལ་ཀྱཻ་རྡོ་རྗེའི་བསྐྱེད་རིམ་གྱི་རྣམ་བཤད་རིག་འཛིན་གཞོན་ནུའི་རོལ་རྩེད།


TNT21_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཀྱཻ་རྡོ་རྗེའི་བསྐྱེད་རིམ་གྱི་རྣམ་བཤད་རིག་འཛིན་གཞོན་ནུའི་རོལ་རྩེད་ཅེས་བྱ་བ་རྒྱུད་དོན་མཐའ་དག་གསལ་བ་བཞུགས།


TNT21_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཛ་ཡནྟུ། རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་ངུར་སྨྲིག་གི །ཚོན་རྒྱས་རབ་དཀར་སྦགས་པའི་བཟློས་གར་མཁན། །སྙིང་པོའི་དོན་མཆོག་རྩོལ་བའི་དཔའ་བོ་སྟེ། ཁྱབ་བདག་རིགས་བརྒྱའི་མགོན་པོར་ཕྱག་བགྱིའོ། །ཤེས་བྱའི་མཐའ་གྲུ་འཇམ་པའི་མཁྱེན་པ་ལ། །བློ་གྲོས་གཏེར་བའི་ལྷ་ཞེས་འོད་སྟོང་ཅན། །རྨོངས་པའི་སྨག་རུམ་འཇོམས་ལ་ཟླ་བྲལ་བ། །ཡོངས་འཛིན་རྟ་བདུན་རྒྱལ་པོ་ཁྱོད་མིན་སུ། །གང་ཡང་འདི་ནི་རྣམ་དཔྱོད་ཡངས་པའི་གཞུ། །གྱེན་དུ་བླངས་ལས་ལེགས་བཤད་ཉག་ཕྲན་སོགས། །དཔུང་པའི་ཡལ་གར་བཟུང་ནས་སྔོན་རབས་ཀྱི། །གཞུང་ལུགས་རྣམ་པར་འབིགས་འདི་ལན་བརྒྱ྄ར་འཕང༌། །གསང་ཆེན་རྒྱུད་སྡེའི་ཟབ་དོན་དུནྡྷུ་བྷི། །བསྐུལ་མཁས་དབྱུག་གུའི་འབྱེད་པ་མང་བསྟེན་ཀྱང༌། །འཁྲུལ་མེད་ལམ་འདིས་ལུགས་ངན་འབྲུག་སྒྲའི་བྲུག །འགོག་ནུས་འདི་ལ་གྲོགས་དག་ཡི་རང་བྱོས། །ཞེས་མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ་སྔོན་དུ་བཏང་ནས། འདིར་རྒྱུད་ཀྱི་རྒྱལ་པོ་ཀྱཻ་


TNT21_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ལས་བརྩམས་ཏེ། རིམ་པ་གཉིས་ཀྱི་རྣམ་བཞག་ཅུང་ཟད་འཆད་པ་ལ། རྒྱུད་ཀྱི་མངོན་པར་རྟོགས་པ་མདོ་ཙམ་བསྟན་པ་དང༌། རིམ་གཉིས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་རྗོད་བྱེད་ཚིག་གི་རྒྱུད་རྣམ་པར་གཞག་པ་དང༌། བརྗོད་བྱ་དོན་གྱི་རྒྱུད་ངེས་པར་བྱ་བའོ། །དང་པོ་ལ། རྒྱུད་འདི་ཉིད་རྒྱུད་སྡེ་གང་དུ་གཏོགས་པ་དང༌། གསུང་པ་པོ་སྟོན་པའི་ཆེ་བ། རྒྱུད་ཉིད་ངོས་བཟུང་བའོ། །དང་པོ་ནི། འོ་སྐོལ་གྱི་སྟོན་པས་ལེགས་པར་གསུངས་པའི་ཆོས་ཐམས་ཅད་ཀྱི་སྙིང་པོ། གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་ཐམས་ཅད་ཀྱང་རྒྱུད་སྡེ་བཞིར་འདུས་པ་ཡིན་ཏེ། རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྷག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྷག་ལའོ། །ཞེས་གསུངས་པ་ལྟར་ལས། འདི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དོ། །དེ་ལ་ཡང་ཐབས་ཀྱི་རྒྱུད། ཤེས་རབ་ཀྱི་རྒྱུད་གཉིས་སམ། ཕ་རྒྱུད། མ་རྒྱུད། གཉིས་མེད་ཀྱི་རྒྱུད་གསུམ་དུ་གྲགས་པ་ལ། འདི་མ་རྒྱུད་ཁྱད་པར་ཅན་ནི། གཉིས་མེད་ཀྱི་རྒྱུད་ཡིན་ཅེས་འཆད་ལ། དེ་ལས་ཀྱང་སྙིང་པོར་གྱུར་པ་ཀྱཻ་རྡོ་རྗེའི་རྒྱུད་དོ། །གཉིས་པ་ལ་སྤྱིར་གསང་སྔགས་ཀྱི་རྒྱུད་ཐམས་ཅད་ཁ་སྦྱོར་བ་


TNT21_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་ཡན་ལག་བདུན་ལྡན་གྱི་རྡོ་རྗེ་འཆང་ཆེན་པོས་གསུངས་པ་ཡིན་ཅིང༌། དེ་ལས་ཀྱང་རྒྱུད་འདི་ཉིད་ནི་དག་བྱ་དག་བྱེད་ཀྱི་ཆོས་དུ་མས་ཁྱད་པར་དུ་འཕགས་པའི་སྙིང་པོ་ཀྱཻ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པའི་རྣམ་པ་ཅན་གྱིས་གསུངས་པར་བླ་མ་གོང་མ་རྣམས་བཞེད་དོ། །དེ་ཡང་དག་པའི་འཁོར་གྱི་ནང་དུ་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་ཧེ་རུ་ཀའི། རྣམ་པར་གསུངས་པ་ཡིན་ཀྱང༌། བར་བར་དུ་ནུབ་པར་གྱུར་པ་ལས། འོ་སྐོལ་གྱི་སྟོན་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་པའི་ཚེ་འོག་མིན་དུ་ལོངས་སྐུའི་རྟེན་དང༌། བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེ་གདན་དུ་སྤྲུལ་པ་ཧེ་རུ་ཀའི་སྐུར་བཞེངས་ནས་བདུད་ཀྱི་སྡེ་བཅོམ་སྟེ། དཔའ་བོ་དང་རྣལ་འབྱོར་མ་དང༌། ལྷ་དང༌། ཀླུ་ལ་སོགས་པ་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ལ་རྒྱུད་འདི་ཉིད་གསུངས་པ་ཡིན་ནོ། །གསུམ་པ་རྒྱུད་ཉིད་ངོས་བཟུང་བ་ལ། རྒྱུད་རྒྱས་པ་དང༌། བསྡུས་པའི་རྒྱུད་དོ། །དང་པོ་ནི། རྡོ་རྗེ་གུར་ལས། འབུམ་ཕྲག་ལྔ་བདག་ཀྱཻ་རྡོ་རྗེ། །ལས་ནི་དཀྱིལ་འཁོར་ལྔ་གསུངས་པ། །ཞེས་གསུངས་པ་ལྟར། རྡོ་རྗེའི་རིགས་ཀྱི་དུམ་བུ་དང༌། སྔགས་ཀྱི་དུམ་བུ་དང༌། དབང་བསྐུར་བའི་དུམ་བུ་དང༌། ལྷའི་དུམ་བུ་དང༌། དེ་ཁོ་ན་ཉིད་ཀྱི་དུམ་བུ་སྟེ། རེ་རེ་ལ་ཤླཽ་ཀ་འབུམ་ཕྲག་རེ་རེ་སྟེ་འབུམ་ཕྲག་ལྔའི་བདག་ཉིད་དོ། །གཉིས་པ་བསྡུས་པའི་རྒྱུད་ལ། རྩ་བའི་རྒྱུད། བཤད་པའི་


TNT21_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད། ཆ་མཐུན་གྱི་རྒྱུད་གསུམ་ལས། དང་པོ་ནི། རྒྱུད་ཀྱི་རྒྱལ་པོ་དཔལ་བརྟག་པ་གཉིས་པ་ཡིན་ལ། གཉིས་པ་ནི་ཐུན་མོང་མ་ཡིན་པའི་བཤད་རྒྱུད་རྡོ་རྗེ་གུར་དང༌། ཐུན་མོང་པ་ཡང་དག་སྦྱོར་བ་སམྦུ་ཊིའི་རྒྱུད་དོ། །གསུམ་པ་ཆ་མཐུན་གྱི་རྒྱུད་ལ། ཕྱག་རྒྱ་ཆེན་པོ་ཐིག་ལེ་དང༌། ཡེ་ཤེས་ཐིག་ལེ་དང༌། ཡེ་ཤེས་སྙིང་པོ་དང༌། རྣལ་འབྱོར་མ་ཐམས་ཅད་གསང་བ་སྒྲོན་མེའི་རྒྱུད་དེ་ཐིག་ལེ་བསྐོར་བཞི་དང༌། རྡོ་རྗེ་ཨ་རལླི་དང༌། རི་ཥི་ཨ་རལླི་དང༌། རྙོག་པ་མེད་པའི་རྒྱུད་རྣམས་སོ། །དེ་ཡང་རྩ་རྒྱུད་བརྟག་པ་གཉིས་པ་འདི། རྩ་རྒྱུད་རྒྱས་པ་བརྟག་པ་སུམ་ཅུ་རྩ་གཉིས་པ་ལས་ཕྱུང་བ་ཡིན་ཞིང༌། དེ་ལ་འདོད་ཚུལ་མི་འདྲ་བ་དུ་མ་བྱུང་ན་ཡང༌། བརྟག་པ་ཕྱི་མ་གཉིས་ཕྱུང་བར་བླ་མ་གོང་མ་རྣམས་ཀྱིས་བཞེད་དོ། །འདི་ལ་འགྲེལ་བྱེད་ཚད་དང་ལྡན་པ་མང་དུ་བྱུང་མོད། རྒྱ་གར་འཕགས་པའི་ཡུལ་དུ་ཤིང་རྟའི་སྲོལ་བྱེད་ཐ་དད་དུ་གྲགས་པ་མེད་ལ། བོད་ཡུལ་འདིར་ལུགས་སྲོལ་མང་དུ་བྱུང་བ་ལས། དཔལ་ལྡན་ས་སྐྱ་བ་ཡབ་སྲས་ལ་བཀའ་བབ་པ་ནི། སློབ་དཔོན་མཐུ་སྟོབས་ཀྱི་དབང་ཕྱུག་བིརྺ་པའི་མན་ངག་གི་ལུགས་དང༌། གྲུབ་ཆེན་ཌོམྦི་ཧེ་རུ་ཀ་རྗེས་འབྲང་དང་བཅས་པའི་ལུགས་དང༌། སློབ་དཔོན་མཚོ་སྐྱེས་ཀྱི་ལུགས་དང༌། ནག་པོ་དམ་ཚིག་རྡོ་རྗེའི་ལུགས་ཏེ། བཀའ་བབས་བཞིར་གྲགས་པ་ལ་དང༌། གཞན་ཡང་ནཱ་རོ་པ་དང༌། མཻ་ཏྲི་པའི་ལུགས་རེ་དྲུག་གོ །དེ་ལ་དང་པོ་ནི། སྙན་བརྒྱུད་གཙོ་ཆེ་བ་ཡིན་ཞིང༌།


TNT21_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་འདིར་གཏན་ལ་དབབ་བྱའི་གཙོ་བོ་ཡིན་པས། ཌོམ་བུའི་ལུགས་སོགས་ཕྱི་མ་གསུམ་ལ་ནི། ཇི་སྐད་དུ། སྙིང་པོའི་དོན་གྱི་ཀྱཻ་རྡོར་ནི། །བིརྺའི་རྗེས་འབྲང་ཌོམ་པའི་སྐོར། །ཡན་ལག་མེད་རྗེས་པདྨའི་སྐོར། །དམ་ཚིག་རྡོ་རྗེ་ནག་པོ་སྐོར། །གཙོ་ཆེའི་ཆོས་སྣ་སུམ་ཅུ་དགུ །ཞེས་རྒྱ་གཞུང་སུམ་སུ་ཅུ་སོ་དགུ་ཡོད་ཅིང༌། ནཱ་རོ་པའི་ལུགས་ནི་ཕམ་མཐིང་བ་ནས་བརྒྱུད། མལ་ལོ་ཙཱ་བ་ལ་བླ་མ་ས་སྐྱ་པས་གསན་པར་སྣང་ཞིང༌། མཻ་ཏྲི་པའི་ལུགས་ལ་སྒྲུབ་ཐབས་དང༌། ཡིད་ལ་མི་བྱེད་པའི་ཆོས་སྐོར་ཉི་ཤུ་རྩ་དྲུག་བཞུགས་སོ། །གཉིས་པ་བརྗོད་བྱ་དོན་གྱི་རྒྱུད་ངེས་པར་བྱ་བ་ནི། ཇི་སྐད་དུ། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །རྒྱུད་དེ་རྣམ་པ་གསུམ་དུ་གྱུར། །གཞི་དང་དེ་ཡི་རང་བཞིན་དང༌། །མི་ཕྲོགས་པ་ཡིས་རབ་ཕྱེ་བ། །རངབཞིན་རྣམ་པ་རྒྱུ་ཡིན་ཏེ། །གཞི་ནི་ཐབས་ཤེས་བྱ་བ་ཡིན། །དེ་ནི་མི་ཕྲོགས་འབྲས་བུའོ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་གསུངས་པ་ལྟར། བརྗོད་བྱ་དོན་གྱི་རྒྱུད་ལ་དབྱེ་ན། རྒྱུ་རྒྱུད་སྔོན་དུ་འགྲོ་བ་རྟེན་གྱི་གང་ཟགཉམས་སུ་བླང་བྱ་ཐབས་ཀྱི་རྒྱུད། ཉམས་སུ་བླངས་པས་ཐོབ་པ་འབྲས་བུའི་རྒྱུད། དང་པོ་ལ། རྒྱུ་རྒྱུད་ཀྱི་ངོ་བོ་གང་ཟག་གི་རང་བཞིན། རྒྱུད་དེ་ཇི་ལྟར་སྦྱང་བའི་ཚུལ་ལོ། །དང་པོ་ནི། སེམས་རང་བཞིན་གྱི་འོད་གསལ་བ་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་དེ་ཡིན་ལ། དེའི་སྣང་ཆ་འཁོར་བའི་ཆོས་ཐམས་ཅད་ཀྱང་རྒྱུ་རྒྱུད་དུ་བསྡུས་པ་ཡིན་ཏེ། རྡོ་རྗེ་རྩེ་མོའི་རྒྱུད་


TNT21_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ལས། རྒྱུད་ནི་རྒྱུན་ཞེས་བྱ་བ་སྟེ། །འཁོར་བ་རྒྱུན་དུ་འདོད་པ་ཡིན། །ཞེས་གསུངས་སོ། །གཉིས་པ་གང་ཟག་གི་རང་བཞིན་ནི། སློབ་དཔོན་གརྦྷ་རི་པས། རྒྱུ་རིགས་སྤང་བྱ་སྐྱེན་ལ་ལྟོས། །གང་ཟག་རྣམ་པ་བཞི་ཡིན་ནོ། །ཞེས་པ་ལྟར་གང་ཟག་ལ་དབྱེ་ན། རྒྱུ་ལ་ལྟོས་པ། རིགས་ལ་ལྟོས་པ། སྤང་བྱ་ལ་ལྟོས་པ། རྐྱེན་ལ་ལྟོས་པ་སྟེ་བཞིའོ། །གསུམ་པ་དེ་ཇི་ལྟར་སྦྱངས་པའི་ཚུལ་ལ། སྤྱོད་པའི་རིམ་པས་སྦྱང་བ། ལྟ་བའི་རིམ་པས་སྦྱང་བ། དབང་གིས་སྨིན་པར་བྱེད་པ་སྟེ། ཇི་སྐད་དུ། སྐལ་དམན་སེམས་ཅན་འདུལ་དཀའ་བ། །གང་གིས་འདུལ་བར་འགྱུར་བ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་ཉིད། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་སྟེ། དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱཻ་རྡོ་རྗེ་བསྟན། །ཞེས་གསུངས་སོ། །དེ་ཡང་སྐལ་དམན་རིམ་འཇུག་གི་དབང་དུ་བྱས་པ་ཡིན་ལ། སྐལ་ལྡན་ཅིག་ཅར་པ་ལ་ནི། དབང་བསྐུར་བ་ཁོ་ནས་རྒྱུད་སྦྱངས་པ་འགྲུབ་པ་ཡིན་ནོ། །སྤྱིར་དབང་ལ་རྒྱུ་དུས་ཀྱི་དབང་དང༌། ལམ་དུས་ཀྱི་དབང་དང༌། འབྲས་དུས་ཀྱི་དབང་གསུམ་དུ་ཡོད་ཅིང༌། དེ་གསུམ་ངོ་བོའི་སྒོ་ནས་ཐབས་རྒྱུད་ཡིན་ཀྱང༌། མ་སྨིན་པ་སྨིན་པར་བྱེད་པའི་དབང་ངམ། རྒྱུ་དུས་ཀྱི་དབང་ནི། རང་གང་ལ་བསྐུར་བའི་སེམས་རྒྱུད་དེ་རྒྱུ་རྒྱུད་ཁྱད་པར་


TNT21_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བྱེད་པའི་ཕྱིར། རྒྱུ་རྒྱུད་ཀྱི་མངོན་པར་རྟོགས་པ་ཡིན་ནོ། །དེ་ལ་གང་དུ་དབང་བསྐུར་བའི་དཀྱིལ་འཁོར་དང༌། ཇི་ལྟར་དབང་བསྐུར་བའི་ཚུལ་གཉིས་ལས། དང་པོ་ནི། སམྤུ་ཊི་ལས། དཀྱིལ་འཁོར་ལུས་སུ་གསུངས་པ་སྟེ། །དཀྱིལ་འཁོར་བྷ་ག་ཞེས་སུ་བརྗོད། །དཀྱིལ་འཁོར་བྱང་ཆུབ་སེམས་ཡིན ཏེ། །དཀྱིལ་འཁོར་གསུམ་དུ་གསུངས་པའོ། །ཞེས་གསུངས་པ་ལྟར་བུམ་དབང་ལ་ལུས་ཀྱི་དཀྱིལ་འཁོར་དང༌། རྡུལ་ཚོན་གྱི་དཀྱིལ་འཁོར་དང༌། དབྱིབས་སུ་བཀོད་པའི་དཀྱིལ་འཁོར་གཞན་དང༌། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དེ་བཞིན་ཡོད་པ་ལས་འདིར་གཙོ་བོར་གྱུར་པ་ལུས་ཀྱི་དཀྱིལ་འཁོར་སྨོས་ཤིང༌། བྷ་གའི་དཀྱིལ་འཁོར་དུ་གསང་དབང་དང༌། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་གཉིས་ལས། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་དང༌། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་བསྐུར་བ་ཡིན་ནོ། །གཉིས་པ་ཇི་ལྟར་དབང་བསྐུར་བའི་ཚུལ་ལ། སྔོན་དུ་འགྲོ་བ་བསྙེན་པའི་རིམ་པ་ནི་སློབ་དཔོན་གྱི་བསྒྲུབ་པར་བྱ་བ་ཡིན་ཞིང༌། དཀྱིལ་འཁོར་གྱི་ཆོ་ག་དངོས་ལ་སློབ་མ་རྗེས་བཟུང་ས་ཆོག་སྦྱང་བཟུང་ངོ༌། །སྟ་གོན་རྣམ་བཞི་བྲིས་ཞིང་རྒྱན་བཀྲམ་པ། སྒྲུབ་ཅིང་མཆོད་པ། བདག་ཉིད་འཇུག་ཅིང་དབང་བླང་བ། སློབ་མ་གཞུག་ཅིང་དབང་བསྐུར་བ་སྟེ། མངོན་པར་རྟོགས་པ་ཡན་ལག་བདུན་དང་ལྡན་པ་ཡིན་ལ། རྗེས་


TNT21_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་ནི་སླར་བསྡུ་བའི་ཆོ་གའོ། །གཉིས་པ་ཐབས་རྒྱུད་ཀྱི་མངོན་པར་རྟོག་པ་ནི། ལམ་ཐམས་ཅད་བྱང་ཆུབ་ཀྱི་ལམ་དུ་འགྱུར་བའི་ཕྱིར་རྟོགས་པའི་ལྟ་བ་དང༌། རྫོགས་རིམ་གྱི་རྟེན་བསྐྱེད་པའི་རིམ་པ་དང༌། ལྷན་སྐྱེས་ཀྱི་ཡེ་ཤེས་བསྐྱེད་པ་རྫོགས་རིམ་དང༌། རིམ་པ་གཉིས་བརྟན་ནས་བོགས་འབྱིན་པ་སྤྱོད་པ་དང༌། འབྲས་བུ་ལ་མཚམས་སྦྱོར་བ་ཉེ་རྒྱུ་ཨཱ་ལི་ཀཱ་ལི་བྱང་ཆུབ་ཀྱི་སེམས་ཏེ་མཆོག་སྒྲུབ་པའི་མངོན་པར་རྟོགས་པ་ལྔའོ། །ཡི་དམ་ལྷའི་ཐུགས་རྒྱུད་བསྐུལ་པའི་ཕྱིར་བཟླས་པ། བར་ཆད་ཞི་བའི་ཕྱིར་གཏོར་མ། སྐུ་གཟུགས་བྱིན་གྱིས་བརླབས་པའི་ཕྱིར་རབ་གནས། ལས་ཐམས་ཅད་གྲུབ་པར་བྱ་བའི་སྦྱིན་སྲེག །དམན་པ་ལ་མོས་པའི་གང་ཟག་རྗེས་སུ་བཟུང་བའི་ཕྱིར་ལས་རབ་འབྱམས་ཏེ་ཐུན་མོང་གི་མངོན་པར་རྟོགས་པ་ལྔ་དང༌། གཉིས་ཀ་ལ་དགོས་པའི་གྲོགས་དམ་ཚིག་དང་སྡོམ་པ་སྟེ། མངོན་པར་རྟོགས་པ་བཅུ་གཅིག་གོ །དེ་ཡི་ལྟ་བ་དེ་ལ་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པའི་ལྟ་བ་གཉིས་ལས། དང་པོ་ཐུན་མོང་གི་ལྟ་བ་ནི། ཕ་རོལ་དུ་ཕྱིན་པའི་ལྟ་བ་ཡིན་ལ། དེའི་ཐོས་བསམ་གྱིས་ལྟ་བ་ནི་ལྟ་བ་དུག་ཅན་ཡིན་པར་བཞེད་དོ། །གཉིས་པ་ཐུན་མོང་མ་ཡིན་པ་སྔགས་ཀྱི་ལྟ་བ་ནི། སྤྲོས་པ་ཐམས་ཅད་དང་བྲལ་བ་སྟོང་ཉིད་དམ། ཡུལ་ཅན་དབང་གི་ཡེ་ཤེས་ཀྱིས་མྱོང་བྱར་བྱས་པ་ལ་ངོས་འཛིན་པ་ཡིན་ནོ། །རིམ་པ་གཉིས་ཀྱིས་རྣམ་དག་འོག་ཏུ་འཆད་ལ། སྤྱོད་པ་དེ་ལ། ཨ་ཝ་དྷུ་ཏིའི་ཀུན་འདར་གྱི་སྤྱོད་པ་དང། ཀུན་ཏུ་


TNT21_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོའི་སྤྱོད་པ་དང༌། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་སྟེ་གསུམ་མོ། །ཉེ་རྒྱུ་ནི་སྤྱོད་པ་དང་འབྲེལ་བ་ཡིན་མོད། ཐུན་མོང་མ་ཡིན་པའི་ཁྱད་པར་ནི། རྫོགས་པའི་སངས་རྒྱས་སྤྲུལ་པའི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུས་དབང་བསྐུར་བ། འབྲས་དུས་ཀྱི་དབང་གི་ཡེ་ཤེས་དང་འབྲེལ་བ་ཡིན་ནོ། །བཟླས་པ་ལ་སོགས་པ་ཐུན་མོང་གི་མངོན་པར་རྟོགས་པ་དྲུག་ནི་གཞན་དུ་འཆད་ལ། དམ་ཚིག་སྡོམ་པ་ལ་དབྱེ་ན་བསྲུང་བའི་དམ་ཚིག་དང༌། བཟའ་བའི་དམ་ཚིག་གཉིས་སུ་དབྱེ་བའམ། ཡང་ན་ལས་དང་པོ་པའི་དམ་ཚིག །བརྟན་པ་ཅུང་ཟད་ཐོབ་པའི་དམ་ཚིག །བརྟན་པ་ཆེར་ཐོབ་པའི་དམ་ཚིག་སྟེ་གསུམ་མོ། །མན་ངག་ལས་དམ་ཚིག་ཉི་ཤུའི་རྣམ་པར་དག་པ་བཤད་མོད། འདིར་སྐབས་སུ་བབ་པ་ནི་འདི་ཙམ་མོ། །དེ་ལ་སྤྱོད་པ་དང་ཉེ་རྒྱུ་ནི། རྫོགས་རིམ་གྱི་ཡན་ལག་ཡིན་ལ། ཐུན་མོང་གི་མངོན་པར་རྟོགས་པ་ལྔ་ནི། བསྐྱེད་རིམ་གྱི་ཡན་ལག །རྟོགས་པའི་ལྟ་བ་དང༌། དམ་ཚིག་ནི་གཉིས་ཀ་ལ་དགོས་པ་ཡིན་ནོ། །དེས་ན་ཐབས་རྒྱུད་ཀྱི་མངོན་པར་རྟོགས་པ་བཅུ་གཅིག་ལ། རྩ་བ་གཉིས་དང་ཡན་ལག་དགུའོ། །གསུམ་པ་ཉམས་སུ་བླངས་པས་ཐོབ་པ་འབྲས་བུའི་རྒྱུད་ལ། གནས་སྐབས་ཀྱི་འབྲས་བུ་ས་བཅུ་གཉིས་དང༌། མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་སའོ། །དང་པོ་ལ། ངོ་བོ་ནི་བདེ་སྟོང་གི་ཡེ་ཤེས་ཡིན་ལ། དེའི་རྒྱུ་ནི། ཕྱི་རོལ་དུ་ཡུལ་ཆེན་རྣམས་བསྒྲོད་པ་དང༌། ནང་དུ་རྩ་རླུང་ཐིག་ལེའི་འགྲོས་


TNT21_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མར་ཐིམ་པ་ཡིན་ནོ། །འདིའི་ཉམས་སུ་བླང་བྱ་མཉམ་བཞག་ཏུ་བདེ་བ་ཆེན་པོའི་ཡེ་ཤེས་སྒོམ་པ་དང༌། རྗེས་ཐོབ་ཏུ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་པའོ། །ས་རྣམས་ཀྱི་ཡོན་ཏན་ལ་ཐུན་མོང་གི་ཡོན་ཏན་ནི། མདོ་དང་མཚུངས་ཤིང༌། ཐུན་མོང་མ་ཡིན་པའི་ཡོན་ཏན་རྒྱས་པར་རྒྱུད་དུ་ཤེས་པར་བྱའོ། །གཉིས་པ་ནི་སྐུ་བཞི་དང་ཡེ་ཤེས་ལྔས་བསྡུས་པ་ཡིན་ཅིང༌། གཞན་ཡང་སངས་རྒྱས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་དང༌། ཡོན་ཏན་འཕྲིན་ལས་ཀྱི་འཇུག་པ་བསམ་གྱིས་མི་ཁྱབ་པ་ལ་སོགས་རྒྱུད་དུ་ཤེས་པར་བྱའོ། །གཉིས་པ་རིམ་གཉིས་བྱེ་བྲག་ཏུ་བཤད་པ་ལ། རིམ་གཉིས་སྤྱིའི་རྣམ་དག་བསྟན་པ་དང༌། བསྐྱེད་རིམ་རྒྱས་པར་བཤད་པའོ། །དང་པོ་ལ་ངོ་བོ། དབྱེ་བ། སྒྲ་དོན། གྲངས་ངེས། གོ་རིམ། གྲོལ་བའི་འཐད་པ་སྟེ། རིམ་གཉིས་སྤྱིའི་མངོན་པར་རྟོགས་པ་དྲུག་གོ །དང་པོ་ལ། ངོ་བོ་ནི། ཡིད་མཚན་རྟོག་ལས་སྐྱོབ་པར་བྱེད་པའི་ཐབས་ཁྱད་པར་ཅན་ཏེ་བདེ་སྟོང་གི་ཡེ་ཤེས་ལྷ་སྐུའི་རྣམ་པ་དང་འབྲེལ་བའོ། །གཉིས་པ་དབྱེ་བ་ལ་བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པ་གཉིས། དང་པོ་ལ་དབྱེ་ན་ཏིང་ངེ་འཛིན་གསུམ། བསྙེན་སྒྲུབ་ཡན་ལག་བཞི། མངོན་རྟོགས་ཡན་ལག་དྲུག་གོ །གཉིས་པ་རྫོགས་པའི་རིམ་པ་ལ་དབྱེ་ན། རང་བྱིན་རླབས་པ། དཀྱིལ་འཁོར་རོ། །གསུམ་པ་སྒྲ་དོན་ནི། འཕགས་སྐོར་པ། འགའ་ཞིག་གི་ལུགས་ལ། བསྐྱེད་


TNT21_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་ནི་སྐྱེ་བ་དང༌། རྫོགས་པའི་དོན་འཆི་བ་དང༌། རིམ་པ་ནི་དེ་གཉིས་སྦྱོང་བྱེད་ལ་འདོད་པ་དང༌། དུས་འཁོར་བ་ཁ་ཅིག་གིས་བསྐྱེད་པའི་དོན་ཐུན་མོང་གི་དངོས་གྲུབ་དང༌། རྫོགས་པའི་དོན་མཆོག་གི་དངོས་གྲུབ་དང༌། རིམ་པ་ནི་དེ་གཉིས་མངོན་དུ་བྱེད་པའི་ལམ་ལ་འདོད་ཀྱང༌། སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་ཡབ་སྲས་ཀྱི་དགོངས་དོན་རང་ལུགས་ནི་བསྐྱེད་པའི་དོན་ཡིད་རྣམ་རྟོག་གི་རྩོལ་བས་བསྐྱེད་པའི་ལྷ་སྐུ་དང༌། རྫོགས་པ་ནི་ལུས་ངག་ཡིད་གསུམ་རྫོགས་པ་སྟེ། དེའི་དོན་ཡང༌། ལུས་རྩ། ངག་རླུང་དང་ཡི་གེ །སེམས་ཐིག་ལེ་རྣམས་ལུས་ལ་ཇི་ལྟར་གནས་པ་བཞིན་དུ་རྫོགས་པར་བསྒོམས་པ་ཡིན་པས་ན། གཞན་དུ་ཡོངས་སུ་གྲུབ་པའི་རིམ་པ་ཞེས་གསུངས་པ་དང་མཐུན་པ་ཡིན་ནོ། །བཞི་པ་ནི། སྤང་བྱ་གཉིས་སུ་ངེས་པའི་ཕྱིར་དང༌། ཐོབ་བྱ་གཉིས་སུ་ངེས་པའི་ཕྱིར་དང། ངོ་བོ་རྟེན་བརྟེན་པའི་ཕྱིར། བསྐྱེད་རྫོགས་གཉིས་སུ་གྲངས་ངེས་སོ། །དང་པོ་ནི། རྡོ་རྗེ་གུར་ལས། ཐ་མལ་གནས་སྐབས་གཞོམ་པའི་ཕྱིར། །སྒོམ་པ་ཡང་དག་རབ་ཏུ་བསྒྲགས། །རང་བཞིན་གནས་སྐབས་བསྒོམས་པ་ནས། །བསྒོམས་པ་མ་ཡིན་མི་བསྒོམས་མིན། །ཞེས་གསུངས་པ་ལྟར། ཐ་མལ་གྱི་རྣམ་རྟོག་གཞོམ་པའི་ཕྱིར་བསྐྱེད་པའི་རིམ་པ་དང༌། གྱ་ནོམ་ལྷར་ཞེན་གྱི་རྣམ་རྟོག་གཞོམ་པའི་ཕྱིར་རྫོགས་པའི་རིམ་པ་སྒོམ་པའོ། །ཐ་མལ་གྱི་རྣམ་རྟོག་དེ་ལ་དབྱེ་ན་རྒྱུ་ལས་དང་ཉོན་མོངས་དང༌།


TNT21_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་བདག་དང་བདག་གིར་འཛིན་པ་གཉིས་ལས། དང་པོ་ནི། ཚོགས་བསགས་རྣམ་པ་གཉིས་ཀྱིས་སྦྱོང་བར་བྱེད་ཅིང༌། གཉིས་པ་ལ་སྣོད་དང་བཅུད་སྦྱོང་ཚུལ་གཉིས་ལས། སྣོད་ཀྱི་འཇིག་རྟེན་ནི་ལྷའི་གཞལ་ཡས་ཁང་དང༌། ལྷའི་དཔའ་བོ་གཅིག་པའི་མངོན་རྟོགས་ལ་ནི། ལྷའི་གདན་གྱི་ཀྱང་སྦྱོང་བར་བྱེད་ཅིང༌། བཅུད་སྦྱོང་ཚུལ་ལ་བསྐྱེད་ཆོག་གི་སྐྱེ་གནས་བཞི་སྦྱོང་བ་དང༌། ལྷའི་རྣམ་པས་དུག་གསུམ་སྦྱོང་བའོ། །དང་པོ་སྐྱེད་ཆོག་གི་སྐྱེ་གནས་བཞིའི་སྦྱོང་ཚུལ་ནི། མངོན་བྱང་ལྔ་བསྐྱེད་ཀྱི་དྲོད་གཤེར་སྐྱེས་སྦྱོང་བ་དང༌། མཁའ་ནང་ནས་ལྷ་ཚོགས་སྤྲོ་བས་མངལ་སྐྱེས་སྦྱོང་བ་དང༌། འོད་ཀྱི་གོང་བུ་ལས་བཞེངས་པ་དང༌། རྡོ་རྗེའི་ཆོ་ག་གསུམ་བསྐྱེད་ཀྱིས་སྒོང་སྐྱེས་སྦྱོང་བ་དང༌། སྐད་ཅིག་གིས་བསྐྱེད་པའི་རྣལ་འབྱོར་གྱིས་རྫུས་སྐྱེས་སྦྱོང་བའོ། །གཉིས་པ་ནི་སྤྱིར་ལྷ་རྣམས་ཞི་བ་དང༌། ཁྲོ་བོ་དང༌། ཁྲོ་ཆགས་འདྲེས་པ་གསུམ་དུ་འདུས་ཤིང༌། ཆགས་པའི་རྣམ་པས་འདོད་ཆགས་སྦྱོང་བ་དང༌། ཤིན་ཏུ་ཁྲོ་བོའི་རྣམ་པས་ཞེ་སྡང་སྦྱོང་བ་དང༌། ཤིན་ཏུ་ཞི་བའི་རྣམ་པས་གཏི་མུག་སྦྱོང་བ་དང༌། ཁྲོར་ཆགས་འདྲེས་པས་ནི། དུག་གསུམ་ཁ་སྦྱོང་བ་ཡིན་ཏེ། དེ་ཡང་བཙུན་མོའི་འཁོར་གྱི་ནང་དུ་འདུག་པས་འདོད་ཆགས་སྦྱོང་བ་དང༌། ཁྲོ་བོ་ཆེན་པོར་འདུག་པས་ཞེ་སྡང་སྦྱོང་བ་དང༌། མཚན་དཔེ་དང་ལྡན་པས་གཏི་མུག་སྦྱོང་བ་ཡིན་ཏེ། དེས་ན་ཞི་ཁྲོ་ཕྱོགས་རེ་


TNT21_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་མི་ཟབ་པ་ཡིན་ལ། ཁྲོ་ཆགས་འདྲེས་པ་ནི་ཤིན་ཏུ་ཟབ་པ་ཡིན་ནོ། །གཉིས་པ་ནི་གྱ་ནོམ་ལྷར་ཞེན་གྱི་རྣམ་རྟོག་གཞོམ་པའི་ཕྱིར་དུ་རྫོགས་པའི་རིམ་པ་སྒོམ་པ་ཡིན་ཏེ། དེ་སྐད་དུ་རྩ་རྒྱུད་ལས། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱི། །བརྟུལ་ཞུགས་ཅན་གྱིས་སྤྲོས་པ་བསྒོམ། །སྤྲོས་པ་རྨི་ལམ་ལྟར་བྱས་ནས། །སྤྲོས་པ་ཉིད་ནི་སྤྲོས་མེད་བྱེད་དོ། །ཞེས་སོ། །བསྐྱེད་རིམ་གྱི་གནས་སྐབས་སུ། སྟོང་པ་ཉིད་ཀྱི་ལྟ་བ་དང་བསྲེས་པས། གྱ་ནོམ་ལྷར་ཞེན་གྱི་རྣམ་རྟོག་ཅུང་ཟད་མགོ་གནོན་པར་བྱེད་མོད་ཀྱི། གྱ་ནོམ་ལྷར་ཞེན་ལ་སོགས་པ་རྣམ་རྟོག་ཕྲ་མོ་རྣམས་དཔྱིས་འབྱིན་པ་ལ་རྫོགས་པའི་རིམ་པ་བསྒོམ་དགོས་པ་ཡིན་ནོ། །གཉིས་པ་ཐོབ་བྱ་གཉིས་སུ་ངེས་པའི་ཕྱིར། བསྐྱེད་རྫོགས་གཉིས་སུ་ངེས་པ་ནི། སྤྱིར་བསྐྱེད་རྫོགས་གཉིས་ཅར་སྐུ་བཞི་ཡེ་ཤེས་ལྔ་དང་བཅས་སྒྲུབ་པར་བྱེད་པའི་ཐབས་ཡིན་མོད་ཀྱི། གཙོ་བོར་གཟུགས་ཀྱི་སྐུ་འགྲུབ་པའི་དོན་དུ་བསྐྱེད་པའི་རིམ་པ་བསྒོམ་དགོས་པ་ཡིན་ཏེ། རྡོ་རྗེ་གུར་ལས། སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་དུ་འགྲུབ་པར་འགྱུར། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །ཞེས་གསུངས་ཞིང༌། གཙོ་བོར་ཆོས་ཀྱི་སྐུ་འགྲུབ་པའི་དོན་དུ་རྫོགས་པའི་རིམ་པ་བསྒོམ་དགོས་པ་ཡིན་ཏེ། སམྦུ་ཊི་ལས། རང་བྱུང་ངོ་བོ་འདི་ཉིད་ནི། །ཆོས་ཀྱི་སྐུ་ཞེས་རབ་ཏུ་གྲགས། །ཞེས་གསུངས་སོ། །གསུམ་པ་ངོ་བོ་རྟེན་དང་བརྟེན་པའི་ཕྱིར། བསྐྱེད་རྫོགས་


TNT21_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་གྲང་ངེས་པ་ནི་རྩ་རྒྱུད་ལས་ཇི་སྐད་དུ། ཨེ་མ་བྱང་ཆུབ་སེམས་དཔའ་ཆེ། །དད་པའི་ཤུགས་ཀྱིས་རབ་ཏུ་ཉམས། །ལུས་ཀྱི་དངོས་མེད་གང་ལས་བདེ། །བདེ་བ་སྨྲ་བར་མི་ནུས་སོ། ཁྱབ་དང་ཁྱབ་བྱེད་ཚུལ་གྱིས་ནི། །བདེ་བས་འགྲོ་བ་ཁྱབ་པ་ཉིད། །ཇི་ལྟར་མེ་ཏོག་ལ་གནས་དྲི། །མེ་ཏོག་དངོས་མེད་ཤེས་མི་འགྱུར། །དེ་བཞིན་གཟུགས་སོགས་དངོས་མེད་པས། །བདེ་བ་ཉིད་ཀྱང་མི་དམིགས་འགྱུར། །ཞེས་གསུངས་པས། མེ་ཏོག་དང་མེ་ཏོག་གི་དྲི་ལྟར། བསྐྱེད་རིམ་གྱི་སྒྲུབ་པའི་ལྷ་སྐུ་ལུས་ཀྱི་ཆོས་དང༌། རྫོགས་པའི་རིམ་པའི་ཡེ་ཤེས་བདེ་བ་ཆེན་པོ་སེམས་ཀྱི་ཆོས་གཉིས་རྟེན་དང་བརྟེན་པར་གནས་པ་ཡིན་ནོ། །ལྔ་པ་གོ་རིམ་ལས། འཕགས་སྐོར་བ་ཁ་ཅིག་བསྐྱེད་རིམ་བརྟན་པར་བྱས་ནས། རྫོགས་པའི་རིམ་པ་བསྒོམ་དགོས་པར་འདོད་པ་དང༌། སེམས་འགྲེལ་ཁག་གི་བསྐྱེད་རིམ་བརྟན་རུང་མ་བརྟན་རུང་ལོ་བཅུ་གཉིས་བསྒོམས་ནས་སླར་ཡང་རྫོགས་པའི་རིམ་པ་བསྒོམ་པར་འདོད་པ་དང་གཞན་ཡང་སློབ་དཔོན་ཁ་ཅིག་བསྐྱེད་རིམ་ལ་རྫོགས་རིམ་གྱི་རྒྱས་བཏབ་ནས་བསྒོམ་པར་འདོད་པ་སོགས་མང་དུ་ཡོད་ཀྱང་བརྒྱུད་པ་འདིའི་ལུགས་ནི། སྟན་ཐོག་ཅིག་ཏུ་ཐུན་སྟོད་ལ་བསྐྱེད་རིམ་དང་ཐུན་སྨད་ལ་རྫོགས་རིམ་བསྒོམ་པར་བཞེད་པ་ཡིན་ནོ། །དྲུག་པ་གྲོལ་བའི་འཐད་པ་ལ། རིགས་སམ་རྒྱུ་ཡིན་པའི་ཕྱིར་དང༌། ཐབས་ཁྱད་པར་ཅན་གྱིས་ཟིན་པའི་ཕྱིར་དང༌། དག་པ་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར་གྲོལ་བར་


TNT21_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

འཐད་པའོ། །དང་པོ་ནི། ཐམས་ཅད་གསང་བའི་རྒྱུད་ལས། རྒྱུ་ལ་འབྲས་བུ་རྒྱས་བཏབ་ཅིང༌། །འབྲས་བུ་ལ་ཡང་རྒྱུ་རྒྱས་གདབ་ཞེས་དང༌། རྩ་རྒྱུད་ལས་ཀྱང༌། ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། །མཆོག་ཏུ་བདེ་བ་གཟི་བརྗིད་པ། །དེ་བཞིན་འགྲོ་ཀུན་ལྷན་ཅིག་སྐྱེས། །ཞེས་གསུངས་པ་ལྟར། སེམས་ཀྱི་སྣང་ཆ་བཞིན་ལག་ལ་སོགས་སྣང་བ་ནི་རྒྱུ་ཡིན་ལ། བསྐྱེད་རིམ་གྱི་ལྷ་སྐུ་བསྒོམས་པའི་རྐྱེན་གྱིས་དེའི་རྒྱས་འགྱུར་གྱི་རིགས་ཐོབ་པར་འགྱུར་བའི་ཕྱིར། གཟུགས་ཀྱི་སྐུ་འགྲུབ་པའི་དོན་དུ་སྒོམ་པ་འཐད་ལ། སེམས་ཀྱི་ཆོས་ཉིད་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སུ་གནས་པ་ནི་རྒྱུ་ཡིན་ཅིང༌། རྫོགས་པའི་རིམ་པ་བདེ་སྟོང་བསྒོམས་པའི་རྐྱེན་གྱིས་དེའི་རྒྱས་འགྱུར་གྱི་རིགས་ཐོབ་པར་འགྱུར་བའི་ཕྱིར། ཆོས་ཀྱི་སྐུ་འགྲུབ་པར་འཐད་པ་ཡིན་ནོ། །གཉིས་པ་ཐབས་ཁྱད་པར་ཅན་གྱིས་ཟིན་པའི་ཕྱིར། གྲོལ་བའི་འཐད་པ་ནི། རིམ་པ་གཉིས་པོ་ཐམས་ཅད་གཉེན་པོར་ཆེ་བ་བཞིའི་བདག་ཉིད་ཅན་ཡིན་ཅིང༌། དེ་ཡང་རིགས་འདྲ་གཉེན་པོར་ཆེ་བ་དང༌། ལྟོག་པ་གཉེན་པོར་ཆེ་བ་དང༌། སྒོམ་པ་གཉེན་པོར་ཆེ་བ་དང༌། བརྟན་པ་གཉེན་པོ་ཆེ་བ་སྟེ། བཞིར་བླ་མ་གོང་མ་རྣམས་བཞེད་ཅིང༌། དང་པོ་ནི། དུག་གིས་ཁྱད་པར་གྱིས་དུག་ནད་ཞི་བ་དང༌། གཉིས་པ་ནི། མོན་སྲན་ཏྲེའུའི་བཟའ་བས་རླུང་ནད་ཞི་བ་དང༌། གསུམ་པ་ནི། ཆུ་ཐིགས་རྣ་བར་ཞུགས་པ་ཆུ་གཞན་གྱིས་དགུག་པ་དང༌། བཞི་པ་ནི། མེས་ཚིག་པ་ལ་མེ་ཉིད་ཀྱིས་གདུང་བ་ལས་སེལ་བ་


TNT21_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་སྟེ། རྣམ་རྟོག་ཁྱད་པར་གྱིས་རྣམ་རྟོག་འཇོམས་པ་བསྐྱེད་པའི་རིམ་པ་དང༌། ཉོན་མོངས་པའི་རྣམ་པ་ཅན་གྱིས་ཉོན་མོངས་པ་འཇོམས་པ་རྫོགས་པའི་རིམ་པ་བསྒོམ་པ་སྟེ། ཟློག་སྒོམ་གྱི་གྲོལ་བར་འཐད་པ་ཡིན་ནོ། །དེ་ཡང་རྩ་རྒྱུད་ལས། དུག་གི་དུམ་བུ་གང་ཉིད་ཀྱིས། །སྐྱེ་བོ་ཐམས་ཅད་འཆི་བར་འགྱུར། །དུག་གི་དེ་ཉིད་ཤེས་པ་དེས། །དུག་གིས་དུག་ནི་འབིགས་པར་བྱེད། །ཇི་ལྟར་རླུང་གི་ཟིན་པ་དེ། །མོན་སྲན་ཏྲིའུའི་བཟའ་བ་སྦྱིན། །ཞེས་པ་ནས། སངས་རྒྱས་མུ་སྟེགས་ཀྱི་མི་ཤེས། །ཞེས་པའི་བར་གསུངས་སོ། །གསུམ་པ་དག་པ་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར། གྲོལ་བའི་འཐད་པ་ནི། ཇི་སྐད་དུ། རྩ་རྒྱུད་ལས། ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཕྱི་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ། །ཞེས་དང༌། རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཞེས་པ་ལྟར། དེ་བཞིན་ཉིད་ཀྱི་དག་པ་དང༌། ལྷ་སོ་སོའི་དག་པ་དང༌། རང་རིག་པའི་དག་པ་སྟེ་གསུམ་ལས། སྤྱིར་རིམ་པ་གཉིས་ཀར་ལ་དག་པ་གསུམ་ཆར་ཚང་ཡོད། གཙོ་བོར་ཆོས་ཐམས་ཅད་གདོད་མ་ནས་སྤྲོས་པ་དང་བྲལ་བ་ནི། དེ་བཞིན་ཉིད་ཀྱི་དག་པར་གནས་ལ་དེའི་ཕྱིར། རྟོགས་པའི་ལྟ་བས་དེ་ཉིད་སྟོང་ཉིད་དུ་བསྒོམས་པས་གྲོལ་བར་འཐད་པ་དང༌། ཕུང་ཁམས་སྐྱེ་མཆེད་


TNT21_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

གདོད་མ་ནས་ལྷ་སོ་སོའི་དག་པར་གནས་ལ། དེའི་ཕྱིར་བསྐྱེད་རིམ་གྱིས་དེ་དག་ལྷ་སྐུར་བསྒོམས་པས་གྲོལ་བར་འཐད་པ་དང༌། སེམས་ཉིད་རང་རིག་པའི་བདེ་བ་ཆེན་པོ། རང་རིག་པའི་དག་པར་གནས་ལ། དེའི་ཕྱིར་རྫོགས་པའི་རིམ་པ་བདེ་སྟོང་གོམས་པས་གྲོལ་བར་འཐད་པ་ཡིན་ནོ། །གཉིས་པ་བསྐྱེད་རིམ་རྒྱས་པར་བཤད་པ་ལ། གང་དུ་བསྒོམ་པའི་གནས། གང་གིས་སྒོམ་པའི་གང་ཟག །གང་གི་ཚེ་སྒོམ་པའི་དུས། ཇི་ལྟར་སྒོམ་པའི་བསམ་པ། བསྒོམ་བྱ་དངོས་ཞིབ་མོར་བཤད་པ་དང་ལྔ་ལས། དང་པོ་ནི། ཇི་སྐད་དུ་རྩ་རྒྱུད་ལས། གནས་ནི་བཟང་པོ་ངེས་པར་བརྟགས། །རང་གི་ཁྱིམ་དུ་མཚན་དུས་སུ། །ཞེས་པ་ལྟར། ལས་དང་པོ་པས། རང་གི་ཁྱིམ་དུ་སྒོམ་པ་དང༌། བརྟན་པ་ཅུང་ཟད་ཐོབ་པས་ནི། ཤིང་གཅིག་དང་ནི་དུར་ཁྲོད་དང༌། །མ་མོའི་ཁྱིམ་ནང་མཚན་མོ་དང༌། །ཡང་ན་དབེན་པའི་བས་མཐའ་རུ། །ཞེས་གསུངས་པ་ལྟར་གྱི་གནས་དང༌། བརྟན་པ་ཆེར་ཐོབ་པས་ནི་ཡུལ་ཆེན་སུམ་ཅུ་སོ་བདུན་རྣམས་སུ་སྒོམ་པ་ཡིན་ནོ། །གཉིས་པ་ནི་རྒྱུད་ཀྱི་རྒྱལ་པོ་འདིར། དབང་བཀུར་བ་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ཐོབ་ལ་མ་ཉམས་པ། ལས་དང་པོ་པའི་ས་ལ་གནས་པ་ཡིན་ནོ། །གསུམ་པ་གང་གི་ཚེ་སྒོམ་པའི་དུས་ནི། གོང་དུ་སྨོས་པ། མཚན་དུས་སུ་ཞེས་གསུངས་པ་ལྟར། ལས་དང་པོ་པས། བསྐྱེད་རིམ་གྱི་ལྷ་སྐུ་ལ་སེམས་འཛིན་པའི་དུས། གཙོ་བོར་མཚན་མོ་ཡིན་ལ་


TNT21_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་བཟླས་སྒོམ་ལ་སོགས་པ་བྱ་བའི་དུས་ལ་ངེས་པ་མེད་དོ། །བརྟན་པ་ཅུང་ཟད་ཐོབ་ནས་གནས་སྐབས་ཐམས་ཅད་སྒོམ་པར་བྱ་བ་ཡིན་ཏེ། ཇི་སྐད་དུ། རྩ་རྒྱུད་ལས། བདག་མེད་རྣལ་འབྱོར་ལྡན་པ་ཡི། །ཡང་ན་ཧེ་རུ་ཀ་དཔལ་བརྩོན། །ཞེས་དང༌། གཞན་པའི་སེམས་ཀྱི་སྐད་ཅིག་ཀྱང༌། །གདུག་པའི་སེམས་ནི་མ་རིག་པས། །དངོས་གྲུབ་འདོད་པས་དངོས་གྲུབ་ཕྱིར། །མཁས་པས་འབད་པས་མི་གནས་སོ། །ཞེས་གསུངས་པ་ལྟར་ཡིན་ནོ། །བཞི་པ་ནི། རྩ་རྒྱུད་ལས། བདག་ཉིད་གྲུབ་པའི་སེམས་ཀྱི་ནི། །རྣལ་འབྱོར་མ་སྒོམ་ཤེས་རབ་ཅན། །ཞེས་གསུངས་པ་ལྟར། ལམ་དང་ལམ་སྟོན་པ་པོའི་གང་ཟག་ལ། ཐེ་ཚོམ་སྤངས་ནས་ངེས་པར་འགྲུབ་པའི་ཡིད་ཆོས་དང་བཅས་ཏེ་སྒོམ་དགོས་པ་ཡིན་ནོ། །ལྔ་པ་ལ་བསྒོམ་བྱ་དཀྱིལ་འཁོར་གྱི་རྣམ་བཞག་དང༌། སྒོམ་ཚུལ་མངོན་རྟོགས་ཀྱི་རྣམ་བཞག་དང༌། སྒོམ་འབྲས་ས་ལམ་གྱི་རྣམ་པར་གཞག་པ་གསུམ་ལས། དང་པོ་ནི། གོང་དུ་བཤད་པའི་རྩ་བཤད་ཆ་མཐུན་གྱི་རྒྱུད་དང་བཅས་པ་རྣམས་ལས་དཀྱིལ་འཁོར་གྱི་རྣམ་བཞག་མང་དུ་གསུངས་མོད། འདིར་གུར་བརྟག་སམ་གསུམ་ལས་བཤད་པའི་དཀྱིལ་འཁོར་གྱི་རྣམ་བཞག་ནི། དངོས་བསྟན་ཚིག་གི་ཟིན་པ་བླ་མའི་མན་ངག་གི་བཀྲལ་བ་གཉིས་ལས་དང་པོ་དངོས་ནི་བརྟག་གཉིས་ལས། སྐུ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་དང༌། གསུང་ཀྱཻ་རྡོ་རྗེ་དང༌། ཐུགས་ཀྱི་ཀྱཻ་རྡོ་རྗེ་


TNT21_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཐུན་མོང་ཧེ་རུ་ཀའི་དཀྱིལ་འཁོར་གསུམ། སྙིང་པོ་ཀྱཻ་རྡོ་རྗེ་དང༌། བདག་མེད་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་ཏེ། མཆོག་གི་དཀྱིལ་འཁོར་གཉིས་རེ་ལྔའོ། །བཤད་པའི་རྒྱུད་རྡོ་རྗེ་གུར་ལས་ནི། མི་བསྐྱོད་པ་ཀྱཻ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར། རྣམ་པར་སྣང་མཛད་ཀྱཻ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར། རིན་ཆེན་འབྱུང་ལྡན་ཀྱཻ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར། འོད་དཔག་མེད་ཀྱཻ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར། དོན་ཡོད་གྲུབ་པ་ཀྱཻ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་ཏེ་རིགས་རྐྱང་གི་དཀྱིལ་འཁོར་ལྔ་དང༌། རིགས་བསྡུས་ལ་ནི། བརྒྱད་བརྒྱད་དབུས་སུ་གནས་པའམ། །ཡང་ན་ཉི་ཤུ་རྩ་ལྔའི་བར། །ཞེས་གསུངས་པ་ལྟར། ལྷ་དགུ་མ་ལྔ་གཅིག་ཏུ་བསྡུས་པའི་དཀྱིལ་འཁོར་དང༌། ལྷ་ལྔ་མ་ལྔ་གཅིག་ཏུ་བསྡུས་པའི་དཀྱིལ་འཁོར་སྟེ། རིགས་བསྡུས་དཀྱིལ་འཁོར་གཉིས་སོ། །དེ་དག་ལ་ཇི་སྐད་དུ། སངས་རྒྱས་མགོན་པོ་གང་ཉིད་ཀྱི། །དཀྱིལ་འཁོར་གཙོ་བོར་གང་གྱུར་པ། །དེ་ཉིད་ཀྱིས་ནི་དཀྱིལ་འཁོར་རོ། །ཞེས་གསུངས་པ་ལྟར་ལས། ལྷ་གཙོ་བོ་ལྔ་གོ་འཕོས་པའི་དབྱེ་བས་རིགས་བསྡུས་རྒྱས་པ་ལྔ་བསྡུས་པ་ལྔ་སྟེ། སྙིང་པོ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་བཅོ་ལྔ། བདག་མེད་ལྷ་མོ་བཅུ་གསུམ་མ་དང༌། བཅོ་ལྔ་མ་སྟེ། དངོས་བསྟན་ཚིག་གིས་ཟིན་པའི་དཀྱིལ་འཁོར་བཅུ་བདུན་དང༌། ཧེ་རུ་ཀ་གཞན་གསུམ་གྱི་སྒྲུབ་ཐབས་གཉིས་དངོས་སུ་བཤད་པ་ལ་རྒྱ་བོད་ཀྱི་བླ་མ་རྣམས་ཀྱིས་བཞེད་པས། འཁོར་གྱི་ལྷ་ཚོགས་


TNT21_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བས། དངོས་བསྟན་དཀྱིལ་འཁོར་ཉི་ཤུར་གསུངས་སོ། །སམྦུ་ཊི་ལས། སྐུ་ཧེ་རུ་ཀའི་དཀྱིལ་འཁོར་དང༌། གསུང་གི་ཧེ་རུ་ཀ ཐུགས་ཀྱི་ཧེ་རུ་ཀ །སྙིང་པོའི་ཧེ་རུ་ཀ་རྣམས་ལ། ལྷ་བཅུ་བདུན་མའི་དཀྱིལ་འཁོར་རེ་རེ་གསུང་ཞིང༌། རྡོ་རྗེ་བདག་མེད་མ་དང༌། ཡེ་ཤེས་དབང་ཕྱུག་མ་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དང༌། རྟོག་གདན་ཅན་ལྷ་བཅུ་བདུན་མའི་དཀྱིལ་འཁོར་དང༌། རྒྱུད་འདིའི་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་དབྱིངས་ཞེས་བྱ་བ། རྡོ་རྗེ་སེམས་དཔའ་ལྷ་སོ་བདུན་གྱི་དཀྱིལ་འཁོར་རེ་དངོས་བསྟན་ཚིག་གིས་ཟིན་པ་བརྒྱད་དོ། །འདིའི་བདག་མེད་མ་ནི། སློབ་དཔོན་ཨ་བྷ་ཡ་ཀ་རས་ལྷ་ཉི་ཤུ་རྩ་གསུམ་དུ་གསུངས་ཀྱང༌། རང་ལུགས་ཀྱི་བླ་མ་གོང་མ་ནི། ལྷ་བཅོ་ལྔ་མར་བཞེད་དོ། །གཉིས་པ་ལ་རྒྱ་བོད་ཀྱི་མཁས་པ་སོ་སོའི་འདོད་ཚུལ་ལ་མང་དུ་ཡོད་ཀྱང༌། འདིར་མ་སྨོས་ལ། སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པའི་མན་ངག་གི་ལུགས་ལ་རྩ་རྒྱུད་ཀྱི་དངོས་བསྟན་དཀྱིལ་འཁོར་ལྔའི་སྟེང་དུ། རྒྱུ་རྡོ་རྗེ་འཛིན་པ་གཙོ་བོར་བྱས་པའི་དཀྱིལ་འཁོར་བསྣན་པ་ལ་དྲུག་གོ །བཤད་རྒྱུད་རྡོ་རྗེ་གུར་ལས་བྱུང་བ་ལ་ནི། སྙིང་པོ་ཀྱཻ་རྡོ་རྗེ་རིགས་བསྡུས་ཀྱི་དཀྱིལ་འཁོར་ལ་རིགས་ལྔའི་དབྱེ་བས། རིགས་བསྡུས་རྒྱས་པ་ལྔ་དང༌། བསྡུས་པ་ལྔ་འབྱུང་བཞིན་དུ། ཧེ་རུ་ཀ་གཞན་གསུམ་ལ་རིགས་ལྔའི་དབྱེ་བས། རིགས་བསྡུས་རྒྱས་པ་ལྔ་དང༌། བསྡུས་པ་ལྔ་སྟེ་བཅུ་བཅུ་འབྱུང་བས་རིགས་བསྡུས་ཀྱི་དཀྱིལ་འཁོར་བཞི་བཅུ་དང༌། དངོས་བསྟན་


TNT21_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་ཀྱཻ་རྡོ་རྗེ་རིགས་རྐྱང་ལྷ་དགུའི་དཀྱིལ་འཁོར་ལ་རིགས་ལྔའི་དབྱེ་བས། རིགས་རྐྱང་ལྷ་དགུའི་དཀྱིལ་འཁོར་ལྔ་ཡོད་པ་བཞིན་དུ། ཧེ་རུ་ཀ་གཞན་གསུམ་ལ་ཡང་རིགས་ལྔའི་དབྱེ་བས་རིགས་ཀྱང་ལྷ་དགུའི་དཀྱིལ་འཁོར་ལྔ་ལྔ་འབྱུང་བས་ཉི་ཤུའོ། །དེ་ལྟར་ཡབ་ཧེ་རུ་ཀའི་དཀྱིལ་འཁོར་དྲུག་ཅུའི་སྟེང་དུ་བདག་མེད་མའི་དཀྱིལ་འཁོར་གཉིས་ཏེ། དྲུག་ཅུ་རྩ་གཉིས་ལྗོན་ཤིང་ལས་བཤད་པ་ལྟར་རམ། ཡང་གུར་རྒྱན་ལྟར་ན། སྔར་གྱི་དཀྱིལ་འཁོར་དེ་རྣམས་ཀྱི་སྟེང་དུ། རིགས་རྐྱང་ལྷ་ལྔ་ལ་ཉི་ཤུ་བསྟན་པས་བརྒྱད་ཅུ་རྩ་གཉིས་དང༌། དེ་ཡང་བརྒྱད་བརྒྱད་དབུས་སུ་གནས་པའམ། ཞེས་པའི་སྐབས་ཀྱི་དཀྱིལ་འཁོར་ལ། རིགས་རྐྱང་དང་རིགས་བསྡུས་གཉིས་འབྱུང་བ་བཞིན་དུ། ཡང་ན་ཉི་ཤུ་རྩ་ལྔའི་དབང་ཞེས་པའི་སྐབས་ཀྱི་དཀྱིལ་འཁོར་ལ་ཡང་རིགས་རྐྱང་དང་རིགས་བསྡུས་ཀྱི་དབྱེ་བ་དོན་གྱིས་ཐོབ་པས། ཡབ་ཧེ་རུ་ཀ་བཞི་ལ་རིགས་ལྔའི་དབྱེ་བས་ཉི་ཤུ་ལ་ལྷ་ལྔའི་དཀྱིལ་འཁོར་རེ་རེ་སྟེ་དཀྱིལ་འཁོར་ཉི་ཤུའོ། །རིགས་རྐྱང་གི་དཀྱིལ་འཁོར་ལ། རྒྱས་པ་ཉི་ཤུ། བསྡུས་པ་ཉི་ཤུ། རིགས་བསྡུས་ཀྱི་དཀྱིལ་འཁོར་ལ་རྒྱས་པ་ཉི་ཤུ། བསྡུས་པ་ཉི་ཤུ། ཡབ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་བརྒྱད་ཅུ་ལ། སྐུ་གསུང་ཐུགས་སྙིང་པོའི་ཧེ་རུ་ཀ་བཞི་ལ་དཀྱིལ་འཁོར་ཉི་ཤུ་ཉི་ཤུ་འབྱུང་ཞིང༌། རིགས་ལྔ་ལ། དཀྱིལ་འཁོར་བཅུ་དྲུག་བཅུ་དྲུག་ཡོད་དོ། །འདིར་ཉེ་བར་མཁོ་བ་མི་བསྐྱོད་པ་རྡོ་རྗེ་ཅན་གྱི་ཀྱཻ་རྡོ་རྗེ་རྣམས་མིང་གི་རྣམ་གྲངས་དང༌།


TNT21_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ། སངས་རྒྱས་རྟག་པ་ཕན་པ་རྣམས་མིང་གི་རྣམ་གྲངས་དང༌། རིན་ཆེན་འབྱུང་ལྡན། རྡོ་རྗེ་ཉི་མ་གསེར་གྱི་རིགས། ཧེ་རུ་ཀའི་རིགས་ནམ་མཁའ་མཛོད། ཅེས་པ་རྣམ་གྲངས་དང༌། འོད་དཔག་མེད། པདྨ་གར་དབང་འཇིག་རྟེན་དབང་ཕྱུག་རྡོ་རྗེ་ཆོས་རྣམས་རྣམ་གྲངས་དང༌། དོན་ཡོད་གྲུབ་པ་དང༌། རྟའི་རྒྱལ་པོ། རྡོ་རྗེ་རྟ་མཆོག །འདུན་པའི་རྒྱལ་པོ་ལྕགས་ཀྱི་རྒྱལ་པོ་རྣམ་གྲངས་སོ། །སམྦུ་ཊི་ལས། དཀྱིལ་འཁོར་དང་པོ་བདུན་གྱི་སྟེང་དུ། རྡོ་རྗེ་དབྱིངས་ལ་རིགས་ལྔའི་ལྷ་གཙོ་བོར་གོ་འཕོས་པའི་དབྱེ་བས་མཆོག་སྒྲུབ་པའི་དཀྱིལ་འཁོར་ལྔ་སྟེ་བཅུ་གཉིས་སོ། །དེ་དག་ལ་ཧེ་རུ་ཀ་བཞི་དང༌། བདག་མེད་མ་ནི་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་དང༌། ཡེ་ཤེས་དབང་ཕྱུག་མ་ནི་རྡོ་རྗེ་གདན་བཞིའི་དཀྱིལ་འཁོར་དང༌། དྲག་པོ་གདན་ཅན་དང༌། རྡོ་རྗེ་དབྱིངས་ནི་སངས་རྒྱས་མཉམ་སྦྱོར་དང་མཐུན་པར་བླ་མ་གོང་མ་རྣམས་བཞེད་དོ། །སློབ་དཔོན་ཨ་བྷ་ཡ་ཀ་རས་ནི། དྲག་པོ་གདན་ཅན་སྟོན་པའི་ཚིག་གིས་དུར་ཁྲོད་ལ་དགྱེས་པའི་ཧེ་རུ་ཀ་དང༌། དྲག་པོ་གདན་ཅན་གཉིས་སྟོན་པར་བཞེད་ཅིང༌། དེ་གཉིས་དང་རྡོ་རྗེ་དབྱིངས་ནི། འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་བཞེད་དོ། །དེ་ལྟར་ཡོངས་སུ་དྲིལ་བས་ཀྱཻ་རྡོ་རྗེའི་རྒྱུད་གསུམ་ལས་དངོས་བསྟན། མཆོག་སྒྲུབ་པའི་དཀྱིལ་འཁོར་སུམ་ཅུ་རྩ་གསུམ་དང༌། བླ་མའི་མན་ངག་གིས་བཀྲལ་བས་བརྒྱ་ཐམ་པར་འགྱུར་རོ། །ལས་རྒྱས་པ་ནི། བརྟག་གཉིས་ལས་


TNT21_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཀུ་རུ་ཀུལླེ་དང༌། ལྷ་མོ་བདུན་གྱི་ལྷ་སྔགས་ཙམ་གསུངས་ཤིང༌། རྡོ་རྗེ་གུར་ལས་ནི། རྡོ་རྗེ་སྒྲོལ་མའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་དང༌། ལས་ཚོགས་རྒྱས་པ་གསུངས། ལྷག་མ་ལས་རྒྱས་པའི་ལྷ་ཉི་ཤུ་རྩ་བདུན་དང༌། ལས་ཚོགས་ཅི་རིགས་པ་མདོར་བསྡུས་པ་གསུངས་སོ། །སུམྦྷ་ཊི་ལས་ནི། ལས་རྒྱས་པའི་ལྷ་ཉི་ཤུ་རྩ་བརྒྱད་དང༌། ལས་ཚོགས་ཤིན་ཏུ་རྒྱས་པར་གསུངས་སོ། །གཉིས་པ་སྒོམ་ཚུལ་མངོན་རྟོགས་ཀྱི་རིམ་པ་ལ། མངོན་རྟོགས་རྒྱས་པ་ཡན་ལག་དྲུག་པ་ཉིད་རྒྱས་པར་བཤད་པ་དང༌། མངོན་རྟོགས་ཀྱི་ཆིངས་རྣམ་པར་དབྱེ་བའོ། །དང་པོ་ལ། མཉམ་པར་གཞག་པའི་རྣལ་འབྱོར་དང༌། རྗེས་སྤྱོད་ལམ་གྱི་རྣལ་འབྱོར་རོ། །དང་པོ་ལ། འདིར་བསྟན་བྱའི་གཙོ་བོ་བསྐྱེད་རིམ་རྒྱས་པར་བཤད་པ་དང། ཞར་ལས་བྱུང་བ་རྫོགས་པའི་རིམ་པའོ། །དང་པོ་ལ། སྔོན་འགྲོའི་ཆོ་ག་དང༌། དངོས་གཞིའི་ཆོ་ག་གཉིས། དང་པོ་ལ་ཐུན་མོང་གི་སྔོན་འགྲོ་དང༌། ཐུན་མོང་མ་ཡིན་པའི་སྔོན་འགྲོ་གཉིས། དང་པོ་ནི་གཞུང་ལ་དངོས་སུ་མ་གསུངས་ཀྱང་བླ་མའི་མན་ངག་ཡིན་ལ། སྤྱིར་སྐྱབས་སུ་སོང་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་གཉིས་མ་ཟད། ཐུན་རེའི་མགོར་ཡང་དེ་ཉིད་གསལ་གདབ་དགོས་པས་སྐྱབས་འགྲོ་སེམས་བསྐྱེད་དང༌། དངོས་གཞིའི་རྟོགས་པ་སྐྱེས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་རགས་པ་དག་པའི་ཕྱིར་དུ། ཡི་གེ་བརྒྱ་པའི་སྒོམ་བཟླས་ཀྱང་བྱེད་དགོས་པས་དེ་གསུམ་མོ། །ཧེ་རུ་ཀའི་ཡི་གེ་བརྒྱ་པའི་སྒོམ་བཟླས་བཤགས་ཚིག་དང་བཅས་པའི་འདི་བདེ་མཆོག་གིས་བཤད་རྒྱུད་ལ་ཨ་བྷི་དྷ་ན་ལས་འབྱུང་བ་ཡིན་ཅིང༌།


TNT21_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བླ་མེད་ཀྱི་དཀྱིལ་འཁོར་ཕལ་ཆེར་ལ་འཇུག་པ་ཡིན་ནོ། །འདི་སྐབས་ཀྱི་རྡོ་རྗེ་སེམས་དཔའ་ནི། ཡན་ལག་བཞི་བསྐྱེད་ཀྱི་ཆོགས་བསྐྱེད་པ་མཐའ་གཅིག་ཏུ་དགོས་པ་མ་ཡིན་ཏེ། འདི་མངོན་རྟོགས་རྒྱས་པ་གཞན་ལ་ལྟོས་པ་ལྷའི་བསྐྱེད་ཆོག་ཉི་ཚེ་བ་ཙམ་ཡིན་པའི་ཕྱིར། དཔེར་ན་མིག་ཏུ་གཏི་མུག་རྡོ་རྗེ་མ་བསྐྱེད་པ་བཞིན་ནམ། སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པའི་བཞེད་པ་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ལྷ་གང་སྒྲུབ་ཀྱང༌། །མངོན་རྟོགས་ཡན་ལག་བཞི་བསྐྱེད་དགོས་གསུངས་པ་ནི། མངོན་རྟོགས་རང་དབང་ཅན་གྱི་དབང་དུ་བྱས་པ་ཡིན་ནོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། ཚོགས་བསགས་པ་དང༌། བསྲུང་བའི་འཁོར་ལོ་སྒོམ་པའོ། །དང་པོ་ལ། བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །དང་པོ་ལ། ཡུལ་མཆོག་ལ་བསོད་ནམས་ཀྱི་ཚོགས་བསགས་པ་དང༌། ཡུལ་དམན་པ་བསགས་པ་གཉིས་ལས། དང་པོ་ལ་རྟེན་བྱིན་གྱིས་བརླབས་པ། ཚོགས་ཞིང་སྤྱན་དྲངས། ཚོགས་བསགས་པ་དངོས་དང་གསུམ་ལས། དང་པོ་ནི། ཐ་མལ་གྱི་ང་རྒྱལ་གྱི་མཆོད་པ་ལ་སོགས་པ་བྱས་པ་ལ་ཡང་བསོད་ནམས་ཀྱི་ཚོགས་ཆེ་བར་འབྱུང་མོད། དེ་ལྟ་བུས་བསྐུལ་བས་མཆོད་པ་ལས་ཀྱང༌། དག་པའི་སྣང་བར་བསྒྱུར་ནས་ཉིན་ཞག་གཅིག་གི་བར་དུ་མཆོད་པ་བསོད་ནམས་ཆེ་བས། ལུས་ལྷ་སྐུ་དང༌། སེམས་གཟུང་འཛིན་གཉིས་སྟོང་གི་ཡེ་ཤེས་ཀྱི་ངོ་བོ་


TNT21_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ལྔ་མཚོན་པའི་ཧཱུཾ་གིས་རྣམ་པར་སྒོམ་པ་ཡིན་ནོ། །གཉིས་པ་གང་ནས་སྤྱན་འདྲེན་པའི་རང་བཞིན་གྱི་གནས་ནི། འགའ་ཞིག་ལྟར་འོག་མིན་སྟུག་པོ་བཀོད་པར་འཆད་པའང་མི་འགལ་མོད། འདིར་ཆོས་དབྱིངས་ཉིད་ཡིན་པས་འགྲོ་འོང་གི་རྣམ་པ་མི་དགོས་ཤིང༌། མདུན་གྱི་ནམ་མཁར་གསལ་བཏབ་པ་ཁོ་ནས་ཆོག་ལ། དེ་ཡང་བླ་མ་དང་ཡི་དམ་ངོ་བོ་དབྱེར་མེད་པ་ལ་ཐམས་ཅད་མཐུན་མོད། འདིར་རྣམ་པ་ཐ་དད་པ་ནི། བླ་མ་ཉིད་ཡི་དམ་གྱི་རིགས་བདག་གི་ཚུལ་དུ་གསལ་གདབ་དགོས་པ་ཡིན་ནོ། །གསུམ་པ་ལ་ཕྱག་འཚལ་བ། མཆོད་པ་འབུལ་བ། རྒྱུན་བཤགས་སྡོམ་བཟུང་སྟེ་བཞི་ལས། འདིར་མཆོད་པ་ནི་སྙིང་གའི་ཧཱུཾ་ལས་སྤྲོས་པའི་ལྷ་མོ་བརྒྱད་ཀྱིས་འབུལ་བ་ཡིན་ལ། ལྷ་མོ་དང་པོ་ལྔས་ནང་གི་མཆོད་པ་དང༌། བརྒྱད་པ་གཡུང་མོས་ནི་གསང་བའི་མཆོད་པ་འབུལ་བ་ཡིན་ནོ། །གཉིས་པ་ཡུལ་དམན་པ་ལ་བསོད་ནམས་ཀྱི་ཚོགས་བསགས་པ་ནི། ཚད་མེད་པ་བཞི་སྒོམ་པ་ཡིན་ཞིང༌། དང་པོ་གསུམ་ནི་ཐེག་པ་སྤྱི་དང་མཐུན་ལ། བཞི་པ་ནི་སེམས་ཅན་ཐམས་ཅད་བཏང་སྙོམས་ཚད་མེད་པ་ལ་འགོད་པར་འདོད་པའོ། །དེ་ལྟར་བསོད་ནམས་ཀྱི་ཚོགས་བསགས་པ། བཞི་འཁོར་བའི་གནས་སྐབས་སུ་སྐྱེ་བ་ཕྱི་མར་སྐྱེ་འགྱུར་གྱི་འཕེན་བྱེད་ཀྱི་ལས་གསོག་པ་དང་མཚུངས་པ་ཡིན་ལ། སྦྱངས་འབྲས་དང་སྦྱར་ན་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས་པ་དངམཚུངས་པ་ཡིན་ལ། དེ་གཉིས་དང་མཚུངས་པར་སྦྱར་བའི་


TNT21_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་ནི། ལམ་དེ་ལྟར་བསྒོམས་པས། འཁོར་བའི་ཆོས་རྣམས་སྦྱོང་བ་དང༌། འབྲས་བུ་མངོན་དུ་འགྱུར་བའི་རྟེན་འབྲེལ་ཁྱད་པར་ཅན་བསྒྲིགས་པ་ཡིན་ནོ། །དེ་ལྟར་སྒོམ་པའི་གནས་སྐབས་ཀྱི་དགོས་པ་ནི་ལྷ་རྣམས་མཆོད་པས་མཉེས་ཤིང་རྒྱུད་བྱིན་རླབས་པ་དང༌། དེས་བར་དུ་གཅོད་པ་མི་འབྱུང་བ་དང༌། ཚོགས་ཆུང་ངུས་ཚོགས་རྒྱ་ཆེན་པོ་གསོག་པ་དང༌། དངོས་གཞིའི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བའི་རྒྱུར་གྱུར་བའོ། །གཉིས་པ་ཡེ་ཤེས་ཀྱི་ཚོགས་བསགས་པ་ནི། རྒྱུད་དང་སྒྲུབ་ཐབས་སོ་སོ་ནས་བཤད་པ་ལྟར། རྣམ་ཐར་བཞི་དང༌། གསུམ་དང༌། དག་པ་གསུམ་དང༌། སྣང་བ་སེམས་དང༌། སེམས་སྟོང་ཉིད་དུ་གཏན་ལ་འབེབས་པ་སྟེ་རིམ་གཉིས་ཀྱིས་སྦྱོར་ཚུལ་སོགས་མང་དུ་གསུངས་མོད་ཀྱང༌། འདིར་ཤུ་ནྱ་ཏའི་སོགས་སྔགས་དོན་བསམ་པ་གཅིག་པུས་ཆོག་ལ། སློབ་དཔོན་འགའ་ཞིག་ལྟར་རིག་པའི་དཔྱད་པ་སྔོན་དུ་གཏོང་བ་དང་མི་འགལ་མོད། འདིར་སྟོང་པ་ཉིད་ལ་མི་རྟོག་པར་འཇོག་པ་སྟེ། སྟོང་ཉིད་ཡེ་ཤེས་རྡོ་རྗེའི་བདག་ཉིད་ངའོ། །ཞེས་པ་ལྟར། སྟོང་ཉིད་རིག་པའི་མྱོང་བྱར་བྱས་པ་སྟེ། དེའི་རྗེས་ཐོབ་ཀྱི་ཚུལ་དུ་སངས་རྒྱས་རྣམས་ཀྱི་ཡེ་ཤེས་རྡོ་རྗེའི་བདག་ཉིད་ངའོ། །ཞེས་ང་རྒྱལ་ཡང་བྱའོ། །དེ་ལྟར་ཡེ་ཤེས་ཀྱི་ཚོགས་བསགས་པ་ནི། གཞི་འཁོར་བའི་ཆོས་ལ་འཆི་བའི་རྣམ་པ་དང་མཐུན་པས་སྦྱོང་ཞིང༌། འབྲས་བུའི་ཆོས་ལ། ཡང་དག་པའི་མཐའ་ཆོས་ཀྱི་སྐུ་མངོན་དུ་བྱེད་པའི་རྣམ་པ་དང་མཐུན་པས་ལམ་དུ་


TNT21_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ཡིན་ནོ། །འདིར་ཡེ་ཤེས་ཚོགས་གསོག་འཆི་བ་སྦྱོང་བྱེད་དུ་མི་འཐད་པར་འདོད་པ་ནི། མི་གཡོ་བ་བླ་མེད་ཀྱི་རྒྱུད་མ་མཐོང་བར་ཟད་ལ། ཁ་ཅིག་བསྲུང་འཁོར་ཡན་ཆད་སྔོན་འགྲོའི་ཆོས་ལ་སྦྱང་གཞི་སྦྱོང་བྱེད་སྦྱོར་བ་འགོག་པ་ནི། རང་གིས་ཀྱང་གསང་འདུས་ཡེ་ཤེས་ཞབས་ལུགས་ལ་ཡེ་ཤེས་ཚོགས་བསགས་འཆི་བ་སྦྱོང་བྱེད་དུ་བཤད་པ་དང་ནང་འགལ་བ་ཡིན་ནོ། །གཉིས་པ་བསྲུངབའི་འཁོར་ལོར་སྒོམ་པ་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ཀྱི་དང་པོ་ལ། འདིའི་རིགས་འདྲ་བླ་མེད་ཀྱི་དཀྱིལ་འཁོར་ཕལ་ཆེར་ལ། ཐུན་མོང་དུ་འཇུག་པའི་དོན་ཡིན་ནོ། །ཐུན་མོང་མ་ཡིན་པ་ནི། བསྲུང་འཁོར་འདིའི་རིགས་འདྲ་དཀྱིལ་འཁོར་མཐའ་དག་འཇུག་པ་མ་ཡིན་གྱི། དཀྱིལ་འཁོར་ཁྱད་པར་ཅན་འགའ་ཞིག་ལ་ཡོད་ཅེས་པའི་དོན་ཡིན་ནོ། །འདིའི་ཀྱཻ་རྗེའི་ཐུན་མོང་མ་ཡིན་པ་ལ་འཆད་པ་མི་འཐད་དེ། ཀྱཻ་རྡོ་རྗེའི་དཀྱིལ་འཁོར་ཡིན་ཡང་ཁྲོ་བཅུའི་བསྲུང་འཁོར་མེད་པ་མང་ཞིང༌། རྒྱུད་སྡེ་གཞན་གྱིས་དཀྱིལ་འཁོར་ལ་ཡང་ཁྲོ་བཅུའི་བསྲུང་འཁོར་བསྒོམ་དགོས་པ་མང་དུ་ཡོད་པའི་ཕྱིར། ཐུན་མོང་གི་བསྲུང་འཁོར་ལ་རྩ་རྒྱུད་ཀྱི་དངོས་བསྟན་ལས་ཉི་མ། སྣ་ཚོགས་རྡོ་རྗེ། རྡོ་རྗེའི་རྭ་གུར་རེ་བཞིར་བཤད་པ་དང༌། བླ་མའི་མན་ངག་ལས། པདྨ་རྡོ་རྗེའི་ས་གཞི་དྲྭ་བ། བླ་རེ། མེ་རི་དང་བཅས་པ་སྤྱི་དང་མཐུན་པར་སྦྱར་བ་ཡིན་ནོ། །ཐུན་མོང་མ་ཡིན་པའི་བསྲུང་འཁོར་ནི། རྒྱ་གར་གྱི་གཞུང་འགྲེལ་རྣམས་ལས་སྣ་ཚོགས་པར་གསུངས་


TNT21_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡང༌། བླ་མའི་མན་ངག་གིས་རྡོ་རྗེ་གུར་ལས་གཙུག་ཏོར་འཁོར་བསྒྱུར་བའི། ལས་ཚོགས་ཕྱིར་བཟློག་གི་སྐབས་ཀྱི་འཁོར་ལོ་ལ། བདག་མེད་མའི་དཀྱིལ་འཁོར་གྱི་སྐབས་དང་བསྲུང་བའི་སྐབས་ཀྱི་ཁྲོ་བོ་གཞན་བཅུ་པ་བཀོད་པ་ཡིན་ཅིང༌། དེ་ལའང་བསྲུང་བ་ཙམ་དང་ཕྱིར་བཟློག་གཉིས་ལས་བསྲུང་བ་ཙམ་གྱིས་ཕྱིར་བཟློག་མི་གྲུབ་ཅིང༌། ཕྱིར་བཟློག་གིས་ནི་གཉིས་ཅར་གྲུབ་པ་ཡིན་ནོ། །ད་ལྟའི་ལག་ལེན་ནི། ཕྱིར་བཟློག་གི་ཆོ་གའོ། ཁྲོ་བོ་བཅུའི་གནས་དང༌། ཡན་ལག་བཞི་བསྐྱེད་དགོས་པས་ཕྱིར་བཟློག་གི་གནས་ལྔའི་གཞི་ལེགས་པ་ཡོད་པ་རྒྱས་པར་ཤེས་པར་བྱའོ། །དེ་ལྟར་བསྲུང་བའི་འཁོར་ལོ་སྒོམ་པས། གཞི་འཁོར་བའི་ཆོས་ལ་གང་དུ་སྐྱེ་བ་ལེན་པར་འགྱུར་བའི་བར་དུ་གཅོད་པ་སེལ་བ་མཚོན་ཞིང༌། འབྲས་བུའི་ཆོས་ལ་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་སྟོན་པའི་སྔོན་རོལ་ཏུ། བདུད་ཀྱི་སྡེ་བཅོམ་པའི་མཚོན་པ་ཡིན་ནོ། །གཉིས་པ་དངོས་གཞིའི་བྱ་བ་ལ། ལྷའི་རྣལ་འབྱོར་གྱི་རིམ་པ་དང༌། ལྷའི་རྣམ་པ་ལ་དམིགས་པའོ། །དང་པོ་ནི། སློབ་དཔོན་མི་ཐུབ་ཟླ་བས། ཇི་སྐད་དུ། ཕོ་བྲང་སངས་རྒྱས་རྣམ་སྣང་མཛད། དབང་ནི་མི་བསྐྱོད་དེ་བཞིན་གཤེགས། །བདུད་རྩི་མྱང་བ་འོད་དཔག་མེད། །བསྟོད་པ་རིན་ཆེན་འབྱུང་ལྡན་དཔལ། །མཆོད་པ་དོན་ཡོད་རང་བཞིན་མཆོད། །རྗེས་ཆགས་རྡོ་རྗེ་སེམས་དཔའི་དངོས། །ཞེས་པ་ལྟར་


TNT21_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་བྲང་བསྐྱེད་པ་རྣམ་པར་སྣང་མཛད་ཀྱི་ཡན་ལག །རྗེས་སུ་ཆགས་པ་རྡོ་རྗེ་སེམས་དཔའི་ཡན་ལག །དབང་བསྐུར་བ་མི་བསྐྱོད་པའི་ཡན་ལགབདུད་རྩི་མྱང་བ་འོད་དཔག་མེད་ཀྱི་ཡན་ལག །མཆོད་པ་དོན་ཡོད་གྲུབ་པའི་ཡན་ལག །བསྟོད་པ་རིན་ཆེན་འབྱུང་ལྡན་གྱི་ཡན་ལག་ཏེ་དྲུག་ལས། དང་པོ་གཞལ་ཡས་ཁང་བསྐྱེད་པ་རྣམ་པར་སྣང་མཛད་ཀྱི་ཡན་ལག་ནི། ཇི་སྐད་དུ། རྡོ་རྗེ་གུར་ལས། སངས་རྒྱས་གནས་གཞི་སྒྲུབ་ནས་ནི། །ཞེས་པ་ལྟར་གྱི་གཞལ་ཡས་ཁང་བསྐྱེད་པ་ཡིན་ཏེ། དེ་ལ་གཞིའི་ཡན་ལག་ཆོས་འབྱུང༌། རྒྱུའི་ཡན་ལག་འབྱུང་བཞིའི་འཁོར་ལོ་དང་བཅས་པ༌། རྐྱེན་གྱི་ཡན་ལག་བར་དོ་སྦྱོང་བྱེད་འཇོག་ཅིང་བར་དོའི་རྣམ་པར་ཤེས་པ་བསྲེ་བ། ངོ་བོའི་ཡན་ལག་གཞལ་ཡས་ཁང་དངོས་བསྐྱེད་པའོ། །འདིར་ཆོས་འབྱུང་ནི། སྣོད་ཀྱི་འཇིག་རྟེན་ཆགས་པ་དང་བསྟུན་ན་ནམ་མཁའ་མཚོན་པ་དང༌། འབྲས་བུ་འགྲུབ་པ་དང་བསྟུན་ན་ཆོས་ཀྱི་དབྱིངས་དྲི་མ་མེད་པར་གྱུར་པ་མཚོན་པ་ཡིན་ནོ། །འབྱུང་བ་བཞི་ལ་གཞལ་ཡས་ཁང་འགྲུབ་པ་བཞིན་དུ། ལྷ་མོ་བཞིའི་ངོ་བོར་གྱུར། འབྱུང་བ་བཞི་ལས་སྣོད་ཆགས་པ་དང༌། ལྷ་མོ་བཞིའི་ངོ་བོར་གྱུར་པའི་ཞིང་ཁམས་མཚོན་པ་ཡིན་ནོ། །འདིར་འབྱུང་བ་བཞི་པོ། རྩ་རྒྱུད་ལས། གཙོ་བོར་ལུགས་ལྡོག་དང༌། རྡོ་རྗེ་གུར་ལས། གཙོ་བོར་ལུགས་འབྱུང་དུ་སྒོམ་པ་བདུན་གང་ལྟར་ཡང་མི་འགལ་བ་ཡིན་ལ། གཞལ་ཡས་ཁང་གི་རྒྱུར་འཁོར་ལོ་བསྒོམ་པ་ནི། དེ་ཉིད་


TNT21_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་སྣང་མཛད་ཀྱི་ས་བོན་ཡིན་ཅིང༌། གཞལ་ཡས་ཁང་རྣམ་པར་སྣང་མཛད་ཀྱི་ངོ་བོར་བྱེད་པས་ཡིན་ནོ། །ཀྱཻ་རྡོ་རྗེའི་སྒྲུབ་ཐབས་ཚད་དང་ལྡན་པ་འགའ་ཞིག་ལས། བར་དོ་མཚོན་བྱེད་འཇོག་པ་མེད་ཅིང༌། འགའ་ཞིག་ལ་ཡོད་ཀྱང༌། ནང་སྒོམ་པ་ལ་སོགས་པ་ཡོད་ལ། འདིར་གྲུབ་ཆེན་ཌོམ་བི་ཧེ་རུ་ཀའི་དགོངས་དོན། སློབ་དཔོན་མི་ཐུབ་ཟླ་བས་སྒྲུབ་ཐབས་ཡན་ལག་དྲུག་པ་ལས། ཡི་གེ་ལྔ་བཀོད་པ་གསང་འདུས་ཡེ་ཤེས་ཞབས་ལུགས་མཐུན་པར་མཛད་པ་ཡིན་ནོ། །དེའི་ཡི་གེ་འབྲུ་གསུམ་གྱིས་བར་དོའི་ལུས་ངག་ཡིད་གསུམ་མཚོན་པ་དང༌། ཧོ་གཉིས་ཀྱི་སྐྱེ་བ་ལེན་པའི་རྒྱུ་སྲེད་པ་ལེན་པ་མཚོན་ནོ། །སྦྱང་འབྲས་ལ་སྦྱར་ན། ལོངས་སྤྱོད་རྫོགས་པའི་སྐུ་གསུང་ཐུགས་དང༌། དབྱིངས་དང་ཡེ་ཤེས་མཚོན། སེམས་ཀྱི་སྣང་ཆ་འབྱུང་བཞི་འཁོར་ལོ་དང་བཅས་པ་ལ་བསྲེས་པས་གཞལ་ཡས་ཁང་ལྷ་སྐུའི་ངོ་བོར་འགྱུར་ཞིང༌། དེ་ཉིད་རང་གི་སེམས་ཀྱི་སྣང་བར་ཤེས་པའི་དགོས་པ་ཡོད་དོ། །སེམས་ཅན་ཀྱི་ལས་ཀྱི་མཐུ་ལས་སྣོད་ཀྱི་འཇིག་རྟེན་ཆགས་པ་དང་ཞིང་སྦྱངས་པས་དག་པའི་ཞིང་ཁམས་གྲུབ་པ་བཞིན་དུ། ཡི་གེ་འབྲུ་ལྔའི་རྣམ་པ་ཅན་གྱི་ལོངས་སྤྱོད་རྫོགས་སྐུའི་མཐུ་ལས། གཞལ་ཡས་ཁང་འགྲུབ་པ་ཡིན་ཏེ། སེམས་ཆ་གཅིག་བསྲེས་པའི་དག་སྦྱོར་གྱི་ཕྱོགས་གཅིག་ནི་འདི་ཡང་ཡིན་ནོ། །དེ་ལྟར་ན་སྦྱང་གཞི་སྦྱོང་བྱེད་སྦྱོར་ཚུལ་དཀྱུས་ལྟར་ན་ཕྲུགས་གཅིག་ནི་དེ་ཙམ་ཡིན་


TNT21_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཞན་ཡང་གཞལ་ཡས་ཁང་གི་ལུས་སྦྱོང་བ་དང༌། ལྷ་སྐུས་སེམས་སྦྱོང་བ་ལྟར་ན། མངལ་དུ་འཇུག་པའི་སྔོན་འགྲོའི་རིམ་པ་དང་བསྟུན་ནས། འབྱུང་བཞི་ལུགས་འབྱུང་དང༌། མངལ་དུ་གནས་པའི་ཚེ། འབྱུང་བ་བཞིས་ཕན་བཏགས་པ་ལྟར། ལུགས་ལྡོག་ཏུ་སྒོམ་པ་ཡིན། དེ་ལྟར་འབྱུང་བཞི་ལས་ལུས་འགྲུབ་པ་དང་མཚུངས་པ། དེ་ལས་གཞལ་ཡས་ཁང་འགྲུབ་པའོ། །སེམས་སྣང་ཆ་ཅིག་བསྲེ་བ་ཡང༌། བར་དོའི་རྣམ་ཤེས་འཇུག་པ་ཉིད་ཡིན་པས་སྦྱང་གཞི་སྦྱོང་ཚུལ་མི་འདྲ་བ་གཉིས་འབྱུང་བ་ཡིན་ནོ། །དེ་ལྟར་སྦྱོང་ཚུལ་ཕྱི་མ་གཉིས་ནི་སློབ་དཔོན་བིརྺ་པ་དང༌། ཌོམ་བྷི་པའི་མན་ངག་ལ་མེད་ཀྱང༌། ཕམ་ཐིང་པ་ཡབ་སྲས་ཀྱི་མན་ངག་ལྟར་བླ་མ་རྣམས་སྐབས་འདིར་གསུངས་པ་བཞིན་བཤད་པ་ཡིན་ནོ། །ལྷའི་གདན་བསྐྱེད་པ་ཡང་གཞལ་ཡས་ཁང་སྒོམ་པའི་ཡན་ལག་ཡིན་ཅིང༌། སྔགས་ཀྱི་ང་རྒྱལ་ནི་རྟེན་གྱི་དཀྱིལ་འཁོར་རང་རིག་པའི་ཡེ་ཤེས་ཀྱི་ངོ་བོར་ཤེས་པའི་ཆེད་དང༌། ཡན་ལག་དྲུག་གི་ས་མཚམས་ཤེས་པའི་ཆེད་ཀྱང་ཡིན་ནོ། །གཉིས་པ་རྗེས་ཆགས་རྡོ་རྗེ་སེམས་དཔའི་ཡན་ལག་ནི། རྡོ་རྗེ་གུར་ལས། ཀུན་ཏུ་བཟང་པོ་བདེན་པའི་དངོས། །རྣམ་པ་ལྔ་པོ་བསྒོམ་བྱ་སྟེ། །རང་རང་ལྷག་ལྷའི་སྒྲུབ་ཐབས་བྱ། །ཞེས་པ་ལྟར་དམ་ཚིག་པ་བསྐྱེད་པ་དང༌། ཡེ་ཤེས་པ་གཞུག་པ་གཉིས་ལས། དང་པོ་ལ། རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ། རྒྱུ་རྡོ་རྗེ་འཛིན་པ་མཛད་པ། ཞུ་བ་གླུ་ཡིས་བསྐུལ་བ། འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པ། འོད་ཟེར་སྤྲོ་བསྡུས་ཞིང་སྦྱོང་བ། ཡི་གེ་འགོད་ཅིང་བྱིན་རླབས་ཏེ་དྲུག་ལས། དང་པོ་ནི། མངོན་བྱང་ལྔ་འབྲས་བུ་དང་བཅས་པ་ཡིན་ཅིང༌། དེ་ཡང་མངོན་


TNT21_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་དང་པོ་བཞི་དང༌། རྒྱུ་རྡོ་རྗེ་འཛིན་པ་བཞེངས་བཞིན་པ་ནི་མངོན་བྱང་ལྔ་པ་མིན་ལ། རྒྱུ་རྡོ་རྗེ་འཛིན་པ་བཞེངས་ཟིན་པ་ནི་འབྲས་བུའོ། །དེ་ལ་མངོན་བྱང་ལྔའི་མངོན་པར་རྟོགས་པ་ཅུང་ཟད་བཤད་པ་ལ། རྒྱུད་གཞུང་ལས་ཇི་ལྟར་བཤད་པའི་ཚུལ་དང༌། མངོན་བྱང་གི་དག་བྱ་བཤད་པ་དང༌། དེའི་འཕྲོས་དོན་ཅུང་ཟད་བཤད་པའོ། །དང་པོ་ནི། རྣལ་འབྱོར་རྒྱུད་དང༌། བླ་མེད་ཀྱི་རྒྱུད་ཐམས་ཅད་ལ། ཐུན་མོང་དུ་སྦྱར་བར་བྱ་བ་ནི་དེ་ཉིད་བསྡུས་པ་ལས་གསུངས་ཏེ། དེ་ཡང་སེམས་སོ་སོར་རྟོག་པ་ལས་མངོན་པར་བྱང་ཆུབ་པ། བྱང་ཆུབ་ཀྱི་སེམས་ལས་མངོན་པར་བྱང་ཆུབ་པ། བརྟན་པའི་རྡོ་རྗེ་ལས་མངོན་པར་བྱང་ཆུབ་པ། རྡོ་རྗེའི་བདག་ཉིད་ལས་མངོན་པར་བྱང་ཆུབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཇི་ལྟ་བ་དེ་ལྟ་བུ་ལས། མངོན་པར་བྱང་ཆུབ་པ་སྟེ་ལྔའོ། །གསང་འདུས་འཕགས་སྐོར་པའི་ལུགས་ལ་ནི། དེ་བཞིན་ཉིད་ལས་མངོན་པར་བྱང་ཆུབ་པ། ཟླ་བ་ལས་མངོན་པར་བྱང་ཆུབ་པ། ཡི་གེ་ལས་མངོན་པར་བྱང་ཆུབ་པ། མཚན་མ་ལས་མངོན་པར་བྱང་ཆུབ་པ། སྐུ་ཡོངས་སུ་རྫོགས་པ་ལས་མངོན་པར་བྱང་ཆུབ་པ་དང་ལྔར་གསུངས་ལ། ལྷག་མ་བླ་མེད་ཀྱི་རྒྱུད་སྡེ་ཕལ་ཆེར་ལས། ཉི་ཟླ་ཁ་སྦྱོར་དང་ཟླ་བ་ཁ་སྦྱོར་སོགས་ཁྱད་པར་ཕྲན་ཚེགས་མ་གཏོགས་དོན་གྱི་སྤྱི་མཐུན་པར་གསུངས་པ་ཡིན་ནོ། །གཉིས་པ་ལ་སྦྱོང་བྱེད་བསྐྱེད་རིམ་གྱི་མངོན་བྱང་ལྔ་བཤད་པ།


TNT21_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱང་བྱ་འཁོར་བའི་སྐྱེ་བ་བཤད་པ། སྦྱང་འབྲས་འབྲས་བུའི་མངོན་བྱང་བཤད་པའོ། །དང་པོ་ལ། བསྡུས་པ་ཨཱ་ལི་ཀཱ་ལི་ལ་མ་ལྟོས་པའི་མངོན་བྱང་དང༌། རྒྱས་པ་ཨཱ་ལི་ཀཱི་ལི་ལ་ལྟོས་པའི་མངོན་བྱང་གཉིས་ཀྱི། དང་པོ་ནི། ཇི་སྐད་དུ། རྩ་རྒྱུད་ལས། དེ་ཡི་སྟེང་དུ་ཟླ་བ་ཡིན། །ཟླ་བའི་སྟེང་དུ་ས་བོན་ཡིན། །ཕྱི་ནས་བདུད་ལས་རྒྱལ་བས་མནན། །གཉིས་འདུས་པ་ལས་བདེ་ཆེན་པོ། །ཞེས་གསུངས་པས་བསྟན་ཅིང༌། འདི་མི་མཉམ་སྦྱོར་ཁོ་ནར་ངེས་སོ། །གཉིས་པ་རྒྱས་པ་ཨཱ་ལི་ཀཱ་ལི་ལ་ལྟོས་པའི་མངོན་བྱང་ལ་མི་མཉམ་སྦྱོར་དང་མཉམ་སྦྱོར་གཉིས་སོ། །དང་པོ་ནི། རྩ་རྒྱུད་ལས། ཨཱ་ལི་ཟླ་བའི་གཟུགས་ཀྱི་གནས། ཀཱ་ལིའི་གཟུགས་ཀྱིས་སྣང་བྱེད་དོ། །ཟླ་བ་ཉི་མ་འདུས་པ་ལས། །དཀར་པོ་ལ་སོགས་རབ་ཏུ་གྲགས། །ཞེས་གསུངས། རྒྱུད་གསུམ་པོའི་གོང་འོག་ཕལ་ཆེར་ལས་འདི་ཉིད་གཙོ་བོར་བསྟན་པ་ཡིན་ནོ། །གཉིས་པ་མཉམ་སྦྱོར་གྱི་མངོན་བྱང་ནི། ཀྱཻ་རྡོ་རྗེའི་སྐབས་འདིར་བརྒྱུད་པ་འདི་བརྒྱུད་པ་འདི་ཁོ་ནས་བཞེད་པའོ། །དེ་ཡང་ཇི་སྐད་དུ། རྩ་རྒྱུད། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་གདན། །ཡི་གེ་ལས་བྱུང་གོང་བུ་ལས། །ཧཱུཾ་ཕཊ་རྣམ་པའང་འདོད་མི་བྱ། །ཞེས་པས་ཟུར་ཙམ་བསྟན་པ་ཡིན་ཅིང༌། རྒྱས་པར་སམྦུ་ཊིའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་སྐབས་ནས་འབྱུང་བས་ཁ་སྐོང་བ་ཡིན་ནོ། །དེ་ཡང་མངོན་བྱང་དང་པོ་གཉིས་ཀྱི་སྐབས་སུ་ཟླ་བ་གྲུ་གསུམ་དཀར་པོ་ཁ་སྦྱོར་དང༌།


TNT21_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་བྱང་གསུམ་པ་ནི། ཕྱག་མཚན་རྡོ་རྗེ་དཀར་པོ་ཁོ་ནར་ངེས་ཤིང༌། ས་བོན་གྱི་མཚན་པ་མེད་པ་དང༌། མངོན་བྱང་བཞི་པ་ལ་འོད་ཟེར་སྤྲོ་བསྡུས་ཞིང་སྦྱོང་བ་ཡོད་པ་ནི་འདིའི་ཁྱད་པར་ཡིན་ནོ། །ཀྱཻ་རྡོར་བ་གཞན་རྣམས་ནི། གཞུང་ཚིག་ངེས་ཀྱང་ཉི་ཟླ་ཁ་སྦྱོར་ཉིད་བསྟན་པ་དང༌། སུམྦུ་ཊིར་ཟླ་བ་ཁ་སྦྱོར་དུ་བཤད་པ་ནི། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཁོ་ན་དབང་དུ་བྱས་པ་དང༌། དེའི་ཟླ་བ་ཡང་ཟླུམ་པོར་འདོད་དོ། །དེ་ལྟར་བསྐྱེད་ཆོག་གི་རྣམ་པར་དག་པ་དེ་དག་ལ་བསྐྱེད་བྱ་ལྷའི་སྒོ་ནས་གཙོ་བོ་ཁོ་ན་མངོན་བྱང་ལས་བསྐྱེད་པ་དང༌། གཙོ་འཁོར་ཐམས་ཅད་མངོན་བྱང་ལས་བསྐྱེད་པ་གཉིས་སོ། །གཉིས་པ་སྦྱང་བྱ་འཁོར་བའི་སྐྱེ་བ་བཤད་པ་ནི། བརྒྱུད་པ་འདིའི་སྔ་རབས་པ་རྣམས་ཀྱི་གསུང་ཁོ་ན་ལྟར་ན། མངོན་བྱང་གི་ཟླ་བས་བརྫུས་སྐྱེས་ཀྱི་སེམས་ཀྱི་གསལ་ཆ་དང༌། དྲོད་གཤེར་སྐྱེས་ཀྱི་གཤེར་བ་དང༌། མངལ་སྐྱེས་ཀྱི་ཕའི་ཁམས་རྣམས་སྦྱོང་བར་བྱེད་དོ། །ཉི་མས་ནི་བརྫུས་སྐྱེས་ཀྱི་གནས་ལ་སྲེད་པ་དང༌། དྲོད་གཤེར་སྐྱེས་ཀྱི་དྲོད་དང་མངལ་སྐྱེས་ཀྱི་མའི་ཁམས་རྣམས་སྦྱོང་བར་བྱེད་ཅིང༌། ཉི་ཟླ་གཉིས་ཆར་གྱིས་ཀྱང་སྒོང་སྐྱེས་ཀྱི་སྒོ་ངའི་ཁྱིམ་དང་བཅུད་སྦྱོང་བར་བྱེད་དོ། །ཞེས་པ་དེ་ཙམ་ཞིག་གསུངས་ལ། མངོན་བྱང་ཕྱི་མ་གསུམ་འོག་ཏུ་འཆད་པ་དང་འདྲའོ། །རང་ལུགས་ཀྱི་བླ་མ་ཕྱི་མ་རྣམས་ཀྱིས་བཞེད་པ་ལྟར་ན། དེ་ཉིད་སྐྱེ་གནས་གཞན་གསུམ་ལ་གཙོ་བོར་མི་སྦྱོར་ཞིང༌། མངལ་སྐྱེས་ཁོ་ན་ལ་གཙོ་བོར་སྦྱོར་བར་


TNT21_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

མང་དེ་ཡང་སློབ་དཔོན་གཞན་གྱི་མན་ངག་གིས་ཁ་སྐང་ནས་ཞིབ་མོར་འཆད་པ་ཡིན་ནོ། །དེ་ལ་ཟླ་བས་ནི་མངལ་སྐྱེས་ཀྱི་ལུས་འགྲུབ་པའི་རྒྱུ། ཕ་ལས་ཐོབ་པའི་བྱང་སེམས་དཀར་པོ་མཚོན་པ་ཡིན་ཅིང༌། དེ་ཉིད་ཟླ་བ་ཡར་ངོ་དང་མར་ངོ་ལ་འཆར་བ་ཐིག་ལེ་འཕོ་བ་བཅུ་དྲུག་སྟེ། དབྱངས་ཡིག་སུམ་ཅུ་རྩ་གཉིས་ཀྱི་ངོ་བོར་གནས་པ་ཡིན་ལ། དེ་དང་མཐུན་པའི་ཨཱ་ལི་ཕྲག་གཉིས་སྒོམ་པ་ཡིན་ནོ། །ཉི་མས་ནི་མའི་རཀྟ་མཚོན་པ་ཡིན་ཅིང༌། དེའི་ཚོགས་པ་ལ་ནི་ས་ཆུ་མེ་རླུང་ནམ་མཁའ་དེ་ཁམས་ལྔ་ཡོད་པ། དེ་རེ་རེ་ལ་གང་ན་གཅིག་ཡོད་པ་དེར་ཐམས་ཅད་ཀྱང་ངོ་ཞེས་པའི་རིམ་པས་འབྱུང་བ་བཞི་བཞིར་ཕྱེ་བས་ཉི་ཤུ་འབྱུང་ལ། དེ་རེ་རེ་ལ་བརྟེན་ཐིག་ལེ་ལུས་ཀྱི་ཆོས་དང༌། རྟེན་པ་བདེ་བ་ཆེན་པོ་སེམས་ཀྱི་ཆོས་གཉིས་གཉིས་ཏེ་བཞི་བཅུ་འབྱུང་ཞིང༌། དེ་རེ་རེ་ལའང་སྣང་བའི་ཆ་དང༌། སྟོང་པའི་ཆ་གཉིས་གཉིས་ཏེ་བརྒྱད་ཅུ་མཚོན་པའི་ཕྱིར་དུ་ཀཱ་ལི་བརྒྱད་ཅུ་བསྒོམ་པར་བྱ་བའོ། །མངོན་བྱང་གསུམ་པའི་སྐབས་ཀྱི་ས་བོན་ནི། སྐྱེ་སྲིད་ཀྱི་ཤེས་པ་རླུང་དང་བཅས་པ་མཚོན་ཅིང༌། གནས་སྐབས་དེས་ནི་དཀར་དམར་སེམས་གསུམ་འདྲེས་པའི་གནས་སྐབས་མཚོན་པ་ཡིན་ལ། ཕྱག་མཚན་མངལ་དུ་ལུས་འཕེལ་བའི་ཡན་ལག་དང༌། ཉིང་ལག་དང་དབང་པོ་རྣམས་དོད་པ་མཚོན་ནོ། །མངོན་བྱང་བཞི་པའི་ཐམས་ཅད་རོ་གཅིག་ཏུ་འདྲེས་པ་ནི། མངལ་དུ་གྲུབ་པའི་ཕུང་ཁམས་སྐྱེ་མཆེད་རྣམས་ཡོངས་སུ་


TNT21_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་ཅིང་གོང་ནས་གོང་དུ་འཕེལ་བ་མཚོན་ནོ། །ལྔ་པ་སྐུ་ཡོངས་སུ་རྫོགས་པ་ནི། མངལ་ནས་བཙས་པ་ན། བཞིན་ལག་ཡོངས་སུ་རྫོགས་པ་མངོན་གྱུར་གཞན་ལ་སྣང་དུ་རུང་བ་མཚོན་པ་ཡིན་ནོ། །གསུམ་པ་ལ། འབྲས་བུའི་མངོན་བྱང་དངོས་བཤད་པ་དང༌། དེ་ཉིད་བསྐྱེད་རིམ་ལ་སྦྱོར་བའི་ཚུལ་ལོ། །དང་པོ་ལ་མངོན་པར་བྱང་ཆུབ་པའི་འཆར་ཚུལ་དང༌། དེ་ཉིད་ཀྱི་ངོ་བོ་བཤད་པའོ། །དང་པོ་ནི། ཇི་སྐད་དུ། རྡོ་རྗེ་གུར་ལས། རྡོ་རྗེ་ཉི་མ་ནུབ་ནས་ནི། །སྒྲུབ་པ་ཀུན་ཏུ་བརྩམ་པར་བྱ། །སྐྱ་རེངས་འཆར་བའི་དུས་སུ་ནི། །སྒོམ་པ་མཆོག་ནི་འགྲུབ་པར་གྱུར། །ཅེས་གསུངས་པ་ལྟར་ཏེ། དེ་ཡང་མཚན་མོ་ཟླ་བའི་འོད་དང་འགྲོགས་པ་ན་དགའ་བ་སྐད་ཅྀག་མ་དང་པོ་དང༌། ཉིན་མོ་ཉི་མའི་འོད་དང་འགྲོགས་པ་ནི། མཆོག་དགའ་སྐད་ཅིག་མ་གཉིས་པ་དང༌། ཉི་མ་ནུབ་པ་ན་མཚམས་ཀྱི་མུན་པས་ཁྱབ་པ་ཁྱད་དགའ་སྐད་ཅིག་མ་གསུམ་པ་དང༌། ཐོ་རངས་སྐྱ་རེངས་འཆར་བའི་དུས་སུ་ལྷན་ཅིག་སྐྱེས་དགའ་སྐད་ཅིག་མ་བཞི་པ་རྣམས་མངོན་དུ་བྱས་ནས། སྐད་ཅིག་མ་ལྔ་པ་ལ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡིན་ལ། དེ་ལྟ་བུའི་ཕྱིའི་མངོན་བྱང་ནི། ཕ་རྒྱུད་ལས་གསུངས་པ་དང་ཐུན་མོང་བ་ཡིན་ནོ། །ནང་བྱང་ཆུབ་སེམས་ཀྱི་བགྲོད་པ་ལ་ལྟོས་པའི་མངོན་བྱང་ནི། སངས་རྒྱ་ཁ་མའི་བྱང་ཆུབ་སེམས་དཔའ་རྣམས་ལ། ལོངས་སྤྱོད་རྫོགས་པའི་སྐུ་དཀྱིལ་འཁོར་


TNT21_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་རྣམས་ཀྱིས་དབང་བསྐུར་བ་དེའི་ཚེ། རྒྱུན་མཐའི་སྔ་ལོགས་སུ་བུམ་དབང་གསང་དབང་སྔོན་དུ་འགྲོ་བས། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། རང་སྣང་གི་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་ཐབས་ཀྱི་དཀར་ཆ་བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས། གསང་བའི་བར་དུ་འོངས་ཤིང་བསྟན་པར་བྱས་པས་ཡས་བརྟན་གྱི་དགའ་བ་བཞིའི་བདག་ཉིད་ཅན་གྱི་ཡེ་ཤེས་སྐྱེ་བ་མངོན་བྱང་དང་པོ་ཡིན་ལ། དེ་ལྟ་བུའི་དཀར་ཆ་དང་ལྷན་ཅིག་རང་སྣང་གི་རིག་མའི་དམར་ཆ་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་གསང་གནས་ནས་སྤྱི་བོའི་གཙུག་ཏུ་བརྟན་པར་བྱས་པས། མས་བརྟན་གྱི་དགའ་བ་བཞིའི་བདག་ཉིད་ཅན་གྱི་ཡེ་ཤེས་སྐྱེ་བ་ཏེ་མངོན་བྱང་གཉིས་པ་ཡིན་ནོ། །དེ་ནས་སློབ་མའི་ཡེ་ཤེས་ཀྱི་སྣང་བར་གྱུར་པར་རླུང་དང་བཅས་པའི་ཚོགས་པ་ཕྲ་མོ་རྣམས་སྙིང་གར་ཐིམ་ཞིང༌། དེའི་རྐྱེན་གྱིས་ཐིག་ལེ་དཀར་དམར་གྱི་ཚོགས་པ་འབབས་པ་ནི་མངོན་བྱང་གསུམ་པ་ཡིན་ནོ། །རྐྱེན་དེའི་སྐད་ཅིག་མ་གཉིས་པ་ལས་དགའ་བ་བཞི་པར་གྱུར་པའི་རྒྱུན་མཐའི་ཡེ་ཤེས་དངོས་སྐྱེ་སྟེ། ཡེ་ཤེས་དེ་ནི་བདེ་ཆེན་གྱི་སྒྲིབ་པའམ། ཤེས་བྱའི་སྒྲིབ་པ་ཕྲ་མོ་དང༌། ཀུན་གཞི་སྤོང་བར་བྱེད་པའི་དངོས་གཉེན་ཏེ། མངོན་བྱང་བཞི་པ་ཡིན་ནོ། །གཉིས་པ་ནི། དེ་ལྟར་མངོན་བྱང་དང་པོ་གཉིས་ནི་ཡས་བརྟན་དང་མས་བརྟན་གྱིས་བསྡུས་པ་དགའ་བ་བཞི་བཞིའི་བདག་ཉིད་ཅན་ཡིན་ཅིང༌། མངོན་བྱང་གསུམ་པ་ནི། ཞུ་བདེ་ལྷན་སྐྱེས་བླ་ན་མེད་པ་ཡིན་ནོ། །མངོན་བྱང་བཞི་པ་ནི་རང་བཞིན་ལྷན་སྐྱེས་སུ་


TNT21_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི་ལམ་གྱི་ཡེ་ཤེས་མཐར་ཐུག་ཡིན་པས། དེ་ཉིད་ལྷན་ཅིག་སྐྱེས་དགའ་འབའ་ཞིག་གིས་བསྡུས་པ་ཡིན་ལ། མངོན་བྱང་དང་པོ་བཞི་གོ་རིམ་བཞིན་དུ་དགའ་བ་བཞི་དང་སྦྱར་བ་ཡང་ཡོད་པ་ནི། དེ་རྣམས་ལུས་དང་ངག་དང་ཡིད་དང༌། ཡེ་ཤེས་ཀྱི་བདེ་བ་ཡིན་པས། རྣམ་པ་མཚུངས་པའི་དབང་དུ་བྱས་པ་ཡིན་ནོ། །མངོན་བྱང་བཞི་པ་དེའི་སྐད་ཅིག་གཉིས་པར་སངས་རྒྱས་ཀྱི་ཡེ་ཤེས་སྐྱེ་བ་ཡིན་ལ། དེ་ཡང་མི་སློབ་རྣམ་གྲོལ་ལམ་ནི་མངོན་བྱང་ལྔ་པའི་བདག་ཉིད་ཡིན་ཅིང༌། སྐད་ཅིག་གཉིས་པ་ཕན་ཆད་མངོན་བྱང་ལྔ་ཆར་གྱི་བདག་ཉིད་དུ་གནས་སོ། །ཞེས་བླ་མ་རྣམས་གསུངས་སོ། །དེས་ན་མངོན་བྱང་དང་པོ་བཞི་ནི། ཡེ་ཤེས་ལྔ་གར་རྗེས་མཐུན་གྱི་ངོར་གནས་ལ་མངོན་བྱང་ལྔ་པ་ནི་ཡེ་ཤེས་ལྔའི་བདག་ཉིད་དངོས་སུ་གནས་པ་ཡིན་ནོ། །དེ་ཡང་ཆོས་ཐམས་ཅད་ཀྱི་ཇི་ལྟ་བ་དང་ཇི་སྙེད་པའི་གནས་ལུགས་མཁྱེན་པ་དང༌། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་ཤིང་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ནི་འཇུག་པ་དང༌། ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་མ་འདྲེས་པར་མཁྱེན་པ་དང༌། སེམས་ཅན་གྱི་ཁམས་ཐ་དད་པ་སྨིན་ཅིང་གྲོལ་བར་མཛད་པའི་རྒྱུ་ནུས་མཐུའི་ངོ་བོར་གནས་པ་ཐུགས་རྗེ་ཆེན་པོའི་ཡེ་ཤེས་དང༌། ཆོས་དབྱིངས་ཤིན་ཏུ་དྲི་མ་མེད་པར་གནས་པ་ལ་གློ་བུར་གྱི་དྲི་མ་བྱང་བའི་ཡེ་ཤེས་ཏེ། གོ་རིམ་བཞིན་དུ་མེ་ལོང་ལྟ་བུའི་ཡེ་ཤེས་དང༌།


TNT21_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། སོ་སོར་རྟོག་པའི་ཡེ་ཤེས་དང༌། བྱ་བ་ནན་ཏན་གྱི་ཡེ་ཤེས་དང༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམས་ཀྱི་ངོ་བོ་ཡིན་ནོ། །ཡང་སྦྱོར་ཚུལ་གཞན་གྱི་མངོན་བྱང་དང་པོའི་སྐབས་སུ། མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ་ནས་མངོན་བྱང་ལྔ་པའི་ཚེ། ཆོས་དབྱིངས་ཡེ་ཤེས་ཐོབ་པའི་བར་དུ་གསུངས་པ། དང་པོ་བཞི་ལ་རྗེས་མཐུན་པ་དང། ལྔ་པ་ལ་དངོས་ཡིན་ནོ། །དེ་ལྟར་མངོན་བྱང་དང་པོ་བཞི་སྔ་མ་སྔ་མའི་ཡེ་ཤེས་ལྷག་པར་རྒྱས་པ། ཕྱི་མ་ཕྱི་མ་ལ་ཡོན་ཏན་ཡར་ལྡན་གྱི་ཚུལ་དུ་ཡོད་ཅིང༌། ཡེ་ཤེས་རྗེས་མཐུན་པའི་དབང་དུ་བྱས་ན། མངོན་བྱང་དངཔོའི་སྐབས་སུ་མེ་ལོང་ཡེ་ཤེས་གཅོ་བོར་གྱུར་པ་དང༌། གཉིས་པའི་སྐབས་སུ་མཉམ་པ་ཉིད་ཀྱི་ཡེ་ཤེས་གཙོ་བོར་གྱུར་པ་དང༌། གསུམ་པའི་སྐབས་སུ་སོ་སོར་རྟོག་པའི་ཡེ་ཤེས་གཙོ་བོར་གྱུར་པ་དང། བཞི་པའི་སྐབས་སུ་བྱ་བ་གྲུབ་པའི་ཡེ་ཤེས་གཙོ་བོར་གྱུར་པ་ཡིན་ནོ། །དེ་དག་ཏུ་ཆོས་ཀྱི་དབྱིངས་དག་པ་གཉིས་ལྡན་མཐར་ཐུག་མ་ཐོབ་པའི་ཕྱིར། ཆོས་དབྱིངས་ཡེ་ཤེས་གཙོ་བོར་མི་འཇོག་ལ། མངོན་བྱང་ལྔ་པའི་སྐབས་སུ་ནི་དེ་གསར་དུ་ཐོབ་པའི་དེའི་ཕྱིར་གཙོ་བོར་འཇོག་པ་ཡིན་ནོ། །གཉིས་པ་དེ་ཉིད་བསྐྱེད་རིམ་ལ་སྦྱར་བའི་ཚུལ་ནི། བསྐྱེད་རིམ་གྱི་མངོན་བྱང་དང་པོ་ཟླ་བ་བསྒོམ་པ་ནི། འབྲས་དུས་ཀྱི་མངོན་བྱང་དང་པོ་དང་མཚུངས་པ་ཡིན་ཏེ། ཟླ་བས་ནི་བྱང་ཆུབ་ཀྱི་སེམས་དཀར་པོ་མཚོན་ལ། མངོན་བྱང་དང་པོ་ནི། བྱང་ཆུབ་ཀྱི་


TNT21_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཀར་ཆ་དང་འགྲོགས་པའི་ཡེ་ཤེས་ཡིན་པས་སོ། །བསྐྱེད་རིམ་གྱི་མངོན་བྱང་གཉིས་པ་ཉི་མ་བསྒོམས་པ་ནི། འབྲས་དུས་ཀྱི་གཉིས་པ་དང་མཚུངས་པ་ཡིན་ཏེ། ཉི་མའི་ཁམས་དམར་ཆ་མཚོན་ལ། མངོན་བྱང་གཉིས་པ་ནི། རྟེན་བྱང་ཆུབ་ཀྱི་སེམས་དམར་ཆ་དང་འགྲོགས་པའི་ཡེ་ཤེས་ཡིན་པས་སོ། །བསྐྱེད་རིམ་གྱི་མངོན་བྱང་གསུམ་པ་ས་བོན་དང་ཕྱག་མཚན་བསྒོམ་པ་ནི། འབྲས་དུས་ཀྱི་མངོན་བྱང་གསུམ་པ་དང་མཚུངས་པ་ཡིན་ཏེ། ས་བོན་དང་ཕྱག་མཚན་གྱིས་ནི། ཡིད་རླུང་གི་ཚོགས་པ་དང་བཅས་པ་མཚོན་པ་ཡིན་ཅིང༌། འབྲས་དུས་ཀྱི་མངོན་བྱང་གསུམ་པ་ནི། ཡིད་ལུང་ཐིམ་པའི་ཡེ་ཤེས་ཡིན་པས་སོ། །མངོན་བྱང་བཞི་པ་ཡང་རྣམ་པ་མཚུངས་པ་ཡིན་ཏེ། སྐབས་འདིར་ཐམས་ཅད་གཅིག་ཏུ་འདྲེས་པ་དང༌། འབྲས་དུས་ཀྱི་མངོན་བྱང་བཞི་པ་ཡང༌། མངོན་བྱང་དང་པོ་གསུམ་ཆར་གྱི་ནུས་པ་གཅིག་ཏུ་བསྡོམས་པའི་ཡེ་ཤེས་ཡིན་པས་སོ། །མངོན་བྱང་ལྔ་པ་ཡང་རྣམ་པ་མཚུངས་པ་ཡིན་ཏེ། སྐབས་འདིར་བསྐྱེད་ཆོག་གི་ཆོ་ག་ལ་བརྟེན་ནས་ལྷ་སྐུ་ཡོངས་སུ་རྫོགས་པ་ཡིན་ཞིང༌། འབྲས་དུས་ཀྱི་མངོན་ལྔ་པ་དང། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཐམས་ཅད་རྫོགས་པ་ཡིན་པས་སོ། །མངོན་བྱང་དང་པོ། མེ་ལོང་ལྟ་བུའི་ཡེ་ཤེས་དང་རྣམ་པ་མཚུངས་པ་ཡིན་ཏེ། ཟླ་བའི་འོད་ཟེར་གྱིས་གཟུགས་ཅན་རགས་པ་ཙམ་སྣང་བར་བྱེད་པ་ལྟར། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ཇི་ལྟ་བ་དང༌། ཇི་སྙེད་པའི་ཆོས་རྣམས་ཀྱིས་གནས་ལུགས་གཟིགས་པ་ཙམ་ཡིན་ལ་སོ་


TNT21_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

སོར་རྟོག་པར་མི་འཛད་པས་སོ། །མངོན་བྱང་གཉིས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་མཚུངས་ཏེ། ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་ལྷག་པར་རྒྱས་པ་བཞིན་དུ། དེ་ཡང་ཆོས་རྣམས་ཀྱི་ཇི་ལྟ་བ་གནས་ལུགས་ལ་མཁྱེན་པ་ལྷག་པར་རྒྱས་པས་སོ། །མངོན་བྱང་གསུམ་པ་སོར་རྟོག་ཡེ་ཤེས་དང་མཚུངས་ཏེ། སྐབས་འདིར་ལྷ་སོ་སོའི་ས་བོན་དང་ཕྱག་མཚན་སོ་སོར་ངེས་ཤིང༌། སོར་རྟོག་ཡེ་ཤེས་ཀྱིས་ཆོས་རྣམས་ཀྱི། རང་སྤྱིའི་མཚན་ཉིད་མ་འདྲེས་པ་བྱེད་པས་སོ། །མངོན་བྱང་བཞི་པ་བྱ་གྲུབ་ཡེ་ཤེས་དང་མཚུངས་པ་ཡིན་ཏེ། སྐབས་འདིར་ཐམས་ཅད་གཅིག་ཏུ་གྱུར་པ་དང༌། སྒྲུབ་བྱ་ཡེ་ཤེས་ཡེ་ཤེས་དེ་ཡེ་ཤེས་གཞན་གསུམ་གྱི་ནུས་མཐུ་གཅིག་ཏུ་བསྡོམས་པའི་ངོ་བོར་གནས་པས་སོ། །མངོན་བྱང་ལྔ་པ་ཆོས་དབྱིངས་ཡེ་ཤེས་དང་མཚུངས་པ་ཡིན་ཏེ། སྐབས་འདིར་ཉི་ཟླ་ས་བོན་ཕྱག་མཚན་བཞིའི་ངོ་བོ་ལྷའི་སྐུར་རྫོགས་པ་ཡིན་ཅིང༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱང༌། ཡེ་ཤེས་བཞི་ཆར་གྱི་བརྟེན་བྱེད་པས་སོ། །མངོན་བྱང་དང་པོ་གཉིས་ཀྱི་སྐབས་སུ། ཨཱ་ལི་ཀཱ་ལི་འབྱུང་བའི་རྒྱུ་མཚན་འབྲས་བུའི་ཆོས་དང་སྦྱར་བ་ནི། ཨཱ་ལི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱི་རྒྱུ་བསོད་ནམས་ཀྱི་ཚོགས་དང༌། ཀཱ་ལི་དཔེ་བྱད་བརྒྱད་ཅུའི་བསོད་ནམས་ཀྱི་ཚོགས་ཡིན་ཞིང་དེའི་འབྲས་བུ་སྐུ་ཡོངས་སུ་རྫོགས་པའི་མཚན་དཔེའི་སྤྲས་པའོ། །མངོན་བྱང་དང་པོ་གཉིས་ཀྱི་སྐབས་སུ་ཨཱ་ལི་ཀཱ་ལི་འབྱུང་བའི་རྒྱུ་མཚན་ཡོད་དེ། ཨཱ་ལི་ཟླ་བའི་ས་བོན་དང༌།


TNT21_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱ་ལི་ཉི་མའི་ས་བོན་ཡིན་པའི་ཕྱིར་རོ། །གསུམ་པ་དེའི་འཕྲོས་དོན་ཅུང་ཟད་བཤད་པ་ལ། མཉམ་སྦྱོར་ལ་ཡང༌། ཟླ་བ་གཉིས་པ་ནི་རྒྱུ་ཀཱ་ལི་ལས་སྐྱེས་པ་དང༌། ཟླ་བ་གཉིས་མཚོན་པའི་འོད་ཟེར་ཉི་མ་དང་ཕྱོགས་མཚུངས་པས། སྦྱང་གཞི་སྦྱོང་བྱེད་ཚུལ་མཚུངས་པ་ཡིན་ནོ། །འོན་ཀྱང་དག་ལྡན་ལས། མཉམ་སྦྱོར་གསང་དབང་དང་མི་མཉམ་སྦྱོར་ཤེས་རབ་ཡེ་ཤེས་ཀྱི་དབང་དང་མཚུངས་ཚུལ་གསལ་བར་བསྟན་ནས། དབྱིངས་དང་ཡེ་ཤེས་རྒྱས་གདབ་ཕྱིར། །རང་བཞིན་གྱིས་དག་རྒྱུ་འབྲས་ཕྱིར། །ཐིག་ལེ་རིམ་ཕྱིར་ལུས་སེམས་ཕྱིར། །དབང་ཕྱིར་དགོས་པ་བསམ་བྱས་ཕྱིར། །ཞེས་མཉམ་སྦྱོར་གྱི་མཚོན་དོན་སྡོམ་གྱི་ཚུལ་གྱིས་གསུངས་པ་ཡིན་ཏེ། དེའི་དོན་བར་སྐབས་ཀྱི་བླ་མ་རྣམས་འདི་ལྟར་འཆད་དེ། དབྱིངས་དག་པ་གཉིས་ལྡན་ཟླ་བ་ཁ་སྦྱོར་གྱིས་མཚོན་ཞིང༌། ཡེ་ཤེས་རྣམ་པ་སྣ་ཚོགས་འཆར་བ། ཟླ་བ་དཀར་པོ་དང༌། ཉི་མ་དམར་པོ་སྟེ་ཉི་མ་ཟླ་བ་ཁ་སྦྱོར་གྱིས་མཚོན་རང་བཞིན་དག་པའི་རྒྱུ་རྫོགས་རིམ་རང་བྱིན་རླབས་པ་ལ། ཤེས་པ་གསལ་སྟོང་ཟླ་བ་ལྟ་བུ་དང༌། སྤྱི་བོའི་ཧཾ་ཡིག་ཞུ་བ་བྱང་ཆུབ་ཀྱི་སེམས་ཟླ་བ་ལྟ་བུ་སྟེ་ཁ་སྦྱོར་དང༌། རང་བཞིན་དག་པ་འབྲས་བུའི་རྫོགས་རིམ། དཀྱིལ་འཁོར་གྱི་འཁོར་ལོ་ལ་རང་གི་བྱང་ཆུབ་ཀྱི་སེམས་དཀར་ཆ་དང། ཤེས་རབ་མའི་དམར་ཆ་མཚོན་པའི་ཕྱིར་ཉི་ཟླ་ཁ་སྦྱོར་གྱི་མཚོན་ནོ། །ཕའི་ས་


TNT21_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བོན་འབའ་ཞིག་ལས་ལུས་འགྲུབ་པ་དང་མཚུངས་པར་ཟླ་བ་ཁ་སྦྱོར་དང༌། ཕ་མའི་ཐིག་ལེ་དཀར་དམར་གཉིས་ལས་ལུས་འགྲུབ་པ་དང་མཚུངས་པར་ཉི་ཟླ་ཁ་སྦྱོར་སྒོམ་པ་དང༌། སེམས་རང་བཞིན་རྣམ་པར་དག་པ་དང༌། རྣམ་པར་དག་པའི་ལམ་གྱིས་དག་པར་བྱེད་པ་ཟླ་བ་ཁ་སྦྱོར་དང༌། མངལ་སྐྱེས་ཀྱི་ལུས་འགྲུབ་པ་དང་མཚུངས་པར་ཉི་ཟླ་ཁ་སྦྱོར་སྒོམ་པ་ཡིན་ནོ། །དབང་ཕྱིར་ཞེས་པ་ནི་གོང་དུ་སྨོས་པ་ལྟར་ཏེ། དེ་ཡང་གསང་དབང་གི་སྐབས་སུ་གང་ལ་བསྐུར་བའི་ཡུལ་སློབ་མའི་རྟེན་བྱང་ཆུབ་ཀྱི་སེམས་དཀར་པོ་དང༌། བསྐུར་བྱེད་ཀྱི་རྫས་སློབ་དཔོན་གྱི་བྱང་ཆུབ་ཀྱི་སེམས་དཀར་པོ་ཡིན་པའི་ཕྱིར། ཟླ་བ་ཁ་སྦྱོར་དང་དེའི་ཚེ་རྣམ་རྟོག་གི་གྲྭ་ཟུར་དྭངས་པའི་ཕྱིར་དེ་ཉིད་གྲུ་གསུམ་དང་བྱང་ཆུབ་ཀྱི་སེམས་མི་གསལ་བའི་མཚོན་དོན་དུ། །གསུམ་པའི་ཚེ་ཕྱག་མཚན་ས་བོན་གྱི་མཚན་མ་མེད་པ་དང༌། བྱང་ཆུབ་ཀྱི་སེམས་འཕྲོ་བའི་མཚོན་དོན་དུ་འོད་ཟེར་སྤྲོ་བསྡུས་བྱེད་པ་ཡིན་ནོ། །ཤེས་རབ་དབང་གི་སྐབས་སུ་སློབ་མའི་བྱང་ཆུབ་ཀྱི་སེམས་དཀར་པོ་དང༌། རིག་མའི་བྱང་ཆུབ་ཀྱི་སེམས་དམར་པོ་གཉིས་ཀྱི་མཚན་དོན་དུ་ཉི་ཟླ་ཁ་སྦྱོར་དང༌། དེའི་ཚེ་རྣམ་རྟོག་གི་གྲྭ་ཟུར་ཉམས་པས་གཉིས་ཀའང་ཟླུམ་པོར་སྒོམ་པ་དང༌། བྱང་ཆུབ་ཀྱི་སེམས་དགག་པའི་མཚོན་དོན་དུ་ཕྱག་མཚན་གྱི་ལྟེ་བ་ལ་ཧཱུཾ་གིས་མཚན་པ་དང༌། མས་བརྟན་གྱི་རིམ་པས་བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པས། འོད་ཟེར་གྱི་སྤྲོ་བསྡུ་མི་བྱེད་པ་ཉིད་དོ། །དགོས་པ་བསམ་ཡས་ཕྱིར་


TNT21_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི་དེ་དག་ལ་སྦྱང་བྱ་སྦྱོང་བྱེད་སྦྲང་འབྲས་སོགས་གཞན་ཡང་ཡོད་ཞེས་པའི་དོན་དེ་གོང་དུ་བཤད་པ་ལྟར་ཡིན་ནོ། །ཡང་ཐིག་ལེ་རིམ་ཕྱིར་ལུས་སེམས་ཕྱིར། །ཞེས་པ་རྒྱུ་རྒྱུད་ལ་སྦྱར་བ་དང༌། དབང་ཕྱིར་ཞེས་པ་སྨིན་བྱེད་ཀྱི་དབང་དང༌། རང་བཞིན་གྱིས་དག་རྒྱུ་འབྲས་ཕྱིར། །ཞེས་པ་གྲོལ་བྱེད་ཀྱི་རྫོགས་པའི་རིམ་པ་དང༌། དབྱིངས་དང་ཡེ་ཤེས་རྒྱས་གདབ་ཕྱིར། །ཞེས་པ་འབྲས་རྒྱུད་ལ་སྦྱར་བ་ཡིན་ནོ། །བསྐྱེད་རིམ་གཞན་ལ་སྦྱོར་མི་དགོས་ཏེ། དམིགས་པ་ལྔ་པོ་འདི་ཉིད་བསྐྱེད་རིམ་དངོས་ཡིན་པའི་ཕྱིར། ད་དུང་དེ་དག་ལ་མཐའ་ཅུང་ཟད་བཅད་དགོས་པ་འགའ་ཡོད་ནའང༌། རེ་ཞིག་བཞག་གོ །གཉིས་པ་རྒྱུ་རྡོ་རྗེ་འཛིན་པའི་མཛད་པ་ལ། རྟེན་མཁའ་གསང་བྱིན་གྱིས་བརླབས་པ་དང༌། རྒྱུ་སངས་རྒྱས་བྱང་སེམས་ཀྱི་ཚོགས་དགུག་པ་དང༌། ངོ་བོ་འཁོར་གྱི་ལྷ་མོ་སྤྲོ་བ་སྟེ་གསུམ་ལས། དང་པོ་གཉིས་གོ་སླ་ཞིང་སྒྲུབ་ཐབས་ཀྱི་དཀྱུས་ལྟར་ཡིན་ལ། གསུམ་པ་ལ། སྤྱིར་འཁོར་གྱི་ལྷ་མོ་སྤྲོ་ཚུལ་ཡན་ལག་བཞི་པའི་ཕྱོགས་ལ་འཁོར་ཐམས་ཅད་ཀྱང་མངོན་བྱང་ལྔ་བསྐྱེད་ཡིན་ཞིང༌། མཁའ་ནང་ནས་ཐིག་ལེ་སྤྲོ་བའི་ཚུལ་དང༌། ས་བོན་སྤྲོ་ཚུལ་གཉིས་ཡོད་པས། དེ་གཉིས་ཀྱི་ཕྱི་རོལ་ཏུ་ལྷ་མོ་རྣམས་སྐྱེད་ཆོག་གི་ཆོ་ག་ལ་བརྟེན་ནས་བསྐྱེད་པ་ཡིན་ནོ། །ཡན་ལག་དྲུག་པའི་ཕྱོགས་ལ་མཁའ་ནང་ནས་ཡི་གེ་སྤྲོ་བའི་ཚུལ་དང༌། ཡི་གེ་རྣམས་ལྷ་མོར་གྱུར་ནས་ཕྱི་རོལ་ཏུ་


TNT21_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོ་བའི་ཚུལ་གཉིས་ལས། འདིར་མངོན་རྟོགས་ཀྱི་དཀྱུས་ནི་ཕྱི་མ་ལྟར་ཡིན་ལ། གང་ལྟར་ཡང་དེ་རྣམས་ཅིག་ཅར་དུ་སྤྲོ་ཞིང་རིམ་གྱིས་གསལ་འདེབ་པ་ཡིན་ནོ། །དེ་དག་ལས་མཁའ་གསང་བྱིན་གྱིས་བརླབས་པ་ནི། ཕ་མ་འདོད་པའི་ཀུན་སྦྱོར་ལ་ཞུགས་པ་དང༌། དེ་བཞིན་གཤེགས་པ་རྣམས་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་མཚོན་པ་ཡིན་ནོ། །སངས་རྒྱས་བྱང་སེམས་ཀྱི་ཚོགས་དགུག་པ་ནི། སྐྱེ་བ་པོ་ཉིད་མཚམས་སྦྱོར་བ་དང༌། དེ་བཞིན་གཤེགས་པ་རྣམས་སྤྲུལ་པའི་སྐུ་སྤྲུལ་པའི་རྒྱུ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ། མཚོན་པ་ཡིན་ནོ། །འཁོར་གྱི་ལྷ་མོ་སྤྲོ་བ་ནི། ལུས་ཅན་རྣམས་སྐྱེ་བ་བླང་ནས་རང་གི་བྱ་བ་ལ་གནས་པ་དང༌། དེ་བཞིན་གཤེགས་པའི་སྤྲུལ་པ་སྣ་ཚོགས་པས་སེམས་ཅན་གྱི་དོན་བྱེད་པ་མོས་པ་ཡིན་ནོ། །གསུམ་པ་ཞུ་བ་གླུས་བསྐུལ་བ་ལ། བར་དོའི་རྣམ་པར་ཤེས་པ་གཞུག་པ། རྒྱུ་རྡོ་རྗེ་འཛིན་ལ་ཡབ་ཡུམ་ཞུ་བ། ལྷ་མོ་བཞིའི་གླུས་བསྐུལ་བ་དང་གསུམ་ལས། དང་པོ་གོ་སླ་ཞིང༌། གཉིས་པ་ནི། ཡབ་ཡུམ་གཉིས་རྗེས་ཆགས་ཀྱི་སེམས་ཀྱི་ཞུ་བ་སྟེ། དེ་ཡང་མངོན་བྱང་ལྔ་བསྐྱེད་ནས་ཡེ་ཤེས་པ་བསྟིམ་པའི་བར་རྗེས་ཆགས་ཀྱི་ཡན་ལག་ཡིན་ཀྱང༌། རྗེས་ཆགས་ཀྱི་གཙོ་བོར་རྒྱུ་རྡོ་རྗེ་འཛིན་པ་ཞུ་བ་ཉིད་ཡིན་པས། སྔགས་ཀྱི་ང་རྒྱལ་བཟུང་བ་སྐབས་འདིར་བརྗོད་དགོས་པ་ཡིན་ནོ། །གསུམ་པ་ལྷ་མོ་


TNT21_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

བཞིས་བསྐུལ་བ་ནི། ཚད་མེད་བཞི་དང༌། སྤྱན་མ་ལ་སོགས་པ་ལྷ་མོ་བཞིའི་ངོ་བོར་གྱུར་པའི་པུཀྐ་སཱི་སོགས་མཚམས་ཀྱི་ལྷ་མོས་ཞེས་ཚིགས་སུ་བཅད་པ་རེ་རེས་བསྐུལ་བ་ཡིན་ཏེ། དེ་ཡང་རིམ་པ་བཞིན་དུ། ཐུགས་རྗེ་ཆེན་པོའི་སྒོ་ནས་དང༌། གནད་ལ་བོར་བའི་སྒོ་ནས་དང༌། རབ་ཏུ་བསྐུལ་བའི་སྒོ་ནས་དང༌། ཐུགས་ཤེས་པའི་སྒོ་ནས་བསྐུལ་བ་ཡིན་ནོ། །དེ་དག་ལས་བར་དོའི་རྣམ་ཤེས་གཞུག་པ་ནི། བར་སྲིད་ཀྱི་སེམས་ཅན་སྐྱེ་གནས་ལ་དམིགས་ནས་འཇུག་པ་དང། དེ་བཞིན་གཤེགས་པས་འགྲོ་བའི་དོན་གྱི་དུས་མཁྱེན་པ་མཚོན་པ་དང༌། ཡབ་ཡུམ་ཞུ་བ་ནི་མངལ་དུ་སྲོག་ཆགས་པ་དང༌། འགྲོ་དོན་གྱི་རྒྱུ་ཐུགས་རྗེ་ཆེན་པོའི་ཏིང་ངེ་འཛིན་བདེ་བ་ཆེན་པོའི་ཡེ་ཤེས་སུ་གནས་པ་དང་མཚུངས་པ་ཡིན་ཞིང༌། གླུས་བསྐུལ་བ་ནི། མངལ་དུ་ཆགས་པ་ནས་རྒྱུ་ཁུ་ཁྲག་འདྲེས་པ་ལ་ཡོད་པའི་འབྱུང་བ་བཞི་དང་གྲོགས་མའི་མངལ་གྱིས་འབྱུང་བ་བཞི་སས་སྲ་བར་བྱེད། ཆུས་སྡུད་པར་བྱེད། མེས་སྨིན་པར་བྱེད། རླུང་གིས་རྒྱས་པར་བྱེད་པ་དང༌། ཚད་མེད་བཞིས་ཐུགས་རྗེ་ཆེན་པོའི་ཏིང་ངེ་འཛིན་བསྐུལ་བ་མཚོན་པ་ཡིན་ནོ། །བཞི་པ་འབྲས་བུས་རྡོ་རྗེ་འཛིན་པ་བཞེངས་པ་ནི། ཡན་ལག་བཞི་པ་སོགས་མངོན་རྟོགས་རྒྱས་པའི་ཕྱོགས་ལ་མངོན་བྱང་ལྔ་བསྐྱེད་ཡོད་པ་ལྟར་ན། སྦྱང་གཞི་སྦྱོང་བྱེད་སྦྱོར་ཚུལ་སྔ་མའི་རིམ་པས་འདྲེའོ། །མངོན་རྟོགས་ཕལ་


TNT21_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བ་ལས་འོད་ཀྱི་གོང་བུ་ལས་ས་བོན་དང། དེ་ལས་འབྲས་བུས་རྡོ་རྗེ་འཛིན་པ་བསྐྱེད་པར་བཤད་པ་ཡིན་ཏེ། ཇི་སྐད་དུ་རྩ་རྒྱུད་ལས། ཧཱུཾ་དང་ཨཾ་གི་རྡོ་རྗེ་ཆེ། ཁུ་བའི་གཟུགས་ལས་བཞེངས་ནས་ནི། །ཞེས་གསུངས་པ་ལྟར་འཆད་དགོས་པའི་ཕྱིར་རོ། །དེ་ཡང་འོད་ཀྱི་གོང་བུ་ལས་ས་བོན་འོད་ཟེར་འབར་བ་གྲུབ་པས་ནི། མངལ་གྱི་གནས་སྐབས་བཅུ་ཆར་མཚོན་ལ། ས་བོན་དེ་ལས་འབྲས་བུས་རྡོ་རྗེ་འཛིན་པ་ཞལ་ཕྱག་གི་རྣམ་པ་ཅན་དུ་བསྐྱེད་པ་ནི་མའི་མངལ་ནས་བཙས་པ་མཚོན་ཅིང༌། དེ་རྣམས་ཉིད་ཀྱིས་སྤྲུལ་པའི་སྐུ་ཡུམ་གྱི་ལྷུམས་སུ་ཞུགས་པ་དང་སྐུ་བལྟམས་པའང་མཚོན་པ་ཡིན་ནོ། །ལྔ་པ་ནི་འོད་ཟེར་སྤྲོ་བསྡུས་ཞིང་སྦྱོང་བ་ནི། ལྷའི་ཐུགས་ཀར་ས་བོན་གདན་དང་བཅས་པ་ཙམ་བསྒོམས་པས་ཀྱང་སེམས་དཔའ་སུམ་བརྩེགས་དོན་གྱི་སྒོམ་པ་ཡིན་ཏེ། དེ་ཡང་ས་བོན་གྱི་ཡི་གེ་གདན་དང་བཅས་པ་ནི་ཡེ་ཤེས་སེམས་དཔའ་དང༌། ཟླ་ཕྱེད་ཐིག་ལེ་ནཱ་ད་རྣམས་ནི་ཏིང་ངེ་འཛིན་སེམས་དཔའ་མཚོན་པ་ཡིན་ནོ། །འདི་ལ་སློབ་དཔོན་མི་ཐུབ་ཟླ་བས་སྒྲུབ་ཐབས་ཡན་ལག་དྲུག་པར་སེམས་དཔའ་སུམ་བརྩེགས་དངོས་སུ་བསྐྱེད་པ་བཤད་དེ། འདིས་ནི་མངལ་ནས་བཙས་པའི་སེམས་ཅན་གྱི་སེམས་གྱི་ནུས་པ་གོང་ནས་གོང་དུ་འཕེལ་བ་དང༌། སྤྲུལ་པའི་སྐུ་བལྟམས་ནས་ཡེ་ཤེས་ལྷག་པར་སྤྲོ་བ་མཚོན། འོད་ཟེར་སྤྲོ་བསྡུས་ཞིང་


TNT21_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱང་བ་ནི། སྣོད་བཅུད་འཛིན་པའི་འདུ་ཤེས་རགས་པ་ལྷག་པར་རྒྱས་པ་དང༌། རྫོགས་སྨྀན་སྦྱང་གསུམ་གྱི་ལྷག་མ་ལ་ཅི་རིགས་པར་སྤྱོད་པ་མཚོན་པ་ཡིན་ནོ། །དྲུག་པ་སྐྱེ་མཆེད་བྱིན་གྱིས་བརླབས་པ་ནི། ལུས་ངག་ཡིད་གསུམ་གྱི་ནུས་པ་འཕེལ་བ་དང༌། སྐུ་གསུང་ཐུགས་ཀྱི་མཛད་པས་གདུལ་བྱ་ཡོངས་སུ་སྨྀན་པར་མཛད་པ་མཚོན་པ་ཡིན་ནོ། །གཉིས་པ་ཡེ་ཤེས་པ་གཞུག་པ་ནི་ལོ་བཅུ་དྲུག་གམ་བཅུ་གཉིས་ལོན་པ་ན་འདོད་པའི་ཡུལ་རྣམས་ལ་བྱེ་བྲག་ཕྱེད་པས། ལུས་སེམས་ཀྱི་མཐུ་ཡོངས་སུ་རྫོགས་པ་དང༌། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། ཆགས་བྲལ་བརྙེས་པའི་ཚུལ་བསྟན་པ་མཚོན་པ་ཡིན་ནོ། །དེ་དག་ནི་རྗེས་ཆགས་ཀྱི་ཡན་ལག་ཡིན་ཏེ། མངོན་བྱང་གི་ཚེ་ཉི་ཟླ་ཁ་སྦྱོར་གྱི་རྗེས་ཆགས་དང་རྒྱུ་རྡོ་རྗེ་འཛིན་པ་དང༌། འབྲས་བུ་རྡོ་རྗེ་འཛིན་པ་ཞལ་སྦྱོར་གྱི་རྣམ་པ་ཅན་གྱི་རྗེས་ཆགས་དང༌། དམ་ཚིག་སེམས་དཔའ་ལ། ཡེ་ཤེས་པ་བསྟིམས་པས་ཀྱང་བདེ་བ་ཆེན་པོ་སྐྱེ་བ་དང༌། འཁོར་གྱི་ལྷ་མོ་སྤྲོ་བ། རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་ཞུ་བ་གཉིས་ནི་རྗེས་ཆགས་དངོས་ཡིན་པས་སོ། །དེ་ལྟར་རྗེས་ཆགས་དེ་རྣམས་རྡོ་རྗེ་སེམས་དཔའི་ཡན་ལག་ཡིན་ཏེ། རྡོ་རྗེ་སེམས་དཔའ་ནི་བདེ་བ་ཆེན་པོའི་ངོ་བོ་དང༌། རིགས་ཐམས་ཅད་ཀྱི་ཁྱབ་བདག་ཡིན་ལ། ཡན་ལག་འདི་ཡང༌། བདེ་བ་ཆེན་པོའི་ལམ་དངོས་དང༌། ཡན་ལག་དྲུག་གི་གཙོ་བོ་


TNT21_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར་དེ་དང་ཆ་མཐུན་ནོ། །གསུམ་པ་དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག་ལ་དེ་ཉིད་ཀྱི་དག་སྦྱོར་དང༌། དབང་གཞིའི་ས་མཚམས་དབྱེ་བ་དང༌། རྒྱས་གདབ་ཀྱི་དབྱེ་བ་བཤད་པ་སྟེ་གསུམ་ལས། དང་པོ་ནི། སྔར་བཤད་པའི་སྟེང་དུ་དབང་བསྐུར་བས་ལྷའི་རྣལ་འབྱོར་རྫོགས་པར་ཚང་བ་ཡིན་ལ། དེ་ཉིད་རང་རང་གི་རིགས་དང་རྗེས་སུ་འབྲེལ་བས། ལས་ཀྱི་མཐའ་ལ་གནས་པ་དང༌། བྱང་ཆུབ་སྙིང་པོར་སངས་རྒྱས་རྣམས་ཀྱིས་དབང་བསྐུར་བའི་རྐྱེན་གྱིས་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་སྟོན་པ་ཡིན་ནོ། །གཉིས་པ་ནི་སྨིན་མཚམས་ཀྱི་འཁོར་ལོ་དང༌། མགྲིན་པ་དང༌། སྙིང་ཁ་རྣམས་རིམ་པ་བཞིན་ལུས་ངག་ཡིད་གསུམ་གྱི་སྣང་བ་འབྱུང་བའི་རྩ་ཡི་གེའི་གནས་ཡིན་པའི་ཕྱིར། སྐུ་གསུང་ཐུགས་ཀྱི་གནས་འཇོག་པ་དང། ལུས་ཀྱི་དྲི་མ་དག་བྱེད་བུམ་དབང༌། ངག་གི་དྲི་མ་དག་བྱེད་གསང་དབང༌། ཡིད་ཀྱི་དྲི་མ་དག་བྱེད་ཤེས་རབ་ཡེ་ཤེས་ཀྱི་དབང་ཡིན་པའི་ཕྱིར། སྨིན་མཚམས་ཡན་ཆད་གང་བ་བུམ་པ་བུམ་དབང༌། མགྲིན་པ་ཡན་ཆད་གང་བ་གསང་དབང༌། སྙིང་ཁ་ཡན་ཆད་གང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་མཚོན་དོན་དུ་འཇོག་པ་ཡིན་ནོ། །དབང་བཞི་པ་དྲི་མ་མཐའ་དག་སྦྱོང་བྱེད་ཡིན་པའི་ཕྱིར་བདུད་རྩིའི་རྒྱུན་གྱིས་ལུས་གང་བ་དང་སྦྱོར་བ་ཡིན་ནོ། །བུམ་དབང་གི་དག་པའི་སྐབས་སུ། སྤྱི་བོའི་འཁོར་ལོ་མི་བསྐྱོད་པ་ལ་སོགས་པ་བསམ་པ་ནི་བུམ་དབང་གི་ལམ་བསྐྱེད་པའི་རིམ་པ་ཡིན་ལ། དེ་མཐར་ཕྱིན་ཚད། རུས་


TNT21_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱག་རྒྱ་ལྔ་ལ་གསལ་སྣང་ཐོབ་པ་ཡིན་ནོ། །གསང་དབང་གི་དག་པའི་ཚེ་ལྟེ་བ་སྤྲུལ་པའི་འཁོར་ལོ་ལས་ཀྱི་ཕྱག་རྒྱ་སོགས་བསམ་པ་ནི། གསང་དབང་གི་ལམ་རང་བྱིན་གྱིས་བརླབས་པ་ཡིན་ལ། དེ་ཉིད་འཁོར་ལོ་བཞི་ལ་གནད་དུ་བསྣུན་པ་ཡིན་པས་སོ། །ཤེར་དབང་གི་དག་པའི་ཚེ། མིག་ཏུ་གཏི་མུག་རྡོ་རྗེ་མ་ལ་སོགས་པ་བསམ་པ་ནི། ཤེར་དབང་གི་ལམ་དཀྱིལ་འཁོར་འཁོར་ལོ་ལ། དེ་ཉིད་མཐར་ཕྱིན་པའི་ཚད། རྩ་རྣམས་བྱང་ཆུབ་སེམས་ཀྱི་གང་སྟེ། འཇུག་ཤེས་དྲུག་བདེ་སྟོང་གི་ཡེ་ཤེས་འཆར་བས་སོ། །དབང་བཞི་པའི་མཐར་རིགས་བདག་འབྱུང་བ་ནི། དབང་དེ་བསྐུར་བས་དབང་གི་བྱ་བ་ཐམས་ཅད་རྫོགས་པར་མཚོན་པ་ཡིན་ནོ། །ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་བདག་འབྱུང་བ་ནི། དབང་བཞི་པའི་ལམ་རྡོ་རྗེ་རྦ་རླབས་ཀྱི་སྐབས་སུ་བྱང་ཆུབ་སེམས་ཀྱི་བསྒྲོད་པ་དང༌། རྩ་རྣམས་གཙུག་ཏོར་དུ་ཐིམ་པ་མཚོན་པ་ཡིན་ནོ། །གསུམ་པ་རྒྱས་གདབ་ཀྱི་དབྱེ་བ་བཤད་པ་ལ། སྤྱིར་གཟུགས་ཅན་དུ་སྣང་བ་ཐམས་ཅད་རྣམ་རིག་ཙམ་ཡིན་པ་ནི། ལུས་ལ་སེམས་ཀྱི་རྒྱས་གདབ་དང༌། སེམས་ཉིད་ཁམས་གསུམ་གྱི་དངོས་པོར་སྣང་བ་ནི། སེམས་ལ་ལུས་ཀྱི་རྒྱས་གདབ་པ་དང༌། དངོས་པོ་ཐམས་ཅད་རྒྱ྄ུ་འབྲས་ཕན་ཚུན་འབྲེལ་བ་ཅན་ཡིན་པ་ནི་རྒྱུ་ལ་འབྲས་བུ་རྒྱས་གདབ་ཅིང༌། འབྲས་བུ་ལ་རྒྱུས་གདབ་པ་མཚོན་པ་དང༌། ཆོས་ཐམས་ཅད་རང་བཞིན་གྱི་རྣམ་


TNT21_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

པར་དག་པ་ནི། ངོ་བོ་ཉིད་ཀྱི་རྒྱས་གདབ་པ་མཚོན་པ་ཡིན་ནོ། །དེ་རྣམས་དང་མཐུན་པར་ལྷ་རྣམས་ཀྱང་རིགས་བདག་གི་རྒྱས་གདབ་པ་ཡིན་ཏེ། གཙོ་བོ་ཡབ་ཡུམ་མི་བསྐྱོད་པའི་རིགས་ལ། མི་བསྐྱོད་པས་དབུ་བརྒྱན་པ་ནི། ངོ་བོ་ཉིད་ཀྱི་རྒྱས་གདབ་པ་དང༌། གཽ་རི་རྣམ་སྣང་གི་ངོ་བོ་དང༌། པུཀྐཱ་སི་སངས་རྒྱས་སྤྱན་མའི་ངོ་བོ་ལ་མི་བསྐྱོད་པའི་དབུ་བརྒྱན་པ་ནི། ལུས་ལ་སེམས་ཀྱི་རྒྱས་གདབ་པ་དང༌། ཙཽ་རི་རིན་འབྱུང་དང༌། ཤཱ་ཝཱ་རཱི་མཱ་མ་ཀཱི་ལ་རྣམ་པར་སྣང་མཛད་ཀྱི་དབུ་བརྒྱན་པ་ནི། སེམས་ལ་ལུས་ཀྱི་རྒྱས་གདབ་པ་ཡིན་ནོ། །བཻ་ཏ་ལི་འོད་དཔག་མེད་ཀྱི་ངོ་བོ། ཙནྚ་ལི་གོས་དཀར་མོའི་ངོ་བོ་ལ། རིན་ཆེན་འབྱུང་ལྡན་གྱི་དབུ་བརྒྱན་པ་ནི། རྒྱུ་ལ་འབྲས་བུས་རྒྱས་གདབ་པ་དང༌། གྷསྨ་རི་དོན་ཡོད་གྲུབ་པའི་ངོ་བོ་དང༌། ཌོམ་བི་ནི་དམ་ཚིག་སྒྲོལ་མའི་ངོ་བོ་ལ་འོད་དཔག་མེད་ཀྱིས་དབུ་བརྒྱན་པ་ནི། འབྲས་བུ་ལ་རྒྱུས་གདབ་པ་མཚོན་ནོ། །དེ་ལྟར་རྒྱས་གདབ་བྱ་དང་འདེབས་བྱེད་གཉིས་རིགས་གཅིག་པ་ནི་ངོ་བོ་ཉིད་ཀྱི་རྒྱ་དང༌། རྣམ་པར་སྣང་མཛད་གཟུགས་ཕུང་རྣམ་པར་དག་པ་སྐུ་རྡོ་རྗེ་དང༌། མི་བསྐྱོད་པ་རྣམ་པར་ཤེས་པ་རྣམ་པར་དག་པ་ཐུགས་རྡོ་རྗེ་དང༌། འོད་དཔག་མེད་འདོད་ཆགས་རྣམ་པར་དག་པ་དང༌། རིན་འབྱུང་ང་རྒྱལ་དང་སེར་སྣ་རྣམ་པར་དག་པ་དང༌། དོན་ཡོད་གྲུབ་པ་ཕྲག་དོག་རྣམ་པར་དག་པ་ཡིན་ཞིང༌། དེ་ལྟར་ཉོན་མོངས་


TNT21_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞི་ལས་འདོད་ཆགས་ནི་རྒྱུ་ཡིན་ལ། གཞན་ནི་འབྲས་བུའོ། །དེའི་རྒྱུ་མཚན་ནི། རང་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་དང༌། ཚོར་བ་དང༌། ཉེར་སྤྱོད་རྣམས་ལ་ཆགས་པ་ནི་འདོད་ཆགས་ཡིན་ལ། དེ་ལ་བརྟེན་ནས་རང་རྒྱུད་ཀྱིས་ཕུང་པོ་ལ་དམིགས་ནས་མཐོ་བར་སེམས་པ་ནི་ང་རྒྱལ་དང༌། ཡོ་བྱད་ལོངས་སྤྱོད་རྣམས་ལ་བརྐམ་ཞིང་ཆགས་པ་ནི་སེར་སྣ་དང༌། བདག་ཉིད་ལ་ཆགས་པའི་རྐྱེན་གྱིས་གཞན་གྱི་ཕུན་སུམ་ཚོགས་ལ་སྡང་བའི་ཕྲག་དོག་ཀྱང་འབྱུང་ངོ༌། །དེ་ལྟར་དབང་བསྐུར་བ་ནི་མི་བསྐྱོད་པའི་ཡན་ལག་ཡིན་ཏེ། དབང་བསྐུར་བ་ནི་བུམ་ཆུའི་བྱ་བ་དང་འབྲེལ་བ་ཡིན་ལ། ཆུ་ཁམས་རྣམ་པར་དག་པ་མཱ་མ་ཀཱི་དང༌། མཱ་མ་ཀི་མི་བསྐྱོད་པའི་ཡུམ་ཡིན་པས་སོ། །ལྷ་ལ་དབང་བསྐུར་བའི་བྱ་བ་ཡོངས་སུ་རྫོགས་པ་ན། དེ་ཉིད་ཀྱི་ང་རྒྱལ་བཟུང་བར་བྱ་བ་ཡིན་ཏེ། དབང་བསྐུར་བའི་ཡན་ལག་གི་ས་མཚམས་ཤེས་པའི་ཆེད་ཡིན་པའི་ཕྱིར་རོ། །འདི་ནི་འོག་ནས་འབྱུང་བའི་ཡན་ལག་ཕྱི་མ་གསུམ་ལའང་རིགས་འདྲེའོ། །བཞི་པ་ནི། དམ་ཚིག་རྫས་དངོས་སུ་ཡོད་ན་མཆོག་ཡིན་ལ། མེད་ཀྱང་བསམ་པས་རུང་སྟེ། གསང་འདུས་ལས། ཤ་རྣམས་ཐམས་ཅད་མེད་ན་ཡང༌། །ཐམས་ཅད་བསམ་པས་རྣམ་པར་དག །རྡོ་རྗེ་སྦྱོར་བ་འདི་ཡིས་ནི། །སངས་རྒྱས་ཐམས་ཅད་བྱིན་གྱིས་བརླབས། །ཞེས་གསུངས་སོ། །བདུད་རྩི་མྱང་བ་ནང་གི་མཆོད་པ་


TNT21_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནའང༌། མཆོད་པའི་ཡན་ལག་ལས་ཟུར་དུ་ཕྱུང་བ་ནི། རྒྱལ་བ་རིགས་དྲུག་གི་དག་པའི་མངོན་རྟོགས་ཡན་ལག་དྲུག་འཇོག་དགོས་པའི་རྒྱུ་མཚན་གྱིས་སོ། །དེ་ལྟར་ན་བདུད་རྩི་མྱང་བ་འོད་དཔག་མེད་ཀྱི་ཡན་ལག་ཡིན་ཏེ། བདུད་རྩི་ནི་མགྲིན་པར་མྱང་བ་ཡིན་ལ། མགྲིན་པ་ནི་ངག་གི་གནས་པའི་ཕྱིར་དང༌། ངག་གི་རྣམ་པར་དག་པ་འོད་དཔག་མེད་ཡིན་པས་སོ། །ལྔ་པ་ནི། གོང་དུ་སྨོས་པ་ལྟར་རིག་མ་བརྒྱད་ཀྱི་མཆོད་པ་འདི་ལ། ཕྱི་ནང་གསང་གསུམ་གྱི་མཆོད་པ་ཚང་བ་ཡིན་ཞིང༌། མཆོད་པ་དོན་ཡོད་གྲུབ་པའི་ཡན་ལག་ཡིན་ཏེ། ལྷ་རྣམས་འཕྲིན་ལས་ལ་བསྐུལ་བ་ནི་མཆོད་པ་ལ་རགས་ལས་ཤིང༌། དོན་ཡོད་གྲུབ་པ་ཡང༌། སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་ངོ་བོ་ཡིན་པས་སོ། །དྲུག་པ་ནི། ཁྱཽད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཞེས་སོགས་ཀྱིས་ཁ་སྦྱོར་ཡན་ལག་བདུན་དང་ལྡན་པའི་སྒོ་ནས་བསྟོད་པ་ཡིན་ལ། བསྟོད་པ་རིན་ཆེན་འབྱུང་ལྡན་གྱི་ཡན་ལག་ཏེ། རིན་ཆེན་འབྱུང་ལྡན་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་ཀྱི་ངོ་བོ་ཡིན་ཞིང༌། བསྟོད་པ་ཡང་ཡོན་ཏན་བརྗོད་པའི་ཚིག་ཡིན་པས་སོ། །དེ་ལྟར་བདུད་རྩི་མྱང་བ་དང་མཆོད་པ་དང་བསྟོད་པ་སྟེ་ཡན་ལག་གསུམ་བསྒོམས་པས། གཞི་འཁོར་བའི་ཆོས་ལ་སེམས་ཅན་རྣམས་གནས་དང་ལོངས་སྤྱོད་དང༌། ཉེ་བར་སྤྱོད་པ་རྣམས་ལ་རང་དབང་དུ་གྱུར་


TNT21_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། ལོངས་སྤྱོད་པ་མཚོན་པས་སྤྱོད་པ་དང༌། འབྲས་བུའི་ཆོས་ལ་མངོན་སངས་རྒྱས་ནས་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མཆོད་པ་དང་བསྟོད་པའི་བཀོད་པ་བསམ་གྱིས་མི་ཁྱབ་པ་འབྱུང་བ་ལམ་དུ་བྱེད་པ་ཡིན་ནོ། །དེ་ལྟར་ན་བསྐྱེད་རིམ་གྱི་དམིགས་པའི་གཙོ་བོ་ཐམས་ཅད་ལ་སྦྱང་བྱ་འཁོར་བའི་རྣམ་པ་དང་མཐུན་པས་དེ་སྦྱོང་བ་དང༌། སྦྱངས་འབྲས་མྱ་ངན་འདས་པའི་རྣམ་པ་དང་མཐུན་པས། འབྲས་བུ་ལམ་དུ་བྱེད་པ་གཉིས་ཚང་དགོས་ཤིང༌། དེ་དག་ལ་བླ་མ་གོང་མ་རྣམས་ཀྱིས། མར་བལྟས་འཁོར་བའི་འདྲ་འབག་དང་མཐུན་པ་དང། ཡར་བལྟས་རྣམ་བྱང་གི་འདྲ་འབག་དང་མཐུན་པ། ཞེས་གསུངས། གཉིས་པ་ལྷའི་རྣམ་པ་ལ་དམིགས་པ་ནི། ལྷའི་རྣམ་པ་ལ་བསླབ་པ་དང༌། ང་རྒྱལ་ལ་བསླབ་པ་གཉིས་སུ་འདུས་ཤིང༌། ལྷའི་རྣམ་པ་ལ་བསླབ་པ་ལ། དཀྱིལ་འཁོར་ཐམས་ཅད་ཅིག་ཅར་དུ་གསལ་འདེབས་པ་དང༌། རིམ་གྱི་གསལ་འདེབས་པའི་ཚུལ་གཉིས་ལས། རིམ་གྱིས་གསལ་འདེབས་པའི་ཚུལ་ལ་ལུགས་མི་འདྲ་བ་མང་ན་ཡང༌། བརྒྱུད་པ་འདི་དང་རྗེས་སུ་འབྲེལ་བ་ནི། མཚོ་སྐྱེས་ལུགས་ཀྱི་ལམ་སྐོར་ནས་འབྱུང་བ་ལྟར། དམིགས་ཐུན་སུམ་ཅུ་སོ་གཉིས་དང༌། དག་པ་གསུམ་གྱི་ཁྲིད་ནས་འབྱུང་ལྟར། དམིགས་ཐུན་བདུན་དང༌། བརྺི་པའི་ལུགས་ཀྱི་གདམས་པ་ལ་དམིགས་ཐུན་བཅུ་བདུན་འབྱུངབ་སྟེ། ལུགས་གསུམ་དུ་ཡོད།


TNT21_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ང་རྒྱལ་ལ་བསླབ་པ་ནི། བདག་ཉིད་བཅོམ་ལྡན་འདས་ཀྱཻ་རྡོ་རྗེ་དངོས་ཡིན་སྙམ་པ། སྤྱིར་བསླབ་པ་དང། བྱེ་བྲག་ཏུ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པའི་ཆ་ཤས་རེ་རེ་ལ་བསླབ་པར་བྱ་བ་ཡིན་ཅིང༌། དེ་ཡང་བདག་ཉིད་ཀྱིས་བསྒོམས་པའི་ཞལ་བརྒྱད་ནི། ཀྱཻ་རྡོ་རྗེའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་རྣམ་ཐར་བརྒྱད་ཀྱི་ཡེ་ཤེས་ཡིན་པ་སོགས་ཐམས་ཅད་ལ་སོ་སོ་ནས་བསླབ་པར་བྱ་བ་ཡིན་ཏེ། དེ་ལ་ཐ་མལ་གྱི་སྣང་བའི་གཉེན་པོར་ལྷའི་རྣམ་པ་ལ་སླབ་པ་དང༌། ཐ་མལ་དུ་འཛིན་པའི་གཉེན་པོར་ལྷའི་ང་རྒྱལ་ལ་བསླབ་པ་ཡིན་ནོ། །ལམ་འདི་གཉིས་བསྒོམས་པས་གསལ་སྣང་ཐོབ་པའི་ཚེ། སྡུག་བསྔལ་བདེན་པ་མངོན་གྱུར་པ་འགག་ཅིང་འཁོར་བ་སྤོང་བ་ཡིན་ཏེ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས། ཐ་མལ་རྣམ་རྟོག་རྒྱུན་འདི་མ་གཏོགས་པ། །སྲིད་པའི་སྡུག་བསྔལ་གཞན་ཅིའང་ཡོད་མ་ཡིན། །དེ་དང་རྣམ་པར་འགལ་བར་གྱུར་པའི་ཡིད། །དེས་ནི་མངོན་སུམ་དུ་ནི་རྟོགས་པར་འགྱུར། །ཟབ་ཅིང་རྒྱ་ཆེ་བ་ཡི་རང་བཞིན་ཅན། །གང་ཡིན་དེས་ནི་ཀུན་རྟོག་འཆར་མི་བྱེད། །ཅེས་གསུངས་སོ། །གཞན་ཡང་ལྷའི་རྣམ་པ་དང༌། མོས་པ་སྒོམ་པས་གྲོལ་བར་འགྱུར་བ་ནི། ལམ་བྱེད་བཞི་ཚང་བའི་རྒྱུ་མཚན་གྱིས་ཡིན་ནོ། །ལམ་བྱེད་བཞི་ནི། འབྲས་བུ་ལམ་དུ་བྱེད་པ། རྣམ་པ་ལམ་དུ་བྱེད་པ། མོས་པ་ལམ་དུ་བྱེད་པ། བྱིན་རླབས་ལམ་


TNT21_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱེད་པ་སྟེ་བཞིའོ། །དེའི་དང་པོ་ནི། བསྐྱེད་རིམ་གྱི་དམིགས་པ་ལ། འབྲས་བུ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་མཛད་པ་འཕྲིན་ལས་དང་བཅས་པར་མོས་ཞིང་ཞེན་པས། དེ་ཉིད་ཐོབ་པར་འགྱུར་བ་ཡིན་ཏེ། ནོར་བུའི་འོད་ལ་ནོར་བུར་ཞེན་པས་མཐར་ནོར་བུ་ཐོབ་ནུས་པ་བཞིན་ནོ། །གཉིས་པ་ནི། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་པ་ཡིད་ལ་བྱས་པས་ཐོབ་པར་འགྱུར་བ་ཡིན་ཏེ། དཔེར་ན་བསམ་གཏན་པ་འགའ་ཞིག་གིས་མེའི་རྣམ་པ་ཡིད་ལ་བྱས་པས། ཟད་པར་མེའི་ཏིང་ངེ་འཛིན་ཐོབ་ནས་བདུད་ཀྱི་གནས་སུ་མེ་སྤྲུལ་ནུས་པ་བཞིན་ནོ། །གསུམ་པ་ནི་དེ་ལྟར་སྒོམ་པའི་དཀྱིལ་འཁོར་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་དཀྱིལ་འཁོར་དངོས་སུ་མོས་པ་མཐར་ཕྱིན་པ་ན། དེ་ཉིད་ཐོབ་པར་འགྱུར་བ་ཡིན་ཏེ། ཤཱ་རིའི་བུས་དམྱལ་བའི་མེ་ཆུར་མོས་པས་དངོས་སུ་ཆུར་འགྱུར་བ་ཡིན་ནོ། །བཞི་པ་ནི། ལྷག་པའི་ལྷས་བྱིན་བརླབས་པས་ཀྱང་གྲོལ་བར་འཐད་དེ། ཡི་དམ་ལྷའི་བྱིན་རླབས་ཙམ་གྱི་ཏིང་ངེ་འཛིན་བཟང་པོ་སྐྱེས་ཤིང་ས་དང་ལམ་གྱི་མངོན་པར་རྟོགས་པ་རྒྱུད་ལ་སྐྱེ་བས་མཐར་སངས་རྒྱས་ཉིད་དུ་འགྱུར་ཏེ། ལྕི་བའི་གོང་བུ་གསེར་དུ་བྱིན་གྱིས་བརླབས་པས་གསེར་དུ་གྱུར་པ་བཞིན་ནོ། །དེ་ལྟར་ལམ་བྱེད་བཞི་པོ་འདི་དག་བསྐྱེད་རིམ་ཐམས་ཅད་ཀྱི། དམིགས་པའི་གཙོ་བོ་ཀུན་ལ་ཚང་བ་དང༌། བསྐྱེད་རིམ་གྱི་རྣལ་འབྱོར་ལ་འཇུག་པ་ནས་བརྩམས་ཏེ། ལྷ་སྐུ་ལ་སེམས་འཛིན་


TNT21_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བར་ཐམས་ཅད་དུ་ལྷའི་རྣམ་པ་ལ་བསླབ་པ་དང༌། ང་རྒྱལ་ལ་བསླབ་པ་གཉིས་ཚང་དགོས་ཤིང༌། གཉིས་ཀའང་རྒྱ་ཆེ་བ་དང་གསལ་བའི་ངོ་བོ་ཡིན་ལ། དེ་དག་སྟོང་ཉིད་རྟོགས་པའི་ལྟ་བས་ཟིན་པའི་ཚེ་ཟབ་པའི་རྣལ་འབྱོར་ཡང་ཡིན་པས་ཟབ་པ་དང་རྒྱ་ཆེ་བའམ། ཟབ་གསལ་གཉིས་སུ་མེད་པ་ལ་བསླབ་པ་ཡིན་ནོ། །གཉིས་པ་རྫོགས་རིམ་ནི་གང་ལ་གནད་དུ་བསྣུན་པའི་གཞི། བརྟེན་དཀྱིལ་བཞིའོ། །གནས་པ་རྩ། གཡོ་བ་རླུང༌། བཀོད་པ་བྱང་ཆུབ་ཀྱི་སེམས་ཏེ། གསུམ་དུ་གྲགས་པ་དང༌། དབང་གོང་མ་གསུམ་དང་འབྲེལ་བའི་རྫོགས་རིམ་གྱི་རྣམ་བཞག་ཞིབ་མོར་གཏན་ལ་དབབ་དགོས་མོད། རྒྱས་པར་གཞན་དུ་ཤེས་པར་བྱའོ། །སྐབས་འདིར་དཀྱིལ་འཁོར་གྱི་འཁོར་ལོ་བསྡུ་བའི་རིམ་པ་འོད་གསལ་དུ་འཇུག་པའམ། ཡང་ན་བཟླས་པའི་མཐར་བསྡུ་བས་ཀྱང་རུང་སྟེ། དག་པ་དྲན་པ་དང་བཟླས་བརྗོད་ནི་རྗེས་སྦྱོང་ཡིན་པའི་ཕྱིར། དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པ་གསལ་གདབ་དགོས་པའི་ངེས་པ་མེད་ལ་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པ་གསལ་བཞིན་པའི་ངང་ནས་དེ་ཉིད་བསྒོམས་ན་ཤིན་ཏུ་ལེགས་པའང་ཡིན་པས་སོ། །གཉིས་པ་མཉམ་པར་མ་བཞག་པའི་རྣལ་འབྱོར་ལ། དག་པ་དྲན་པ། བཟླས་པའི་རྣལ་འབྱོར། གཏོར་མའི་རྣལ་འབྱོར། ཁ་ཟས་ཀྱི་རྣལ་འབྱོར། སྤྱོད་ལམ་གྱི་རྣལ་འབྱོར། ཉལ་བའི་རྣལ་འབྱོར། ལྡང་བའི་རྣལ་འབྱོར། ཁྲུས་ཀྱི་རྣལ་འབྱོར་ཏེ་བརྒྱད་དོ། །སྙིང་རྗེའི་སྤྱན་ནི་


TNT21_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་སྟེ་ཞེས་བྱ་བ་ལ་སོགས་པ་ངག་ཏུ་བརྗོད་ཅིང༌། དོན་ཞིབ་མོར་བསམ་པ་ཡིན་ཅིང༌། ཡན་ལག་ཀུན་ལ་རྡོར་འཛིན་མགོན། །ཞེས་པ་མཚོ་སྐྱེས་ཀྱི་སྒྲུབ་ཐབས་ནས་འབྱུང་བ་ཡིན་ལ། གཞན་རྣམས་ནི་རྩ་རྒྱུད་ལས་འབྱུང་བ་བསྡུས་པའོ། །དེ་ལ་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་ངོ་བོར་རོ་གཅིག་པའི་བདག་ཉིད་ཀྱི་སྐུ་ལ་བྱམས་པའི་རང་བཞིན་སྐུ་མདོག་ནག་པོ། སྙིང་རྗེ་ཆེན་པོའི་རང་བཞིན་གྱི་སྤྱན་དམར་བ། སྙིང་རྗེ་ཆེན་པོ་དང་དབྱེར་མེད་པས་རྣམ་ཐར་སྒོ་གསུམ་མཚོན་པའི་རང་བཞིན་གྱི་ཞལ་རེ་རེ་ལ་སྤྱན་གསུམ་དང༌། རྣམ་ཐར་དག་པའི་ཞལ་བརྒྱད་དེ། དེ་ཡང་རྩ་ཞལ་ནག་པོ་ནི་གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར། གཡས་ཞལ་དཀར་པོ་གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར། གཡོན་ཞལ་དམར་པོ་ཁྱད་པར་སྡུག་པའི་རྣམ་ཐར་སྟེང་ཞལ་དུད་ཁ་འགོག་པའི་རྣམ་ཐར་ཞལ་ལྷག་མ་བཞི་ནི་གཟུགས་མེད་ཀྱི་རྣམ་ཐར་བཞིའོ། །སྟོང་ཉིད་བཅུ་དྲུག་རྫོགས་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་ཕྱག་བཅུ་དྲུག་སྟེ། སྟོང་ཉིད་བཅུ་དྲུག་ནི། ནང་དང༌། ཕྱི་དང༌། ཕྱི་ནང་དང༌། ཆེན་པོ་དང༌། སྟོང་ཉིད་དང༌། དོན་དམ་པ་དང༌། འདུས་བྱས་དང༌། འདུས་མ་བྱས་དང༌། མཐའ་ལས་འདས་པ་དང༌། ཐོག་མ་དང་ཐ་མ་མེད་པ་དང༌། དོར་བ་མེད་པ་དང༌། རང་བཞིན་དང༌། རང་གི་མཚན་ཉིད་དང༌། ཆོས་ཐམས་ཅད་དང༌། དངོས་པོ་མེད་པ་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་ཉིད་རྣམས་སོ། །དེ་ལ་དང་པོ་དྲུག་ནི་


TNT21_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བྱ་དང་མཐོང་ཚུལ་གྱི་སྒོ་ནས་བཞག་པ་ཡིན་ལ། སྟོང་ཉིད་ཕྱི་མ་གཉིས་ནི། རང་གི་ངོ་བོ་སྟོང་མི་སྟོང་གི་ཚུལ་གྱི་སྒོ་ནས་བཞག་པ་ཡིན་ཞིང༌། དེ་ལྟར་བརྒྱད་ནི་གཡས་ཀྱི་ཕྱག་བརྒྱད་དོ། །སྟོང་ཉིད་བར་པ་བརྒྱད་ནི་གཡོན་གྱི་ཕྱག་བརྒྱད་དོ། །སྟོང་ཉིད་བཅུ་དྲུག་གི་ངོས་འཛིན་སཾམྦུ་ཊིའི་རྒྱུད་ཕྱི་མ་ནས་འབྱུང་བ་དང༌། དབུས་མཐའ་རྩ་འགྲེལ་ནས་འབྱུང་བ་ནི་དགོངས་པ་གཅིག་དང་དབྱངས་གཅིག་ཏུ་སྣང་ངོ༌། །ཐོད་པ་བཅུ་དྲུག་ནི། ཕྱག་བཅུ་དྲུག་དང་སྦྱོར་རྒྱུའི་བདེ་བ་ཆེན་པོ་བཅུ་དྲུག་ཏེ། དགའ་བ་བཅུ་དྲུག་གི་རྣམ་པ་ཅན་ཡིན་ནོ། །གཡས་པའི་ཕྱག་ན་གནས་པའི་སྲོག་ཆགས་བརྒྱད་ནི། རྡོ་རྗེ་གུར་ལས། བློ་དང་དབུགས་དང་དེ་བཞིན་སྨྱོ། ཁོང་སྐམ་འཛེ་དང་ཤྲི་ཛི་ཀ །མཆིན་པ་མཚེར་པའི་ནད་རྣམས་ལ། །གློང་ལ་སོགས་རིམ་བཞིན་ཤེས་བྱ། །ཞེས་གསུངས་པ་ལྟར། སེམས་ཅན་གྱི་ནད་བརྒྱད་མཚོན་པ་ཡིན་ལ། དེ་དག་ཁ་ནང་དུ་ལྟ་བ་ནི་སྐུ་ལ་བསྡུ་བའི་ཚུལ་གྱིས་སེམས་ཅན་རྣམས་ཀྱི་དེ་དག་སེལ་བར་མཚོན་པར་ཡིན་ནོ། །གཡོན་གྱི་ཐོད་པའི་ནང་གི་ལྷ་བརྒྱད་ནི། དབང་ཕྱུག་བརྒྱད་མཚོན་པ་དང༌། དེ་དག་སེམས་ཅན་ལ་སྩལ་བ་ནི་གདོང་ཕྱིར་ཕྱོགས་པས་མཚོན་པ་ཡིན་ནོ། །ཡོན་ཏན་བརྒྱད་ནི། ཁ་ཅིག་སྐུའི་དབང་ཕྱུག་ལ་སོགས་པ་མཆོག་གི་དངོས་གྲུབ་བརྒྱད་ལ་སྦྱར་བ་ནི། གཡས་གཡོན་གྱི་གངས་དོད་མི་སྐོམ་ཤིང༌། ཁ་ཅིག་ཕྲ་ཡང་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་ལ་སྦྱོར་བ་ནི། སྦྱོར་ཚུལ་མི་བདེ་བས། དེས་ན་བླ་མ་གོང་མ་ཕལ་ཆེར་


TNT21_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བཞེད་པ་ལྟར་ཁམས་བརྒྱད་རྣམ་པར་དག་པའི། དབང་ཕྱུག་བརྒྱད་ཀྱི་ཡོན་ཏན་མཚོན་པ་ཡིན་ནོ། །དེ་ལྟར་ན་ཁམས་བརྒྱད་པོ་དེ་རྣམས་ཀྱི། སྙིགས་མའི་ཆ་རྣམས་ཟད་ཅིང༌། དྭངས་མ་རྣམས་སྟོབས་སུ་གྱུར་པ་སྟེ། དེ་ལས་སྟོབས་སུ་གྱུར་པས་ནི། སྲེད་མེད་ཀྱི་བུ་ལྟ་བུར་སྟོབས་ཆེ་བ་དང༌། ཆུ་སྟོབས་སུ་གྱུར་པས་ན་ནད་དང་ཚོར་བ་སྡུག་བསྔལ་ཞི་བ་དང༌། མེ་སྟོབས་སུ་གྱུར་པས་གཅིག་དང་དུ་མར་སྣང་བ་སོགས་ཆོ་འཕྲུལ་སྟོན་པ་དང༌། རླུང་སྟོབས་སུ་གྱུར་པས་ནི། ཡིད་ཀྱི་ཤུགས་ཀྱིས་འགྲོ་བ་དང༌། ནམ་མཁའ་སྟོབས་སུ་གྱུར་པས་ནི། སྣོད་བཅུད་ཀྱི་ཁྱད་པར་རྣམས་སྐྱེ་འཇིག་ནུས་པ་དང༌། ཟླ་བ་སྟེ་བྱང་སེམས་སྟོབས་སུ་གྱུར་པས། བདོས་བཅས་ཀྱི་ལུས་རགས་པ་མི་སྣང་ཞིང་གྲིབ་མ་མེད་པ་དང༌། ཉི་མ་སྟེ་རྡུལ་གྱི་ཁམས་སྟོབས་སུ་གྱུར་པས་ནི། གཟི་བརྗིད་ཆེ་ཤིང་འོད་འབར་ལ། སྐྱེ་བ་མང་པོ་དབང་དུ་འདུ་བ་དང༌། རྣམ་ཤེས་ཀྱི་ཁམས་སྟོབས་སུ་གྱུར་པས་འདོད་སེམས་རྩེ་གཅིག་པའི་བདག་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་པའོ། །ཞབས་བཞི་ནི་སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་མཐུན་པ་དང། དོན་སྤྱོད་པ་སྟེ་བསྡུ་བའི་དངོས་པོ་བཞི་རྣམ་པར་དག་པ། དེ་དག་གིས་ཕུང་པོའི་བདུད་དང༌། ལྷའི་བུའི་བདུད་དང༌། འཆི་བདག་གི་བདུད་དང༌། ཉོན་མོངས་པའི་བདུད་དོ། །གདུལ་བྱ་གཞན་རྒྱུད་ལ་གནས་པའི་དེ་དག་མཐའ་དག་འཇོམས་པ་


TNT21_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རིམ་པ་བཞིན་དུ། ཚངས་པ། དབང་པོ། ཉེ་དབང༌། དྲག་པོ་རྣམས་སོ། །མདུན་གྱི་ཞབས་གཡོན་བསྐུམས་པ་ནི། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་འཁོར་བའི་མཐའ་ལ་མི་གནས་པ་དང༌། གཡས་བརྐྱངས་པ་ནི་ཐུགས་རྗེ་ཆེན་པོས་མྱ་ངན་འདས་པའི་མཐའ་ལ་མི་གནས་པ་དང༌། རྒྱབ་མ་གཉིས་དཀྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་གནས་པ་ནི། ཐབས་ཤེས་ཟུང་དུ་འཇུག་པས། རྟག་ཆད་ཀྱི་མཐའ་དང་བྲལ་བ་དབུ་མ་ལ་གནས་པ་དང༌། མི་གནས་པའི་མྱ་ངན་ལས་འདས་པ་ཡིན་ནོ། །ཞབས་བཞི་ཆར་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་སུ་མཛད་པ་ལྟར་གཡོན་གཉིས་བསྐུམས་པས། འཁོར་བ་ལ་མི་གནས་པ་དང༌། གཡས་གཉིས་བརྐྱངས་པས། མྱང་འདས་ཀྱི་མཐའ་གཉིས་ལ་མི་གནས་པ་དང༌། དེ་གཉིས་བསྡོམས་པས་ཐབས་ཤེས་ཟུང་འཇུག་ཏུ་མཚོན་པ་ཡིན་ནོ། །ཕྱི་རོལ་ཏུ་ལྷ་དང་ལྷ་མ་ཡིན་ལ་སོགས་པ་གདུག་པ་ཅན་རྣམས་འདུལ་བ་དང༌། ནང་དུ་རྣམ་པར་རྟོག་པ་འཇོམས་པའི་ཕྱིར་དུ་ཁྲོ་བོའི་སྐུར་སྟོན་པའོ། །རྒྱན་གྱི་དག་པ་ནི། གུག་བསྐྱེད་ཀྱིས་ནི་སངས་རྒྱས་ལྔ་ཞེས་མདོར་བསྟན་པ་དང༌། སྤྱི་བོའི་འཁོར་ལོ་མི་བསྐྱོད་པ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་བཤད་པར་ཡིན་ཅིང༌། ཕྱག་རྒྱ་ལྔ་ནི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དུ་གནས་པ་དང༌། ཡེ་ཤེས་ལྔའི་དག་པར་གནས་པས་ན། ཡེ་ཤེས་ལྔ་ཡོངས་སུ་རྫོགས་པ་མཚོན་པ་དང༌། ཐལ་ཆེན་གྱིས་སྐུ་ལུས་ཐམས་ཅད་བརྒྱན་པ་ནི་རྡོ་རྗེ་འཆང་དང༌།


TNT21_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཆེན་པོའི་ཡེ་ཤེས་ལ་གནས་པ་མཚོན་པ་ཡིན་ནོ། །རྣལ་འབྱོར་མའི་འཁོར་རྣམས་ཀྱི་དག་པ་ནི། རྩ་རྒྱུད་དངོས་བསྟན་ལས། བདག་མེད་མ་ལྷ་མོ་བཅོ་ལྔའི་དག་པར་གསུངས་པ་ཐམས་ཅད་སྐབས་འདིར་རྣལ་འབྱོར་མ་ལྷ་དགུར་བསྡུས་པ་ཡིན་ཏེ། དེ་ཡང་ས་སྤྱོད་མ་དང༌། མཁའ་སྤྱོད་མ་ནི་རྡོ་རྗེ་བདག་མེད་མ་དང༌། རྡོ་རྗེ་མ་དང༌། དཀར་མོ་དང༌། ཆུ་མ་དང༌། རྡོ་རྗེ་མཁའ་འགྲོ་མ་ནི་རིམ་པ་བཞིན་དུ་གཽ་རི་ལ་སོགས་པ་ཕྱོགས་ཀྱི་ལྷ་མོ་བཞི་དང་སྦྱོར་བ་ཡིན་ནོ། །དེས་ན། རྣམ་པར་ཤེས་པའི་ཕུང་པོ་དང༌། རེག་བྱ་དང༌། ཆོས་ཁམས་དང། ནམ་མཁའི་ཁམས་རྣམ་པར་དག་པ་ནི་བདག་མེད་མ་དང༌། གཟུགས་ཀྱི་སྐྱེ་མཆེད་དང༌། གཟུགས་ཕུང་རྣམ་པར་དག་པ། གཽ་རི་དང༌། སྒྲ་དང༌། ཚོར་ཕུང་རྣམ་པར་དག་པ་ཙཽ་རི་དང༌། འདུ་ཤེས་རྣམ་པར་དག་པ་བཻ་ཏཱ་ལཱི་དང༌། རོ་དང་འདུ་བྱེད་རྣམ་པར་དག་པ་གྷསྨ་རི་དང༌། ས་ཁམས་རྣམ་པར་དག་པ་པུཀྐཱ་སི་དང༌། ཆུ་ཁམས་རྣམ་པར་དག་པ་ཤྭ་ཝ་རཱི་དང༌། མེ་ཁམས་རྣམ་པར་དག་པ་ཙནྡྲ་ལི་དང༌། རླུང་ཁམས་རྣམས་པར་དག་པ་ཌོམ་བི་ནི་རྣམས་སོ། །དེ་སྐད་དུ་ཡང་བརྟག་གཉིས་ལས། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཚོར་བ་ལ་ནི་དཀར་མོ་བཤད། །འདུ་ཤེས་ཆུའི་རྣལ་འབྱོར་མ། །འདུ་བྱེད་རྡོ་རྗེ་མཁའ་འགྲོ་མ། །རྣམ་ཤེས་ཕུང་པོའི་ཚུལ་གྱིས་ནི། །བདག་མེད་རྣལ་བྱོར་མ་གནས་སོ། །ཞེས་དང༌། གཟུགས་ལ་རྟག་ཏུ་དཀར་མོ་


TNT21_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

བཤད། །སྒྲ་ལ་ཆོམ་རྐུན་མ་རབ་གྲགས། །དྲི་ཡི་ཆ་ལ་རོ་ལངས་མ། །རོ་ལ་གྷསྨ་རི་རབ་གྲགས། །རེག་ལས་སྤྱོད་མ་ཞེས་བརྗོད་དོ། །ཆོས་ཀྱི་དབྱིངས་ལ་མཁའ་སྤྱོད་མ་ཞེས་དང༌། ས་ནི་པུཀྐཱ་སི་ཞེས་བཤད། །ཆུ་ཁམས་རྔོན་པ་མ་ཞེས་བརྗོད། །མེ་ནི་གཏུམ་མོར་ཤེས་པར་བྱ། །རླུང་ནི་གཡུང་མོ་རབ་ཏུ་གྲགས། །ཞེས་གསུངས་སོ། །དུག་ལྔ་རྣམ་པར་དག་པ་ཡེ་ཤེས་ལྔའི་བདག་ཉིད་ནི། ཕྱོགས་ཀྱི་ལྷ་མོ་རྣམས་དང༌། བདག་མེད་མ་ལ་སྦྱར་བའང་རུང་མོད། ཧེ་རུ་ཀའི་དཀྱིལ་འཁོར་འདིར་གཙོ་བོ་ཉིད་ལ་སྦྱོར་བ་ཡིན་ཅིང༌། ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་གྱི་ཚེ་འཕར་མ་ནང་མའི་ལྷ་རྣམས་ལ་སྦྱོར་བ་ཡིན་ནོ། །དེ་ལྟར་ན་བདག་མེད་མ་སྐུ་མདོག་ནག་མོ་ནི། ཆོས་ཉིད་འགྱུར་བ་མེད་པ་མཚོན་ཅིང༌། གཡས་ཀྱི་གྲི་གུག་ནི། ང་རྒྱལ་ལ་སོགས་པའི་རྩ་ཉོན་དྲུག་གཅོད་པ་དང༌། གཡོན་གྱི་ཐོད་པ་ནི་དངོས་པོ་དང༌། དངོས་པོ་མེད་པའི་རྣམ་པར་རྟོག་པ་མཐའ་དག་འཇོམས་པ་དང༌། ནང་གི་ཁྲག་ནི་བདུད་བཞིའི་ཁྲག་སྟེ། དེ་བཏུལ་བ་དང༌། དེ་བཞིན་ཉིད་ཀྱིས་ཞལ་གཅིག །ཐབས་ཤེས་ཀྱི་བདག་ཉིད་ཀྱི་ཕྱག་གཉིས་མའོ། །གཽ་རི་སྐུ་མདོག་ནག་མོ་ནི། དྲག་པོའི་འཕྲིན་ལས་ཀྱི་འགྲོ་བའི་དོན་བྱེད་པ་དང༌། ཕྱག་གཡོན་གྱི་ཉ་ནི་འདོད་ཆགས། གཡས་ཀྱི་གྲི་གུག་ནི། དེ་གཅོད་པ་མཚོན་ཙཱཽ་རི་སྐུ་མདོག་དམར་མོ་ནི་དབང་གི་ལས་ཀྱི་སེམས་ཅན་གྱི་དོན་མཛད་པ། ཕྱག་གཡོན་གྱི་ཕག་པ་ནི་གཏི་མུག །གཡས་ཀྱི་ཅང་ཏེའུ་ནི་


TNT21_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་སྒྲ་སྒྲོག་པས་སེལ་བ་མཚོན། བཻ་ཏཱ་ལི་སྐུ་མདོག་སེར་མོ་ནི། རྒྱས་པའི་ལས་ཀྱི་སེམས་ཅན་གྱི་དོན་བྱེད་པར་མཚོན་ཅིང༌། ཕྱག་གཡས་ཀྱི་རུས་སྦལ་ནི་ཕྲག་དོག །གཡོན་གྱི་ཐོད་པའི་བདུད་རྩི་མཐོར་བས་དེ་སེལ་བར་མཚོན། གྷསྨ་རི་སྐུ་མདོག་ལྗང་ཁུ་ནི། འཕྲིན་ལས་སྣ་ཚོགས་ཀྱི་འགྲོ་དོན་བྱེད་པར་མཚོན། ཕྱག་གཡས་ཀྱི་དུག་སྦྲུལ་ནི་ཞེ་སྡང་མཚོན་ཅིང༌། གཡོན་གྱི་ཐོད་པའི་བདུད་རྩི་འཐོར་བས་དེ་སེལ་བ་མཚོན། པུཀྐཱ་སིའི་སྐུ་མདོག་སྔོན་མོ་ནི། མི་རྟོག་པའི་ལམ་གྱིས་འགྲོ་དོན་མཛད་པ་མཚོན་ཅིང༌། གཡས་སིངྒེ་ནི་ང་རྒྱལ། གཡོན་གྱི་སྒྲ་སྟ་ནི་དེ་གཅོད་པ་མཚོན། ཤཱ་བ་རི་སྐུ་མདོག་དཀར་པོ་ནི། ཞི་བའི་འཕྲྀན་ལས་ཀྱི་འགྲོ་དོན་བྱེད་པ་མཚོན་ཅིང༌། གཡས་དགེ་སློང་གི་ལྟ་བ་ངན་པ་ལྔ། གཡོན་གྱི་བསིལ་བྱེད་ནི་དེའི་ཚ་གདུང་སེལ་བར་བྱེད་པ། ཙནྡྲ་ལི་སྐུ་མདོག་སྔོ་སངས་ནི། སྟོང་ཉིད་སྟོན་པའི་སྒོ་ནས་འགྲོ་དོན་མཛད་པ་མཚོན་ཅིང༌། གཡས་འཁོར་ལོ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ། གཡོན་གྱི་ཐོད་པ་ནི་བདག་ཏུ་ལྟ་བའི་ཐ་བ་བཟློག་པ། ཌོམ་བི་ནི་སྐུ་མདོག་སྣ་ཚོགས་པ་ནི། ཐེག་པ་སྣ་ཚོགས་ཀྱི་སྒོ་ནས་འགྲོ་དོན་མཛད་པ། གཡས་རྡོ་རྗེ་ནི་མི་རྟོག་པའི་ཡེ་ཤེས། གཡོན་གྱི་སྡིགས་མཛུབ་ནི་མཚན་མར་འཛིན་པ་ཐམས་ཅད་བསྡིགས་པར་མཛད་པ་མཚོན་པའོ། །དེ་ལྟར་ན་གཙོ་འཁོར་ཐམས་ཅད་དབུ་སྐྲ་གྱེན་དུ་བརྫེས་པ་ནི་ཡེ་ཤེས་གོང་ནས་གོང་


TNT21_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཕེལ་བ་དང༌། ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་པ་ནི། རིགས་ལྔའི་རང་བཞིན་གྱི་རྒྱས་གདབ་པ་དང༌། མི་མགོ་རློན་པ་ལྔ་བཅུའི་དོ་ཤལ་ནི། སེམས་བྱུང་ལྔ་བཅུ་རྣམ་པར་དག་པར་དང༌། ཡེ་ཤེས་ཀྱི་མེ་དཔུང་འབར་བ་ནི་ཇི་ལྟ་བ་དང༌། ཇི་སྙེད་པའི་ཆོས་ལ་ཡེ་ཤེས་ལྷག་པར་རྒྱས་པའོ། །སྐབས་འདིའི་གདོལ་བ་མོ་ནི། རྩ་རྒྱུད་ལས། གཏུམ་མོ་ནི་ནམ་མཁའ་སྔོ་བསངས་མ། ཞེས་གསུངས་པ་དཀྱུས་ལྟར་ཡིན་ཅིང༌། རྒྱུད་རྒྱས་པའི་རྗེས་སུ་འབྲངས་ནས་སྒྲུབ་ཐབས་མཚོ་སྐྱེས་ལས། སྐུ་མདོག་སྔོ་དམར་དུ་བཤད་ཅིང༌། དེའི་རྗེས་སུ་འབྲང་བའི་སྒྲུབ་ཐབས་ཀྱང་མང་དུ་ཡོད་པས་དེའི་ནི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་ཆོས་སྟོན་པ་མཚོན་ནོ། །གདོལ་བ་མའི་གཡོན་གྱི་ཐོད་པ་ནི། ཐེ་ཚོམ་གྱྀ་ཐ་བ་བཟློག་པ་དང༌། གཡུང་མོའི་གཡས་ཀྱི་རྡོ་རྗེ་ནི། ཆོས་ཀྱི་བདག་མེད་རྟོགས་པའི་ཡེ་ཤེས་མཚོན་པར་བླ་མ་གོང་མའི་གསུང་རྒྱུན་འགའ་ཞིག་ལས་འབྱུང་བ་ཤིན་ཏུ་ལེགས་པར་ཡང་མངོན་ནོ། །གཡུང་མོ་ཁ་དོག་སྣ་ཚོགས་པར་བཤད་པ་ལ། འགའ་ཞིག་ལྗང་ཁུ་འདོད་པ་དང༌། ཁ་ཅིག་གིས་ནི་ཕུག་རོན་གྱི་མགྲིན་པ་ལྟར་མདངས་སྣ་ཚོགས་པར་འཆར་བར་འདོད་པ་དང༌། གཞན་འགའ་ཞིག་ཐིག་ལེ་ལ་ཁ་དོག་སྣ་ལྔ་པས་ལུས་ཐམས་ཅད་ཁྱབ་པར་འདོད་པ་དང༌། འགའ་ཞིག་གི་ནི་ཚོན་སྣ་ལྔས་གཅིག་ཏུ་འདྲེས་པའི་ཁ་དོག་དང་མཚུངས་པར་འདོད་པ་དང༌། ལ་ལ་དག་རྐང་མཐིལ་རླུང་སོགས་ཀྱི་རིམ་པ་དངབསྟུན་པའི་ཁ་དོག་དང་མཐུན་པར་འདོད་པ་དང༌།


TNT21_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལས་འབྱུང་བའི་རྡོ་རྗེ་ལས་ཀྱི་ཁ་དོག་མཐུན་པར་འདོད་པ་དང༌། འགའ་ཞིག་ཏུ་ནི་སུམ་མདོ་དང་ཞལ་རས་དཀར་བ་སྐུ་སྟོད་ནག་པོ་སྐེད་པ་དམར་བ་བར་ལྷུ་གཉིས་དང་བརླ་གཉིས་སེར་བ། ཕྱག་ངར་གཉིས་དང་ཞབས་གཉིས་ལྗང་གུ་ཡིན་པར་འདོད་པ་སྟེ། ལུགས་བདུན་གང་ཡང་བླ་མའི་མན་ངག་འབྲེལ་ན་འགལ་བ་མེད་དོ། །དེ་ལྟར་ལྷ་མོ་བརྒྱད་ཀྱི་ཞབས་ཀྱི་འོག་གི་ལྷ་རྣམས་ལ། ཚངས་པ་ཞི་བའི་ལས། དབང་པོ་རྒྱས་པའི་ལས། ཉེ་དབང་དབང་གི་ལས། དྲག་པོ་དྲག་པོའི་ལས་ཏེ། སངས་རྒྱས་ཀྱི་བསྟན་པ་ལས་ཕྱི་རོལ་ཏུ་གྱུར་པའི། སྔགས་རྒྱུད་ལ་ལས་བཞིས་རང་དོན་ཁོ་ན་གཉེར་ཞིང༌། སྡིག་པའི་སེམས་དང་མ་བྲལ་བ་མཚོན་པ་ཡིན་ལ། གཤིན་རྗེ་དུས་མ་ཡིན་པའི་འཆི་བ། ནོར་བདག་ནི་ལོངས་སྤྱོད་ལ་རྣམ་པར་གཡེང་བ། སྲིན་པོ་ནི་འཚེ་བ་སྣ་ཚོགས་པ་ཐགས་བཟང་རིས་ནི་ཡིད་སྒྱུར་བར་བྱེད་པ་སྟེ། དེ་དག་མནན་པ་ནི་དེ་དག་བཅོམ་པར་མཚོན་པའོ། །དེ་ལྟར་ན་ཡབ་ཀྱི་ཞབས་འོག་གི་བདུད་བཞི་དང༌། ཕྱོགས་ཀྱི་བདུད་བཞི་རྣམས་གནས་དང་བྱེད་ལས་རྣམས་ཐ་དད་པ་སྟེ། གཙོ་བོའི་ཞབས་འོག་གི་བདུད་བཞི་ནི། གཟུགས་ཁམས་ཀྱི་བདག་པོ་ཚངས་པ་དང༌། སུམ་ཅུ་རྩ་གསུམ་གྱི་བདག་པོ་བརྒྱ་བྱིན་དང༌། བདུད་ཀྱི་གཙོ་བོ་གཞན་འཕྲུལ་དབང་བྱེད་དང༌། ལྷ་གསུམ་གྱི་


TNT21_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་དབང་ཕྱུག་ཆེན་པོའོ། །ཕྱོགས་ཀྱི་བདུད་བཞི་ནི། སྟེང་གི་ཕྱོགས་སྐྱོང་འདོད་པའི་ཁམས་ཀྱི་ཚངས་པ་དང༌། དྲི་ཟའི་གདོན་གྱི་གཙོ་བོ་སྟེ་ཤར་ཕྱོགས་སྐྱོང་བ་བརྒྱ་བྱིན་དང༌། ལྷ་ཆེན་པོ་ཁྱབ་འཇུག་དང༌། བྱང་ཤར་གྱི་ཕྱོགས་སྐྱོང་བ་དབང་ལྡན་འབྱུང་པོ་རྣམས་ཡིན་ནོ། །ཞེས་བླ་མ་གོང་མ་རྣམས་གསུངས་སོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཉི་མའི་གདན། ཉོན་མོངས་པའི་ཚ་གདུང་སེལ་བར་བྱེད་པ་ཟླ་བའི་གདན། ཉེས་པས་མ་གོས་པ་པདྨའི་གདན་གྱིས་མཚན། དེ་ལྟར་ན་གཙོ་བོའི་གདན་ཉི་མའི་དཀྱིལ་འཁོར་དུ་ངེས་ཤིང༌། ལྷ་མོ་རྣམས་ལ་རྒྱ་གཞུང་རྣམས་ལས་ཉི་ཟླ་སོ་སོར་བཤད་པ་སྣ་ཚོགས་སུ་ཡོད་ཀྱང༌། སྐབས་འདིར་ཉི་ཟླ་འདམ་གར་བཞེད་དོ། །བདག་མེད་ལྷ་མོ་བཅོ་ལྔའི་ཚེ་ཐམས་ཅད་དྲག་མོ་ཡིན་པའི་ཕྱིར་ཉི་མའི་གདན་དང༌། ཡབ་ཀྱི་དཀྱིལ་འཁོར་ལ་ལྷ་མོ་རྣམས་ཅུང་ཟད་ཞི་བའི་ཕྱིར། ཟླ་བའི་གདན་དུ་ངེས་སོ་ཞེས་པ་ནི་ཡང་དག་པ་མ་ཡིན་ཏེ། འབྱུང་པོ་འདུལ་བྱེད་དང་ནག་པོ་ཆེན་པོ་དང། ལྷ་མོ་ཙ་རཱི་ཀ་ལ་སོགས་པ་ཤིན་ཏུ་ཁྲོས་པའི་ལྷ་རྣམས་ལའང་ཟླ་བའི་གདན་བཤད་པ་མང་དུ་ཡོད་པའི་ཕྱིར་དང༌། ཡབ་ཀྱི་དཀྱིལ་འཁོར་གྱི་ལྷ་མོ་བརྒྱད་ལྷ་མོ་བཅོ་ལྔ་ལས་ཞི་བ་ཡིན་པའི་རྒྱུ་མཚན་མེད་པའི་ཕྱིར་རོ། །གཞལ་ཡས་ཁང་གི་དག་པ་བརྗོད་པ་ནི། མཉམ་པ་ཉིད་ཀྱི་ཕྱིར་གྲུ་བཞི་པ། ཚད་མེད་པ་བཞིའི་རང་བཞིན་གྱི་ཟུར་བཞི་པ། རྣམ་


TNT21_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐར་བ་བཞིའི་རང་བཞིན་གྱི་སྒོ་བཞི། དྲན་པ་ཉེར་བཞག་བཞི་ནི་འདོད་ཡོན་གྱི་སྣམ་བུ་བཞི། ཡང་དག་སྤོང་བ་བཞི་ནི། ཀ་བ་བཞིའི་བཏེགས་པའི་རྟ་བབ་བཞི། རྫུ་འཕྲུལ་རྐང་པ་བཞི་ནི། སྒོ་ཁྱུད་དང་བཅས་པའི་སྒོ་ཁང་བཞི། དབང་པོ་ལྔ་དང་སྟོབས་ལྔ་ནི། རྩིག་པ་རིམ་པ་ལྔ། བྱང་ཆུབ་ཀྱི་ཡན་ལག་བདུན་ནི་མེ་ཏོག་གི་འཕྲེང་བ། འཕགས་ལམ་ཡན་ལག་བརྒྱད་ནི་ཀ་བ་བརྒྱད། ཉོན་མོངས་པའི་སྒྲིབ་པ་སྤངས་པ་དྲྭ་བ་དྲྭ་ཕྱེད། ཚུལ་ཁྲིམས་གསུམ་གྱི་རང་བཞིན་གྱི་རྒྱན་ཐམས་ཅད་ཀྱི་རྣམ་པར་བརྒྱན་པའོ། །གཞལ་ཡས་ཁང་གི་གདན་སྣ་ཚོགས་རྡོ་རྗེ་ནི་གང་ཟག་གི་བདག་མེད་མཚོན་ལ་དེ་ཉིད་རྭ་བཅུ་གཉིས་སུ་བྱས་ན། རྟེན་འབྲེལ་བཅུ་གཉིས་རྣམ་པར་དག་པ་མཚོན་ཅིང་རྭ་ཉི་ཤུར་བྱས་ན། འཇིགས་ཚོགས་ལ་ལྟ་བ་ཉི་ཤུ་འཇོམས་པ་མཚོན། པདྨ་ཆུའི་ནང་དུ་གནས་ཀྱང་ཆུས་མ་གོས་པ་ལྟར་ཀུན་རྫོབ་སྣ་ཚོགས་པའི་སྣང་བ་འཆར་ཡང་དེས་མ་གོས་པས་ཆོས་ཀྱི་དབྱིངས་ཀྱི་སྟོང་པ་ཉིད་དེ། ཆོས་ཀྱི་བདག་མེད་ཀྱི་དོན་ཡིན་ལ་དེ་གཉིས་ལ་ཡེ་ཤེས་ཀྱི་སྣང་བ་ལྷག་པར་རྒྱས་པ་ནི། དེ་གཉིས་ཀྱྀ་བར་ན་གནས་པའི་ཉི་མའི་དཀྱིལ་འཁོར་གྱྀ་མཚོན་ནོ། །དུར་ཁྲོད་ནི་འཁོར་བ་མཚོན་ཅིང༌། དེ་བརྒྱད་ནི་རྣམ་ཤེས་ཚོགས་བརྒྱད་ཀྱིས་བསྡུས་པ་མཚོན་པ་དང༌། ཕྱི་རོལ་ཏུ་བསྲུང་བའི་འཁོར་ལོ་ནི་སངས་རྒྱས་རྣམས་ཀྱི་བདུད་བཞི་དང་སྒྲིབ་གཉིས་བཅོམ་ཞིང་


TNT21_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་མཚོན་ནོ། །གཉིས་པ་བཟླས་པའི་རྣལ་འབྱོར་ལ་བཟླས་པའི་སྤྱོད་བགྲང་ཕྲེང་དང༌། བཟླས་པའི་དམིགས་པ་དང༌། བཟླས་བྱའི་སྔགས་དང༌། ཞར་བྱུང་བཟླས་པའི་དབྱེ་བ་བཤད་པ་སྟེ་བཞིའོ། །དང་པོ་ནི། །ལས་བཞི་ལ་བགྲང་ཕྲེང་གི་རྒྱུ་དང་གྲངས་དང་ཐག་པ་དང༌། ཇི་ལྟར་བཟུང་བའི་ཚུལ་རྣམས་སོ་སོར་ཡོད་ཅིང༌། ཐུན་མོང་དུ་བགྲང་ཕྲེང་བྱིན་རླབས་རྒྱས་འབྲིང་བསྡུས་གསུམ་དང༌། ཇི་ལྟར་བཅང་པའི་ཚུལ་རྣམས་ཞིབ་མོར་ཤེས་དགོས། གཉིས་པ་བཟླས་པའི་དམིགས་པ་ནི། བླ་མའི་མན་ངག་གིས་ཞལ་ནས་ཞལ་དང༌། གསང་གནས་ནས་གསང་གནས་སུ་འཁོར་བ་འཁོར་ལོའི་བཟླས་པ་ཉིད་གཙོ་བོར་མཛད་ཅིང༌། དེ་ལ་ཡང་ཡི་དམ་ལྷའི་ཐུགས་རྒྱུད་བསྐུལ་བ་མཆོག་སྒྲུབ་པ་གཙོ་བོར་གྱུར་པ་དང༌། ཞི་བ་དང་རྒྱས་པ་དང་དབང་དང་དྲག་པོ་སྟེ། ལས་སོ་སོའི་དམིགས་པའི་ཁྱད་པར་དང༌། ཐུན་མོང་གི་ཆོས་རྣམས་སྟེ་ངག་ལས་རྒྱས་པར་ཤེས་པར་བྱའོ། །གསུམ་པ་ནི༌། རྩ་སྔགས་སྙིང་པོ། ཉེ་སྙིང་རྣལ་འབྱོར་མ་རྣམས་ཀྱི་འཕྲེང་སྔགས་སུ་གྲགས་པ་དབྱངས་ཡིག་གི་སྔགས་རྣམས་རྩ་རྒྱུད་དངོས་བསྟན་ལས་གསལ་བར་གསུངས་ཞིང་རྒྱུད་སྡེ་སྤྱིའི་འགྲོའི་ཀྱིས་ཡུམ་དང་འཁོར་གྱི་ལྷ་མོ་རྣམས་ལ་ས་བོན་ནི། མཚན་སྔགས་ལ་དེ་ཉིད་གསུམ་སྤེལ་ལམ། བཞི་སྤེལ་ལམ། ལྔ་སྤེལ་ལ་སོགས་པ་མཛད་པ་ཡིན་ནོ། ཁ་ཅིག་སྐབས་འདིའི་ཉེ་


TNT21_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་དུ་གྲགས་པ། རྡོ་རྗེ་གྲི་གུག་གི་ལས་ཚོགས་སུ་བཤད་པའི་ཕྱིར། ཉེ་སྙིང་དུ་མི་འཐད་ཅིང༌། རྒྱུད་གཞུང་ཁུངས་མ་ལས་ཀྱང་ཉེ་སྙིང་དུ་བཤད་པ་མེད་དོ། །ཞེས་ཟེར་བ་མི་འཐད་དེ། མར་མེ་མཛད་ཀྱི་སྒྲུབ་ཐབས་ལ་སོགས་པ་གཞུང་ཁུངས་མ་འགའ་ལས་ཉེ་སྙིང་དུ་བཤད་ཅིང༌། སྒྲུབ་ཐབས་མཚོ་སྐྱེས་ལས་ཀྱང་སྔགས་འདི་ཉིད་ཉེ་སྙིང་དུ་མཛད་པར་གསལ་ཏེ། ལས་ཚོགས་ཀྱི་སྔགས་མཐའ་དག་སྒྲུབ་ཐབས་སུ་བྲི་བར་མི་ལང་བའི་ཕྱིར་རོ། །ལས་ཚོགས་ཀྱི་སྔགས་ཡིན་པའི་རྒྱུ་མཚན་གྱི་ཉེ་སྙིང་དུ་མི་འཐད་པའི་སྐྱོན་མེད་དེ་གཞན་དུ་ན། རྩ་རྒྱུད་ལས། བུད་མེད་རྣམས་ཀྱི་དབང་བྱེད་སྔགས། །དེ་བཞིན་གདུག་པ་སྡིག་པ་དང༌། །ཞེས་གསུངས་པ་ལྟར། ཨཥྞ་ཡང་དབང་དང་དྲག་པོའི་ལས་སྒྲུབ་པའི་སྔགས་སུ་བཤད་པའི་ཕྱིར། རྩ་སྔགས་མ་ཡིན་པའི་སྐྱོན་དུ་གྱུར་རོ། །རྩ་རྒྱུད་ལས། བཟླས་པའི་ཁྲིད་ནི་གསལ་བ་དང༌། །སྒྲ་རིང་པ་དང་བཟང་བ་ཡིས། །ཞེས་གསུངས་པ་ལྟར། ཧ་ཅང་མྱུར་བུལ་གཉིས་དང༌། ཧ་ཅང་སྒྲ་ཆེ་ཆུང་གཉིས་ཏེ་སྐྱོན་བཞི་སྤངས་ཏེ་གསལ་ལ་དལ་བ་དང༌། ཤིན་ཏུ་དག་པར་བཟླ་དགོས་པ་ཡིན་ནོ། །བཞི་པ་ནི། བཟླས་པ་ལ་དབྱེ་ན། རྒྱ་བོད་ཀྱི་སློབ་དཔོན་གཞན་རྣམས་ཀྱི་མན་ངག་ལས་འདི་ལྟར་འབྱུང་སྟེ། ཁྱོགས་ཀྱི་བཟླས་པ། འཁོར་ལོའི་བཟླས་པ། བཀོད་པའི་བཟླས་པ། སྤྲོ་བསྡུའི་བཟླས་པ་སྟེ།


TNT21_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པའི་དབྱེ་བས་བཞི་དང༌། ཁྲོ་བོའི་བཟླས་པ། ཤུབ་བུའི་བཟླས་པ། ཡིད་བཟླས། འགོག་པའི་བཟླས་པ་སྟེ་ངག་གི་བྱ་བའི་ཁྱད་པར་གྱིས་བཞི་དང༌། བསྐུལ་བའི་བཟླས་པ། གོང་བུའི་བཟླས་པ། རྡོ་རྗེའི་བཟླས་པ་སྟེ་སྔགས་ཀྱི་ཁྱད་པར་གྱིས་དབྱེ་བས་གསུམ་སྟེ་བཅུ་གཅིག་ཏུ་འདོད་པ་ཡོད་ཅིང༌། རྒྱ་གར་གྱི་སློབ་དཔོན་ཕྱི་མ་རྣམས་ཀྱི་བཞེད་པ་ཁྱོགས་ཀྱི་བཟླས་པ་དང༌། འཁོར་ལོའི་བཟླས་པ་གཅིག་ཏུ་བཞེད་པས་བཟླས་པ་བཅུའོ། །དེ་ལྟར་ན་དག་པ་དྲན་པ་དང༌། བཟླས་པ་ནི་རྗེས་སྤྱོད་ཀྱི་ཡན་ལག་ཏུ་བསྡུ་བའི་ཕྱིར། སྦྱང་གཞི་སྦྱོང་བྱེད་མ་སྦྱར་ཀྱང་རུང་མོད། གཞན་གྱིས་རིགས་འདྲེས་སྦྱར་ཀྱང་མི་འགལ་སྟེ། དེ་ཡང་འཁོར་བའི་ཆོས་ལ་སྦྱར་ན་དག་པ་དྲན་པ་ནི་ཡིད་ཀྱི་རྣམ་པར་རྟོག་པ་མཐའ་ཡས་པ་དང༌། བཟླས་པ་ནི་ངག་གི་བརྗོད་པ་སྣ་ཚོགས་པ་དང། དཀྱིལ་འཁོར་ཉེར་བསྡུ་ནི། ཚེ་དེ་ཉིད་ཀྱི་ལས་ཟད་པ་ན། འཆི་བ་མཚོན་ཞིང༌། ཐུན་མཚམས་ལྷ་སྐུ་ལྡང་བ་ནི། སླར་བར་དོ་དང༌། སྐྱེ་བ་རྒྱུད་མར་འབྱུང་བ་མཚོན། འབྲས་བུའི་ཆོས་ལ་སྦྱར་ན། དག་པ་དྲན་པ་ནི། སངས་རྒྱས་རྣམས་ཀྱི་ཆོས་ཐམས་ཅད་མཉམ་ཉིད་དུ་གནས་པ་མཚོན་པ་དང༌། བཟླས་པ་ནི། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། དཀྱིལ་འཁོར་ཉེར་བསྡུ་ནི། དངོས་ཀྱི་གདུལ་བྱ་མེད་པའི་ཞིང་འགའ་ཞིག་ཏུ་མྱ་ངན་ལས་འདས་པའི་ཚུལ་སྟོན་པ་མཚན་པ་དང༌། ཐུན་མཚམས་


TNT21_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྐུར་སྡང་བ་ནི། ཞིང་གཞན་དུ་སྤྲུལ་པའི་སྐུས་འབྱུང་བ་མཚོན་པ་ཡིན་ནོ། །གསུམ་པ་གཏོར་མའི་རྣལ་འབྱོར་ནི། རྩ་བཤད་ཀྱི་རྒྱུད་རྣམས་ལས། འཇིག་རྟེན་པའི་གཏོར་མ་འབའ་ཞིག་གསལ་ན་ཡང་གཏོར་ཆོག་རྒྱ་གཞུང་ཚད་མ་དང༌། བླ་མ་གོང་མའི་མན་ངག་གིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་ལ་ཐུན་མོང་དུ་འབུལ་བ་ཡིན་ནོ། །བཞི་པ་ཁ་ཟས་ཀྱི་རྣལ་འབྱོར་ནི། བཟའ་བཏུང་ཇི་སྙེད་པ་རྣམས་ནང་མཆོད་ལྟར་བྱིན་རླབས་ནས་འབུལ་བ་ཡིན་ཞིང༌། དེ་ཡང་ཕུད་དཀོན་མཆོག་དང༌། འདོད་པའི་ལྷ་རྣམས་ལ་གཏོར་མའི་སྔགས་ཀྱིས་འབུལ་བ་དང༌། ནང་གི་སྦྱིན་སྲེག་གི་ཚུལ་གྱིས་ལོངས་སྤྱོད་པ་ཡིན་ནོ། །ལྔ་པ་སྤྱོད་ལམ་གྱི་རྣལ་འབྱོར་ལ། གཟུགས་སྣང་ཐམས་ཅད་ཀྱཻ་རྡོ་རྗེ་དང༌། སྒྲ་ཐམས་ཅད་སྔགས་ཀྱི་སྒྲ་དང༌། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱཻ་རྡོ་རྗེའི་ཐུགས་སུ་མོས་པར་བྱ་ཞིང༌། གཞན་ཡང་གཟུགས་སོགས་ཡུལ་དྲུག་གཟུགས་རྡོ་རྗེ་མ་ལ་སོགས་པ་དང༌། མིག་སོགས་སྐྱེ་མཆེད་དྲུག་གཏི་མུག་རྡོ་རྗེ་མ་ལ་སོགས་པར་མོས་པ་བྱས་ནས། ཐུན་མཚམས་སུ་འཇུག་པ་སྟེ་འདིས་ནི་སྤྱོད་ལམ་གྱི་ཁྱད་པར་སྣ་ཚོགས་པ་ཡང༌། ཚོགས་རྫོགས་པའི་ཐབས་སུ་འགྱུར་བ་ཡིན་ནོ། །དྲུག་པ་ཉལ་བའི་རྣལ་འབྱོར་ནི། རང་བཞིན་ལྷན་སྐྱེས་སུ་ཉལ་བའི་དམིགས་པ་ནི་དཀྱིལ་འཁོར་ཉེར་བསྡུ་དང་མཐུན་


TNT21_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཞུ་བདེ་ལྷན་སྐྱེས་ཀྱི་ངང་དུ་ཉལ་བའི་དམིགས་པ་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་ཞུ་བ་ལྟར་ཡིན་པའི་གཉིས་ཀ་ལྟར་ཡང་མི་རྟོག་པའི་ངང་དུ་ཉལ་བ་ཡིན་ནོ། །བདུན་པ་ལྡང་བའི་རྣལ་འབྱོར་ནི། ཉལ་བའི་ཚེ་རང་བཞིན་ལྷན་སྐྱེས་ཀྱི་ངང་དུ་ཉལ་ན། ཐུན་མཚམས་ཀྱི་ལྷ་སྐུར་སྐད་ཅིག་གིས་ལྡང་བ་ཡིན་ཞིང༌། ཞུ་བདེ་ལྷན་སྐྱེས་ཀྱི་ངང་དུ་ཉལ་ན། རྗེ་བཙུན་སྙིང་རྗེ་ཡིད་བཞེངས་ཤིག །ཅེས་བྱ་བ་ལ་སོགས་པ་ངག་ཏུ་བརྗོད་ཅིང༌། ལྷ་མོ་བཞིས་བསྐུལ་བས་སད་པར་མོས་ནས། འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པ་ལྟར་ལྡང་བ་ཡིན་ནོ། །བརྒྱད་པ་ཁྲུས་ཀྱི་རྣལ་འབྱོར་ནི། རྣལ་འབྱོར་ལ་འཇུག་པའི་གོང་དུ་བསམ་གཏན་གྱི་གྲོགས་སུ་འགྲོ་ན་ཁྲུས་བྱ་ཞིང༌། དེ་ཡང་དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག་གི་སྐབས་སུ་བསྟན་པ་དང༌། དབང་ལེན་པའི་དམིགས་པ་དང་བཅས་པ་སྟེ་ཁྲུས་བྱའོ། །འདི་ལ་དབང་བཞིའི་དག་པ། ཕྱག་རྒྱ་ལྔ་དང༌། རྩ་འཁོར་ལོ་བཞི་དང་སྐྱེ་མཆེད་དྲུག་གི་དག་པ་དང༌། རིགས་བདག་གིས་རྒྱས་འདེབས་པ་དང༌། ང་རྒྱལ་བཟུང་བ་རྣམས་མི་དགོས་སོ། །དེ་ལྟར་རྗེས་སྤྱོད་བརྒྱད་ཀྱི་སྟེང་དུ། རྗེས་ཆགས་ཀྱི་རྣལ་འབྱོར་བསྣན་པས་དགུར་འགྱུར་བས། སྤྱིར་རྣལ་འབྱོར་བཅུའམ་བཅུ་གཅིག་གོ །རྗེས་ཆགས་ཀྱི་རྣལ་འབྱོར་ནི་ལོགས་སུ་ངེས་པར་སྒོམ་དགོས་པ་ཡང་མ་ཡིན་ལ། གལ་ཏེ་བསྒོམས་ན་དཀྱིལ་འཁོར་འཁོར་ལོའི་ནང་དུ་འདུས་པའི། གསང་བའི་


TNT21_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པས་བསྡུས་པའི་ཕྱིར་ལོགས་སུ་མ་བགྲངས་ཀྱང་རུང་ངོ༌། །གཉིས་པ་ལ། ལུགས་འདིའི་ཐུན་མོང་མ་ཡིན་པའི་མངོན་རྟོགས་ཀྱི་དབྱེ་བ་བཤད་པ་དང༌། འདི་ཉིད་ཀྱི་བསྐྱེད་རིམ་གྱི་སྤྱིའི་ཆིངས་རྣམས་དབྱེ་བའོ། །དང་པོ་ནི། སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པའི་མན་ངག་གིས་བརྟག་པ་གཉིས་པའི་བསྐྱེད་རིམ་སྟོན་པའི་རྒྱུད་ཚིག་རྣམས་ལ། འཁྲུགས་བསྡེབས་མ་སྦྱར་བར། ངོ་སྐལ་སོ་སོའི་དོན་ལ། མན་ངག་གིས་ཅུང་ཟད་ཁ་བསྐང་བས་མངོན་པར་རྟོགས་པའི་ཚུལ་བཅུ་བཞི་སྟེ། དེ་དག་ཀྱང་ཤིན་ཏུ་རྒྱས་པ་དང༌། རྒྱས་པ་དང༌། འབྲིང་པོ་དང། བསྡུས་པ་དང། ཤིན་ཏུ་བསྡུས་པ་སྟེ་ལྔ་ལས། དང་པོ་ཡན་ལག་བཞི་པ་ཁོ་ནར་ངེས་ཤིང༌། དེ་ལ་གཙོ་བོར་བསྐྱེད་ཚུལ་གྱི་དབྱེ་བས། མཉམ་སྦྱོར་མི་མཉམ་སྦྱོར་གཉིས་དེ་གཉིས་ཀ་ལ་འཁོར་གྱི་ལྷ་མོ་སྤྲོ་ཚུལ་གྱི་དབྱེ་བས། ཐིག་ལེའི་འགྲོས་དང༌། ས་བོན་འགྲོས་གཉིས་གཉིས་སུ་ཕྱེ་བའི་བཞིའོ། །གཉིས་པ་ནི། ཡན་ལག་དྲུག་པར་ངེས་ཤིང་དེ་ལ་གཙོ་བོ་བསྐྱེད་ཚུལ་གྱྀ་དབྱེ་བས། མཉམ་སྦྱོར་མི་མཉམ་སྦྱོར་གཉིས། དེ་གཉིས་ཀ་ལ་ཡང་འཁོར་གྱི་ལྷ་མོ་སྤྲོ་ཚུལ་གྱི་ཕྱེ་བའི་བཞིའོ། །ཡི་གེ་འགྲོས་དང་ལྷ་མོ་འགྲོས་གཉིས་གཉིས་སུ་དབྱེ་བས་བཞིའོ། །དེ་ལྟར་བརྒྱད་ནི་ཨཱ་ལི་ཀཱ་ལི་ལ་ལྟོས་པ་ཁོ་ན་ཡིན་ནོ། །གསུམ་པ་ནི་ཨཱ་ལི་ཀཱ་ལི་ལས་ལྟོས་པ་དང༌། མི་མཉམ་སྦྱོར་ཁོ་ནར་ངེས་ཤིང༌། དབྱེ་ན་


TNT21_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་བཞི་པ་དང༌། དྲུག་པ་གཉིས། ཡན་ལག་བཞི་པ་ལ་ལྷ་མོ་སྤྲོ་ཚུལ་ཐིག་ལེ་འགྲོས་དང་ས་བོན་འགྲོས་གཉིས་དང༌། དྲུག་པས་ཐིག་ལེ་འགྲོས་དང་ས་བོན་འགྲོས་གཉིས་ཏེ་བཞིའོ། །བཞི་པ་ནི། ས་བོན་ལས་བསྐྱེད་པ་ཡིན་ཏེ། རྒྱུ་རྡོ་རྗེ་འཛིན་པ་དང༌། འཁོར་གྱི་ལྷ་མོ་དང༌། འབྲས་བུ་རྡོ་རྗེ་འཛིན་པ་དང། གནས་སྐབས་གསུམ་ཆར་ས་བོན་ལས་བསྐྱེད་པའོ། །ལྔ་པ་ནི་སྐད་ཅིག་གིས་བསྐྱེད་པ་ཡིན་ཏེ། རྒྱུ་རྡོ་རྗེ་འཛིན་པ་དང༌། འཁོར་གྱི་ལྷ་མོ་དང༌། འབྲས་བུ་རྡོ་རྗེ་འཛིན་པ་སྟེ། གནས་སྐབས་གསུམ་ཆར་སྐད་ཅིག་གིས་བསྐྱེད་པའོ། །དེ་ལྟར་གོང་དུ་སྨོས་པའི་མངོན་རྟོགས་ཚུལ་བཅུ་གཉིས་ལས། ཡན་ལག་བཞི་པའི་ཕྱོགས་ལ་རྒྱུ་རྡོ་རྗེ་འཛིན་པ་དང༌། འཁོར་གྱི་ལྷ་མོ་དང༌། འབྲས་བུ་རྡོ་རྗེ་འཛིན་པ་གསུམ་ཆར་མངོན་བྱང་ལྔ་ལས་བསྐྱེད་པ་དང༌། ཡན་ལག་དྲུག་པའི་ཕྱོགས་ལ་རྒྱུ་རྡོ་རྗེ་འཛིན་པ་མངོན་བྱང་ལྔ་ལས་བསྐྱེད་ཅིང༌། འཁོར་གྱི་ལྷ་མོ་དང༌། འབྲས་བུ་རྡོ་རྗེ་འཛིན་པ་ས་བོན་ལས་བསྐྱེད་པ་ཡིན་ནོ། །དེ་ལྟར་མངོན་རྟོགས་ཚུལ་བཅུ་བཞི་ནི། རྗེས་ཆགས་རྡོ་རྗེ་སེམས་དཔའི་ཡན་ལག་གི་གནས་སྐབས་ལས་ཕྱེ་བ་ཡིན་ཅིང༌། ལྷག་མ་གོང་འོག་རྣམས་ལ་ཡན་ལག་བཞི་དྲུག་གིས་ཁྱད་པར་ཕྲན་བུ་མ་གཏོགས་དོན་ལ་ཁྱད་པར་ཆེར་མེད་དོ། །དེ་ལྟར་མངོན་པར་རྟོགས་པ་སྒོམ་པ་པོའི་གང་ཟག་ནི་སྐྱེས་སྟོབས་ཀྱི་དབང་པོའི་སྒོ་ནས་རབ་ཀྱི་རབ་དང་རབ་འབྲིང་དང༌། ཐ་མ་དང༌། ཐ་མའི་


TNT21_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མ་སྟེ་ལྔའོ། །དེ་ལ་མངོན་པར་རྟོགས་པ་གཉིས་ནི། རབ་ཀྱི་རབ་དང༌། ཐ་མའི་ཐ་མས་བསྒོམ་པར་བྱ་བ་ཡིན་ཏེ། རིམ་པ་བཞིན་དུ་དེ་ཙམ་བསྒོམས་པས་ཆོག་པ་དང༌། དེ་བས་ལྷག་པར་བསྒོམ་པར་མི་ནུས་པའི་ཕྱིར་རོ། །མངོན་པར་རྟོགས་པ་འབྲིང་པོའི་ཚུལ་བཞི་ནི། རབ་དང་ཐ་མས་བསྒོམ་པར་བྱ་བ་ཡིན་ཏེ། རྒྱུ་མཚན་སྔ་མ་ཉིད་དང། དེ་ཙམ་ངེས་པར་སྒོམ་ཡང་དགོས་པའི་ཕྱིར་རོ། །མངོན་རྟོགས་རྒྱས་པ་བརྒྱད་ནི། གང་ཟག་འབྲིང་པོའི་བསྒོམ་པར་བྱ་བ་ཡིན་ཏེ། དེ་ཉིད་སྒོམ་ནུས་པ་དང༌། དེ་ངེས་པར་སྒོམ་ཡང་དགོས་པའི་ཕྱིར་རོ། །དེ་ལྟ་བུས་གང་ཟག་ཅིག་ཉིད་དང། དབང་པོ་སྦྱང་ཚུལ་གྱི་རིམ་པས་གང་ཟག་འགྱུར་བ་དང༌། ཨཱ་ལི་ཀཱ་ལི་ལ་ལྟོས་པའི་མངོན་བྱང་དང༌། ཨཱ་ལི་ཀཱ་ལི་ལ་མ་ལྟོས་པའི་མངོན་བྱང་དང༌། ས་བོན་ལས་བསྐྱེད་པ་དང༌། སྐད་ཅིག་གིས་བསྐྱེད་པ་སྟེ་མངོན་པར་རྟོགས་པ་བཞི་སྦྱོར་བ་མཚོ་སྐྱེས་ཀྱི་ལུགས་ཡིན་པས། འདི་དང་རྣམ་གཞག་ཐ་དད་པའི་ཕྱིར་གཅིག་ཏུ་བསྲེ་བར་མི་བྱ་བའོ། །གཉིས་པ་འདི་ཉིད་ཀྱི་བསྐྱེད་རིམ་སྤྱིའི་ཆིངས་བཤད་པ་ལ་སློབ་དཔོན་ཌོམ་བི་ཧེ་རུ་ཀའི་ལུགས་དང༌། ནཱ་རོ་པའི་མན་ངག་གི་གཞུང་རྣམས་ལ་ཡན་ལག་དྲུག་པ་ཁོ་ནར་ངེས་ཤིང་སློབ་དཔོན་ལྭ་བ་པའི་མཚོན་ཆ་ཅན་གྱི་སྒྲུབ་ལས་ཡན་ལག་བཞི་པ་དང༌། མཚོ་སྐྱེས་ལ་སོགས་པའི་རྩ་རྒྱུད་དངོས་བསྟན་ལ་བརྟེན་པའི་སྒྲུབ་ལས། དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །ཞེས་བྱ་བ་


TNT21_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་བྱང་ཆུབ་བཞི་དང། རྣལ་འབྱོར་རྗེས་སུ་རྣལ་འབྱོར། ཤིན་ཏུ་རྣལ་འབྱོར། རྣལ་འབྱོར་ཆེན་པོ་སྟེ་བཞིས་འཆིང་བ་དང༌། སློབ་དཔོན་ཤནྟི་པ་དང༌། ནག་པོ་དམ་ཚིག་གི་རྡོ་རྗེ་རྗེས་འབྲང་དང་བཅས་པ་འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པའི་རྗེས་སུ་འཁོར་གྱི་ལྷ་མོ་སྤྲོ་བ་སོགས་འབྱུང་ཞིང༌། དང་པོ་སྦྱོར་བ། དཀྱིལ་འཁོར་རྒྱལ་པོ་མཆོག་ལས་རྒྱལ་པོ་མཆོག་ཏེ། ཏིང་ངེ་འཛིན་གསུམ་གྱིས་འཆིང་བར་མཛད། ལུགས་འདི་ལ་མངོན་པར་རྟོགས་པ་ཡན་ལག་དྲུག་པ་དང༌། བཞི་པ་གང་རུང་གི་འཆིང་བར་གསུངས་ཤིང༌། སྒྲུབ་གཅིག་ལ་ཆིངས་གཉིས་ནི་མི་བཞེད་དོ། །དེ་ཡང་ཡན་ལག་དྲུག་པ་ནི་གོང་དུ་བཤད་ཟིན་ཅིང༌། བཞི་པ་ནི། བསྙེན་པ། ཉེར་སྒྲུབ། སྒྲུབ་པ། སྒྲུབ་ཆེན་ཏེ་བཞིའོ། །དེ་དག་ཀྱང་དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། བཞི་པ་ལ་ནི་ཡིག་འབྲུ་བཀོད། །ཅེས་གསུངས་པ་དང་དོན་ཅིག་པར་བཞེད་ལ། དེ་ལ་ཡང་འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པ་ཡན་ཆད་ནི། སྟོང་ཉིད་བྱང་ཆུབ་དང༌། བསྙེན་པ། གོ་ཆ་བསྒོ་བ་ནི། ས་བོན་བསྡུ་བ་དང༌། ཉེར་སྒྲུབ། ཡེ་ཤེས་པ་བསྟིམ་པ་ནི་གཟུགས་བརྙན་རྫོགས་པ་དང་སྒྲུབ་པ་ཡིན་ནོ། །དབང་བསྐུར་རྒྱས་གདབ་ནི། ཡི་གེ་བཀོད་པ་དང༌། སྒྲུབ་ཆེན་པོ་ཡིན་ནོ། །འགའ་ཞིག་མངོན་རྟོགས་ཡན་ལག་དྲུག་པ་དང༌། བཞི་པ་གཉིས་ཅར་གྱི་འཆིང་བར་གྲགས་པ་


TNT21_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཡང༌། ཡན་ལག་དྲུག་པའི་ཆིངས་ཀྱི་ནང་དུ་འདུས་ཤིང༌། ཁ་ཅིག་གནས་བཞིའི་ཆིངས་ཡོད་པར་འདོད་པ་ཡང་མི་འཐད་དེ། གནས་པ་བཞི་ནི་སྐུ་བཞི་ལམ་དུ་བྱེད་པའི་དོན་ཙམ་ཡིན་པའི་ཕྱིར་མངོན་རྟོགས་ཀྱི་ཆིངས་སུ་མི་འཐད་དོ། །དེ་བཞིན་དུ་རྣལ་འབྱོར་རྫོགས་ཕྲེང་ལས་འབྱུང་བའི་ཀྱཻ་རྡོར་གྱི་མངོན་རྟོགས་ལྟ་བུ། ལུགས་སྲོལ་རང་རྐང་དུ་བྱས་ནས། སྐད་ཅིག་གིས་བསྐྱེད་པའི་ཆིངས་སུ་འདོད་པ་ཡང་མི་འཐད་དེ། དེ་ནི་རྫོགས་པའི་རྣལ་འབྱོར་ཁོ་ནས་དབང་དུ་བྱས་པ་ཡིན་གྱི། སློབ་དཔོན་དེའི་ལུགས་ལ་ཡང་ཀྱཻ་རྡོར་གྱི་མངོན་རྟོགས་ཀྱི་གཙོ་བོ་སྐད་ཅིག་གིས་བསྐྱེད་པའི་ཆིངས་སུ་མི་འདོད་པས་སོ། །གསུམ་པ་ལ། བསྐྱེད་རིམ་ལ་གཙོ་བོར་བཞག་པའི་ས་ལམ་དང༌། རྫོགས་རིམ་ལ་གཙོ་བོར་བཞག་པའི་ས་ལམ་མོ། །དང་པོ་ཌོཾ་བི་པ་རྗེས་འབྲང་དང་བཅས་པའི་ལུགས་ལ། ལས་དང་པོ་པ། བདེ་བ་ཅུང་ཟད་ཐོབ་པ། བདེ་སྟོང་གི་ཉམས་སྐྱེས་པ། བདེ་སྟོང་གི་ཉམས་ཆེར་སྐྱེས་པ་དང་བཞིར་བཞག་པ་དང༌། མཚོ་སྐྱེས་ལུགས་ལས་འབྱུང་བ། འཆིང་བ་མཐའ་དག་དང་ལྡན་པའི་གང་ཟག་ཐ་མའི་ཐ་མ་དང༌། ཐ་མ་འབྲིང་པོ་དང། རབ་སྟེ་བཞིར་གྲགས་པ་དང༌། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་རྗེས་འབྲང་དང་བཅས་པའི་ལུགས་ལ། ལས་དང་པོ་པ་དང༌། ཡེ་ཤེས་ཕེབས་པ་དང༌། ཡེ་ཤེས་ལ་དབང་དང༌། ཡེ་ཤེས་ལ་ཆེས་དབང་བ་སྟེ། གང་ཟག་བཞིར་གྲགས་པ་


TNT21_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མིང་ཐ་དད་པ་མ་གཏོགས་དོན་ལ་ཁྱད་པར་མེད་དོ། །ངོ་བོ་ལམ་སྒོམ་པའི་གང་ཟག་རྣམ་པ་བཞིར་རིམ་གྱིས་ན་འཕོ་བ་ཡིན་ནོ། །དེ་ཡང་དཀྱིལ་འཁོར་རགས་པ་ལ་གསལ་སྣང་མ་ཐོབ་པ་དེ་སྲིད་དུ། གང་ཟག་དང་པོ་ཡིན་ལ་གསལ་སྣང་ཐོབ་པའི་ཚེ་གཉིས་པ་དང༌། གོ་ཆའི་ལྷ་ལ་སོགས་པ་ཕྲ་མོ་རྣམས་ལ་གསལ་སྣང་ཐོབ་པའི་ཚེ་གསུམ་པའོ། །དེ་རྣམས་བསྐྱེད་རིམ་འབའ་ཞིག་གིས་ཐོབ་པ་ཡང་ཡོད། བསྐྱེད་རྫོགས་གཉིས་ཅར་གྱིས་ཐོབ་པ་ཡང་ཡོད། གང་ཟག་བཞི་པ་ནི་བསྐྱེད་རྫོགས་ཟུང་འབྲེལ་དུ་བསྒོམས་པ་ལས་ཐོབ་པ་ཡིན་ཏེ་ཡུངས་ཀར་གྱི་གོང་བུ་ཙམ་གྱི་ནང་དུ་ཡང་དཀྱིལ་འཁོར་རབ་འབྱམས་གསལ་ཐེབས་པ་དང། ལྷ་བསྐྱེད་པ་དང་སྤྲོ་བ་དང༌། བསྡུ་བ་ཐོགས་མེད་དུ་ནུས་པ་དེའི་ཚེ་གང་ཟག་བཞི་པར་འཇོག་པ་ཡིན་ནོ། །དེ་ལྟར་གང་ཟག་དང་པོ་གསུམ་ནི་ཚོགས་ལམ་པར་ངེས་ཤིང༌། སྦྱོར་ལམ་དྲོད་ཀྱི་ཡེ་ཤེས་སྐྱེས་པ་ཕན་ཆད། སྦྱོར་མཐོང༌། སྒོམ་པའི་ལམ་གསུམ་ལ་གནས་པ་ནི་གང་ཟག་བཞི་པ་ཡིན་ནོ། །གཉིས་པ་རྫོགས་རིམ་ལ་གཙོ་བོར་བཞག་པའི་ས་ལམ་གྱི་རྣམ་བཞག་བཤད་པ་ལ། སྒྲུབ་བྱེད་ལམ་གྱི་རང་བཞིན་བཤད་པ་དང༌། སྒྲུབ་བྱ་འབྲས་བུའི་ངོ་བོའོ། །དང་པོ་ལ་ལམ་གྱི་ངོ་བོ་ངོས་བཟུང་བ་དང༌། མན་ངག་ལས་འབྱུང་བའི་རྣམ་བཞག་གིས་ཁ་བསྐང་བའོ། །དང་པོ་ལ། བསྒོམ་བྱ་བྱང་ཕྱོགས་དང་བསྒྲོད་བྱ་ལམ་གྱི་རྣམ་བཞག་གོ །དང་པོ་ལ་ཐུན་


TNT21_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

མོང་དང༌། ཐུན་མོང་མ་ཡིན་པ་གཉིས་སོ། །དང་པོ་ཐུན་མོང་ནི་བྱང་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཐེག་པ་ཆེན་པོ་སྤྱི་དང་མཚུངས་པ་ཡིན་ཏེ། ཚོགས་ལམ་ཆུང་བ་དྲན་པ་ཉེ་བར་བཞག་པ་ཡང་དག་སྤོང་བ་བཞི། ཆེན་པོ་རྫུ་འཕྲུལ་རྐང་པ་བཞི། སྦྱོར་ལམ་དྲོད་དང་རྩེ་མོར་དབང་པོ་ལྔ། བཟོད་པ་དང་ཆོས་མཆོག་ལ་སྟོབས་ལྔ། མཐོང་ལམ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན། སྒོམ་ལམ་ལ་འཕགས་པའི་ལམ་འབྲིང་པོ་ཡན་ལག་བརྒྱད་རྣམས་སྦྱོར་བ་ཡིན་ནོ། །གཉིས་པ་ནི། ཐུན་མོང་མ་ཡིན་པའི་བྱང་ཕྱོགས་སོ་བདུན་ལས་དང་པོར་དྲན་པ་ཉེར་བཞག་བཞི། གཉིས་པ་རྫུ་འཕྲུལ་གྱི་རྐང་པ་བཞི། བཅུ་པའི་བར་ལྷག་མ་བརྒྱད་ལ། བྱང་ཕྱོགས་ཀྱི་ཆོས་གཉིས་གཉིས། བཅུ་གཅིག་པ་དང་བཅུ་གཉིས་པ་ལ་བཞི་བཞི། ཡང་དག་པའི་ལས་ཀྱི་མཐའ་ལ་སོགས་པ་ཕྱི་མ་ལྔ་ནི་བཅུ་གསུམ་པའི་ཕྱེད་འོག་མ་དང་སྦྱོར་བ་ཡིན་ཅིང༌། དེ་དག་བྱང་ཕྱོགས་དངོས་དང་རྗེས་སུ་མཐུན་པ་ནི་སྦྱོར་ལམ་བཅུ་གཉིས་ཀྱི་གནས་སྐབས་སུ་འབྱུང་བ་ཡིན་ནོ། །གཞན་ཡང་ཐུན་མོང་གི་བྱང་ཕྱོགས་ཀྱི་ཆོས་སུམ་ཅུ་སོ་བདུན་ནི། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་མཐུན་པ་ཡིན། ཐུན་མོང་མ་ཡིན་པའི་བྱང་ཕྱོགས་སོ་བདུན་ནི། རྩ་སུམ་ཅུ་སོ་བདུན་དང༌། ཡི་གེ་སུམ་ཅུ་སོ་བདུན་དང༌། ཁམས་སུམ་ཅུ་སོ་བདུན་དང༌། རླུང་སུམ་ཅུ་སོ་བདུན་དབུ་མར་ཐིམ་པ་ལས་བྱུང་བའི་ཡེ་ཤེས་ཡིན་ནོ། །གཉིས་པ་ནི། བསྒྲོད་བྱ་ལམ་གྱི་རྣམ་བཞག་


TNT21_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ལ། སོ་སོའི་སྐྱེ་བོའི་ལམ་དང་འཕགས་པའི་ལམ་གཉིས་སོ། །དང་པོ་ནི། དཀྱིལ་འཁོར་རགས་པ་ལ་གསལ་སྣང་ཅུང་ཟད་ཐོབ་ཅིང་ཐེག་པ་གཞན་བཀྲི་བར་མི་ནུས་པ་དེའི་ཚེ་ཚོགས་ལམ་ཆུང་ངུ་དང༌། གསལ་སྣང་ཅུང་ཟད་མཆེད་པ་ན་ཚོགས་ལམ་འབྲིང་པོ་དང༌། གསལ་སྣང་རྒྱ་ཆེར་མཆེད་ཅིང་ཡི་དམ་གྱི་ལྷ་ཞལ་ལྟ་བར་ནུས་པ་དང༌། ལས་ཚོགས་ཐོགས་མེད་དུ་གྲུབ་པ་དང༌། ཐུན་མོང་གི་དངོས་གྲུབ་ཆེན་པོ་རྣམས་འགྲུབ་ཏུ་རུང་བ་དེའི་ཚེ་ཚོགས་ལམ་ཆེན་པོ་ཡིན་ནོ། །དེ་ལྟར་བསྐྱེད་རིམ་བསྒོམས་པ་མཐར་ཕྱིན་པའི་ཡོན་ཏན་ལ་གནས་པའི་སྟེང་དུ། རྩ་ཨ་ཝ་དྷུ་ཏིར་རླུང་སེམས་ཐིམ་པའི་རྐྱེན་གྱིས་ཞུ་བདེའི་རང་བཞིན་ཅན་གྱི་བདེ་སྟོང་གི་ཡེ་ཤེས་ཆུང་འབྲིང་ཆེ་གསུམ་ཐོབ་པ་དེའི་ཚེ། སྦྱོར་ལམ་དྲོད་ཆུང་འབྲིང་ཆེ་གསུམ་དུ་འཇོག་པ་ཡིན་ནོ། །དེ་ནས་ཡེ་ཤེས་ཀྱི་སྐུ་ཞེས་བྱ་རྣམ་རྟོག་གི་བྲལ་བའི་སྐུ། དཀྱིལ་འཁོར་གྱི་འཁོར་ལོ་རྒྱུན་མ་ཆད་པར་སྣང་བ་དེའི་ཚེ། སྦྱོར་ལམ་རྩེ་མོ་དང༌། རང་བཞིན་བརྒྱད་ཅུའི་རྣམ་རྟོག་མངོན་འགྱུར་པ་གཏན་ནས་འགགས་པ་དེའི་ཚེ་སྦྱོར་ལམ་བཟོད་པ་དང༌། རྟེན་དེ་ལ་མཐོང་ལམ་གྱི་ཡེ་ཤེས་སྐྱེ་བའི་སྦྱོར་བ་བདེ་སྟོང་གི་བསྒོམ་པར་རྩོལ་བ་དེའི་ཚེ། སྦྱོར་ལམ་ཆོས་མཆོག་ཆེན་པོ་ཡིན་ནོ། །དེ་ཡང་སྔོན་དུ་བསྐྱེད་རིམ་མ་བསྒོམས་པར་རྫོགས་རིམ་བསྒོམས་པས་རླུང་སེམས་དབུ་མར་ཐིམ་པས། བདེ་སྟོང་གི་ཡེ་ཤེས་ཆུངའབྲིང་ཆེ་གསུམ་ཐོབ་པ་དེའི་ཚེ་ཚོགས་ལམ་ལས་མ་འདས་པས་


TNT21_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

དེར་བསྐྱེད་རིམ་གྱི་བོགས་འབྱུང་བའི་རྐྱེན་གྱིས་སྦྱོར་ལམ་དྲོད་ཀྱི་ཡེ་ཤེས་སྐྱེ་བར་བཤད་པ་ནི་དམིགས་བསམ་ཡིན་ནོ། །གཉིས་པ་འཕགས་ལམ་ནི། ས་བཅུ་གཉིས་སམ་ཕྱེད་དང་བཅུ་གསུམ་གྱིས་བསྡུས་པ་ཡིན་ཅིང༌། དེ་ཡང་ཐེག་པ་སྤྱི་དང་ཐུན་མོང་གི་བརྡ་ཆད་རབ་ཏུ་དགའ་བ་ལ་སོགས་པའི་མིང་དང། རྣལ་འབྱོར་མའི་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་བརྡ་ཆད་གནས་ལ་སོགས་པའི་མིང་གིས་གསུངས་པ་ཡིན་ཏེ། ཇི་སྐད་དུ། རྒྱུད་ལས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ཤེས་པར་བྱ། །ཉེ་བའི་ཞིང་ནི་འོད་འཕྲོ་བ། །ཙྪནྡོ་མངོན་དུ་གྱུར་པ་སྟེ། །ཉེ་བའི་ཙྪནྡོ་སྦྱང་དཀའ་བ། །འདུ་བ་རིང་དུ་སོང་བ་སྟེ། །ཉེ་བའི་འདུ་བ་མི་གཡོ་བས། །དུར་ཁྲོད་ལེགས་པའི་བློ་གྲོས་ཏེ། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཞེས་པ་དང༌། མངོན་བརྗོད་བླ་མ་ལས། དཔེ་མེད་ས་དང་ཡེ་ཤེས་ལྡན། །ཞེས་དང༌། རྡོ་རྗེའི་ས་ནི་བཅུ་གསུམ་པ། ཞེས་པ་ལྷག་མ་གསུམ་གྱི་མིང་ཡང་གསུངས་ཤིང༌། དེ་ཡང་གོང་གི་འཕྲོས་དང་སྦྱར་ན། འཐུང་སྤྱོད་དཔེ་མེད་ཡེ་ཤེས་ཆེ། ཉེ་བའི་འཐུང་སྤྱོད་ཡེ་ཤེས་ལྡན། །བཅུ་གསུམ་རྡོ་རྗེ་འཛིན་པའི་ས། །ཞེས་བླ་མ་གོང་མ་རྣམས་ཀྱི་གསུངས་འཕྲོས་ལས་འབྱུང་ངོ༌། །དེ་ལྟར་ནས་རབ་ཏུ་དགའ་བའི་ཐོག་མ་དང༌། གནས་ཀྱི་དང་པོ་ནི་མཐོང་ལམ་ཡིན་ལ། ལྷག་མ་བཅུ་གཅིག་དང༌། བཅུ་གསུམ་པའི་ཕྱེད་འོག་མ་སྒོམ་ལམ་


TNT21_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེ་ལྟར་ས་དེ་རྣམས་ཐོབ་པའི་རྒྱུད་ནི་རྩ་དང༌། ཁམས་དང༌། རླུང་རྣམས་དབུ་མར་ཐིམ་པ་ལས་འབྱུང་ཞིང༌། དེ་ཡང་སྤྱོད་པ་དང་ཉེར་རྒྱུ་ལས་རག་ལས་པ་ཡིན་ཏེ། མ་དག་ས་བདུན་དུ་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་ཁོ་ན་དང༌། དེ་ཡང་བཅུ་གསུམ་པའི་བར་རྣམས་ལ། ཕྱོགས་ལས་རྣམ་རྒྱལ་ཁོ་ནའམ། ཉེ་རྒྱུའི་བགྲོད་པའང་ཡོད་ལ། བཅུ་གསུམ་པའི་ཕྱེད་འོག་མ་ནི། ཉེ་རྒྱུ་ཁོ་ན་ལ་ངེས་པར་ལྟོས་པ་ཡིན་ནོ། །དེ་ཡང་ཕྱི་རོལ་ཏུ་ཛ་ལན་ཏ་ལ་སོགས་པའི་ཡུལ་ཆེན་བཞི་བགྲོད་པ་དང༌། དེ་དག་ན་གནས་པའི་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱི་འདུ་བ་ཁྱད་པར་ཅན་གྱི་ཀུན་ཏུ་བཟང་པོའི་སྤྱོད་པ་སྤྱད་པས། ནང་དུ་མི་ཕྱེད་མ་ལ་སོགས་པ་བཞི་དང་ཁམས་དང་རླུང་རྣམས་དབུ་མར་ཐིམ་པ། ས་དང་པོའི་རྟོགས་པ་སྐྱེ་བ་ཡིན་ཅིང༌། གཞན་ལའང་རིགས་འགྲེའོ། །དེ་ལྟར་ས་དང་པོ་གཉིས་སུ་ཡུལ་ཆེན་དང༌། རྩ་དང༌། ཁམས་དང༌། རླུང་གི་འཕོ་བ་བཞི་བཞི་དང༌། དེ་ནས་ས་བཅུ་པའི་བར་ལྷག་མ་བརྒྱད་ལ་གཉིས་གཉིས་དང༌། བཅུ་གཅིག་པ་དང༌། བཅུ་གཉིས་པ་ལ་བཞི་བཞི་དང༌། བཅུ་གསུམ་པའི་ཕྱིར་འོག་མ་ལ་སྦས་པའི་རྩ་ལྔ་དང་འདུ་བྲལ་མའི་ཁམས་དང་རླུང་རྣམས་དབུ་མར་ཐིམ་དགོས་པ་ཡིན་ནོ། །དེ་ལྟར་ས་རྣམས་ཀྱི་ཡོན་ཏན་ཕལ་ཆེ་བ་ནི་ཐེག་པ་སྤྱི་དང་མཚུངས་ཤིང༌། བཅུ་གཅིག་པ་དང༌། བཅུ་གཉིས་པ་ནི་ས་བཅུ་པའི་ཡོན་ཏན་ཡར་འཕེལ་གྱི་སྟེང་དུ་ཆོས་སྐུའི་ཞིང་ཁམས་ལ་དབང་འབྱོར་པ་ཞེས་བྱ་བ།


TNT21_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟ་བའི་ཆོས་རྣམས་རྟོགས་པས་ཡེ་ཤེས་ལྷག་པར་རྟོགས་པ་ཡིན་ནོ། །བཅུ་གསུམ་པའི་ཕྱེད་འོག་མ་ནི། ངོ་བོ་ཉིད་སྐུའི་ཞིང་ཁམས་ལ་དབང་ཐོབ་པ་ཞེས་བྱ། ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་རྣམས་ཀྱི་གནས་ལུགས་མ་ལུས་པར་རྟོགས་པའི་ཡེ་ཤེས་དཔག་ཏུ་མེད་པ་དང་ལྡན་པ་ཡིན་ནོ། །ས་བཅུ་གཅིག་པ་དང༌། བཅུ་གཉིས་པའི་ངོས་སྐལ་གྱི། ཕྱྀའི་ཡུལ་ཆེན་བརྒྱད་ནི། དུར་ཁྲོད་བརྒྱད་ལ་ངོས་འཛིན་པ་དང༌། བཅུ་གསུམ་པའི་ཕྱེད་འོག་མའི་ངོ་སྐལ་གྱི་ཕྱིའི་ཡུལ་ཆེན་ལྔ་ནི། རྡོ་རྗེ་གདན་དང༌། དེ་དང་ཉེ་བའི་ཕྱོགས་བཞིའི་ཡུལ་རྣམས་སོ། །དེ་ལྟར་རྩ་རྒྱུད་དངོས་བསྟན་ལས། ཡུལ་ཆེན་སུམ་ཅུ་རྩ་གཉིས་དང༌། ནང་གིས་ལུས་སྦྱར་བ་ཡོད་ཀྱང༌། བདེ་མཆོག་ལ་ཉེར་བཞིར་གསུངས་པ། རྩ་མི་ཕྱེད་མ་སོགས་པར་རིམ་པ་བཞིན་དུ་སྦྱར་བ་ནི། སམྦུ་ཊི་ནས་གསུངས་པ་དང་གུང་བསྒྲིགས་པ་ལས་ཤེས་དགོས་སོ། །གཉིས་པ་མན་ངག་གིས་ཁ་བསྐང་བ་ལ། ལྟ་གྲུབ་བརྒྱད་ངོས་བཟུང་བ་དང༌། དེ་ལ་ཇི་ལྟར་ཁྲིད་པའི་ཚུལ་ལོ། །དང་པོ་ལ་སོ་སྐྱེས་ལམ་དུ་ལྟ་བ་བཞི་དང༌། འཕགས་ལམ་དུ་གྲུབ་མཐའ་བཞིའོ། །དང་པོ་བུམ་དབང་གི་ལྟ་བ་མི་རྟོག་པ་གཙོ་ཆེ་བ་ངོ་བོ་ཉིད། གསང་དབང་གི་ལྟ་བ་གསལ་བ་གཙོ་ཆེ་བ་རང་བྱུང་གི་ཡེ་ཤེས་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་གི་ལྟ་བ་བདེ་བ་གཙོ་ཆེ་བ་ཡས་བརྟན་གྱི་དགའ་བ་བཞི་དང༌། དབང་བཞི་པའི་ལྟ་བ་བདེ་སྟོང་གཉིས་སུ་མེད་པ་མས་བརྟན་གྱི་དགའ་བ་བཞིའོ། །དང་པོ་ལ་


TNT21_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་ན་སྣང་ཕྱོགས་ངོ་བོ་ཉིད། སྟོང་ཕྱོགས་ངོ་བོ་ཉིད། ཟུང་འཇུག་ངོ་བོ་ཉིད་གསུམ། དེ་དག་ནི་དཀྱིལ་འཁོར་སྒོམ་པ་དང་འབྲེལ་བའི་སྣང་ཉམས་དང། སྟོང་ཉམས་དང༌། སྣང་སྟོང་ཟུང་འཇུག་གི་ཉམས་རྣམས་སོ། །དེ་གསུམ་ཆར་ཡིད་ཀུན་བཏགས་དང་བྲལ་བའི་ཆོས་ཉིད། མ་རིག་པ་ལས་ལོག་པའི་ཆོས་ཅན། ངོ་བོ་གཅིག་ཚུལ་གྱི་ལྡོག་པ་ཐ་དད་དེ། མཚན་ཉིད་གསུམ་དུ་གསུངས་སོ། །གཉིས་པ་ལ་རང་བྱུང་ཞེས་པའི་ཕྱི་རོལ་གྱི་རྐྱེན་གཞན་ལ་མ་ལྟོས་པ་ཡིན་ལ། དེ་ལ་ཉོན་མོངས་པ་རང་བྱུང༌། རྣམ་རྟོག་རང་བྱུང༌། སྒྲེལ་གཞི་རང་བྱུང༌། གསལ་ཞིང་ཡངས་ལ་རང་བྱུང་ཆེན་པོའི་ཡེ་ཤེས་སོ། །དང་པོ་ནི། རྩ་རླུང་ཐིག་ལེའི་ཁྱད་པར་འགའ་ཞིག་དབུ་མར་ཐིམ་པའི་རྟེན་འབྲེལ་གྱི་ཉོན་མོངས་པའི་དུག་ལྔ་ཤུགས་དྲག་པོ་ལྟར་སྣང་བའི་ལམ་གྱི་ཡེ་ཤེས་དང༌། རྣམ་རྟོག་ཤུགས་དྲག་པོ་ལྟར་སྣང་བའི་ལམ་གྱིས་ཡེ་ཤེས་དང། ཉམས་མཐོ་དམན། གསལ་མི་གསལ། བདེ་སྡུག་འདྲེས་མར་སྣང་བ་དང༌། གསལ་སྟོང་གི་ཡེ་ཤེས་མཐའ་དབུས་མེད་པར་འཆར་བ་རྣམས་སོ། །གསུམ་པ་ནི་ཡས་བརྟན་གྱི་དགའ་བ་བཞི་སྟེ། དེ་དག་ལ་ཡང་གནས་ལ་ལྟོས་པ་ལུས་ལ་ལྟོས་པ། སྤང་བྱ་ལ་ལྟོས་པ། ངོ་བོ་ཉིད་ལ་ལྟོས་པའི་དབྱེ་བས་བཅུ་དྲུག་གོ །དང་པོ་ནི། སྤྱི་བོའི་ཧཾ་ཡིག་ཞུ་བས། བྱང་ཆུབ་ཀྱི་སེམས་མགྲིན་པ། སྙིང་ཁ་ལྟེ་བ། གསང་གནས་རྣམས་སུ་བརྟན་


TNT21_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་པའི་དུས་སུ་འཆར་བ་ཡིན་ནོ། །གཉིས་པ་ལུས་ལ་ལྟོས་པ་ནི། ཕྱི་རོལ་གྱི་བྱ་བ་ལ་ལྟོས་པའི་བདེ་བ་དང༌། གཉིས་སྦྱོར་གྱི་བྱ་བ་ལས་ཐོབ་པའི་བདེ་བ་དང༌། བསྲུབས་པ་ལས་བྱུང་བའི་བདེ་བ་དང༌། བྱང་ཆུབ་ཀྱི་སེམས་བརྟན་པར་བྱས་པའི་བདེ་བ་སྟེ། སྐད་ཅིག་རིམ་པ་བཞི་ལ་ལྟོས་པ་ཡིན་ནོ། །གསུམ་པ་སྤང་བྱ་ལ་ལྟོས་པ་ནི། ཕྱི་རོལ་བཟུང་བའི་རྣམ་རྟོག་རགས་པ་འགགས་པ་དང། རིག་མར་འཛིན་པའི་རྣམ་རྟོག་འགགས་པ་དང༌། བདག་ཏུ་འཛིན་པའི་རྣམ་རྟོག་མངོན་འགྱུར་བ་འགགས་པ་དང། གཟུང་འཛིན་གྱི་རྣམ་རྟོག་ཕྲ་རགས་མངོན་འགྱུར་བ་འགགས་པ་སྟེ་བཞིའོ། །བཞི་པ་ངོ་བོ་ཉིད་ལ་ལྟོས་པ་ནི། བདེ་སྟོང་གི་ཡེ་ཤེས་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་དང༌། ཆེན་པོའི་ཆེན་པོ་རྣམས་ཡིན་ནོ། །བཞི་པ་དབང་བཞི་པའི་ལྟ་བ་བདེ་སྟོང་གཉིས་སུ་མེད་པ་མས་བརྟན་གྱི་དགའ་བ་བཞི་ནི། ཇི་སྐད་དུ། རྒྱུ་མཐུན་པས་ནི་སྐྲ་དཀར་འཇོམས། །རྣམ་པར་སྨིན་པའི་སྟོབ་སྟེར་བྱེད། །སྐྱེས་བུའི་བྱེད་པས་རྣམ་པར་འཕེལ། །དྲི་མ་མེད་པས་འཆི་མེད་འགྱུར། །ཞེས་གསུངས་པ་ལྟར་འབྲས་བུ་བཞི་སྟེ། དེ་ཡང་ནོར་བུ་ནས་ལྟེ་བར་བྱང་སེམས་ཀྱི་གང་ཞིང་བརྟན་པར་བྱས་པ་ནི། རྒྱུ་མཐུན་པའི་འབྲས་བུ་སྟེ། སྐྲ་དཀར་ལ་སོགས་པ་རྒས་པ་མི་འབྱུང་བ་དང༌། དེ་ཉིད་སྙིང་གར་བརྟན་པར་བྱས་པ་ནི་རྣམ་སྨིན་གྱི་འབྲས་བུ་སྟེ།


TNT21_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཡེ་ཤེས་ཀྱི་སྟོབས་སུ་གྱུར་པས། ལུས་སྲེད་མེད་ཀྱི་བུའི་སྟོབས་དང་ལྡན་པ་ཡིན་ནོ། །དེ་ཉིད་མགྲིན་པའི་བར་དུ་བརྟན་པར་བྱས་པ་ནི་སྐྱེས་བུ་བྱེད་པའི་འབྲས་བུ་སྟེ་ཆོས་ཐམས་ཅད་ལ་བློ་གྲོས་འཕེལ་ཞིང༌། ཐོགས་མེད་དུ་ཆོས་སྟོན་པར་ནུས་པ་དང༌། དེ་ཉིད་སྤྱི་བོའི་བར་དུ་བརྟན་པར་བྱས་པ་བྲལ་བའི་འབྲས་བུ་སྟེ། ཐ་མལ་པའི་ལུས་གནས་གྱུར་ནས། འཇའ་ལུས་རྡོ་རྗེའི་སྐུར་འགྱུར་བ་ཡིན་ནོ། །གཉིས་པ་ལ་གྲུབ་མཐའ་ཞེས་བྱ་བ་ནི། གྲུབ་འབྲས་རེ་སོ་སོའི་སྐྱེ་བོའི་གནས་སྐབས་སུ་དབང་བཞིའི་ལམ་སྒོམ་པའི་འབྲས་བུ་ཡིན་པས་སོ། །རྣམ་པ་གཅིག་ཏུ་འགྲུབ་པ་ནི། མཆོག་གི་དངོས་གྲུབ་ཡིན་ལ། མཐར་ཐུག་གི་འབྲས་བུ་དེ་དངཉེ་བའི་གྲུབ་པའི་མཐའ་ཞེས་བྱའོ། །དེ་ལ་དབྱེ་ན་བུམ་དབང་གི་གྲུབ་མཐའ་འཁོར་འདས་དབྱེར་མེད། གསང་དབང་གི་གྲུབ་མཐའ་མ་འདྲེས་པ་ཡོངས་རྫོགས། ཤེར་དབང་གི་གྲུབ་མཐའ་བདེ་སྟོང་རྒྱ་ཆུང་བ། དབང་བཞི་པའི་གྲུབ་མཐའ་བདེ་སྟོང་རྒྱ་ཆེ་བ་དང་བཞིའོ། །དང་པོ་ནི། ས་དང་པོ་ནས་དྲུག་པའི་བར་རྣམས་ཡིན་ཏེ། འཁོར་འདས་མཉམ་པ་ཉིད་དུ་རྟོགས་པའི་ཡེ་ཤེས་ལ་གཙོ་བོར་བྱེད་པས་འཁོར་འདས་དབྱེར་མེད་ཅེས་བྱའོ། །གཉིས་པ་ནི་ས་བདུན་པ་ནས་བཅུ་པའི་བར་རྣམས་ཡིན་ཏེ། སོ་སོ་ཡང་དག་པའི་རིག་པ་བཞི་ལ་དབང་འབྱོར་པས་སེམས་ཅན་སོ་སོའི་བསམ་པ་དང་ཆ་མཐུན་པ་དང༌། འགྲོ་བ་སོ་སོའི་


TNT21_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་དང་མཐུན་པའི་ཆོས་མ་འདྲེས་པར་སྟོན་པར་ནུས་པས་ན་མ་འདྲེས་པ་ཡོངས་སུ་རྫོགས་པ་ཞེས་བྱའོ། །གསུམ་པ་ནི་ས་བཅུ་གཅིག་པ་དང་བཅུ་གཉིས་པ་ཡིན་ཏེ། འདི་དག་ནི་བདེ་སྟོང་གི་ཡེ་ཤེས་ཀྱི་ཡུལ་ཚད་དང་བཅས་པའི་ཕྱིར་རོ། །བདེ་སྟོང་རྒྱ་ཆུང་བ་ཞེས་བྱའོ། །བཞི་པ་ནི་བཅུ་གསུམ་པའི་ཕྱེད་འོག་མ་ནི་མཁྱེན་པའི་སྐད་ཅིག་མ་གཅིག་གིས་བརྟན་གཡོ་ཐམས་ཅད་ལ་ཁྱབ་པར་ནུས་པའི་ཕྱིར། བདེ་སྟོང་རྒྱ་ཆེ་བ་ཞེས་བྱའོ། །ས་འདི་དག་ཏུ་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར། གྲུབ་མཐའ་ལ་རྟགས་སུ་ཤར་བ་ཞེས་བྱའོ། །གཉིས་པ་དེ་ལ་ཇི་ལྟར་ཁྲིད་པའི་ཚུལ་ནི། ཚོགས་སྦྱོར་གྱི་ལམ་མཐའ་དག་ཁམས་འདུས་པ་གསུམ་དང༌། འཇིག་རྟེན་ལས་འདས་པའི་ལམ་གྲུབ་མཐའ་བཞིས་བསྡུས་པ་ལྟར་ཏེ། དེ་ལ་ཁྲིད་ལུགས་གསུམ་དང༌། བསྒྲོད་ལུགས་གཉིས་ཀྱི། དང་པོ་ནི། རླུང་གིས་ལམ་ཁྲིད་པའི་ཚུལ་ལ། ཁམས་འདུས་པ་དང་པོར་གནོད་པ་དང་བཅས་པས་ལམ་ཁྲིད་པ་དང༌། འདུས་པ་གཉིས་པ་ཕན་གནོད་མེད་པར་ལམ་ཁྲིད་པ་དང༌། འདུས་པ་གསུམ་པར་ཕན་འདོགས་པས་ལམ་ཁྲིད་པ་སྟེ། དེ་དག་གིས་འཇིག་རྟེན་ཆོས་མཆོག་མན་ཆད་གྱིས་ལམ་ཆོད་པའོ། །འཇིག་རྟེན་ལས་འདས་པའི་གནས་སྐབས་སུའང་གྲུབ་མཐའ་དང་པོར་ཟག་པ་མེད་པའི་རླུང་གི་ལམ་ཁྲིད་པ་དང༌། གཉིས་པར་དབང་པོ་ལྔའི་རླུང་གི་ལམ་ཁྲིད་པ་དང༌། གསུམ་པར་སྟོབས་ལྔའི་


TNT21_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གི་ལམ་ཁྲིད་པ་དང༌། བཞི་པ་སྲོག་རྩོལ་རབ་ཏུ་ཐིམ་པའི་རླུང་གི་ལམ་ཁྲིད་པ་སྟེ། དེ་ནས་རླུང་གི་བགྲོད་པ་མ་ལུས་པ་ཐིམ་པས། སངས་རྒྱས་ཀྱི་སར་ཡེ་ཤེས་ཀྱི་རླུང་འབའ་ཞིག་ཏུ་འགྱུར་བ་ཡིན་ནོ། །གཉིས་པ་ཐིག་ལེས་ལམ་ཁྲིད་ཚུལ་ལ་འདུས་པ་དང་པོར་ཁམས་དང་སྙིགས་མ་ཕྱེད་པར་ལམ་ཁྲིད་པ་དང༌། གཉིས་པ་ཅུང་ཟད་ཕྱེད་པས་ཁྲིད་པ་དང༌། གསུམ་པར་དྭངས་སྙིགས་ཕྱེད་པར་ཁྲིད་པ་སྟེ་གསུམ་དུ་ཡོད་ཅིང༌། འཇིག་རྟེན་ལས་འདས་པའི་སྐབས་སུའང༌། གྲུབ་མཐའ་དང་པོར་ཁམས་དྭངས་མས་ལམ་ཁྲིད་པ་དང༌། གཉིས་པར་ཐིག་ལེར་བདུད་རྩིས་ཁྲིད་པ་དང་གསུམ་པར་དྭངས་མ་ཆེན་པོས་ལམ་ཁྲིད་པ་དང༌། བཞི་པ་དྭངས་མའི་དྭངས་མའི་ལམ་ཁྲིད་པ་སྟེ། དེའི་ཐིག་ལེའི་བགྲོད་པ་ཐམས་ཅད་ཐིམ་པས་ཁམས་དྭངས་མ་མཆོག་འབའ་ཞིག་ཏུ་འགྱུར་བ་ཡིན་ནོ། །གསུམ་པ་རྩ་ཡི་གེའི་ལམ་ཁྲིད་ཚུལ་ནི། འདུས་པ་གསུམ་ལ་མ་ངེས་པ་འཁྲུལ་སྣང་ལ་བརྟེན་ནས་ལམ་ཁྲིད་ཚུལ་དང༌། ངེས་པ་མཐོང་སྣང་ལ་བརྟེན་ནས་ལམ་ཁྲིད་ཚུལ་དང༌། ཤིན་ཏུ་ངེས་པ་གསལ་སྣང་ལ་བརྟེན་ནས་ལམ་ཁྲིད་པའོ། །འཕགས་ལམ་སྐབས་སུ་གྲུབ་མཐའ་བཞི་ལ་ཡི་གེའི་སྟོབས་ཅུང་ཟད་དག་པས་ལམ་ཁྲིད་པ་དང༌། ཡི་གེའི་སྟོབས་ཕལ་ཆེར་དག་པས་ཁྲིད་པ་དང༌། ཡི་གེའི་སྟོབས་དག་པས་ཁྲིད་པ་དང༌། ཡི་གེའི་སྟོབས་ཆེར་དག་པས་ཁྲིད་པ་དང་བཞི་ཡོད་ཅིང༌། དེ་ནས་རྩ་


TNT21_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེའི་བགྲོད་པ་ཐིམ་པས་མི་ཤིགས་པ་མཆོག་ཏུ་གྱུར་པ་ཡིན་ནོ། །གཉིས་པ་ནི། བགྲོད་ལུགས་གཉིས་ནི། ལམ་ལྟར་ན་ལམ་ལྔ་དང་ས་བཅུ་གསུམ་མོ། །བྱང་ཕྱོགས་ལྟར་བགྲོད་ན་བྱང་ཕྱོགས་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་ནོ། །གཉིས་པ་འབྲས་བུའི་ངོ་བོ་ནི། བླ་མ་གོང་མའི་མན་ངག་གིས་བཤད་པ་ལས། ཇི་སྐད་དུ། གནས་ཡོངས་གྱུར་དང་ཡེ་ཤེས་སྐུ། །མི་གནས་མྱ་ངན་འདས་ཉིད་དང༌། །གཉིས་སུ་མེད་པ་ཉིད་དང་ནི། །མཛད་པ་རྒྱུན་མི་འཆད་པས་བསྡུས།། ཞེས་གསུངས་པ་ལྟར། དོན་ཚན་དྲུག་དང༌། སྐུ་དང་ཡེ་ཤེས་ཀྱི་ཡན་ལག་བཤད་པ་བརྩི་བ་སྟེ་བདུན་ནོ། །དང་པོ་གནས་གྱུར་པ་ནི། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཆ་ནས་གནས་གྱུར་པ་མེད་ཀྱང༌། ཀུན་རྫོབ་ཀྱི་ཆ་ནས་གནས་གྱུར་པ་སྟེ། ཀུན་གཞི་རྣམ་ཤེས་གནས་གྱུར་པ་མེ་ལོང་ལྟ་བུའི་ཡེ་ཤེས། ཉོན་ཡིད་གནས་གྱུར་པ་མཉམ་ཉིད་ཡེ་ཤེས། ཡིད་ཀྱི་རྣམ་ཤེས་གནས་གྱུར་པ་སོར་རྟོག་ཡེ་ཤེས། སྒོ་ལྔའི་རྣམ་ཤེས་གནས་གྱུར་བ་བྱ་བ་གྲུབ་པའི་ཡེ་ཤེས། ཆོས་ཀྱི་དབྱིངས་ཤིན་ཏུ་དྲི་མ་མེད་པར་གྱུར་པ་ཆོས་དབྱིངས་ཡེ་ཤེས་ཏེ། མདོ་དང་ཐུན་མོང་གི་གནས་གྱུར་གྱི་རྣམ་དག་དང༌། ཕུང་པོ་ལྔ་རྒྱལ་བ་རིགས་ལྔར་གནས་གྱུར་པ་དང༌། ཉོན་མོངས་དུག་ལྔ་ཡེ་ཤེས་ལྔར་གནས་གྱུར་པ་དང༌། སྐྱེ་མཆེད་བཅུ་གཉིས་སེམས་དཔའ་སེམས་མའི་དཀྱིལ་འཁོར་དུ་གནས་གྱུར་པ་དང༌། ལུས་


TNT21_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་སྤྲུལ་སྐུར་གནས་གྱུར་པ་དང༌། ཡི་གེ་ལོངས་སྐུར་གནས་གྱུར་པ་དང༌། ཁམས་ཆོས་སྐུར་གནས་གྱུར་པ་དང༌། སྙིང་པོ་ཡེ་ཤེས། རླུང་ངོ་བོ་ཉིད་སྐུར་གནས་གྱུར་པ་སྟེ། ཐུན་མོང་མ་ཡིན་པའི་གནས་གྱུར་གྱི་རྣམ་བཞག་གོ །གཉིས་པ་ཡེ་ཤེས་ནི། གོང་དུ་མངོན་བྱང་གི་སྐབས་སུ་བཤད་ཟིན་པའི་ཡེ་ཤེས་ལྔ་དང༌། སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་ཡིན་ལ། དེ་ཡང་ཡེ་ཤེས་ལྔ་སྐུ་གསུམ་གྱིས་བསྡུས་པ་ཡིན་ཏེ། ཆོས་དབྱིངས་ཡེ་ཤེས་ནི་ཆོས་སྐུ་དང༌། བྱ་གྲུབ་ཡེ་ཤེས་ནི་སྤྲུལ་སྐུ། ཡེ་ཤེས་གཞན་རྣམས་ནི་ལོངས་སྐུས་བསྡུས་པ་ཡིན་ནོ། །དེ་ཡང་བདེ་མཆོག་སྟོད་འགྲེལ་ལས། ཡང་སངས་རྒྱས་ཀྱི་ས་དེ་ཉིད་ལ་རྡོ་རྗེ་གུར་དང༌། སངས་རྒྱས་ཀྱི་སའི་དགོངས་པ་ལྟར་ཡེ་ཤེས་ལྔས་སངས་རྒྱས་ཀྱི་ས་ཐམས་ཅད་བསྡུས་པར་གསུངས། ཞེས་གསུངས་ཤིང༌། ལྗོན་ཤིང་ལས་ཀྱང་དེ་བཞིན་གསུངས་ལ། འདི་སྐབས་ཀྱི་སངས་རྒྱས་ཀྱི་སའི་དགོངས་པ་ཞེས་པ་ནི་མདོ་སྡེ་སངས་རྒྱས་ཀྱི་ས་ཡིན་པའི་ཕྱིར། མདོ་ལུགས་ལ་ཡེ་ཤེས་ལྔ་མེད་པར་འདོད་པ་ནི། རྗེ་བཙུན་གོང་མ་རྣམས་ཀྱི་དགོངས་པ་བསྐངས་པ་མ་ཡིན་ནོ། །གསུམ་པ་ནི་སྐུ་གསུམ་གྱི་སྟེང་དུ། ངོ་བོ་ཉིད་སྐུ་བསྣན་པས་བཞི། དེའི་སྟེང་དུ་བདེ་བ་ཆེན་པོའི་སྐུ་བསྣན་པས་ལྔའོ། །བཞི་པ་མི་གནས་མྱང་འདས་ནི། ཆོས་སྐུས་སྲིད་པའི་མཐའ་ལ་མི་གནས་པ་དང༌། ལོངས་སྐུ་ལ་སྟོན་པའི་སྒོ་ནས་མྱང་འདས་


TNT21_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མཐའ་ལ་མི་གནས་པ་ཉིད་ཡིན་ནོ། །ལྔ་པ་གཉིས་སུ་མེད་པ་ནི་ཟུང་དུ་འཇུག་པ་སྟེ། སྐུའི་དཀྱིལ་འཁོར་གྱི་འཁོར་ལོ་སྣང་བ་དང༌། ཐུགས་རྣམ་པར་མི་བརྟན་པའི་ཡེ་ཤེས་ལྡོག་ཆ་ཐ་དད་ཀྱང༌། ཡེ་ཤེས་གཅིག་གི་རྣམ་རོལ་ཡིན་པའི་དོན།དྲུག་པ་ནི། སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་ཏེ། གདུལ་བྱ་གང་ལ་གང་འདུལ་དུ་སྟོན་པ་དང༌། བརྟན་གཡོ་ཐམས་ཅད་ཀྱི་རྣམ་པ་སྟོན་པ་དང༌། དུས་སྲིད་པ་ཇི་སྲིད་པའི་བར་དུ་རྒྱུན་མི་འཆད་པར་འབྱུང་བའོ། །བདུན་པ་ནི། ཡེ་ཤེས་ལྔ་དང༌། ཡན་ལག་བདུན་ཡང་སྐུ་གསུམ་གྱིས་བསྡུས་པ་ཡིན་ཏེ། ཇི་སྐད་དུ་སློབ་དཔོན་ངག་དབང་གྲགས་པས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེའི་ཡོངས་གང་རྒྱུན་མི་འཆད་དང་འགོག་པ་མེད། །ཡན་ལག་བདུན་བཤད་དོན་དང་ལྡན་པའི་བསྒྲུབ་བྱ་འདིར། །བདག་འདོད་ཚད་མས་ཡོངས་བསྒོམས་བློ་ཅན་རྣམས་ཀྱང་སྔགས། །ཞེས་གསུངས་པ་ལྟར། ཁ་སྦྱོར་ལ་སོགས་པ་ཡན་ལག་དང་པོ་གསུམ་ལོངས་སྐུ་དང༌། རང་བཞིན་མེད་པའི་ཡན་ལག་ནི་ཆོས་སྐུ་དང༌། ཕྱི་མ་གསུམ་ནི་སྤྲུལ་པའི་སྐུའོ། །དེ་ལྟ་བུའི་ཡན་ལག་བདུན་ལྡན་ཚོགས་གཉིས་རྫོགས་པའི་སངས་རྒྱས་དངོས་དང༌། རྡོ་རྗེ་འཆང་ཞེས་བྱ་ལ། ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་རགས་འབྲས་ཀྱི་སངས་རྒྱས་ནི་སངས་རྒྱས་ཀྱི་མཚན་དང་ལྡན་པ་ཙམ་སྟེ་ས་བཅུ་པ་ལས་མི་འདའོ། །སམྦུ་ཊི་ལས་གང་དག་བསམ་གྱི་མི་ཁྱབ་


TNT21_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་ཐོབ་པ་དེ་དག་ནི་བདེ་བར་གཤེགས་པ་སྟེ། སངས་རྒྱས་ཡིན་ལ། མཚན་བཞི་མཚོན་པ་ནི། རྡོ་རྗེ་སེམས་དཔའ་ཡང་དག་པའོ། །ཞེས་གསུངས་སོ། །འདི་སྐབས་ཀྱི་བསམ་གྱི་མི་ཁྱབ་པའི་གནས་ནི་ཁ་སྦྱོར་དང་བདེ་བ་ཆེན་པོ་ཡིན་ཅིང༌། མཚན་གཞི་མཚོན་པར་བྱེད་པ་ནི། ཆོས་ཐམས་ཅད་གཟིགས་ཤིང་མཁྱེན་པའི་དོན་ནོ། །ཐམས་ཅད་མཁྱེན་པའི་ལམ་བཟང་བདུད་རྩིའི་མཚོ། །ཡི་གེའི་པར་འཁོད་དགེ་བ་གང་བསགས་དེའི། །འགྲོ་བའི་ཡིད་མཁར་ཀུན་མཁྱེན་ཟླ་འོད་རྒྱས། །དགྱེས་པའི་རྡོ་རྗེ་རབ་རྒྱས་རྒྱུར་ཅིག །དེ་ལྟར་བླ་མ་དམ་པའི་གསུང་རྒྱུད་དྲི་མ་མེད་པ་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ཀྱི་ཟིན་བྲིས་སུ་བཀོད་པའོ། །འདི་ནི་སློབ་མ་འགའ་ཞིག་གིས་འཛིན་ཆོས་ཡི་གེར་བཀོད་པར་གདའ་བ། ངག་སྒྲོས་མ་འཆུགས་པ་ཚིག་རིས་ཀྱང་གཏོང་ཆོས་ལ་ཇི་ལྟར་སྨྲས་པ་ཁོ་ན་འཁོད་ཐུབ་འདུག་པས། སླར་ཡང་ཏཱ་ར་ནཱ་ཐས་རང་ལོ་སོ་གསུམ་པ་ལ་ཇོ་མོ་ནང་དུ་ཞུས་དག་ཀྱང་ཅུང་ཟད་བྱས་པ་སྟེ། ཁོ་བོའི་ངག་སྒྲོས་འཛིན་པའི་ཀྱཻ་རྡོར་ས་ལུགས་ལ་དགའ་བ་རྣམས་བློ་གཏད་ཐུབ་ངེས་པར་ཡོད་དོ།། །།དགེའོ།།


previousདཔལ་ཀྱཻ་རྡོ་རྗེའི་བསྐྱེད་རིམ་གྱི་རྣམ་བཤད་རིག་འཛིན་གཞོན་ནུའི་རོལ་རྩེད།next