Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
ཀླུ་བསང་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀླུ་བསང་བསྡུས་པ།next

ཀླུ་བསང་བསྡུས་པ།


TNT21_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་བསང་བསྡུས་པ་བཞུགས། ཀླུ་བསང་བྱ་བ་ལ་ཀླུ་རྫས་ཀླུ་སྨན་ཀླུ་ཤིང་སྣ་ཚོགས་པ་བསྲེགས་ལ། ཨོཾ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཀྱི་ནང་དུ་བསང་རྫས་ཟག་པ་མེད་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། འབྲུ་གསུམ་ལན་གསུམ། སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་རླབས་ལ་འདི་སྐད་དོ། །ཀྱཻ་དབུས་ཀྱི་དབུས་རྒྱལ་ཆུ་ལྷ་ནི། །སྦྲུལ་མགོ་བདུན་གྱི་གདེངས་ཀས་མཛེས། །ཕྱག་གཉིས་ཐལ་སྦྱར་འཛུམ་བག་ཅན། །ལྷ་ལུས་རིན་ཆེན་རྒྱན་གྱིས་སྤྲས། །སྐུ་སྨད་སྦྲུལ་མཇུག་འཁྱིལ་བ་ནི། །དེ་རིང་གནས་འདིར་སྤྱན་འདྲེན་ནོ། །འཁོར་དང་བཅས་པ་གཤེགས་སུ་གསོལ། །བདུད་རྩི་བསང་གི་མཆོད་པ་འབུལ། །དཀར་གསུམ་མངར་གསུམ་མཆོད་པ་འབུལ། །ཀླུ་རྫས་སྣ་ཚོགས༴ །མཆོད་པ་འབུལ་བའི་ཡོན་ཏན་གྱིས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ཀླུ་ཡི་གཡང་དང་དངོས་གྲུབ་ནས། །མི་དང་ནོར་འཕེལ་བཀྲ་ཤིས་དང༌། །ལོངས་སྤྱོད་ཕུན་སུམ་ཚོགས་པ་དང༌། །ནད་མེད་དཔལ་འབྱོར་རྒྱས་པར་ཤོག །ཀྱཻ་ཤར་དུ་མཐའ་ཡས་ལྷོ་རུ་པདྨ་དང༌། །ནུབ་ཏུ་འཇོགས་པོ་བྱང་དུ་ནོར་རྒྱས་དང༌། །ཤར་ལྷོར་དུང་སྐྱོང་ལྷོ་ནུབ་ཀརྐོ་ཊ། །ནུབ་བྱང་རིགས་ལྡན་བྱང་ཤར་པདྨ་རྣམས། །དེ་རིང་གནས་འདིར་སྤྱན་འདྲེན་ནོ། །འཁོར་དང་བཅས་པ་གཤེགས་སུ་གསོལ། །བདུད་རྩི་བསང་གི་མཆོད་པ་འབུལ། །ཀྱཻ་རྗེ་རིགས་


TNT21_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་བྲམ་ཟེའི་རིགས། །དམངས་རིགས་གདོལ་བའི་རིགས་རྣམས་དང༌། ཁྱད་པར་ཡུལ་ཕྱོགས་འདིར་གནས་པའི། །ཀླུ་གཉན་ས་བདག་འཁོར་བཅས་དང༌། །གཉན་གཏོར་ཀླུ་དང་སྡེ་བརྒྱད་སོགས། །འཁོར་དང་བཅས་པ་ཐམས་ཅད་བསང༌། །གནས་དང་ཕོ་བྲང་བཤིག་པ་དང༌། །འཁོར་དང་ལོངས་སྤྱོད་བརླག་པ་དང༌། །ས་གཉན་རྡོ་གཉན་ཤིང་གཉན་དང༌། །ཆུ་གཉན་ཆུ་མིག་བསྲུབས་པ་དང༌། །མི་གཙང་དྲི་མས་ཕོག་པ་སོགས། །ཉེས་པའི་སྐྱོན་གྱིས་ཁྱེད་རྣམས་ལ། །ནད་དང་གནོད་པ་ཅི་མཆིས་པ། །མཆོད་པའི་རྫས་ཀྱི་གསོས་གྱུར་ཅིག །བདུད་རྩི་བསང་གིས་དག་གྱུར་ཅིག །དག་པའི་དང་དུ་གནས་གྱུར་ཅིག །དགའ་བདེའི་སེམས་དང་ལྡན་གྱུར་ཅིག །རྣལ་འབྱོར་བདག་དང་ཡོན་བདག་ལ། །ཀླུ་ཡིས་གཡང་དང་དངོས་གྲུབ་ནས། །མི་དང་ནོར་འཕེལ་བཀྲ་ཤིས་དང༌། །ལོངས་སྤྱོད་ཕུན་སུམ་ཚོགས་པ་དང༌། །ནད་མེད་དཔལ་འབྱོར་རྒྱས་པར་ཤོག །ཀླུ་གཉན་ས་བདག་འཁོར་བཅས་ཀྱིས། །ནད་དང་གདུག་རྩུབ་མ་བཏང་ཞིག །མི་ལ་ན་ཚ་མ་བཏང་ཞིག །ནོར་ལ་གོད་ཁ་མ་བཏང་ཞིག །ཞིང་ལས་སད་སེར་མ་བཏང་ཞིག །རྣལ་འབྱོར་བདག་དང་ཡོན་བདག་ལ། །རིག་འཛིན་ཚེ་དང་སྟོབས་ལྡན་མཐུ། །དབང་ཐང་བུ་དང་མཛོད་ལྡན་ནོར། །གྲགས་པ་སྙན་དང་ཁ་དོག་གོས། །རྐང་འགྲོ་ནོར་དང་སྐྱིད་སྤྱོད་ཟས། །ད་ལྟ་


TNT21_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་སྩལ་དུ་གསོལ། །བཅོལ་པའི་འཕྲིན་ལས་འགྲུབ་པར་མཛོད། །ཀླུ་བསང་ཉེ་བར་བསྡུས་པ་འདི་ཡང་ཏཱ་ར་ནཱ་ཐས་སྨྲས་པའོ།། །།མངྒ་ལཾ།། བཀྲ་ཤིས།། ཨོཾ་སྭཱ་སྟི། བྷ་ག་ཝ་ཏི་ཨཱརྱ་ཏ་རེ། བདག་ཏཱ་ར་ནཱ་ཐས་ཕྱག་འཚལ་ལོ། །འཕགས་མའི་ཐུགས་དང་ཅི་འགལ་བ། །ཉེས་བྱས་གང་ཡིན་བཤགས་པར་བགྱི། །ཉེས་པ་གང་ཞིག་ལེགས་པ་དང༌། །དེ་སྦྱོང་ཐབས་དང་ལུང་བསྟན་གསོལ། །བུ་ནི་ལམ་གོལ་བྱུང་སྲིད་ན། །མ་ཡིས་ཅི་ཕྱིར་ལམ་མི་སྟོན། །ཤུུ་བྷཾ། ༈ ཨོཾ་སྭཱ་སྟི། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་ལ། །བདག་ཀུན་དགའ་སྙིང་པོ་ཕྱག་འཚལ་ལོ། །བདག་གིས་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་མ་ལུས་སེལ་བར་ཤོག །གལ་ཏེ་བུ་ལ་ནུས་མེད་ན། །ཡུམ་གཅིག་གཏོང་གྲོགས་ཅིས་མི་མཛད། །གདུང་བས་ལྷང་ལྷང་ཞུ་ཞིང་འབོད། །ཡེ་ཤེས་སྤྱན་གྱི་མི་གཟིགས་སམ། །ཤུུ་བྷཾ།། ༈ ཨཱརྱ་ཏཱ་རེ། ཀྱཻ་སེམས་ཅན་ཐམས་ཅད་སྡུག་བསྔལ་ཡ་ཆ་མ་ཆ་འདི་འདྲ་རང་འཁུར་དགོས་པ་འདྲ། ཁྱོད་ཀྱི་ཅི་ཡི་མི་སྐྱོབ་ལགས། ཨ་རེ། ཀྱཻ། སྒྲོལ་མ་ཀྱཻ་སྒྲོལ་མཛད་མ། ཙནྡྲ་གོ་མི་བཞིན། བདག་ཀྱང་སྐྱོབ་པར་ཞུ། ཧེ་ཧེ། ༈ ཏཱ་རེ་ཏཱ་རེ་ཏཱ་རེ། པུར་རྒྱལ་བོད་ཀྱི་མི་རྣམས་སྡུག་བསྔལ་འདི་འདྲས་ནོན། །སངས་རྒྱས་བསྟན་པ་ནུབ་པ་


TNT21_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་ཁྱོད་ཀྱིས་སྐྱོབ། ཁྱོད་མིན་སུ་ལ་རམ་ཟླ་སྒྲོན། །གཟིགས་ཤིག་གཟིགས་ཤིག་གཟིགས་ཤིག ༈ ཕཊ། མ་ཡི་བུ་ལ་ཁྲོ་བ་ཅི། །ཉེས་པ་ཐམས་ཅད་སྙིང་ནས་བཤགས། །ལར་ནས་ཐམས་ཅད་བདེན་པས་སྟོང༌། །ཕཊ། ༈ ཨོཾ་ཏིཥྛ། ཇོ་མོ་མངོན་པར་མཐོ་བའི་ཡུལ། །དམན་པའི་གནས་ལས་དྲངས་དུ་གསོལ། དི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ཤཱཀྱ་ཤྲི་བྷ་དྲ་བཞིན། །བདག་གི་ཅོ་ཏོ་ནས་ཟུངས་ཤིག །ཏཱ་རེ་མཁྱེན། ༈ ཧེ་བྷ་ཊི། བྷཱ་ཊི། བྷ་ཊི། རྣལ་འབྱོར་མ་ཅན་གྱི་དབང་ཕྱུག་མས། །མ་མ་ཨ་ཡུར་ཙི་རཾ་ཛཱི་ར། ཁྱེད་ལས་སྐྱབས་གཞན་མ་མཆིས་སོ། །ཡོ་གི་ཤཱ་རི། ༈ ཧེ་དེ་བཱི། ལྷ་མོ་མི་མཐུན་ཕྱོགས་ཀུན་འཇོམས། །རེ་ས་གཞན་ན་མ་མཆིས་སོ། །མངྒ་ལཾ།། ༈ དཔལ་ལྡན་མི་འཇིགས་ཕྱག་རྒྱ་དེ། །བདག་གི་སྤྱི་བོར་རྟག་ཏུ་ཞོག །བྱིན་གྱིས་རློབས་ཤིག་ཨེ་མ་ཧོ། ༈ བྷོ་བྷ་ག་ཝ་ཏཱི། ཡེ་ཤེས་གཟི་འོད་རྒྱས་པ་ཡི། །དངོས་གྲུབ་དེ་འདྲ་བདག་ལ་སྩོལ། ཧ་ཧ་ཧ་ཧ། ༈ ཨཾ་ཨཾ་ཨཾ། ཤེས་རབ་མཚོན་ཆས་སྒྲིབ་གཉིས་འཇོམས། །བདག་ཅག་མ་རིག་ད་སོལ་ཅིག །སེམས་ཅན་ཉོན་མོངས་རྒྱ་མཚོར་བྱིང༌། །འདི་འདྲ་འཇིགས་པ་ཀུན་ལས་སྐྱོབ། །ཨ་ལ་ལ་ཏེ་ལས་ལ་བཞེངས། །བཀྲ་ཤིས། ༈ རིག་འཛིན་འཁོར་ལོ་བསྒྱུར་བ་མོ། ཁྱེད་ཀྱི་བདག་ཅག་རིག་འཛིན་གྱི། །འཁོར་ལོ་


TNT21_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་བའི་གནས་ལ་ཞོག །ཁམས་གསུམ་དབང་ཕྱུག་གོ་འཕང་འཁོད། །ཀལྱཎ། ༈ ཏཱཾ་ཁཾ། བདག་ཀྱང་དམ་ཚིག་རྡོ་རྗེ་བསྒྲུབས། །འཕགས་མའི་སྐུ་དང་མཉམ་པར་ཤོག །དཀྱིལ་འཁོར་འཁོར་ལོ་ཀུན་འདུས་པའི། །དབང་ཕྱུག་མ་དང་བདག་པོར་གྱུར། །སམྦནྣ་ཀུ་རུ། འདི་རྗེ་བཙུན་འཕགས་མ་སྒྲོམ་མར་ཟླར་བོས་པ་ཞེས་བྱ་བ་ཡིན། རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་ཐོར་བུའོ།། །།མངྒ་ལཾ།། བཀྲ་ཤིས།། ༈ འདིར་འབད་དགེ་འདིས་ལུས་འདི་བོར་མ་ཐག །གཡུ་ལོ་བཀོད་པར་འཕགས་མའི་དགྱེས་ཞལ་དྲུང༌། །ཐུགས་སྲས་གདུལ་ཞིང་མཆོག་ཏུ་ལེགས་གྱུར་ཏེ། །སྐྱེ་སྲིད་དེ་ལ་ལམ་མཐར་ཕྱིན་གྱུར་ཅིག །ཅེས་པའང་མ་ཏིས་སྨྲས་སོ།། །།


previousཀླུ་བསང་བསྡུས་པ།next